Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ་ཐུན་རྡོ་རྗེའི་དབང་ཆུ། ངག་དབང་གྲགས་པ།


 
previousཁ་ཐུན་རྡོ་རྗེའི་དབང་ཆུ། ངག་དབང་གྲགས་པ།no next

ཁ་ཐུན་རྡོ་རྗེའི་དབང་ཆུ། ངག་དབང་གྲགས་པ།

ཁ་ཐུན་རྡོ་རྗེའི་དབང་ཆུ་བཞུགས་པའི་དབུ། འཇམ་དཔལ་ཁ་ཐུན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཞེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་པ་ལ་ཕྱག་འཚལ་ལོ། །དཔལ་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ་སློབ་དཔོན་དབང་ཐོབ་ཅིང་མན་ངག་དང་ལྡན་པས། སློབ་མ་སྣོད་དང་ལྡན་པ་ལ་དབང་བསྐུར་བའི་འདི་ལྟར་བྱ་སྟེ། དཀྱིལ་འཁོར་བྲི། མཚམས་གཅོད་པ་ལ་སོགས་པ་སྔོན་འགྲོའི་རིམ་པ་རྣམས་ལེགས་པར་བྱས། དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། སློབ་མ་ཁྲུས་བྱས་མེ་ཏོག་ཐོགས་ལ། ཧཱུཾ། བླ་མེད་བྱང་ཆུབ་སྒྲུབ་པ་ལ། །ཚེ་འདིར་བར་ཆད་འདུལ་བའི་ཕྱིར། །གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ། །བདག་ཅག་བླ་མས་གཞུག་ཏུ་གསོལ། །ཞེས་གསོལ་བ་གདབ། དེ་ནས་སློབ་མས། བདག་དོན་གཞན་དོན་མཐར་དབྱུང་ཕྱིར། །བདག་ཀྱང་དུས་འདིར་ཕན་ཆད་ནས། །བླ་མའི་བཀའ་བཞིན་བསྒྲུབ་ལགས་ཀྱི། །དམ་ཚིག་སྡོམ་པ་འབོག་ཏུ་གསོལ། །ཞེས་གསོལ་བ་གདབ། བླ་མས་སྡོམ་པ་འབོགས་ཏེ། དེ་ལ་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། སློབ་དཔོན་མཆེད་ལ་སྨད་མི་བྱ། །དཔྱ་སེམས་བསྐྱེད་པར་མི་བྱ་ཞིང་། །རྟག་ཏུ་ཡ་མཱནྟ་ཀ་བསྒོམ། །འདི་ནི་སྐུ་ཡི་དམ་ཚིག་གོ། །དཔལ་ལྡན་གཤིན་རྗེའི་གསང་སྔགས་ལ། །རྒྱུན་དུ་མི་ཡེངས་བཟླས་པ་དང་། །མཆོད་དང་བསྟོད་ལ་བརྩོན་པར་བྱ། །དེ་ནི་གསུང་གི་དམ་ཚིག་ཡིན། །སྐྱེ་བ་མེད་པའི་དོན་རྟོགས་ཤིང་། །སྙིང་རྗེས་འགྲོ་བའི་དོན་ལ་སེམས། །གསང་བའི་མན་ངག་སྤེལ་མི་བྱ། །དེ་ནི་ཐུགས་ཀྱི་དམ་ཚིག་ཡིན། །གཉིས་པ་ཁྱད་པར་དམ་ཚིག་ནི། །བེ་ཅོན་འབར་བ་རྟག་ཏུ་བཅང་། །ཤ་ཆེན་མུར་ཞིང་ཏིང་འཛིན་གསལ། །ལམ་མི་བཟུར་ཞིང་ཕྱག་མི་འཚལ། །རཀྴ་ཐོད་རུས་ཕྲེང་བ་བགྲངས། །འཇམ་དཔལ་མཚན་ནི་རྟག་ཏུ་འདོན། །གཤིན་རྗེ་གཤེད་པོའི་དམ་ཚིག་ཡིན། །ཞེས་བརྗོད་དོ། །དེ་ནས་ཐོད་པ་ནས་ཆུ་སྦྱིན་ཞིང་། ཧཱུཾ། འདི་ནི་དམ་ཚིག་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨི་དན་ཏེ་ན་ར་ཀ ན། ཞེས་སོ། །དེ་ནས་སློབ་མས། ཞིང་གི་མིག་ཡོལ་དང་བཅས་བཞིན་དུ། ཧཱུཾ། མ་རིག་མིག་གི་ལིང་ཏོག་གིས། །བདག་ཅག་ལྡོངས་པར་གྱུར་ལགས་ན། །བླ་མའི་ཐུགས་རྗེ་ཆེན་པོ་ཡིས། །མ་རིག་ལིང་ཏོག་བསལ་དུ་གསོལ། །ཞེས་གསོལ་བ་གདབ་བོ། །དེ་ནས་བླ་མས། ཧཱུཾ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་མི་ཤེས་མ་རིག་པའི། །ལིང་ཏོག་སློབ་དཔོན་བདག་གིས་བསལ། །ཙཀྵ་པྲ་ཝེ་ཤ་ཡ་ཕཊ། ཅེས་མིག་ཡོལ་བསལ་ལོ། །དེ་ནས་དཀྱིལ་འཁོར་ནང་ངམ་ཕྱི་ནས་རིམ་པ་བཞིན་བསྟན་ནོ། །དེ་ནས་སློབ་མས་མཎྜལ་ཕུལ་ཏེ། འོག་མིན་དགའ་ལྡན་ལྷ་ཡུལ་དུ། །ཐུགས་མཆོག་ཡ་མ་རཱ་ཛ་ལ། །ཡ་མཱནྟ་ཀའི་དབང་བསྐུར་བཞིན། །བདག་ལ་བླ་མས་དབང་བསྐུར་མཛོད། །ཅེས་གསོལ་གདབ་བོ། །དེ་ནས་བླ་མས། འཇིགས་བྱེད་གཤིན་རྗེ་གཤེད་པོ་ཡིས། །ཐུགས་མཆོག་ཡ་མ་རཱ་ཛ་ལ། །སྒྲོལ་གིང་བདག་པོར་དབང་བསྐུར་ལྟར། །སྒྲོལ་གིང་དབང་མཆོད་ཁྱོད་ལ་བསྐུར། །ཞེས་ཁས་བླང་ངོ་། །དེ་ནས་དབང་བསྐུར་བ་ལ་བདུན་ཏེ། སློབ་མ་ཆས་སུ་གཞུག་པ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་དབང་བསྐུར་བ་དང་། དངོས་གྲུབ་ཐོབ་པ་ལ་ཡེ་ཤེས་ལྷའི་དབང་བསྐུར་བ་དང་། ཕྲིན་ལས་འགྲུབ་པ་ལ་ཕྲིན་ལས་ཕོ་ཉའི་དབང་བསྐུར་བ་དང་། རྒྱུད་ལ་ཡེ་ཤེས་སྐྱེ་བ་ལ་གསང་བའི་དབང་བསྐུར་བ་དང་། ཡེ་ཤེས་དེ་ཉམས་སུ་མྱོང་བ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་། ཡེ་ནས་དཀྱིལ་འཁོར་དང་ལྷའི་རང་བཞིན་ཡིན་པ་ལ་དཀྱིལ་འཁོར་དང་ལྷའི་དག་པ་བཤད་པ་དང་། གཞན་དོན་ཕྲིན་ལས་བྱེད་པ་ལ་རྗེས་སུ་གནང་བའི་དབང་ངོ་། །དང་པོ་ནི། སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་ཞུགས་ལ་དབང་བླང་། དུར་ཁྲོད་ཀྱི་ཆས་གསོལ། སློབ་མ་ཞིང་ཆེན་གདན་ལ་བཞག་སྟེ། གླང་པོ་ཆེའི་པགས་པ་ལ་སོགས་ཐད་ཀ་ཐད་ཀར་བཟུང་ཞིང་། ངག་ཏུ། ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །གླང་ཆེན་ཀོ་རློན་དབང་བསྐུར་བས། །ཐེག་ཆེན་མཆོག་གི་དབང་ཐོབ་ཤོག །ཅེས་པགས་པ་བསྐོན་ནོ། །དེ་བཞིན་དུ་ཐམས་ཅད་ལ་འགྲེ་སྟེ། ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཞིང་ཆེན་གཡང་གཞིས་དབང་བསྐུར་བས། །མཁའ་འགྲོ་འདུལ་བའི་དབང་ཐོག་ཤོག །ཅེས་སོ། །ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྟག་གི་ཤམ་ཐབས་དབང་བསྐུར་བས། །འཇིགས་བྱེད་དཔའ་བརྟུལ་དབང་ཐོབ་ཤོག །ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྦྲུལ་གྱི་ཆུན་པོའི་དབང་བསྐུར་བས། །གདུག་པ་འདུལ་བའི་དབང་ཐོབ་ཤོག །ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཐོད་ཕྲེང་གིས་ནི་དབང་བསྐུར་བས། །སྐུ་གསུམ་རྫོགས་པའི་དབང་ཐོབ་ཤོག །ཅེས་སོ། །ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །རཀྟའི་ཐིག་ལེའི་དབང་བསྐུར་བས། །ཐུགས་རྗེ་ཆགས་པའི་དབང་ཐོབ་ཤོག །ཅེས་མཁུར་ཚོས་ལ་བསྐུའོ། །ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཞག་གི་ཟོ་རིས་དབང་བསྐུར་བས། །དོན་དམ་བཅུད་ཀྱི་དབང་ཐོབ་ཤོག །བྲང་ལ་བསྐུའོ། །ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཐལ་ཆེན་ཚོམ་བུའི་དབང་བསྐུར་བས། །དགྲ་བགེགས་ཐལ་བར་རློག་པའི་དབང་ཐོབ་ཤོག །ཅེས་དཔྲལ་བ་ལ་བསྐུའོ། །གཉིས་པ་བུམ་རྫས་སྤྱི་ཁྱབ་རྣམས་དང་། ཁྱད་པར་ཤ་ལྔ། བདུད་རྩི་ལྔ། རཀྟ་དང་། ཛ་གད་དང་བཅས་པའི་བུམ་པར། སྔར་ལྷར་བསྐྱེད་ཆོ་ག་ལེགས་པར་བྱས་པའི་བུམ་པ་སྤྱི་བོར་བཞག་ལ། དཔལ་ལྡན་གཤེད་པོ་འཁོར་བཅས་ཀྱི། །བུ་ལ་དབང་མཆོག་འདི་བསྐུར་བས། །གིང་བདུད་ལས་ལ་ཁོལ་བ་དང་། །སྒྲིབ་པ་རྣམ་པ་གཉིས་གྲོལ་ནས། །རང་བྱུང་རིག་པའི་དབང་ཐོབ་ཤོག །ཨ་ཀྲོའི་རྗེས་ལ། ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད། ཡུམ་གྱི་ཙཀླིའམ་ཕུར་པ་བཟུང་ལ། ཧཱུཾ། ཁྲོ་རྒྱལ་ཐུགས་དམ་དགྱེས་བསྐུལ་མ། །ཡུམ་ཆེན་ཟ་བྱེད་བེ་ཏ་ལིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྟག་ཏུ་ལྷ་མཆོག་མཉེས་པ་དང་། །ཆོས་དབྱིངས་དག་པའི་དབང་ཐོབ་ཤོག །ༀ་བེ་ཏ་ལི་ཨ་བྷི་ཥིཉྩ་ཨཱཿ དེ་བཞིན་དུ་རང་རང་གི་ཙཀ་ལིའམ་ཕུར་པ་བཟུང་སྟེ། དབང་བསྐུར་བ་ནི་ཀུན་ལ་འགྲེའོ། །སྲས་ཀྱི་དབང་བསྐུར་བ་ནི། ཧཱུཾ། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྒྲོལ་བྱེད་ཡ་མ་རཱ་ཛ་ཡིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག །ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཨཱཿ གསུམ་པ་རྒྱལ་བ་འཛིན་པ་ནི། ཧཱུཾ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་། །དཔལ་ལྡན་ནག་མོ་རེ་མ་ཏཱི། །ནག་མོ་འབུམ་གྱི་ཚོགས་བཅས་ཀྱང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་དང་པོའི་ཕྲིན་ལས་ཀྱིས། །ཚངས་པའི་གཙུག་རྩ་བཅད་པ་དང་། །མགོ་བོ་འཁོར་བའི་ཕྲིན་ལས་གྱིས། །ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཨཱཿ ཧཱུཾ། གཤིན་རྗེ་གཤེད་པོའི་ཕོ་ཉ་སྟེ། །སྲིད་པའི་གཞི་འཛིན་རེ་མ་ཏཱི། །དཔལ་ལྡན་སྨུག་མོ་རེ་མ་ཛི། །སྨུག་མོ་འབུམ་ཚོགས་བཅས་པ་ཡང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་གཉིས་པའི་ཕྲིན་ལས་ཀྱིས། །མགྲིན་པའི་རྩ་རྣམས་བཅད་པ་དང་། །ཁྲག་ཏུ་སྐྱུག་པའི་ཕྲིན་ལས་གྱིས། །ཧཱུཾ། གཤིན་རྗེ་སྲིད་པའི་ཁོག་ཕུབ་གླང་མགོ་ཅན། །དཔལ་ལྡན་སེར་མོ་རེ་མ་ཛ། །སེར་མོ་འབུམ་ཚོགས་བཅས་པ་ཡང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་གསུམ་པའི་ཕྲིན་ལས་ཀྱིས། །ལྟེ་བའི་སྲིད་རྩ་གཅོད་པ་དང་། །ལུས་སེམས་བརྒྱལ་བའི་ཕྲིན་ལས་གྱིས། །ཧཱུཾ། གཤིན་རྗེ་སྲིད་པའི་བྱན་པོ་རལ་པ་ཚར་དགུ་དང་། །དཔལ་ལྡན་དཀར་མོ་རེ་མ་ཛུ། །དཀར་མོ་འབུམ་ཚོགས་བཅས་པ་ཡང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་བཞི་པའི་ཕྲིན་ལས་ཀྱིས། །སྙིང་གི་རྩ་ཆེན་གཅོད་པ་དང་། །མ་ར་གསོད་པའི་ལས་གྱིས་ཤིག །ཧཱུཾ། གཤིན་རྗེ་སྲིད་པའི་བསྐོས་བདག་ཕྱྭ་སངས་དང་། །མཚན་མོ་ནག་མོ་རེ་མ་འབར། །སྔོན་མོ་འབུམ་ཚོགས་བཅས་པ་ཡང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་དང་པོའི་ཕྲིན་ལས་ཀྱིས། །སྲིད་པའི་བསྐོས་ཐབས་ཁྲམ་ལ་ཐོབ། །ཧཱུཾ། གཤིན་རྗེ་སྲིད་པའི་དབུགས་ལེན་ཏེལ་པ་དང་། །བེ་ཅོན་ནག་མོ་མེ་འབར་མ། །དཀར་མོ་འབུམ་ཚོགས་བཅས་པ་ཡང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་གཉིས་པའི་རྣལ་འབྱོར་པས། །སྲིད་པའི་དབུགས་ལེན་ལས་གྱིས་ཤིག །ཧཱུཾ། གཤིན་རྗེ་སྲིད་པའི་བླ་རྐུན་རྨིགས་པ་དང་། །སྨུག་མོ་ཁ་ལ་མེ་འབར་མ། །སྨུག་མོ་འབུམ་ཚོགས་བཅས་པ་ཡང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་གསུམ་པའི་རྣལ་འབྱོར་པས། །བླ་ཚེ་འགུགས་པའི་ལས་གྱིས་ཤིག །ཧཱུཾ། གཤིན་རྗེ་སྲིད་པའི་སྲོག་གཅོད་མིག་དམར་དང་། །སྣ་བ་ནག་མོ་མེ་འབར་མ། །ནག་མོ་འབུམ་ཚོགས་བཅས་པ་ཡང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་བཞི་པའི་རྣལ་འབྱོར་པས། །ཚེ་སྲོག་གཅོད་པའི་ལས་གྱིས་ཤིག །ཅེས་སོ། །བཞི་པ་ནི་གཟུངས་མ་མཚན་དང་ལྡན་པ་ལ་དད་པ་བསྐྱེད་པའི་ཆོས་བཤད། བྱིན་གྱིས་བརླབས་ལ། སྦྱོར་བ་བྱས་པའི་བྱང་སེམས་རིལ་བུ་བྱས་ལ། ཐོག་མར་བླ་མ་དང་ཡི་དམ་མཆོད། དེ་ནས་སློབ་མའི་ལྕེ་ལ་བཞག་ལ། ཧཱུཾ། དཔལ་ལྡན་ཆེན་པོ་ང་ཡི་ཐུགས་ཀྱི་བཅུད། །བྱང་ཆུབ་སེམས་ཀྱི་བདེ་ཆེན་འདི། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དོན་དམ་བཅུད་ཀྱི་དབང་ཐོབ་ཤོག །ཅེས་བརྗོད་དོ། །ལྔ་པ་ནི། གཟུངས་མ་སློབ་མ་ལ་གཏད་དེ། སྦྱོར་བ་བརྩམ་དུ་བཅུག་ལ། ཟག་བཅས་བདེ་བའི་ཉམས་མྱོང་གིས་མཚོན་ལ། ཟག་མེད་ཡེ་ཤེས་སྐྱེ་བའི་གཏམ་བརྗོད་དེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་དོ། །དྲུག་པ་ནི། དཀྱིལ་འཁོར་འདི་དབུས་མཐིང་ག་གྲུ་གསུམ་དུ་བྱུང་བ་ནི། དཔལ་ལྡན་ཡ་མཱནྟ་ཀ་ཉིད་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའི་རྟགས་སོ། །དེའི་ཕྱིར་ཟླ་གམ་དམར་པོ་གསུམ་གནས་པ་ནི། ཁམས་གསུམ་དབང་དུ་སྡུད་པའི་རྟགས་སོ། །དེའི་ཕྱིར་མུ་ཁྱུད་ཟླུམ་པོས་བསྐོར་བ་ནི། དོན་ཆོས་ཉིད་སྤྲོས་པ་དང་བྲལ་བའི་རྟགས་སོ། །དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་རང་སར་དག་པའི་རྟགས་སོ། །དེའི་ཕྱིར་ཐོད་ཕྲེང་ཚར་གསུམ་གྱིས་སྤྲས་པ་ནི། དུས་གསུམ་གྱི་སངས་རྒྱས་ཡིན་པའི་རྟགས་སོ། །གྲུ་ཆད་བཞི་ནི་ཡེ་ཤེས་རྣམ་པ་བཞི་མཐར་ཕྱིན་པའི་རྟགས་སོ། །སྒོ་བཞི་ནི་ཚད་མེད་བཞི་དང་ལྡན་པའི་རྟགས་སོ། །ནང་བྷནྡྷ་འབར་བའི་གཞལ་ཡས་ཁང་ནི་ཐམས་ཅད་སེམས་སུ་གཅིག་པའི་བརྡའོ། །དུར་ཁྲོད་བརྒྱད་ནི་འཇིགས་པའི་སྒོ་ནས་གཞན་ཟིལ་གྱིས་གནོན་པའི་རྟགས་སོ། །ཕྱིའི་པཉྩ་རེ་ཁཱ་ནི་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སོ། །ཀུན་ཏུ་གྲུ་བཞིར་གནས་པ་ནི། ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པའི་རྟགས་སོ། །མུ་ཁྱུད་ཟླུམ་པོ་ལ་མེ་རིས་བསྐོར་བ་ནི། ཐམས་ཅད་ཟིལ་གྱིས་གནོན་པའི་ཐིག་ལེ་གཅིག་ཏུ་འདུ་ཞིང་ཉོན་མོངས་པ་སྲེག་པའི་རྟགས་སོ། །ནང་གི་ལྷའི་དག་པ་ཡང་། ཀུན་གཞིའི་རྣམ་པར་ཤེས་པ་རིག་པའི་ཆ་འདི་ཡབ་བོ། །ཀུན་གཞི་སྟོང་པའི་ཆ་འདི་ཡུམ་དུ་ཤར་བའོ། །དེ་དག་གི་སྤྲུལ་པ་མ་འགགས་པའི་རིག་པ་ནི་འཁོར་དུ་ཤར་བའོ། །ཞེས་བཤད་ལ་ངོ་སྤྲད་དོ། །བདུན་པ་ནི། གཤིན་རྗེའི་སྐུ་དང་། པོ་ཏི་དང་། གཞན་ཡང་ཐུན་ལ་སོགས་པ་གཏད་དོ། །ཇི་ལྟར་འོག་མིན་གནས་མཆོག་ཏུ། །དཔལ་ལྡན་ཡ་མཱནྟ་ཀ་ཡིས། །ཐུགས་ཀྱི་སྲས་མཆོག་དབང་བསྐུར་ལྟར། །སྐལ་ལྡན་བུ་ལ་དབང་བསྐུར་གྱིས། །སྒོམ་སྒྲུབ་བཤད་དང་དབང་བསྐུར་གྱིས། །གཅོད་བཅིང་ལ་སོགས་ཕྲིན་ལས་རྣམས། །ཁྱོད་ཀྱིས་མ་ལུས་ཀུན་གྱིས་ཤིག །འབྱོར་པའི་སེམས་སྟོབས་བསྐྱེད་པར་ཤོག །ཅེས་བརྗོད་དེ་དེ་དོན་བཤད་དོ། །དེ་ནས་སློབ་མས་གཏང་རག་གི་མཆོད་པ་འབུལ། །གཏང་རག་གི་མཆོད་པ་དང་ལྷག་མའི་ཆོ་ག་རྣམས་ལེགས་པར་བྱ། དཀྱིལ་འཁོར་བསྡུ་བ་ལ་སོགས་བྱའོ། །གཤིན་རྗེ་གཤེད་པོའི་དབང་གི་རྣམ་བཞག་སློབ་དཔོན་ཆེན་པོ་འཇམ་དཔལ་གཤེས་གཉེན་གྱིས་མཛད་པའི་ཡི་གེ་ཆུང་ཤུགས་ཀྱིས་མི་གསལ་བ་རྣམས་ཅུང་ཟད་གསལ་བར་བྱས་པ་འདི་ནི། ཉང་སྟོད་བྱེ་མདའི་ཕུ། དཔལ་རྩེ་ཐང་གི་དགོན་པར་ཀུན་མཁྱེན་རི་ཁྲོད་པ་ངག་དབང་གྲགས་པས་སྦྱར་བའོ།། །


previousཁ་ཐུན་རྡོ་རྗེའི་དབང་ཆུ། ངག་དབང་གྲགས་པ།no next