Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
འགྲོ་མགོན་དར་མ་སེང་གེའི་ཞལ་གདམས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུན་ཁྱེར་ཡི་དམ་ནར་མ།
   
   
   
   
   
   
   
   
   
   


 
previousའགྲོ་མགོན་དར་མ་སེང་གེའི་ཞལ་གདམས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུན་ཁྱེར་ཡི་དམ་ནར་མ།next

འགྲོ་མགོན་དར་མ་སེང་གེའི་ཞལ་གདམས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུན་ཁྱེར་ཡི་དམ་ནར་མ།

འགྲོ་མགོན་དར་མ་སེང་གེའི་ཞལ་གདམས། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུན་ཁྱེར་ཡི་དམ་ནར་མ་བཞུགས་སོ། །བཅོམ་ལྡན་འདས་འཇམ་དཔལ་དམའ་པོ་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་དལ་དུ་དབང་རྫོགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ལྡན་པའི་རྣལ་འབྱོར་པས། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་པས། མངོན་པར་རྟོགས་པ་བསྒོམ་པའི་རིམ་པ་དང་། མཆོད་པའི་གོ་རིམ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། མཇུག་གི་རིམ་པའོ། །བྲིས་སྐུ་རབ་གནས་དང་ལྡན་པ་བཀྲམ། སྨན་རཀ་གཏོར་གསུམ་མཆོད་པ་རྣམས་པ་ལྔ་བཤམས། སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། དང་པོ་སྔོན་འགྲོ་ལ་བདུན་ལས། དང་པོ་མཚམས་བཅད་པ་ནི། སྟོང་པའི་ངང་ལས་རང་ཉིད་གཤིན་རྗེའི་གཤེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན་དང་། གཡོན་སྡིགས་མཛུབ་ལས་མེ་འབར་བ། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། བ་སྤུའི་བུ་ག་ཐམས་ཅད་སྤྲུལ་པའི་ཁྲོ་ཆུང་གིས་གཏམས་པར་གྱུར། ཧཱུྃ། གསང་སྔགས་དོན་ལ་མི་མོས་ཤིང་། །ཐེག་པའི་དོན་ལ་མི་དད་པ། །འདི་ན་འདུག་པའི་གནས་མེད་དེ། །སོ་སོ་རང་རང་གནས་སུ་དེངས། །ཨཱོྂ་ཧྲཱིཿཥྚི་ཝིཥྚི་ཏཱ་ན་ན་ཝ་ར་ཙཀྲ་ཨ་པ་ན་ཡ་ཧཱུྃ་ཧཱུྃ་ཕཊ། ཨཱོཾ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱྃ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱ་བྷྲཱུྃ། ཞེས་བརྗོད་པས། བ་སྤུ་དང་ཤངས་ཀྱི་རླུང་སྒྲོམ་ནས་ཁྲོ་ཆུང་མཚོན་ཆ་ཐོགས་པ་བསམ་གྱིས་མི་ཁྱབ་པ་དང་། རྡོ་རྗེ། བེ་ཅོན། འཁོར་ལོ། དབྱུག་ཏོ། རལ་གྲི། ཕུར་པ། རྡོ་རྗེ་རྒྱ་གྲམ་རྣམས་འཕྲོས་པས། བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་པས་ར་གུར་དུ་གྱུར་ནས། བསྐལ་པའི་རླུང་གིས་ཀྱང་མི་ཐར་བར་བསམ། གཉིས་པ་བཤགས་པ་ནི། བཛྲ་ས་མ་ཡ་ཛཿ ཧཱུྃ། འཇམ་དཔལ་འཁོར་བཅས་གསན་ཅིང་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །འཇམ་དཔལ་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བརྗོད། གསུམ་པ་བརྡའ་སྒོ་དབྱེ་བ་ནི། ཧཱུྃ། དབང་དྲག་འབར་བའི་ཕོ་བྲང་དཀྱིལ་འཁོར་ཆེན་པོ་རུ། །འཇུག་པར་འཚལ་བས་ཕྱོགས་བཞིའི་སྒོ་བཞི་པོ། །མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་བཞིའི། །བྱམས་པའི་ཞལ་བཟང་བསྟན་ཕྱིར་སྒོ་ཕྱེས་ཤིག །བྷྲཱུྃ་མཎྜ་ལ་པྲ་བེ་ཤ་ཡ་ཕཊ། བཞི་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ། དབང་དྲག་འབར་བའི་ཕོ་བྲང་གཞལ་ཡས་ན། །འཇམ་དབྱངས་ཁྲོ་བོ་འཇམ་དཔལ་གཤིན་རྗེའི་ལྷ། །ཐུགས་ཀྱི་སྲས་མཆོག་གཤིན་རྗེ་མ་རུ་རྩེ། །འཁོར་དང་བཅས་ལ་སྒོ་གསུམ་དང་བས་འདུད། །བརྡ་ཡི་མཆོད་འབུལ་གར་འདི་བཞེས་སུ་གསོལ། །ཡ་མ་ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ ལྔ་པ་དམ་བཅའ་བ་ནི། ཧཱུྃ། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ལྷ་མཆོག་གཤིན་རྗེའི་གཤེད་དང་སྨོན་ལམ་མཐུན་བསྡེབས་པས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསོལ་གྱིས། །ལྷ་མཆོག་ཁྱེད་ཀྱིས་བདག་ལ་བྱིན་གྱིས་རློབས། །བདག་ཀྱང་ཏིང་འཛིན་རྩེ་གཅིག་མི་གཏོང་གིས། །ཁྱེད་ཀྱི་ཐུགས་རྗེས་བདག་ཡོངས་མ་གཏོང་ཅིག །ས་མ་ཡ་ཧཱུྃ། དྲུག་པ་བྱིན་དབབ་ཅིང་མཆོད་པ་བརླབ་པ་ནི། ཧཱུྃ། གྲུ་གསུམ་དམར་ནག་རོལ་པའི་དཀྱིལ་འཁོར་འདིར། །འཇམ་དཔལ་གཤིན་རྗེ་དམར་པོ་རལ་པ་ཅན། །འཇིག་རྟེན་ཁམས་རྣམས་ཀུན་ལ་མངའ་མཛད་པ། །སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །སྔོན་ཚེ་གོང་ནས་བསྙེན་ཅིང་སྒྲུབ་པའི་ལྷ། །བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །ཁྱོད་ཀྱིས་བདག་ལ་བྱིན་ཆེན་དབབ་ཏུ་གསོལ། །ཁྱེད་ཀྱིས་བདག་ལ་དབང་ཆེན་བསྐུར་དུ་གསོལ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཕེཾ། ༈ ཨཱོྂ་བཛྲ་ཨརྒྷཾ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱཱུ། ཤཔྡ་ཨཱཿཧཱུྃ། མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་གྱུར། ཨཱོཾ་ཨཱ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཀ་པཱ་ལ་ཡེ་ཤེས་ཀྱི་བདུད་རྩིས་ཁེངས་པར་གྱུར། ཨཱོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། མཆོད་གཏོར་འདོད་ཡོན་གྱི་ལྷ་མོ་དང་། བདུད་རྩིའི་རང་བཞིན་དུ་གྱུར། ཨཱོྂ་རཀྟ་ཛྭ་ལ་ས་མུ་ཏྲ་མཎྜ་ལ་ཧཱུྃ། རཀྟ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར། མཱཾ་ས་རཀྟ་ཀེཾ་ནི་རི་ཏི། ལས་གཏོར་ཤ་ཁྲག་རུས་པའི་ཕུང་པོར་གྱུར། དེ་ནས་བདུན་པ་ཡན་ལག་དགུ་པ་ནི། མདུན་གྱི་ནམ་མཁར་བླ་མ་བརྒྱུད་པ་ཡི་དམ་ལྷ་ཚོགས་བཞུགས་པར་གྱུར། བཛྲ་ས་མ་ཡ་ཛཿ འཇམ་དཔལ་རྡོ་རྗེ་ལ་སོགས་པའི། །རྒྱལ་བ་སྲས་དང་བཅས་པ་ལ། །ལུས་ངག་ཡིད་གསུམ་གུས་ལྡན་པས། །ཀུན་ནས་དང་བས་ཕྱག་འཚལ་ལོ། །སངས་རྒྱས་ཞིང་དུ་གང་བསྔགས་པའི། །འཇིག་རྟེན་དག་ན་མཆོག་གྱུར་པ། །རིན་ཆེན་མེ་ཏོག་བདུག་སྤོས་སོགས། །ཀུན་ནས་སྤྲུལ་ཏེ་མཆོད་པར་བགྱི། །བདག་གིས་སྔོན་ནས་བསགས་པའི་སྡིག །ཀུན་ནས་བསགས་པར་གྱུར་པ་རྣམས། །རང་བཞིན་མེད་ཀྱང་ཡོད་ཚུལ་གྱིས། །མགོན་པོ་ཀུན་གྱི་སྤྱན་སྔར་བཤགས། །མགོན་པོ་ཀུན་གྱི་བསོད་ནམས་དང་། །དམན་པའི་དགེ་བ་ཐམས་ཅད་ལ། །དེ་བཞིན་མཐུན་པའི་ལྷག་སེམས་ཀྱིས། །དང་བས་རྗེས་སུ་ཡི་རང་ངོ་། །བདེ་གཤེགས་བྱང་ཆུབ་མཆོག་བརྙེས་ནས། །འགྲོ་བ་ཐུགས་རྗེས་འདུལ་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། །ཚངས་པ་བཞིན་དུ་གསོལ་བ་འདེབས། །མྱ་ངན་འདའ་བཞེད་དེ་དག་ལ། །འགྲོ་ཀུན་ཡུན་དུ་བདེ་བའི་ཕྱིར། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཇི་སྲིད་འཁོར་བ་མ་སྟོངས་པར། །བདག་གི་དགེ་བ་དེ་བཞིན་དུ། །ཀུན་ནས་ཟད་པར་མ་གྱུར་བས། །སེམས་ཅན་ཡོངས་སུ་སྨིན་པར་ཤོག །བདག་ཀྱང་དུས་འདི་ཕན་ཆད་ནས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མགོན་པོའི་འབངས་སུ་འབུལ་ལགས་ཀྱིས། །ཐུགས་རྗེས་ཡོངས་སུ་བཟུང་བར་མཛོད། །དུས་འདི་ནས་ནི་བཟུངས་ནས་ནི། །མགོན་པོ་ཁྱོད་ཀྱི་བཀའ་བཞིན་དུ། །སེམས་ཅན་ཀུན་དོན་བསྒྲུབ་ལགས་ཀྱིས། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །ཞེས་གསོལ་བས། མདུན་གྱི་ནམ་མཁའ་ལ་བཞུགས་པའི་བླ་མ་ཡི་དམ་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་འཕྲོས། རང་གི་གནས་གསུམ་དུ་ཐིམ། དབང་རྫོགས་པར་ཐོབ། དེ་ནས་ལྷ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ལུས་འོད་དུ་ཞུ། དེའི་འོད་ཟེར་གྱིས་ཕྱི་ནང་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། འོད་དེ་སླར་འདུས་ཐིག་ལེ་དམར་པོ་གྱུར་པའི་ངང་དུ་སེམས་མཉམ་པར་བཞག་གོ། །གཞུང་དངོས་ལ་བཞི་ལས། དང་པོ་བསྐྱེད་རིམ་བསྒོམ་པ་ནི། རང་རིག་སྣང་སྟོང་དབྱེར་མེད་ཀྱི་རང་བཞིན་ཡི་གེ་ཧཱུྃ་དམར་པོ་གསལ་བ་ལས། ཨེ་ཡྃ་རྃ་བྃ་ཀེཾ་རྃ་རྣམས་རིམ་པར་ཆད་འཕྲོས་འདུས་འོད་དུ་ཞུ་བ་ལས། ཨེ་ལས་ནམ་མཁའ་མཐིང་ནག་གྲུ་གསུམ། ཡྃ་ལས་རླུང་རྡོ་རྗེ་རྒྱ་གྲམ་ལྗང་གུ། རྃ་ལས་རཀྟའི་རྒྱ་མཚོ་ཟླུམ་པོ། བྃ་ལས་ཞིང་ཆེན་གྱི་ས་གཞི་སྨུག་པོ། ཀེཾ་ལས་རུས་པའི་རི་རབ། རྃ་ལས་མེ་དཔུང་དམར་པོ་གྲུ་གསུམ་གྱི་སྟེང་དུ། བྷྲཱུྃ་སྨུག་ནག་ལས་འོད་ཟེར་འཕྲོ་འདུས་ཞུ་བ་ལས། གཞལ་ཡས་ཁང་ཐོད་པ་སྐམ་རློན་ལས་གྲུབ་པ། དབྱིབས་གྲུབ་བཞི་དབུས་སུ་གྲུ་གསུམ་དམར་པོ་ཟླུ་གམ་ཀྱིས་བསྐོར་བ། ཐོད་པ་སྐམ་པོའི་མུ་ཁྱུད། འཁོར་ལོ་རྩིབས་བཞི་དམར་པོ། རྡོ་རྗེའི་ར་བ་མཐིང་ག །གྲུ་ཆད་ལྗང་ཁུ། ཁྲག་ཁྱམས་དམར་པོ། ཐོད་པ་ཚར་གསུམ་གྱི་རྩིག་པ། གནམ་ལྕགས་ཀྱི་གཟེར་གཏབ་ཅིང་རཀྟས་སྦྱར་བ། རུས་སྦལ་གྱི་ཀ་གདན། ཞིང་གི་ཀ་བ། ཆུ་སྲིན་གྱི་ཀ་གཞུ། ཚངས་པའི་གདུང་། ཀླུ་བརྒྱད་ཀྱི་ཕྱམ། གཟའ་བརྒྱད་ཀྱི་ཁ་བད། རྒྱུ་སྐར་གྱི་དྲལ་མ། ཕྱོགས་སྐྱོང་བའི་ལྤགས་པའི་ཐོག །ཉི་ཟླའི་མཐོང་ཁུང་། ཞིང་ལྤགས་ཀྱི་གདུགས། ཙིཏྟའི་ཏོག །སྦྲུལ་གྱི་དྲྭ་བ་དྲྭ་ཕྱེད། གྲ་བཞིར་ཞིང་གི་རྒྱལ་མཚན་བཞི་ཕྱར་བ། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་གནས་བརྒྱད། རྡོ་རྗེ་མེ་རི་དང་བཅས་པས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ་བདུད་དང་སྲིན་པོ་ཐམས་ཅད་དང་གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། མ་ཧེ་གླང་རྒོད་ཕོ་མོ་བརྫིས་པའི་ཁྲི་སྟེངས་སུ། པདྨ་ཉི་ཟླའི་གདན་ལ་རྒྱུའི་ཡི་གེ་ཧཱུྃ་དམར་པོ་བབས། དེ་ལས་འོད་ཟེར་འཕྲོས་འདུས་འོད་དུ་ཞུ་བ་ལས། ཨཱོྂ་ཤྲཱི་མཉྫུ་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ་ཕཊ། ཅེས་པས། རང་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར་བ། ཕྱག་གཡས་པ་ཐོད་དབྱུག་རྡོ་རྗེས་མཚན་པ་དང་། མེའི་འཁོར་ལོ་རྩིབས་བརྒྱད་པ་འོད་དང་བཅས་པ་འཕྱར་ཞིང་། གཡོན་རླུང་གི་འཁོར་ལོ་རྩིབས་བཞི་པ་བསྣམས་པ། སྤྱན་གཡས་པ་ལས་མེའི་ཚྭ་ཚྭ་འཕྲོ་བ། སྤྱན་གཡོན་པ་ལས་ལས་ཀྱི་ཚྭ་ཚྭ་འཕྲོ་བ། ཤངས་ནས་བསྐལ་བའི་རླུང་ནག་འཚུབ་ཅིང་། སྨྲིན་མ་དང་ཨག་ཚོམ་དམར་སེར་ལས་བསྐལ་པའི་མེ་སྟག་འཕྲོ་བ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། མཆེ་བ་གཡས་པ་ལས་རཀྟའི་ཆུ་རྒྱུན་འབབ་ཅིང་། མཆེ་བ་གཡོན་པ་ལས་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་དགྲ་བགེགས་ཀྱི་ཙིཏྟ་འདྲེན་པ། དབུ་སྐྲ་ཁམ་ནག་འཁྱིལ་བའི་སྐྲ་གསེབ་ནས། སྤྲུལ་པའི་ཁྲོ་ཆུང་མང་པོ་འཕྲོ་བ། རལ་པའི་རྩེ་ལ་བྷནྡྷ་ལྕང་ལོས་བརྒྱན་པ། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང་། གླང་ཆེན་གྱི་སྐོ་རློན་གསོལ་ཞིང་། སྐུ་སྨད་ལ་སྟག་གི་ཤམ་ཐབས་གསོལ་བ། ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང་། ཐོད་རློན་ལྔ་བཅུ་རྩ་བཞིའི་དོ་ཤལ། སྦྲུལ་རིགས་ལྔའི་སྙན་ཆ་དབུ་རྒྱན་མགུར་ཆུ་དོ་ཤལ་དཔུང་རྒྱན་སྐེ་རགས་རྣམས་བྱས་པ། ཁྲག་ཞག་ཐལ་བའི་མཚན་མ་ཅན། ཞབས་གཉིས་བརྐྱང་བསྐུམ་དུ་བརྗིད་པའི་ཚུལ་གྱིས་བཞུགས་ཤིང་ཞལ་ནས་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོག་པ། མེ་དཔུང་དམར་ནག་འབར་བའི་དབུས་ན་བཞུགས་པའོ། །ཏྲག་རཀྴ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ དེའི་པང་ན་ཡུམ་ཨེ་ཀ་ཛཱ་ཏི་སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་གཡས་ཁ་ཊྭྃ་བསྣམས་ནས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་ཁྲག་སྟོབ་པ། རེ་ལྡེའི་ཤམ་ཐབས་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་། འཛུམ་པའི་མདངས་ཀྱིས་གཙོ་བོ་ལ་བལྟ་ཞིང་སྦྱོར་བས་དགྱེས་པར་བསྐྱེད་པའོ། །གཙོ་བོའི་སྤྱན་དང་ཤངས་ལྗགས་ཐུགས་ཀ་སྟེ་གནས་བཞི་ནས་ཛཿདམར་པོ་བཞི་འཁོར་ལོའི་རྩིབས་སྟེང་དུ་འཕྲོས་པས། ཤར་དུ་དྲི་ཟ་ཕོ་མོ་བསྣོལ་བའི་སྟེང་དུ། པྲ་མ་རཱ་ཛ་ནི་ཛཿ ཞེས་པས། སྲིན་པོ་མ་རུ་རྩེ་གཡས་སྤུ་གྲི་དང་གཡོན་ཐོད་ཁྲག་འཛིན་པ་ཡུམ་དང་སྦྱོར་བ། འཁོར་དུ་སྲིན་པོ་མི་ཟན་འབུམ་གྱིས་བསྐོར་བའོ། །ལྷོར་གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་དུ། ཡ་མ་རཱ་ཛ་ནི་ཛཿ ཞེས་པས་གཤིན་རྗེ་མ་རུ་རྩེ་གཡས་དབྱུག་ཏོ་དང་། གཡོན་ཐོད་ཁྲག་འཛིན་པ་ཡུམ་དང་སྦྱོར་བ། འཁོར་གཤིན་རྗེ་མི་ཟན་འབུམ་གྱིས་བསྐོར་བའོ། །ནུབ་ཏུ་དམུ་བདུད་ཕོ་མོ་བསྣོལ་བའི་སྟེང་དུ། དྷ་ཤ་གྷྀ་ཝ་ཛཿ ཞེས་པས་བདུད་པོ་མ་རུ་རྩེ་གཡས་རལ་གྲི། གཡོན་ཐོད་ཁྲག་དང་ཞགས་པ་འཛིན་པ་ཡུམ་དང་སྦྱོར་བ། འཁོར་དུ་བདུད་པོ་མི་ཟན་འབུམ་གྱིས་བསྐོར་བའོ། །བྱང་དུ་གནོད་སྦྱིན་ཕོ་མོའི་སྟེང་དུ། ཀུ་བེ་རཱ་ཛ་ནི་ཛཿ ཞེས་པས་གནོད་སྦྱིན་མ་རུ་རྩེ་གཡས་བེ་ཅོན་དང་། གཡོན་ཐོད་ཁྲག་དང་ཞགས་པ་འཛིན་པ་ཡུམ་དང་སྦྱོར་བ། འཁོར་གནོད་སྦྱིན་མི་ཟན་འབུམ་གྱིས་བསྐོར་བ། ཡབ་ཡུམ་ཐམས་ཅད་ཤིན་ཏུ་ཁྲོས་པའི་ཆ་ལུགས་ཅན་སྐུ་མདོག་དམར་པོ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །གཙོ་བོའི་ཡན་ལག་བཞི་ལས། མ་དམར་པོ་བཞི་རྩིབས་མཆན་བཞིར་འཕྲོས་པས། སུ་ཏྲི་པ་ལ། ཤར་ལྷོར་མར་ཁུའི་མཚོ་ནང་དུ་བདུད་ཀྱི་གདན་ལ་རྡོ་རྗེ་ཡ་བྱིན་མ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་ཐོད་ཁྲག་འཛིན་པ། འཁོར་དུ་བདུད་མོ་འབུམ་གྱིས་བསྐོར་བ། ཡ་བ་ར་ཙིཏྟ། ལྷོ་ནུབ་ཏུ་སྦྲང་རྩིའི་མཚོར་གཟའ་ཡི་གདན་ལ་རྡོ་རྗེ་དེ་བྱིན་མ་ཞལ་གཅིག་ཕྱག་གཉིས་གཡས་རིན་ཆེན། གཡོན་ཐོད་ཁྲག་འཛིན་པའི་འཁོར་དུ་གཟའ་ཡི་བུ་མོ་འབུམ་གྱིས་བསྐོར་བ། ཡོ་གི་ཤྭ་རི། ནུབ་བྱང་ཁྲག་ཞག་གི་མཚོ་ལ་བཙན་གྱི་གདན་ལ་རྡོ་རྗེ་བསྭེ་བྱིན་མ་ཞལ་གཅིག་ཕྱག་གཉིས་གཡས་པདྨ། གཡོན་ཐོད་ཁྲག་འཛིན་པའི་འཁོར་དུ་བཙན་གྱི་བུ་མོ་འབུམ་གྱིས་བསྐོར་བ། ཡ་མ་ཙིཏྟ། བྱང་ཤར་དུ་འོ་མའི་མཚོ་ལ་ཀླུའི་གདན་ལ་རྡོ་རྗེ་ཕག་བྱིན་མ་ཞལ་གཅིག་ཕྱག་གཉིས་གཡས་རྒྱ་གྲམ། གཡོན་ཐོད་ཁྲག་འཛིན་པའི་འཁོར་དུ་ཀླུའི་བུ་མོ་འབུམ་གྱིས་བསྐོར་བ། ཐམས་ཅད་ཀྱང་སྐུ་མདོག་དམར་པོ་དང་ལྡན་པ་ཁྲོ་མོའི་ཆ་ལུགས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །གཞན་ཡང་བར་ཁྱམས་ལ་གིང་ཆེན་བཅོ་བརྒྱད། སྐུ་མདོག་དམར་པོ་གཡས་རལ་གྲི་འཕྱར་ཞིང་། གཡོན་ཙིཏྟ་བསྣམས་པ་ཁྲོས་འཁྲུགས་རྔམས་པའི་ཚུལ་ཅན། སྒོ་བཞིར་བསྭེ་ཡི་སྐྱེས་བུ་བཞི། སྐུ་མདོག་དམར་པོ་བསྭེ་ཁྲབ་དང་བསྭེ་རྨོག་གསོལ་ཞིང་བསྭེའི་བྱ་ཁྲལ་ཆིབས་པ། གཡས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས་ཤིང་། གཡོན་པ་དགྲ་སྙིང་སྤར་གྱིས་འདེབས་པ། དུར་ཁྲོད་བརྒྱད་དུ་ཁྲམ་ཐོགས་བདུད། ཞགས་ཐོགས་བཙན། ནད་གཏོང་གི་མ་མོ། ལས་གཤིན་བྱེ་བ་ཐེར་འབུམ་དང་བཅས་པ་བཞུགས་པའོ། །གཉིས་པ་དབང་བསྐུར་ཞིང་སྤྱན་དྲངས་བ་ནི། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨཱོྂ་ལས་རྣམ་སྣང་། མགྲིན་པར་ཨཱཿལས་མཐའ་ཡས། ཐུགས་ཀར་ཧཱུྃ་ལས་མི་བསྐྱོད་པ་རྣམས་ཀྱིས་མཚན་པར་བསམ་ལ། ཨཱོྂ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ཡ། ཝཱཀྐ། ཙིཏྟ་ཧཱུྃ་ཕཊ། དབུ་རྒྱན་ཐོད་པའི་ཁང་བུ་ལྔར་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་བསམ་ལ། བྷནྡྷ་ཀ་པཱ་ལ་ཏྲཾ་ཏྲཾ། ཧཱུྃ་ཨཱོྂ་སྭཱ་ཨཱྃ་ཧཱཿ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེ། དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས། འཇམ་དཔལ་དམར་པོ་འཁོར་དང་བཅས་པ་སྤྱན་དྲངས། ཨེ་ཧྱེ་ཧི་བྷ་ག་ཝཱན། མཉྫུ་ཤྲཱི་ཡ་མཱནྟ་ཀ་མཎྜ་ལ་ཨ་གཙྪ་ཡ། ས་མ་ཡ་ཧཱུྃ་ཛཿ ཛཿཧཱུྃ་བྃ་ཧོ། གཉིས་སུ་མེད་པར་བསྟིམ། ཏིཥྛ་བཛྲས་བརྟན་པར་བཞུགས། གསུམ་པ་མཆོད་པ་འབུལ་བ་ནི། ཧཱུྃ། རྨད་དུ་བྱུང་བའི་གཏོར་མ་དང་། །དམ་རྫས་བདུད་རྩིའི་མཆོད་པ་དང་། །སྦྱོར་སྒྲོལ་རཀྟའི་མཆོད་པས་མཆོད། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །འཇམ་དཔལ་དམར་པོའི་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་ཉེར་སྤྱོད་འདོད་ཡོན་ལྔ། །ཤ་ཁྲག་རུས་པ་དུག་ལྔའི་མཆོད་པ་དང་། །ཁྲག་སྣ་དགུ་དང་མཚོ་ཆེན་བཞི་རྣམས་དང་། །བསྟན་པ་འཇིག་པའི་དགྲ་བགེགས་མཆོད་པར་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛཿ ཛཿ ཨ་ནུ་རཱུ་པ་ཁཱ་ཧི། སུ་རུ་པ་ཁཱ་ཧི། ཏ་ཀུ་པ་ཏྲ་མི་ཏ་ཁཱ་ཧི། ཀུ་པ་ར་ཙཎྜ་ཁཱ་ཧི། སྒྲོལ་གིང་བདག་པོ་མ་རུ་རྩེ་ཡི་ཞལ་དུ་ཁཱ་ཧི། དམ་ཅན་སྔགས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཏིའི་ཞལ་དུ་ཁཱ་ཧི། སྲོག་ཟན་གྱི་ཤན་པ་མ་རུ་རྩེའི་ཞལ་དུ་ཁཱ་ཧི། བསྭེ་མོ་སྙིང་ཟན་མའི་ཞལ་དུ་ཁཱ་ཧི། བསྭེ་ཡི་སྐྱེས་བུ་བཞིའི་ཞལ་དུ་ཁཱ་ཧི། འཁོར་གྱི་བཤན་པ་ལག་རིང་བཞིའི་ཞལ་དུ་ཁཱ་ཧི། སྒྲོལ་གིང་བཅོ་བརྒྱད་ཞལ་དུ་ཁཱ་ཧི། ཁྲམ་ཐོགས་བདུན་ཀྱི་ཞལ་དུ་ཁཱ་ཧི། ཞགས་ཐོགས་བཙན་གྱི་ཞལ་དུ་ཁཱ་ཧི། ལས་གཤིན་བྱེ་བ་ཐེར་འབུམ་གྱི་ཞལ་དུ་ཁཱ་ཧི། མ་ཧཱ་མཱཾ་ས་ལ་ཁཱ་ཧི། རཀྟ། ཙིཏྟ། བ་སུ་ཏ། གོ་རོ་ཙ་ན། ཀེཾ་ནི་རི་ཏི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་གསུམ་མམ་བདུན་གྱི་འབུལ་ལོ། །བཞི་པ་བཟླས་པ་ནི། རང་འཇམ་དཔལ་དམར་པོ་གསལ་བའི་ཐུགས་ཀའི་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དམར་པོ་འཕྲོས། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷར་གསལ་ལ་སྔགས་བཟླས་སོ། །ཨཱོྂ་ཤྲཱི་མཉྫུ་ཀུ་མཱ་ར་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ ཞེས་གང་འགྲུབ་བཟླས་ལ། ཐུན་འཇོག་ཁར། སྨོན་ལམ་ནི། སེ་གོལ་བསྣོལ་མར་གདབ་ཅིང་། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་དང་། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་ལྷ་ཚོགས་རྣམས་མཁྱེན་པར་མཛད་ཅིང་བདག་ལ་དགོངས་སུ་གསོལ། བདག་གི་རྒྱལ་བའི་བཀའ་བདེན་པ་འདི་འགྲུབ་པར་གྱུར་ཅིག །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །བདག་གིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གྱུར་ཅིག །སེམས་ཅན་དོན་དུ་འཇམ་དཔལ་དམར་པོའི་གོ་འཕང་ཐོབ་པར་གྱུར་ཅིག །ཐོབ་ནས་ཀྱང་སེམས་ཅན་ཀྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་ཅིག །མཐར་ཕྱིན་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་དམར་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད་སྤྲོས་པ་ལ་དགའ་ན། ཚིག་གིས་གསལ་འདེབས་བྱེད། བསྡུས་པ་ལ་དགའ་ན་རྒྱུན་གྱི་ཡི་དམ་ནར་མ་འདི་ལྟར། བསྒོམ་པ་དང་བཟླས་པ་གཙོ་བོར་བྱ་བ་འདི། འགྲོ་མགོན་དར་མ་སེང་གེའི་ཞལ་གདམས་རིམ་པར་བརྒྱུད་པའོ།། །།


previousའགྲོ་མགོན་དར་མ་སེང་གེའི་ཞལ་གདམས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུན་ཁྱེར་ཡི་དམ་ནར་མ།next