Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
དཔལ་འབར་དབང་ཕྱུག་གི་སྨད་ལས་སྒྲོལ་བའི་མཱ་ར་ཡའི་རྣམ་བཤད་ཐེ་ཚོམ་བསལ་བའི་བརྗེད་བྱང་དང་བཅས་པ།
   
   
   
   
   


 
previousདཔལ་འབར་དབང་ཕྱུག་གི་སྨད་ལས་སྒྲོལ་བའི་མཱ་ར་ཡའི་རྣམ་བཤད་ཐེ་ཚོམ་བསལ་བའི་བརྗེད་བྱང་དང་བཅས་པ།next

དཔལ་འབར་དབང་ཕྱུག་གི་སྨད་ལས་སྒྲོལ་བའི་མཱ་ར་ཡའི་རྣམ་བཤད་ཐེ་ཚོམ་བསལ་བའི་བརྗེད་བྱང་དང་བཅས་པ།

དཔལ་འབར་དབང་ཕྱུག་གི་སྨད་ལས་སྒྲོལ་བའི་མཱ་ར་ཡའི་རྣམ་བཤད་ཐེ་ཚོམ་བསལ་བའི་བརྗེད་བྱང་དང་བཅས་པ་བཞུགས་སོ། །བླ་མ་དམ་པ་བཀའ་དྲིན་མཉམ་མེད་དེ་དང་། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཤིན་རྗེ་ཐམས་ཅད་ཀྱི་རྒྱལ་པོ། སྒྲོལ་གིང་ཐམས་ཅད་ཀྱི་བདག་པོ། དྲེགས་པ་ཐམས་ཅད་ཀྱི་གཤེད། གནོད་སྦྱིན་ཐམས་ཅད་ཀྱི་བདུད། རྒྱ་གར་གྱི་ངན་སྔགས་ཐམས་ཅད་ཀྱི་བདག་པོ། རྡོ་རྗེ་གནོད་སྦྱིན་མ་རུ་རྩེའི་སྒོ་ནས་མངོན་སྤྱོད་ཀྱི་ལས་བགྱི་བར་འདོད་པས། ཚེ་སྲོག་གི་བདག་པོ་མ་རུ་རྩེ་བསད་བཅད་ལ་དགའ་བས། སྒྲོལ་བ་ལ་རྣམ་སྨིན་དུ་བལྟ་ན་བཀའ་ཆད་དུ་འགྱུར་རོ་ཞེས། མཱ་ར་ཡ་ཁྲག་སྐྱུག་གི་ཟབ་དོན་བསྡུས་ནས་བཤད་པ་དང་། ཐེ་ཚོམ་བསལ་བའི་ཡི་གེ་ལས། བསྟན་པ་འཛིན་པའི་ཆོས་དང་། བསྟན་པ་བསྲུང་བའི་ཆོས་གཉིས་ལས། འདི་ཕྱི་མ་ཡིན་ཞེས་པ་དང་། དབང་མཛོད་དུ། སྒྲོལ་ལ་རྣམ་སྨིན་ལྟ་མི་རུང་། ཞེས་སོགས་བཤད་པ་དང་མི་འགལ་བར་བྱའོ། །དེ་བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་རམ་སྙམ་ན། ངེས་པར་འགྱུར་ཏེ་དམར་པོ་འདས་མདོ་ལེའུ་ཉི་ཤུ་རྩ་བཞི་པ་ལས། སྐུ་ཚེ་ཕྱི་མའི་དོན་ཡང་ཤེས། །ཐུན་མོང་དངོས་གྲུབ་གདོན་མི་ཟ། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། དུག་སྦྲུལ་ཉེས་བྱེད་གསོད་པ་བཞིན། །སྐུ་དགྲ་ཉེས་བྱེད་ཞིང་བཅུ་ནི། །སྔགས་དང་བསྐུལ་བ་ལ་སོགས་པས། །སྡིག་ཅན་བསྒྲལ་ན་དངོས་གྲུབ་ཐོབ། །ཅེས་པ་དང་། དམར་པོ་སྔ་འགྱུར་ལས། གསང་བའི་དགྲ་བོ་བདག་འཛིན་བསད། །ནང་གི་དགྲ་བོ་ཕུང་པོ་བསད། །ཕྱི་ཡི་དགྲ་བོ་རུ་ཏྲ་བསད། །འཇིགས་པའི་བདུད་བཞི་གཏན་ནས་བཅོམ། །ཞེས་པ་དང་། ཕྲ་མོའི་འགྲེལ་པར། བདག་ཉིད་ཆོས་ཉིད་བསྒོམ་པ་ལ་བར་དུ་གཅོད་པ་ན། དེའི་སྡིག་པ་རྡོ་རྗེའི་དམྱལ་བར་འགྲོ་བ་དང་། ངན་འགྲོར་ལྟུང་བར་འགྱུར་བས། དེ་བསྒྲལ་ཏེ་བཏང་བས། སྡིག་པ་མི་འོང་སྟེ་ཐར་པ་ཐོབ། ཅེས་མདོ་སྡེ་ཕལ་ཆེར་ནས་བཤད། ཅེས་པ་དང་། བལ་མོ་བཟའ་ཡི་ཐེ་ཚོམ་བསལ་བའི་ཡི་གེར། ལམ་གྱི་ངོ་བོ་བྱང་ཆུབ་སེམས་ཤེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟར་རོ། །དམོད་པའི་ལམ་དེ་སྒྲུབ་པའི་གང་ཟག་ནི། བར་འགྱུར་སློབ་དཔོན་ཆེན་པོས་མཛད་པའི་སྒྲུབ་ཐབས་ལས། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པས། །སྔགས་ཀྱི་དངོས་གྲུབ་ཐོབ་པ་དང་། །ཕྱིས་ནི་བཤན་པའི་ལས་ལ་རྦད། །ཅེས་པ་དང་། སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བསྲུང་ཆེད་དུ། །དགྲ་བོའི་སྲོག་ནི་གཅོད་པ་ལ། །ཕྱི་རབས་གང་ཟག་རྣམས་ཀྱིས་ནི། །རྫས་དང་སྔགས་དང་ཏིང་འཛིན་གསུམ། །འདི་དག་ལྡན་པའི་གང་ཟག་གིས། །སྲོག་ཟན་དམར་པོ་དགྲ་ལ་རྦད། །ཅེས་པ་དང་། བར་འགྱུར་ཞལ་ཁྲིད་ལས། ལྟ་བ་མ་བཅོས་རྣལ་མ་རྟོགས་པ་དང་། །ཡི་དམ་ལྷ་ཡི་ནུས་པ་ཐོན་པ་དང་། །དམ་ཚིག་གཞུང་ལྟར་ཐུབ་པར་བསྲུང་བ་ནི། །གནོད་སྦྱིན་དམར་པོ་བྲན་ལྟར་འཁོལ་བར་འགྱུར། །དེ་ལྟར་གསུམ་ཀ་ལྡན་པར་མ་གྱུར་ན། །གཉིས་ལྡན་འབྲིང་ལ་གཅིག་ལྡན་ཐ་མ་འཁོལ། །ཅེས་པ་དང་། ཕྱི་འགྱུར་མཚོན་ཆ་རུ་མཚོན་དམར་པོ་ལས། དེ་ཡང་སྔགས་པ་དཔའ་བོ་འདིའི་དཀྱིལ་འཁོར་དུ་དབང་བཞིས་སྨིན་ཅིང་། ཐོས་པས་ཕྱུག་པ། སྤྱོད་པ་རླབས་པོ་ཆེ་སེམས་པའི་བསམ་པ་ཅན། བསྐྱེད་རྫོགས་ཟུང་འཇུག་གི་བསྒོམ་པ་སྣང་སྟོང་དབྱེར་མེད་དུ་མགོ་འབྱོར་པ། དགེ་སྡིག་ཀྱི་སྣང་བ་རྩ་བྲལ་གཤིས་སུ་དག་པས། རིག་པ་ཕྱོགས་མེད་དུ་གྲོལ་ཏེ་སྒྲོལ་བའི་ནུས་པ་དང་ལྡན་པའི་རྣལ་འབྱོར་བས། སྤྱི་དང་ཁྱད་པར་གྱི་སྙིང་རྗེ་བསྐྱེད་དེ། ཅེས་པ་དང་། སྙན་བརྒྱུད་རིན་ཆེན་ཕྲེང་བ་ལས། སྒྱུབ་པ་པོའི་མཚན་ཉིད་ནི། མཚན་ཉིད་དང་ལྡན་པའི་བླ་མ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཉེས་པར་བྱས་ཏེ། དབང་ཡོངས་སུ་རྫོགས་པ། ཐོས་བསམ་གྱིས་རྒྱུད་གྲོལ་བ། མན་ངག་དང་ལྡན་པ། ལས་དང་བྱ་བ་ལ་མཁས་པ། དམ་ཚིག་དང་ལྡན་ཞིང་སྙན་བརྒྱུད་ཀྱི་མན་ངག་མ་ཆད་པས་སྒྲུབ་པར་བྱའོ། །དེ་ཡང་རྒྱུད་ལས། ཐོག་མར་བླ་མ་མཉེས་བྱས་ཏེ། །མཉེས་པ་གསུམ་གྱི་ཡོན་ཕུལ་ལ། །ཐོས་བསམ་ཤེས་རབ་རྒྱུད་ཁྲོལ་ཏེ། །དབང་རྫོགས་མན་ངག་ལྡན་པར་བྱ། །ཐོས་ཆུང་ཤེས་རབ་དམན་པ་དང་། །དབང་མ་ཐོབ་ཅིང་དམ་ཚིག་མེད། །མན་ངག་གདེངས་དང་མི་ལྡན་པས། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་བཤད་པའི་སྔ་མ་རྣམས་ནི་ལས་སྦྱོར་གྱི་དབང་དུ་བྱས་ཤིང་། ཕྱི་མ་ནི་སྒྲུབ་པའི་དབང་དུ་བྱས་པའོ། །འདིར་ལས་སྦྱོར་གྱི་སྐབས་ཡིན་པས་ཞལ་ཁྲིད་ལྟར། ལྟ་བ་ནི་རིན་ཆེན་ཕྲེང་བ་ནས་བཤད་པ་བཞིན། རབ་ཏུ་རང་མཚན་རྟོགས་པ། ཐ་མའང་དོན་སྤྱི་རྟོགས་པ། དམ་ཚིག་ནི་སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་ལྡན་པ། ཡི་དམ་ལྷའི་ནུས་པ་རྙེད་པ་གཅིག་ངེས་པར་དགོས་པ་ཡིན་ལ། དེ་ཡང་ལྷ་དམར་ནག་གཙོ་འཁོར་དང་རྐྱང་པར་སྒྲུབ་པ་སོགས་བརྒྱུད་ལུགས་གསུམ་མི་མཐུན་པར་བཞེད་ཚུལ་ནི། ཕྱི་མཚམས་སྐོར་དུ་སྒྲུབ་པ་དང་གཅིག །ནང་མདོ་སྐོར་དུ་སྒྲུབ་པ་དང་གཉིས། གསང་བ་ཡང་བཀོལ་དུ་སྒྲུབ་པ་དང་གསུམ། ཐུས་ཁ་དྲག་སྔགས་སུ་སྒྲུབ་པ་དང་བཞི་ལས། དང་པོ་ལ། ནག་པོ་གཙོ་བོ་ལ་དམར་པོ་ཤམ་བུར་བྱས་པ། དམར་པོ་གཙོ་བོ་ལ་ནག་པོ་ཤམ་བུར་བྱས་པ། དམར་ནག་འཆོལ་བར་སྒྲུབ་པ། དམར་པོ་རྐྱང་པར་བསྒྲུབ་པ་རྣམས་སུ་བཤད། འདི་སློབ་དཔོན་ཆེན་པོ་པདྨས། གནུབས་ནམ་མཁའི་སྙིང་པོ་ལ་གདམས་པས་སྔ་འགྱུར་རོ། །གཉིས་པ་ནི་བལ་མོ་བཟའ་གསེར་ཕྲེང་གིས་གནུབས་སངས་རྒྱས་ཡེ་ཤེས་ལ་གདམས། ལུང་ལུགས་ཤེས་ཟེར། གསུམ་པ་གསང་བ་ཡང་བཀོལ་ལ་གཉིས་ཏེ། ཁྲག་འཐུང་ནག་པོའི་དགོངས་པ་བ་སུ་དྷ་རས་སངས་རྒྱས་ཡེ་ཤེས་ལ་གདམས་པའི་སྐོར་དང་། སྐྱེ་བ་སྔ་མའི་སྤུན་ཟླ་ཡིན་པ་ལ་དགོངས་ནས། དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ་གདམས་པའི་སྐོར་གཉིས་ཀྱི་དང་པོ་ལ་གཤིན་རྗེ་ལྟར་བསྒྲུབ་པ་དང་། གནོད་སྦྱིན་ལྟར་བསྒྲུབ་པ། སྲིན་པོ་ལྟར་བསྒྲུབ་པའི་ལུགས་བཤད། འདི་ལ་བར་འགྱུར་དུ་གྲགས་སོ། །གཉིས་ནི་ཕྱི་འགྱུར་ཡིན་ལ། འདི་ལ་ཕྱི་གིང་ལྟར་བསྒྲུབ་པ། ནང་ཡེ་ཤེས་ལྷའི་བསྒྲུབ་པ། གསང་བ་དྲག་སྔགས་སུ་བསྒྲུབ་པ་དང་གསུམ་ལས། དང་པོ་ཕྱི་བསྒྲུབ་ལ་གིང་གི་བསྒྲུབ་པ་མང་དུ་བཤད་ཅིང་། དམར་པོ་གྱད་ཀྱི་སྐོར་རྣམས་ཀྱང་འདིར་གཏོགས་སོ། །གཉིས་པ་ནང་ཡེ་ཤེས་ལྷའི་བསྒྲུབ་པ་ལ། སྟོད་བསྙེན་བྱང་ཆུབ་བསྒྲུབ་པ། སྨད་བསྙེན་བསྟན་པ་བསྲུང་བའི་དྲག་སྔགས་སྒྲུབ་པ་རྣམས་སུ་བཤད། གསུམ་པ་གསང་བ་དྲག་སྔགས་སུ་སྒྲུབ་པ་ལ་སྲོག་ལེན་ནག་དམར་པོ། པོ་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་སྟེ། དམར་པོ་རྟེན་ཅན་གྱི་དྲག་སྔགས་དང་། ཝ་ཐོད་འཇིག་རྟེན་ལུང་དམར་གྱི་བསྒྲུབ་པ། གོང་ཁུག་བྱང་བུ་སོར་བཞིའི་བསྒྲུབ་པ། མགུལ་ཁུག་སྲོ་མ་ཅན། ཐུགས་ལ་ཕུར་པའི་ཆོས་བཞི། ཁྱེད་ཁུག་ཤོག་དྲིལ་དྲུག །མཱ་ར་སྙིང་ཟན་བཤན་པར་མ་གོའི་བསྒྲུབ་པ། རེག་ཆོད་སྡེ་ལྔའི་དྲག་སྔགས། ཕུག་ཉི་ཤུ་རྩ་གཅིག་གི་དྲག་སྔགས། ཅོག་བརྡུང་བཅོ་བརྒྱད་ཀྱི་དྲག་སྔགས། སྡེ་བརྒྱད་སོ་སོའི་དྲག་སྔགས་རྣམས་སུ་ཡོད་པ་ལས། སྒྲུབ་སྐོར་འདི་ནི་གསང་བ་ཡང་བཀོལ་གྱི་ལུགས་ཕྱི་མ་དྷ་ན་ད་ལ་ནས་ཡོན་ཏན་རྒྱ་མཚོ་ལ་བརྒྱུད་པའི་སྲོག་ལེན་ནག་པོ་ཐུགས་ཀྱི་སྒྲུབ་པ་ཡིན། དེ་ལ་སྡེ་ཚན་བཅུ་གཅིག་ཏུ་ཡོད་པའི་ཐོག་མར། དམར་པོ་རྟེན་ཅན་གྱི་དྲག་སྔགས་སུ་གྲགས་པ་དེ་ཡིན། རྟེན་ནི་རུ་མཚོན་ལ་བྱེད་པ་ཡིན་ཏེ། དྲག་སྔགས་སྤུ་གྲི་རིག་ཆོད་ཀྱི་རྒྱུད་ཀྱི་ལེའུ་གསུམ་པ་ལས། བསྭེ་ཡི་ལྡན་མཁར་དམར་པོ་ལ། །གྲུ་བཞི་དག་དང་ལྡན་པར་བྱ། །དམར་པོའི་སྐུ་རྟེན་དེ་ལ་བྱ། །ཙ་ར་སྤུ་ཡི་རྔ་ཕོད་ཀྱང་། །དཀར་དམར་ནག་ལྗང་བཞི་ཡིས་མཛེས། །ཡང་ན་ཀུན་ཀྱང་དམར་ནག་གམ། །དམར་པོ་མདངས་ལྡན་ཉིད་དུ་བྱ། །ཞེས་དང་། རུ་མཚོན་ཞལ་གདམས་ལས། དྲག་སྔགས་འདི་ལ་རྩིག་པའི་མཁར་དང་། བགོ་བའི་གོས། བརྡེག་པའི་མཚོན་ཆ་དང་གསུམ། མཁར་ནི་རྟེན་དང་བཅའ་གཞིའོ། །ཞེས་སོ། །གང་ཟག་གཅིག་གི་ཆ་རྐྱེན་དུ་སྒྲུབ་ཐབས་ཐམས་ཅད་དགོས་པ་མ་ཡིན་ཏེ། སྒྲུབ་སྐོར་རྣམས་ནི་རེ་རེ་ལ་མ་བུ་འཚམས་ཤིང་། ལ་ལ་ནི་མན་ངག་སྣ་རེ་ཙམ་ཡིན་པ་ཡང་ཡོད་དོ། །རྭ་སྒྲོལ་དང་། ཝ་ཐོད། ཐོད་ཆེན་རྣམས་ནི་འགྱུར་གསུམ་ཀའི་ལུགས་ལ་འབྱུང་ལ། ཐོད་ཆེན་ལ་འཆི་བདག་ཐོད་པ་གཤགས་ཆོས་ཀྱི་བྱ་ཐབས་ཀྱི་སྐབས་སུ་ལ་ལ་དག་མ་ཐོད་ལ་ཞལ་རྐྱང་ལ་འབྱེད་པ་ཡིན་གྱི་སྐུ་ཡོངས་རྫོགས་མི་རིགས། ཡ་ཐོད་ལ་ཡུམ་གྱི་ཞལ་འབྱེད་པར་མ་བཤད་ཟེར་མོད། དེ་ནི་རུ་མཚོན་ཞལ་གདམས་གོ་རིམ་ལས། མ་ཐོད་ཀྱི་འཆི་བདག་གི་ཞལ་ལེགས་པར་ཕྱེ་ལ། དེའི་ཁ་ལ་ཀུ་མཱ་རའི་སྔགས་ཕྱུང་ལ། ཁ་ཁྱེར་ལ་བསྐོར་རོ། །ཡ་ཐོད་ལ་འཁོར་ལོ་རྩིབས་བཞི་པ་སྤུ་གྲི་བཞི་བསྐོར་བྲི། ཞེས་པའི་ཚིག་རིས་ཙམ་ལ་ཞེན་ན་བདེན་ཡང་། འཆི་བདག་གི་སྐུ་ཡོངས་རྫོགས་འབྱེད་པ་ནི་རིགས་པ་ཡིན་ཏེ། དམར་པོ་མདོ་རྩ་ཕྲིན་ལས་ཀྱི་རྒྱུད་ཀྱི་ལེའུ་ནས། ཐོད་པ་སྐྱ་བོ་དཀར་རྩིས་བྱུགས། །གཤགས་ལ་མ་ཐོད་འཆི་བདག་གཟུགས། །བཏགས་ལ་གནོད་སྦྱིན་གཟུགས་ཀྱང་ཁ་དོགས་སྒྱུར། བཙལ། །མི་ཡི་རྒྱུ་མས་དམ་དུ་དཀྲིས། །སེ་དང་ཏྲི་ལིང་འོག་གཉིས་ཀྱི་བསྐོར། །གུ་གུལ་ནག་པོའི་དུད་པས་བདུག །ཁ་རུ་དམིགས་པའི་ལིང་ག་གཞུག །གཟུགས་ཀྱང་བཙལ་ཞེས་པ་དང་། ཁ་དོག་བསྒྱུར་ཞེས་པ། ཁ་དོག་གནོད་སྦྱིན་གྱི་ཁ་དོག་སྟེ། དམར་པོར་བསྒྱུར་བའོ། །སྐུ་དངོས་ནི་འཆི་བདག་ཡིན་ལ། གནོད་སྦྱིན་གྱི་སྐུ་མིན་ནོ། །འདས་མདོ་ལས། ལྷ་ནི་རོ་གླང་ནག་པོར་འདུག །གཤིན་གླང་མ་ཧེ་གླང་པོ་དེ། །རང་གི་གདན་དུ་མནན་བྱས་ནས། ཞེས་གླན་སྣ་ཅན་ཁ་དོག་དམར་པོར་བཤད། མདོ་རྩ་བ་ལས། བམ་ཆེན་མི་ཐོད་འཆི་བདག་བསྒྲུབ། །ཅེས་དང་། དེའི་གླེང་གཞི་ལས། གདོང་དམར་སྲིན་པོས་རང་དབང་བྱེད། །དེ་དུས་དྲག་པོས་འདུལ་བའི་ཕྱིར། །འཆི་བདག་ལས་ལ་གཉེར་གཏད་དོ། །ཞེས་པས། འཆི་བདག་ནི་གཤིན་རྗེ། དེའི་གཤེད་པོ་ནི་འཇམ་དཔལ་མ་རུ་རྩེར་གྱུར་པ་དང་། ཕྱག་རྡོར་མ་རུ་རྩེར་གྱུར་པའི་གླེང་གཞི་གཉིས་བྱུང་ངོ་། །རྡོ་རྗེ་གནོད་སྦྱིན་ཁྲོས་པ་དཔའ་བོ་གར་མཁན་གྱི་རྒྱུད་རོ་ལངས་ནག་པོ་འཇིག་རྟེན་རླུང་དམར་གྱི་དྲག་སྔགས་ལས། ཐོད་པ་སོག་ལེས་ལེགས་གཤགས་ཏེ། །འཆི་བདག་གཤིན་རྗེའི་གཟུགས་བརྙན་བརྟགས། །ལྟག་པའི་ཁུང་པར་ཁ་བལྟས་པའི། །རབ་ཏུ་བགྲད་དེ་འཇིགས་པའོ། །ལྟོ་རུ་སྲིད་པ་གསུམ་པོ་འཆང་། །དེ་ཡི་གཟུགས་ནི་ལེགས་བརྟགས་ལ། །སྙིང་གར་དྲག་སྔགས་འདི་དག་བྲི། །ཞེས་དང་། ཟླ་གསང་ནག་པོའི་རྒྱུ་ལས། ཨག་རྩེའི་ངོས་སུ་འཆི་བདག་གཟུགས་བྲིས་ལ། །གཟུགས་ཀྱི་སྙིང་གར་མིང་བྱང་བྲི། །ཞེས་པ་དང་། ཁ་ཐུན་གྱི་མདོ་བྱང་འབྲིང་པོ་ལས། ཐོད་པ་གཤགས་ཏེ་རི་རབ་དང་། །འཆི་བདག་བྲིས་ཏེ་བཅས་པ་རྣམས། །སྟེང་འོག་བར་དུ་ཤེས་པར་བྱ། །ཞེས་དང་། དེའི་འགྲེལ་བར། ལྟག་པའི་ཕྱོགས་ནས་སོག་ལེས་དྲས་ཏེ་གཤགས་པ་དང་། །མ་ཐོད་ངོས་ལ་འཆི་བདག་གཤིན་རྗེའི་གཟུགས་ཡོད་དེ། དེ་ལེགས་དང་བརྟགས་ལ་དེའི་གཟུགས་རམ་གྱིས་བྱུགས་ལ། འདི་རྟེན་ནག་པོའི་དབང་དུ་བྱས་པའོ། །དེའི་སྙིང་གར་ཡི་གེ་ཡ་བྲིས། ཐོད་པ་ལ་སྟེང་གི་རྒྱབ་ཏུ་རི་རབ་ཀྱི་གཟུགས་བྲིས་ལ། ཞེས་སོ། །ཤོག་ཁྲ་རྙིང་པ་དང་། ཐོད་པའི་ཞལ་དབྱེ་རྙིང་པ་བླ་མའི་གསུང་རྒྱུན་ཕྱག་ལེན་རྣམས་ལ་གསལ་བར་ཡོད་དོ། །འོན་ཀྱང་ཞལ་རྐྱང་པའི་བཤད་ཚོད་དང་ཕྱག་ལེན་ཀྱང་མ་བཀག་བ་ཡིན་ནམ་སྙམ་སྟེ། གཡུང་སྟོན་རིན་པོ་ཆེས་ཕྱག་ལེན་མཛད་པའི་ཞལ་རྐྱང་པོའི་ཐོད་རྙིང་མཐུ་སྟོབས་ཅན་ཞིག་ད་ལྟའང་འདུག་གསུང་ངོ་། །དབྱེ་བའི་ཚེ་ན་ཤིན་ཏུ་ཕྱེད་པ་ལེགས་པོའམ་འོང་གི་འདུག་གོ། །དེས་ན་གཏན་ཚིགས་རྣམ་དག་གི་སྒོ་ནས་དམ་འཆའ་བ་རིགས་ཀྱི་ཞལ་དབྱེ་ཞེས་པ་ངེས་པའི་ཚིག་ཏུ་བཟུང་ནས། སྐུ་མི་རིགས་པར་འདོད་པ་དང་། འཆར་ཀའི་སྐབས་སུ་ཞལ་གཏོར་ཞེས་འབྱུང་བ་ལ། ལུས་མེད་པའི་མགོ་བོའི་གཏོར་མ་རེ་བྱེད་པ་ནི། རྒྱུ་མཚན་ལྟར་སྣང་ཡིན། དེས་ན་ཡི་དམ་ལྷའི་ཞལ་མཐོང་ཟེར་བའི་ཚེ་ན། མགོ་བོ་རྐྱང་པར་མཐོང་བར་འདོད་དགོས། ཡ་ཐོད་ཀྱི་ཡུམ་ཡང་རྒྱ་སྟོན་གྱི་ཞལ་ཤེས་ཀྱི་ཡི་གེ་ལས། སྐུ་ཡོངས་རྫོགས་བཤད་དེ། ཡུམ་གཡས་འཕྱར། ཐབས་གཡོན་ཐོད་པ་འཛིན་པའི་ལྟོར་འཁྲུལ་འཁོར་གྱི་ཡི་གེ་བྲི། ཞེས་དང་། རུ་མཚོན་ཞལ་གདམས་དང་པོ་ལས། གྲི་ཐོད་ཀྱི་མ་ཐོད་ལ་འཆི་བདག་གི་ཞལ་ལེགས་པར་ཕྱེ། ཡ་ཐོད་ལ་ཡུམ་གྱི་ཞལ་ཕྱེ་ལ། འཁོར་ལོ་དང་སྔགས་དཔེའུ་ཆུང་ལྟར་བྲིས། ཞེས་སོ། །གཡུང་སྟོན་རིན་པོ་ཆེས་ཞལ་དབྱེ་མཛད་པ་དེ་ལའང་། ཡབ་ལ་ཞལ་རྐྱང་པ་ཡིན་ཡང་། ཡུམ་ལ་ཡོངས་རྫོགས་འདུག་གསུང་ངོ་། །འོན་ཀྱང་ཡབ་ཀྱིས་འབྱེད་པའི་ལུགས་གཉིས་གང་བྱེད་ཀྱང་དབྱིབས་ལ་གྲུབ་པ་གཅིག་ཡོད་པས། དེའི་ཕྱིར་དབྱེ་བྱེད་ཀྱི་ཐ་ཚིག་བྱུང་བ་ཡིན་ལ། ཡུམ་ནི་དབྱིབས་ལ་གྲུབ་མེད་ལ་དེའི་ཕྱིར་བྲི་བ་རྐྱང་པ་ཡིན་གྱི། ཞལ་འབྱེད་པའི་ཐ་ཚིག་ནི་མི་འཐད། ཚེ་བདག །ཁུ་ཐུན། དམར་པོ་གསུམ་ནས་ཐོད་ཆེན་ཞལ་དབྱེ་བཤད་པ་དེ་དག་གི་འབྱེད་ཚུལ་ནི། སྐུ་མདོག་ཙམ་ལས་གཞན་ཁྱད་པར་མེད་ལ། འདིའི་སྐབས་ཀྱི་དམར་ནག་གཉིས་ཞེས་པའི། ནག་པོ་ནི་ཁ་ཐུན་ཡིན་པས། དེ་དང་འབྲེལ་ཡང་ཆེའོ། །འགྱུར་སྔ་མ་གཉིས་ལ་ནག་པོ་དཀྱིལ་འཁོར་གྱི་གཙོ་བོར་བྱས་པ་འབྱུང་མོད། འགྱུར་ཕྱི་མ་ལ་ནག་པོ་དཀྱིལ་འཁོར་གྱི་གཙོ་བོར་མི་བཞེད། བསྙེན་སྒྲུབ་འབྲེལ་པ་ཅན་དུ་བྱས་ན་ཤིས་ཤིང་ཚན་ཆེ་སྟེ། ཕྱི་འགྱུར་ཤོག་དྲིལ་དང་པོ་ལས། བསྟན་པ་ལ་དགྲ་དར་ན་འདི་གྱིས་གསུངས་ནས་སེདྒེའི་ནག་པོ་ཡིན་བཀྲ་ཤིས། ཡ་ཐོད་ལ་སྟག་གི་དམར་པོ་ཡིན་ཚན་ཆེ། མ་མཁར་བཏགས་པ་གནམ་ལྕགས་ངར་དང་བཅས་མ་ར་བཤན་པ་ཡིན་རྣོ་ལ་མྱུར། པའི་མཆེ་བ་བཅུག་པས། བཀྲ་ཤིས་ལ་ཚན་ཆེ་བ། རྣོ་ལ་མྱུར་བ་འདི་གྱིས་གསུངས་ནས། དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ་གནང་། ཞེས་དང་། ལག་ལེན་པྲ་ཁྲིད་ཀྱི་ཤོག་དྲིལ་ལས། འཇམ་དཔལ་ནག་པོ་མཁར་དང་འདྲ། །ཨ་ཀྲོ་བཅུ་བདུན་གོ་ཆ་འདྲ། །ཤྲཱི་མཉྫུ་གཞུ་དང་འདྲ། །རྣལ་མ་རྣལ་ཏེ་མདའ་དང་འདྲ། །ཀུ་མཱ་ར་ཧཾ་ནི་མདེའུ་འདྲ། །དམོད་པའི་དུག་མདའ་གནད་དུ་བརྡེག །ཅེས་བཤད་དོ། །མ་ར་ཤན་པ་ནི་ཤིན་ཏུ་རྣོ་བའི་དྲག་སྔགས་སུ་ལན་གཅིག་མིན་པར་འབྱུང་སྟེ། ཐེམ་ཡིག་ལས། རྣོ་བ་དང་མྱུར་བ་ལ་མདེའུ་ཁ། ཞེས་དང་། ལྷ་རྗེ་སེང་རྒྱལ་གྱི་ཞལ་གདམས་ལས། དྲག་ཚན་ཆེན་ལས་ཀྱི་མདེའུ་ཁ་མ་ར་སྙིང་ཟན་ཐོགས་ཤིག །ཅེས་བཤད་དོ། །བདུད་བཤད་པ་མགོ་དང་། གནོད་སྦྱིན་མ་ར་སྙིང་ཟན་མའི་སྒོས་བསྒྲུབ་ནི། ཤོག་དྲིལ་དྲུག་པའི་ཤོག་དྲིལ་བཞི་པ་དེ་ཡིན། སྔགས་ནི་ཞལ་གདམས་དང་ཅུང་ཟད་མི་མཐུན་ནོ། །འདི་བྱུང་པའི་ལོ་རྒྱུས་ནི། རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་ན། གནོད་སྦྱིན་ཕུག་པ་ཉི་ཤུ་རྩ་གཅིག་ཡོད། ཤིན་ཏུ་མི་བསྲུང་བའི་གནས་དེ་ན། ལ་ལ་ནི་ཤ་ཟ། ལ་ལ་ནི་ཁྲག་འཐུང་། ཉིན་བཞིན་རླུང་ནག་འཚུབས། མཚན་བཞིན་མེ་འབར་བ་ཡོད། དེའི་ནང་ནས་སློབ་དཔོན་རོ་ལངས་བདེ་བས། བདུད་ཤན་པ་ར་མགོ་ཅན་ནག་པོ་རལ་གྲི་དང་ཙིཏྟ་ཐོགས་པ་དང་། གནོད་སྦྱིན་མ་ར་སྙིང་ཟན་མ་དམར་མོ་གྲི་ཞགས་ཐོགས་པའི་གདམས་པ་འདི་བསྣམས་ནས་བྱིན་ཟེར་རོ། །རྩ་གནས་བཞི་ལ་འཁོར་ལོ་བསྐོར་སྐབས་ཀྱི་འཁོར་ལོ་ནི། སྤུ་གྲི་བཞི་བསྐོར་གྱི་འཁོར་ལོ་དེ་ཡིན་ལ། དེ་ལ་སྔར་གྱི་ཤོག་ཁྲ་རྙིང་པ་ཁ་ཅིག་དང་། གསུང་རྒྱུན་དུ་འཁོར་ལོ་དམར་པོ་རྩིབས་བཞི་པ། རྩིབས་མཆན་བཞི་ལ་སྤུ་གྲི་བཞིའི་རྣམས་པ་ཡོད་པ་ལ། འཁོར་ལོ་ནང་ནས་གཡས་དང་། སྤུ་གྲི་ཕྱི་ནས་གཡོན་དུ་འཁོར་བའི་བར་དུ། གང་དམིགས་པ་དེ་གཅོད་པར་ཡིན་པར་བཞེད། དེ་དང་མཐུན་པར་འཛམ་གླིང་པས་ཀྱང་། དེའང་འཁོར་ལོ་སྔགས་ཀྱི་མཚན་པ་གཡས་དང་། སྤུ་གྲི་གཡོན་དུ་འཁོར་བར་བྱའོ། །ཞེས་སྔགས་དང་སྤུ་གྲི་ཐ་དད་དུ་འདོད་པ་ནི་ཅུང་ཟད་ནོར་བ་འདྲ་སྟེ། འཁོར་ལོ་གཡས་སུ་འཁོར་བའི་ཚེ། འཁོར་ལོའི་སྟེང་གི་སྔགས་རྣམས་སྤུ་གྲིའམ་མཚོན་ཆ་སྟེ། འོད་ཟེར་རྣོ་བའི་ནུས་པ་ཅན་མགལ་མེའམ་འཁོར་ལོ་ལྟ་བ་དྲུག་གཡོན་བསྐོར་དུ་བསྣོལ་བས་གང་དམིགས་པ་གཅོད་པ་ཡིན་གྱི། སྤུ་གྲི་དངོས་མིན། འཁོར་ཚུལ་ཡང་སྟེང་འོག་ཏུ་འཁོར་བ་ཡིན་གྱི། ཕྱི་ནང་དུ་འཁོར་ན་འཁོར་ལོ་དང་སྤུ་གྲིའི་རྩེ་གཉིས་གཅིག་གིས་གཅིག་ཆོད་པའམ་ཐོགས་པར་འགྱུར་རོ། །དེ་ནི་ཏིང་ངེ་འཛིན་གྱི་འཁོར་ལོ་ཡིན་པས། རྩེ་གཉིས་མཐབ་ཅིང་གཅོད་པར་ག་ལ་འགྱུར་ཞེས། དགོངས་པ་བཟང་བཟང་པོ་ཡང་མི་རིགས་ཏེ། འཁོར་ལོའི་རྩིབས་མུ་ཁྱུད་དང་འཕྲད་ན་མུ་ཁྱུད་གཅོད་པའི་སྐྱོན་འོང་ཞེས་ཕྱག་ལེན་པ་ཀུན་ལ་གྲགས། འཁོར་ལོ་སྔགས་ཀྱིས་མཚན་པའི་སྔགས་ཀྱི་ནུས་པའི་འོད་ཟེར་གྱིས་གཅོད་ཚུལ་སྤུ་གྲིའི་སོའམ་མཚོན་ཆས་གཅོད་པ་ལྟ་བུར་གྱུར་པ་ཡིན་ཏེ། ཞལ་གདམས་ལས། རྩ་བཞི་པོ་དེ་རྣམས་འཁོར་ལོ་དང་སྤུ་གྲིའི་ཁ་ལ། ཉལ་ཉལ་བུན་བུན་གཅོད་པར་བསམ་མོ། །དེ་ཀ་ལ་མཚན་མ་བསྣོལ་མ་ཞེས་བྱའོ། །ཞེས་བཤད། དེ་ཡང་། འོད་ཟེར་དཀར་པོས་གཅོད་པ་ལ་དངུལ་གྱི་སྤུ་གྲི་སྔོན་པོས་གཅོད་པ་ལ་ལྕགས་ཀྱི་སྤུ་གྲི་སོགས་ཀྱི་ཐ་ཚིག་བྱས། དཔེར་ན་བུད་མེད་སྔོན་མོ་ལ་གཡུའི་བུད་མེད་དང་། མི་དམར་པོ་ལ་བསྭེའི་སྐྱེས་བུ་ཞེས་ཟེར་བ་བཞིན་ནོ། །དེ་མ་ཡིན་ན། སྙིང་ལ་འཆི་བདག་རྦད་པའི་ཚེ། སྔགས་ཀྱི་འོད་མ་ཡིན་པའི་སྤུ་གྲི་ཇི་ལྟར་ཡོད་སོམས་ཤིག །དམར་ནག་ཐམས་ཅད་དུ་སྔགས་ཀྱི་ནུས་པ་ལ། སྤུ་གྲི་དང་། སོ་དང་། མཚོན་ཆའི་ཐ་སྙད་བཏགས་པ་མང་དུ་བྱུང་སྟེ། དམར་པོ་བར་འགྱུར་སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྒྲུབ་ཐབས་ལས། ལྔ་བཅུ་རྩ་བརྒྱད་མིང་དང་བཅས། །དྲག་པོའི་གནད་གཅོད་དྲག་སྔགས་འདི། །རྩ་སྲོག་གཅོད་པའི་སྤུ་གྲིར་ཤེས། །ཞེས་དང་། བར་འགྱུར་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། འདི་ནི་བློ་ལ་མི་བླངས་ཏེ། །དཔེ་ལས་བཟླས་ཤིང་བརྡེག་པར་བྱ། །འདི་ནི་གབ་པའི་མན་ངག་སྟེ། །སྤུ་གྲི་འདྲ་བས་ཤིན་ཏུ་ཟབ། །ཅེས་པ་དང་། དམར་པོ་བར་འགྱུར་ཞལ་ཁྲིད་གསང་བ་རིན་ཆེན་ཕྲེང་བ་འོད་ཀྱི་རྒྱན་ལས། བཟློག་པ་ཉིད་ལ་དཀྲུགས་པ་མཚན། །སྤུ་གྲི་བསྣོལ་མས་སྲོག་རྩ་གཅོད། །ཅེས་པ་དང་། ཁྲག་སྐྱུག་དྲག་སྔགས་ལས། བཟློག་ཅིང་དཀྲུགས་པ་ཉིན་དང་མཚན། །སྤུ་གྲི་བསྣོལ་མ་གཅོད་པའི་སྔགས། །ཞེས་པ་དང་། ཚེ་བདག་གི་སྔགས་ཀྱི་འབྲུ་འགྲེལ་ལས། ལུས་དང་སོ་དང་ཐེམས་དང་གསུམ། །ལུས་ནི་བརྒྱ་དང་ཞེ་དགུ་པ། །སོ་ནི་ཡིག་འབྲུ་ཉི་ཤུ་པའོ། །ཞེས་པ་དེ་ལ་ཡང་སྔགས་ལས་གཞན་པའི་སོ་བསྟན་དགོས་ན་མི་རྙེད་དོ། །ཡང་ཕྱི་བཟློག་པའི་སོ། བྱས་པ་བཤིག་པའི་སོ། ཟུག་པ་དབྱུང་བའི་སོ། གསང་ལམ་འགགས་པའི་སོ། གཟིར་བའི་སོ། ངག་མནན་པའི་སོ། ཞེས་གཅོད་པ་ལ་སོའི་ཐ་ཚིག་བྱས་སོ། །འདི་ལ་གཡུའི་སྤྱང་མོ། དྲུག་གི་ཐ་སྙད་ཀྱང་ཡོད་པས། དེ་ལ་ཁ་གཅིག་གིས་སྤྱང་མོ་དངོས་སུ་འོང་ནས་གཟས་པོའི་སྲོག་གཅོད་པ་ཡིན་ཟེར་བ་ནི་འདི་ལའང་འབྱུང་ངོ་། །སྡིག་པ་སྙིང་འཛིངས་ཀྱི་རྒྱུད་སྔ་མ་ལས། ཕྱག་རྒྱ་མཚོན་ཆ་དམིགས་པའི་ཡུལ། །གསལ་བ་གསུམ་གྱིས་ལས་ཀུན་འགྲུབ། །ཅེས་བཤད་པ་ལ། སྦས་ཏིག་ཏུ། ཕྱག་རྒྱ་ནི་ལྷ། མཚོན་ཆ་ནི་སྔགས། དམིགས་པ་ནི་དགྲ་བོ། ཞེས་བཤད། ཚེ་བདག་གི་སྤྱི་དཔྱོད་འཕྲུལ་གྱི་ལྡེ་མིག་ལས། རྣམ་པ་རྩ་དང་ཡི་གེ་ཡིན་པས་ནུས་པ་རྣོ་དཔལ་གྱི་མཚོན་ཆ་དུག་གི་རང་བཞིན་ཅན་ཡིན་ཞེས། སྔགས་ཀྱི་ནུས་པ་དང་བྱེད་ལས་ལ་དུག་གི་མིང་དུའང་བཏགས་སོ། །ཚེ་བདག་གི་རྒྱུད་དྲག་པོ་རྡོ་རྗེ་འཁོར་ལོ་དྲག་པོའི་རྟོག་པ་ལས། རྒྱུ་རྣམས་ཀུན་ཏུ་གསང་བ་ཡི། །གནད་གཅོད་སྤུ་གྲི་ལྟ་བུ་སྟེ། །འབྱུང་བ་གནད་ཀྱིས་ལས་གཅོད་པ། །དེ་ཡི་དྲག་སྔགས་དེ་དག་སྟེ། །ཞེས་སོགས་མང་དུ་འབྱུང་ངོ་། །དེ་ལྟར་མ་ཡིན་ན་ནི་དམར་པོ་སྤུ་གྲི་རེག་ཆོད་ཀྱི་རྒྱུད་འདི་ཡང་སྤུ་གྲི་ཡིན་དགོས་ཏེ། འདིའི་གཏད་པའི་ལེའུ་ལས། ཤིན་ཏུ་རྣོ་ཞིང་མྱུར་བས་ན། །སྤུ་གྲི་རེག་ཆོད་རྒྱུད་དུ་བཟུང་། །ཞེས་བཤད་པས་སོ། །གོང་གི་འཆི་བདག་ཞལ་གྱི་སྐབས་སུ་ཀུ་མཱ་རའི་སྔགས་ཀྱི་འཁོར་ཚུལ་ལ། སྔར་སྲོལ་ལ་ལར། ཀུ་མཱ་ར་འཆི་བདག་གི་ཞལ་ལ་ཐུག་པར་བྱས་ལ་རིམ་པར་ཡིག་མགོ་ནང་བསྟན་དུ་སྔགས་མཇུག་འཁོར་བར་བྲིས་པ་ནི། ཅུང་ཟད་མི་བདེ་བ་འདྲ་སྟེ། འཆི་བདག་གི་ཞལ་ནས་སྔགས་བྱུང་བའི་ཚུལ་དུ། ཀུ་མཱ་རས་སྣ་དྲངས་ནས་གཡས་ཕྱོགས་ནས་ཐོད་པའི་ཁ་ལ་འཁོར་བའི་ཚུལ་དུ་བྲི་བ་འཐད་སྙམ་མོ། །བརྒྱུད་པ་གསུམ་བསྒྲིབ་དང་། གསུམ་སྤྲུག་ཞེས་པ་ལ་ཡང་། ལྷ་རྗེ་བཀྲ་ཤིས་དར་གྱིས། གསུམ་ཕྱུག་མན་ངག་བརྗེད་ཐོ་བྲི། །ཞེས་སྙན་བརྒྱུད་རིན་ཆེན་ཕྲེང་བར་འབྱུང་བས། ཕྱི་འགྱུར་ལ་བརྒྱུད་པ་གསུམ་ཀ་ཚང་ཞིང་ལག་ལེན་མན་ངག་རྣམས་ཀྱང་ཡོངས་རྫོགས་འདིར་འདུས་ལ། འདིའི་དབང་ཐོབ་ན་སྔ་མ་གཉིས་ཀྱི་དབང་ཡང་ཐོབ་སྙམ་དུ་ནི་མི་སེམས་ཏེ། སངས་རྒྱས་ཡེ་ཤེས་ལས་བརྒྱུད་པའི་སྔ་འགྱུར་བར་འགྱུར། དྷ་ན་ད་ལ་ལས་བརྒྱུད་པའི་ཕྱི་འགྱུར། ཡོན་ཏན་རྒྱ་མཚོ་ལ་གསུམ་བསྒྲིལ་དུ་བྱུང་བས། གསུམ་ཕྱུག་གི་ཐ་སྙད་བྱུང་ཡང་། སྔ་མ་གཉིས་ཀྱི་ལུང་དང་མན་ངག་གི་བརྒྱུད་པ་རིང་དུ་མ་བྱུང་སྟེ། བར་འགྱུར་སྤུ་གྲི་རེག་ཆོད་ཀྱི་ཆོས་ཚན་བཅུ་གཅིག་ནི། བ་སུ་དྷ་རས་སངས་རྒྱས་ཡེ་ཤེས་ལ་གནང་བའི་ཚེ། དུས་གསུམ་བདེ་གཤེགས་དང་མཁའ་འགྲོ་དཔང་དུ་བཙུགས། དབང་གི་མནའ་ཆུ་བླུད་ནས། སྣོད་མིན་ལ་མི་སྤེལ་པར་འཆི་ཁར་གཏེར་དུ་སྦོས་ཤིག་ཅེས་པར་དམ་ལ་བཞག་པ་ལས་མི་འདའ་བར་གཏེར་དུ་སྦས། མཱ་ར་ཡ་ཁྲག་སྐྱུག་གི་ཆོས་སྐོར་རྣམས་ཀྱང་སངས་རྒྱས་ཡེ་ཤེས་ཀྱིས་གཏེར་དུ་སྦས་ཏེ། དེའི་ཐེམ་ཡིག་ལས། མ་བུ་ཤོག་དྲིལ་དྲུག་ཏུ་དྲིལ། །ཕུང་པོ་རི་བོ་ཆེ་རུ་གཏེར་དུ་སྦས། །རྩེ་ལྷ་བྱང་ཆུབ་ཁྱོད་ཀྱིས་སྲུངས། །ཞེས་པ་དང་། ཡོན་ཏན་རྒྱ་མཚོ་དམ་ཚིག་གཞུང་བསྲང་ཡང་། །སློབ་དཔོན་བཀའ་གཉན་ཆེ་བས་དམ་ཚིག་སེམས་ལ་བཞག །ཕུང་པོ་རི་བོའི་བྲག་ལ་གཏམས་པ་ཡིན། །བདུད་པོ་རྩེ་ལྷ་ཁྱོད་ཀྱིས་བཀའ་སྲུང་མཛོད། །ཅེས་འབྱུང་བ་ལྟར་རོ། །འོ་ན་སློབ་དཔོན་ཆེན་པོ་པདྨ། བལ་མོ་བཟའ་གསེར་འཕྲེང་། སློབ་དཔོན་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས་རྣམས་སྔ་མ་གཉིས་ཀྱི་བརྒྱུད་པ་ཡིན་ལ། འདིའི་དབང་བརྒྱུད་དང་ལུང་བརྒྱུད་ལ་ལར་འབྱུང་བ་དེ་ཇི་ལྟར་ཡིན་སྙམ་ན། དེ་ནི་ཡོན་ཏན་རྒྱ་མཚོ་ལ་སུམ་ཕྲུགས་སུ་བབས། དེའི་ཕྱིར་བླ་མའི་དྲིན་འཁོར་བའི་ཕྱིར་དང་བྱིན་རླབས་ཀྱི་བཅུད་འདུས་པ་དང་། དྷ་ན་ད་ལ་དང་གོང་གི་བླ་མ་བཞི་པོ་དེ་ཡང་། དཔོན་སློབ་འགལ་མེད་ཀྱི་སྐབས་དུ་མ་འབྱུང་བས་སྨོས་པ་ཡིན་ཞིང་། སུམ་འདྲིལ་གྱི་ཐ་སྙད་འབྱུང་བའི་གཞི་ཡང་དེ་ཡིན་ནོ། །ཕྱི་འགྱུར་གྱི་བརྒྱུད་པ་ཡང་སེལ་མེད་པའི་ཚེ། རུ་མཚོན་ཞལ་གདམས་ལས། རྒྱ་གར་གྱི་ཡུལ་མེ་རི་འབར་བ་རུ་དང་དུ་བཞེས་པ་ནི་འཇམ་དཔལ་བཤེས་གཉེན། བོད་དུ་བསྒྱུར་བ་ནི་དྷ་ན་ད་ལ། བོད་དུ་ཕྱག་ཏུ་བཞེས་པ་ནི་ཡོན་ཏན་རྒྱ་མཚོ། སྒྲུབ་པ་གདེང་དུ་གྱུར་པ་ནི་པདྨ་དབང་རྒྱལ། ཞེས་འབྱུང་བ་ལྟར་ཡིན་ཏེ། འཇམ་དཔལ་བཤེས་གཉེན། དེས་དྷ་ན་ད་ལ། དེས་ཡོན་ཏན་རྒྱ་མཚོ་ལ་བརྒྱུད་པར་ལྷ་རྗེ་བཀྲ་ཤིས་དར་གྱིས་མཛད་པའི་སྒོམ་བྱང་ན་གསལ་ཞིང་རིགས་པས་ཀྱང་འཐད་དོ། །དེའི་ཕྱིར་ལྕམ་དྲལ་འདུས་པའི་དྲག་སྔགས་ཟེར་བ་ལས། གཞན་པ་གསུམ་འདྲིལ་གྱི་དྲག་སྔགས་ཟེར་བ་མ་བྱུང་ལ། འོན་ཀྱང་། དྲོད་རྟགས། རུ་མཚོན། བསྙེན་ཚད། ཐུན་བདུན། ཐོད་ཆེན། གཙོ་བོའི་བསྙེན་སྔགས་རྣམས་ནི་ཐུན་མོང་དུ་ཡོད། སྔ་འགྱུར་ནི་བཀའ་མ་ཡིན་ལ་གཏེར་མ་མ་མཐོང་། བར་འགྱུར་ནི་གཏེར་མ་ཡིན་ལ་བཀའ་མ་མ་མཐོང་། ཕྱི་འགྱུར་ནི་བཀའ་མ་འབའ་ཞིག་ཡིན། གཏེར་མ་མེད། པདྨ་དབང་རྒྱལ་གྱིས་དབུ་རུ་བྲག་དཀར་དུ་སྦས་ཞེས་པ་དང་། ཇོ་མོ་སོ་གད་ཀྱིས་སྤ་ཚབ་སེང་གེ་འགྲམ་བྱ་བའི་བྲག་ལ་སྦས། སྲས་ཡེ་ཤེས་གཟུངས་ཀྱིས་རྨུའི་མོན་མོ་གཙུག་རུམ་དུ་སྦས། ལྷ་རྗེ་ཇོ་རྡོར་གྱིས་དཔེ་གཅིག་སྒ་ཆ་བྲག་ལ་སྦས་ཟེར་བ་ནི་ཤིན་ཏུ་ཟབ་པས། གཞན་གྱི་མཐོང་ཞིང་ཚོར་ན་ཤོར་གྱི་དོགས་པ་དང་། ཁྱད་པར་སོ་གད་བཟའ་ཡུམ་སྲས་ལ་ཆེན་མ་རྣམས་སྡང་བར་བྱུང་བས་སྤྱད་དུ་མ་བཏུབ་པས་སྦས་པ་ཡིན་གྱིས། གཏེར་དུ་སྦས་པ་ཡོངས་གྲགས་དེ་མ་ཡིན། སྔ་འགྱུར་གྱི་དཀྱིལ་འཁོར་གྱི་གཙོ་བོ་ནི་གོང་དུ་སྨོས་པ་དམར་ནག་འཆོལ་བ་ཡིན་ལ། བར་འགྱུར་དུ་ནག་པོ་གཙོ་བོ་ལ་དམར་པོ་འཁོར་དུ་འདོད་དེ། བདག་ཉིད་འཇམ་དཔལ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་བེ་ཅོན་འཕྱར་བ་དང་། །གཡོན་པ་སྡིགས་མཛུབ་འབར་བ་བསྒྲེང་། །ཁྲོ་བོའི་རྒྱན་ཆས་ཀུན་གྱིས་བརྒྱན། །ཅེས་པ་དང་། བར་འགྱུར་སྒྲུབ་ཐབས་ལས། ཡ་མཱནྟ་ཀ་འཇིག་པའི་སྐུ། །མདུན་དུ་སྒྲོལ་གིང་ཛཿལས་བསྐྱེད། །སྐུ་མདོག་དམར་པོ་འཇིགས་པའི་གཟུགས། །མེ་རླུང་ལས་ཀྱི་འཁོར་ལོ་བསྣམས། །ཞེས་སོ། །ཕྱི་འགྱུར་དུ་དམར་པོ་གཙོ་བོར་བྱས་ལ། དེའི་ལྷ་ངོས་བཟུང་བའི་སྐབས་སུ། གཤིན་རྗེ་མ་རུ་རྩེ་འདི་ལས་ལ་གྲུབ་པའི་གཤིན་རྗེ་ཡིན་ཏེ། སྔོན་གྱི་སྨོན་ལམ་ལས་གྲུབ་པའི་རོ་ལངས་གཤིན་རྗེ་ཡིན། དེ་ཡང་སྤྱིར་ལྷ་རྗེ་བཀྲ་ཤིས། རྒྱལ་པོ་གཤིན་རྗེ་ཚེ་ལ་གནོད། །བདུད་དང་གཤིན་རྗེ་འཁོར་ལ་གཟན། །ཡི་དྭགས་གཤིན་རྗེ་རྫས་ལ་གནོད། །ལས་ཀྱི་གཤིན་རྗེ་ལས་ལ་ཤིས། །མ་རུ་རྩེ་འདི་ཤིན་ཏུ་མཐུ་ཆེ་ལ་བཀྲ་ཤིས། རྒྱུད་འཇམ། གནོད་སྦྱིན་ཡིན་པས་རྫས་འཕེལ། མི་ནུབ་རྒྱལ་མཚན་ཐོབ་ཅིང་། མཐུའི་གྲགས་པ་འབྱུང་། ཞེས་ཝ་ཐོད་ལུང་དམར་ནས་བཤད། མཚན་གྱི་རྣམ་གྲངས་འབྲུ་བཤད་ནི་སྙན་བརྒྱུད་རིན་ཆེན་ཕྲེང་བར། འཇམ་དཔལ་དམར་པོ་ཞེས་པ་ནི། ཟུག་རྔུ་དང་བྲལ་བས་འཇམ། རང་གཞན་གྱི་དཔལ་དུ་གྱུར་པས་དཔལ། སྐུ་མདོག་དམར་བས་ཆགས་སྡང་ཅན་རྣམས་དབང་དུ་བསྡུས་ནས་བདེ་བར་འཆར་བར་བྱེད་པའོ། །ཡང་གཤིན་རྗེའི་གཤེད་དམར་པོ་ཞེས་པ་ནི། ཁམས་གསུམ་སེམས་ཅན་གྱི་ཚེ་སྲོག་ལ་དབང་ཞིང་། བར་མ་དོར་དགེ་སྡིག་ཤན་འབྱེད་པའི་བདག་པོ། འཆི་བདག་ལས་ཀྱི་གཤིན་རྗེ་དེའི་གཤེད་པོར་གྱུར་པས་ན་གཤིན་རྗེའི་གཤེད། དམར་པོ་ནི་འཁོར་བ་དབང་དུ་བསྡུད་ཅིང་ཆེད་དུ་སྒྲོལ་བའོ། །ཡང་གཤིན་རྗེ་མ་རུ་རྩེ་ཞེས་པ། གཞི་སེམས་ཅན་གྱི་དུས་དུག་གསུམ་གྱི་གཟིར་བས་གཤིན། ལམ་སྐུ་གསུམ་དུ་རྟོགས་ཤིང་འབྲས་བུ་སྐུ་གསུམ་གྱི་ངོ་བོར་གྱུར་པས་རྗེའོ། །དམར་པོ་དབང་གི་རང་བཞིན། རུ་སེམས་ཅན་ལ་ཆགས་པ། རྩེ་སེམས་ཅན་ལ་ཐུགས་རྗེ་མི་འདོར་བའོ། །གཞི་ཡི་ཉོན་མོངས་སྣ་ཚོགས་པ། །ལམ་གྱི་རྟོགས་གོམས་བསྟན་པ་ཡིས། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ། །ཅེས་སོ། །མ་རུ་རྩེ་མཆེད་ལྔའི་སྒྲུབས་ཐབས་སུ་ལུང་དྲངས་པ། དམར་ནག་དབང་གི་རང་བཞིན་ལ། །རུ་ནི་ཆགས་པའི་རང་བཞིན་ཏེ། །རྩེ་ནི་ཞེ་སྡང་ཉེར་འཚེ་ཡིན། །དེས་ན་མ་རུ་རྩེ་ཞེས་བྱ། །ཞེས་སོ། །དེ་རྣམས་ནི་མ་རུ་རྩེ་དང་། དམར་རུ་རྩེ་གནད་གཅིག་པའི་ལུགས་སོ། །ཡང་ཚངས་པའི་གནོད་སྦྱིན་དམར་རུ་རྩེ་ཞེས་བྱ་བ་གཅིག་བྱུང་ལ་དེ་ནི་གོང་གི་འབྲུ་བཤད་དང་མཐུན། མ་ར་རྩེ་ཞེས་ཀྱང་ཟེར་ཏེ། དམར་པོ་སྒྲུབ་ཐབས་ཀྱི་འགྲེལ་པ་ལས། སྐྱེ་འགྲོ་དབུགས་དང་སྲོག་གིས་བསྡུས་པ་སརྦ་ནི། རྒྱུ་མ་རིག་པ་ཕ་མའི་ཁུ་ཁྲག་ལ་སྲེད་ལེན་བྱུང་བས། འབྲས་བུ་སེམས་ཅན་དུ་སྣང་བ་ཡིན་ཏེ། དེ་ལྟར་སྣང་བ་སརྦའི་ཚེ་སྲོག་ནི། མ་ར་རྩེའི་ལག་ན་གནས་ཏེ། དེའི་ཕྱིར་མ་ར་རྩེ་ལ་བརྩོན་པར་བསྒྲུབ་བོ། །ཞེས་འབྱུང་། དེ་ནི་མཱ་ར་ཡ་ཁྲག་སྐྱུག་ཟེར་བ་དང་ཡང་མཐུན། ལ་ལར་མ་རུ་ཁྲག་སྐྱུག་ཅེས་ཀྱང་བྱ། གཞན་ཡང་མཚན་གྱི་རྣམ་གྲངས་འཁྲུལ་འཁོར་ནས་བཤད་པ་རྣམས་ལོ་རྒྱུས་ན་གསལ་ལོ། །སྐུ་ཕྲ་རགས་དང་ཕྱག་མཚན་མི་འདྲ་བར་འབྱུང་སྟེ། དམར་པོ་གསུམ་བཏུས་ལས། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་ན་ཡེ་ཤེས་ཀྱི་མེ་འབར་བའི་ལས་ཀྱི་རྡོ་རྗེ་རྩེ་གསུམ་པ་འཕྱར་བ། གཡོན་པ་ན་རླུང་གི་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། ཞེས་པ་དང་། དམར་པོ་སྔ་འགྱུར་ལས། ཡི་གེ་ཧཱུྃ་དམར་པོ་གཅིག་ཏུ་བསྒོམ་མོ། །དེ་འཕྲོས་འདུས་པ་ལས་འཁོར་ལོ་རྩིབས་བརྒྱད་པའམ། རྡོ་རྗེ་རྩེ་གསུམ་པ། དེ་འཕྲོས་འདུས་པ་ལས་གཤིན་རྗེ་མ་རུ་རྩེ། ཞེས་དང་། ཕྱག་གཡས་ན་ཡེ་ཤེས་ཀྱི་མེ་འབར་བའི་རྩེ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། གཡོན་རླུང་གི་འཁོར་ལོ་བསྣམས་པ། ཞེས་དང་། གཡས་ན་ཡེ་ཤེས་ཀྱི་མེ་རི་བསྣམས་པ། གཡོན་ན་རླུང་གི་འཁོར་ལོ། ཞེས་དང་། རླུང་གི་འཁོར་ལོ་མེའི་མདོག་འབྱིན་པ་བསྣམས་པ། ཞེས་དང་། ཁྲག་སྐྱུག་གསང་བའི་རྒྱུད་ལས། དང་པོ་སྟོང་པའི་བྱང་སེམས་ལས། །རྒྱུ་ཡི་ས་བོན་ལྡན་པ་ཡིས། །རང་གི་སྔགས་ཀྱི་རྫོགས་པའི་སྐུ། །ཞེས་དང་། གསོད་བྱེད་རལ་གྲི་གཡས་ན་བསྣམས། །གཡོན་པ་སྦྲུལ་ཞགས་སྡིགས་མཛུབ་མེ། །གྱད་ཀྱི་དོར་སྐབས་དྲག་པོ་བརྫིས། །བདུད་ཀྱི་ལྕམ་མོ་ཁྲག་མིག་མ། །ཞེས་སོགས་དང་། སྔ་འགྱུར་སྒྲུབ་ཐབས་ལས། སྒྲོལ་གིང་བདག་པོ་གནོད་སྦྱིན་མ་རུ་རྩེ། །གཡས་པ་སྡིགས་མཛུབ་འགྲེང་བའི་རྩེ་ལ་ལྕགས་ཀྱི་ཐུར་མ་ཅན། གཡོན་ལྕགས་ཀྱུ་ཞགས་པ་ཅན། ཞེས་དང་། ཁྲག་སྐྱག་བསད་ཁྲམ་དམར་པོ་ལས། མ་རུ་རྩེ་སྐུ་མདོག་དམར་པོ་ཁ་གདངས་པ། མཆེ་བ་གཙིགས་པ། ཨག་ཚོམ་དམར་སེར་དུ་འདུག་པ། ཤིན་ཏུ་རིད་པ། ཆུ་རྒྱུས་བསྡོམས་པ། འདར་ཕྲི་ལེ་འདུག་པ། གཡས་བེ་ཅོན། གཡོན་ཞགས་པ། ཐོད་པ་སྐམ་རློན་གྱི་རྣ་ཆ་ཅན། ཡུམ་རེ་མ་ཏཱི་གཅེར་བུ་རལ་པ་ཅན། གཡས་སྤུ་གྲི་དང་། གཡོན་ཐོད་པ་བསྣམས་པ། ཞེས་དང་། རྡོ་རྗེ་མེ་རླུང་འཁོར་ལོ་རྣམས་ཕྱག་མཚན་དུ་འབྱུང་བའི་རྒྱུ་མཚན་ནི། སྤུ་གྲི་རེག་ཆོད་ཀྱི་རྒྱུད་ཀྱི་གླེང་གཞིའི་ལེའུ་ལས། གནོད་སྦྱིན་དམར་པོ་ཁྲོས་པའི་སྐུར་གྱུར་ཏེ། །རྡོ་རྗེའི་རྩེ་ལ་མེ་ལུང་འཁོར་ལོ་བསྐོོར། །སྲིད་གསུམ་ཐམས་ཅད་མེ་དང་ལུང་གིས་དཀྲུག །ཅེས་ཕྱག་ན་རྡོ་རྗེ་གནོད་སྦྱིན་དམར་པོར་བསྒྱུར་བའི་ཕྱག་མཚན་ནོ། །སྙན་རྒྱུད་རིན་ཆེན་ཕྲེང་བར། གྲོལ་ལམ་དུ་ཐོད་དབྱུག་རྡོ་རྗེས་མཚན་པ། ཐབས་ལམ་དུ་མེའི་འཁོར་ལོ་རྩིབས་བརྒྱད་པ། ཞེས་བཤད། བསྒོམ་བྱང་ལས་བྱང་དུ་མེ་འཁོར་ཁོ་ན་བཤད། སློབ་དཔོན་ཆེན་པོས་ལས་ཀྱི་བཤན་པའི་སྒྲུ་ཐབས་ལས། གཡས་མེའི་འཁོར་ལོ་རས་གྲིས་མཚན་པ། གཡོན་ལུང་གི་འཁོར་ལོ་ཙིཏྟས་མཚན་པ། ཞེས་བཤད། གནོད་སྦྱིན་རོ་ལངས་གསང་བའི་རྒྱུད་ལས། ཤ་མེད་སྒེག་ཅིང་ཀེང་རུས་འཆང་། །ཞེས་དང་། རོ་ལངས་གསང་བའི་སྒྲུབ་ཐབས་རྩ་བ་ལས། ཤ་མེད་པ། རིད་པ། མདོག་དམར་པོ། ཆུ་རྒྱུ་ཧྲང་བ། ཤིན་ཏུ་གཏུམ་པ། ཞལ་གདངས་མཆེ་བ་གཙིགས་པ། གཡས་བེ་ཅོན། གཡོན་ཞགས་པ་ཐོགས་པ། ཐོད་པ་སྐམ་རློན་གྱི་ཕྲེང་བས་བརྒྱན་པ། གཡོན་དུ་ཡུམ་རེ་མ་ཏཱི་ཐལ་མདོག་ནག་མོ། གཡས་རལ་གྲི། གཡོན་ཐོད་ཁྲག །སྐུ་ལས་བསྐལ་པའི་མེ་འབར་བ། མི་ལྤགས་རློན་པ་གྱོན་པ་ཞེས་བཤད། སྔ་འགྱུར་སློབ་དཔོན་ཆེན་པོས་མཛད་པའི་སྒྲུབ་ཐབས་སུ། གཏུམ་མོ་ཆེ་ལ་ཡན་ལག་རགས། །ཞེས་དང་། སློབ་དཔོན་ཆེན་པོས་མཛད་པའི་ཕྱི་འགྱུར་ལས་བྱང་ལས། དམར་པོ་གཏུམ་པོ་གེལ་བའི་གཟུགས། །ཞེས་བཤད། སྙན་བརྒྱུད་རིན་ཆེན་ཕྲེང་བ་དང་སྒོམ་བྱང་དུ་སྐུ་ཕྲ་རགས་ཀྱི་ཚིག་ཟིན་མེད་པས། གང་མོས་སུ་བྱས་པས་ཆོག་སྙམ་མོ། །འོན་ཀྱང་གནོད་སྦྱིན་གྱི་རིགས་དང་བསྟུན་ན་རག་ཤིང་གེལ་བ་འཐད་དོ། །སློབ་དཔོན་ཆེན་པོ་པདྨ་ནི། ནག་པོ་གཙོ་བོར་བྱེད་པ་དང་། སྐུ་ཡང་རགས་པ་ལ་ཐུགས་བཞེད་ཆེ་བར་གདའོ། །ཁྲག་སྐྱུག་གསང་རྒྱུད་ནས། རང་གི་སྔགས་ཀྱི་རྫོགས་པའི་སྐུ། །ཟེར་བ་འདིས་ནི་ཕྱོགས་ཨ་ནུར་གཏོགས་པའང་མཚོན་ནུས། སྙན་བརྒྱུད་རིན་ཆེན་ཕྲེང་བར་ཡང་ཨ་ནུར་བཤད། ལ་ལར་ནི་མ་ཧཱ་ཡོ་གར་གཏོགས་ཟེར་བ་འབྱུང་ངོ་། །བསྙེན་པའི་ཚད་ནི། མ་རུ་རྩེ་མདོ་རྩ་བ་ཕྲིན་ལས་ཀྱི་སྒྲུབ་པའི་ལེའུ་གསུམ་པ་ལས། སུམ་འབུམ་བསྙེན་པ་རྫོགས་པ་དང་། །རྟགས་བྱུང་མཆོད་བསྐང་བཟློག་པ་བྱ། །བདུན་འབུམ་ཉི་ཁྲི་སྔོན་དུ་བཟླས། །ཞེས་པ་དང་། བཤད་རྒྱུད་འཇིག་རྟེན་འདས་མདོའི་ལེའུ་ཉི་ཤུ་པ་ལས། ཀུ་མཱ་ར་ལ་བདུན་འབུམ་བཟླས། །བཅུ་དྲུག་པ་ལ་སུམ་འབུམ་བཟླས། །ཞེས་དང་། སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། སྔོན་དུ་འཇམ་དཔལ་གཉན་པོ་ཡི། །བསྙེན་པ་འབུམ་ཕྲག་གཅིག་ཏུ་བསྐྱལ། །ལྟ་སྤྱོད་གདེངས་དང་མི་ལྡན་ན། །འབུམ་ཕྲག་གསུམ་དུ་བསྐྱལ་བར་བྱ། །དམ་ཚིག་གཙང་དང་གསུམ་ལྡན་ན། །བཤན་པ་རང་དབང་མེད་པར་འཁོལ། །ཞེས་པ་དང་། དམར་པོ་བར་འགྱུར་ཞལ་ཁྲིད་གསང་བ་རིན་ཆེན་འོད་ཀྱི་རྒྱན་ལས། དེ་ཡང་སྔར་གཤིན་རྗེའི་གཤེད་ཀྱི་བསྙེན་པ་མ་སོང་ན། འདི་ལ་འབུམ་ཕྲག་བདུན་ནམ་ཡང་ན་ལྷ་ལ་རྟགས་ཐོན་ཐོན་དུ་བསྐྱལ། དེ་མིན་ན་སྔོན་དུ་བསྙེན་པ་སོང་ན་ལེགས་ཏེ། འདི་ཉིད་འབུམ་ཕྲག་གཅིག་གིས་ཆོག་གོ། །ཞེས་འབྱུང་ངོ་། །ལྷ་རྗེ་བཀྲ་ཤིས་དར་གྱི་སྒོམ་བྱང་དུ་བསྙེན་པའི་དུས་ཤྲཱི་མཉྫུ་བཅུ་གསུམ་པ་ལ་བདུན་འབུམ་དང་། ཉེ་བསྙེན་གྱི་དུས་སུ་ཤྲཱི་མཉྫུ་བཅུ་དྲུག་པ་ལ་འབུམ་ཕྲག་གཅིག་ཏུ་བཤད། དེ་ནི་མདོ་རྩ་བའི་རྒྱུད་ཀྱི་ལུགས་དང་མཐུན། དམར་པོ་རྐྱང་པར་བསྙེན་པའི་དབང་དུ་བྱས། བླ་མ་རིན་པོ་ཆེ་རྡོ་རྗེའི་མཚན་ཞབས་ཀྱི་ཞལ་རྒྱུན་ལ། ཤྲཱི་མཉྫུ་བཅུ་དྲུག་པ་འབུམ་ཕྲག་བཅུ་གཅིག་ཡིན་གསུངས་པའམ་ཉེ་བསྙེན་འདི་ལ་དགོངས་པ་ཡིན། རུ་མཚོན་གྱི་རྒྱུད་དུ། ཡི་གེ་བདུན་པའི་དྲག་སྔགས་ལ། །ཁྲི་ཁྲི་བཟླས་པས་ཅི་བྱ་བའི། །ལུང་དང་ངེས་ཚིག་སྟོན་པའོ། །ཞེས་པ་ནི་འདིའི་བསྙེན་ཚད་མ་ཡིན། སྙན་བརྒྱུད་རིན་ཆེན་ཕྲེང་བར། གྲངས་ཀྱི་ཚད་མ་བཤད། སྔགས་ལ་ཅུང་ཞིག་མི་འདྲ་བ་བྱུང་བ་ནི། བསྙེན་པའི་དུས་སུ་ཀུ་མཱ་ར་ཡིག་འབྲུ་བཅུ་དྲུག་པ། ཉེ་བསྙེན་གྱི་དུས་སུ་ཨ་ཀྲོ་བཅུ་བཞི་པ་དང་། ཤྲཱི་མཉྫུ་བཅུ་བཞི་པ་གཅིག་དང་མཉྫུ་ཤྲཱི་བཅུ་གསུམ་པ་རྣམས་བཟླ་བར་བཤད། བསྙེན་པ་དང་ཉེ་བསྙེན་དུ་དབྱེ་བ་མི་འབྱེད་ན། ཤྲཱི་མཱཉྫུ་བཅུ་དྲུག་པ་བཟླའོ། །ཞེས་བཤད། འཇིག་རྟེན་འདས་མདོ་ལས། ཨཱོྂ་ཀུ་མཱ་ར་མཉྫུ་ཤྲཱི་ཀུ་མ་རཱ་ཛཿ རྟག་ཏུ་བསྙེན་པའི་སྔགས་སོ། །ཞེས་བཤད། དེ་རྣམས་མི་མཐུན་པ་ལྟར་སྣང་ཡང་ལུགས་སོ་སོའི་དགོངས་པ་ཅན་ཡིན་པས། རང་མོས་པ་བཞིན་གྱིས་འགྲུབ་ངེས་སོ། །བཟླས་པའི་ཐབས་དང་། འཕྲོ་འདུའི་དམིགས་པ་རྣམས་ནི་སྙན་བརྒྱུད་དུ་ཞིབ་པར་སྨོས་པ་ལྟར་གྱི་དྷ་ན་ད་ལའི་ལུགས་ལ་གཙོ་བོར་བཟུང་བར་བྱ་ཞིང་། སྔ་འགྱུར་ལས་ཀྱང་། གླལ་དང་སྦྲིད་པ་ལོག་གཏམ་སྤངས། །མི་ཡེངས་མི་སྤུར་མི་འཁྱམས་པར། །སྒྲུབ་པ་ལ་བརྩོན་པར་བྱའོ། །ཞེས་པ་ལྟར་རོ། །སྔ་འགྱུར་ལས། འཇམ་དཔལ་ཡབ་ཡུམ་དང་། སྲིན་པོའི་སྔགས་ལས་ལོག་སྔགས་ཀུན་ནི། ཡུངས་ཀར་དང་། ཡུངས་ནག་དང་། སྐེ་ཚེའི་འབྲུ་ལ་བསྔགས། བསྙེན་པ་གོང་དུ་འབུལ་བ་ནི། ལོ་ཟླ་བར་བསྙེན་པའོ། །ཞེས་པ་ནི་བསྙེན་པའི་སྐབས་འདིར་མ་ཡིན་ལས་སྦྱོར་གྱི་སྒྲུབ་པའི་སྐབས་སུ་ཡིན་ནོ། །ཡིད་བཞིན་ནོར་བུའི་ཕྲེང་བ་སྟེ། །གསང་སྔགས་ཁས་བླངས་ནུས་མཐུ་ཅན། །སྟོང་པར་བཟླས་པ་མ་ཡིན་ཏེ། །ཡུངས་ཀར་དག་ལ་བསྟིམ་ཞིང་བཟླས། །ཞེས་ཁ་ཐུན་འཁྲུལ་འཁོར་སྔགས་རྒྱུད་ཀྱི་ལུང་མདོ་བྱང་འགྲེལ་པར་བསྒྲུབ་པའི་ཚེ། བསྙེན་པའི་རྫས་ཀྱི་སྐབས་སུ། སློབ་དཔོན་ཆེན་པོས་དྲངས་སོ། །ཕྲེང་བ་ནི་དམར་པོ་རོ་ལངས་གསང་བའི་རྒྱུད་ལས། ཕྲེང་བའི་མཆོག་སྟེ་དེ་ཚེ་བགྲང་བར་བྱ། །ཞེས་པ་དང་། དེའི་དཀའ་འགྲེལ་དུ། ཐོད་པའི་ཕྲེང་བ་བགྲང་བར་བྱ། །ཞེས་བཤད་པས། མི་ཐོད་ཀྱི་ཕྲེང་བ་ཡིན་ཏེ། མི་ལྤགས་ཀྱི་གདན་ལ་གདན་མཆོག་དང་། མི་རྐང་གི་ཕུར་པ་ལ་མཆོག་ཕུར་ཟེར་བ་བཞིན་ནོ། །དེ་ཡང་། གྲི་ཐོད་ནི་ལས་དང་མཐུན་སྙམ་མོ། །རཀྴའི་ཕྲེང་བའང་དམར་པོའི་སྒྲུབ་ཐབས་མན་ངག་ལས། སེང་ལྡེང་ངམ་བེའམ་གདུག་པ་ཅན་གྱི་ཤིང་ལ་མཁར་བ་བྱས་ལ་ལག་ཏུ་ཐོགས་ལ། རུ་རཀྴའི་ཕྲེང་བ་ཐོགས་ལ་བགྲང་། ཞེས་པ་དང་། དེའི་འགྲེལ་པ་ལས། རཀྴའི་ཕྲེང་བ་ནི་ཕྲིན་ལས་ཀྱི་རང་བཞིན་དངོས་རྐྱང་ཁྲོ་བོའི་གདོད་དུ་འདུག་པས་ཛཔ྄་ཀྱི་གྲངས་བཟུང་། ཞེས་སོ། །རཀྴའི་འབུར་རེ་རེའི་ཕན་ཡོན་ཡོད་ཅེས་བླ་མའི་གསུང་ལས་ཀྱང་འབྱུང་། འདི་དང་འབྲེལ་བར། མདོ་བྱང་འབྲིང་པོའི་འགྲེལ་པར། ཁ་ཐུན་རྒྱུད་ཀྱི་ལུང་དྲངས་པ་ལས། རུས་པ་རཀྴའི་ཕྲེང་བ་ཡིས། །ཇི་སྲིད་ཡིད་ནི་མི་སྐྱོ་བར། །རྩེ་གཅིག་སེམས་ཀྱིས་བཟླས་བྱ་སྟེ། །སྐྱོ་ན་བཟླས་པ་བཏང་བར་བྱ། །ཞེས་སོ། །དུས་ནི་བཀོལ་བའི་མན་ངག་ལས། །བསྙེན་པའི་དུས་ནི་ར་བ་བཞི། །སྒྲུབ་པའི་དུས་ནི་འབྲིང་པོ་བཞི། །བསད་པའི་དུས་ནི་ཐ་ཆུང་བཞི། །ཞེས་པ་དང་། དམར་པོའི་སྒྲུབ་ཐབས་མན་ངག་ལས། གཟས་པ་པོ་གཏན་འཕོ་བའི་ལས་བྱས་ན། གནས་ནི་དུར་ཁྲོད། ཞག་གྲངས་ནི་ཉི་ཤུ་རྩ་གཅིག་མན་ཆད་བཟླ་བ་ནི། སྔགས་མདའ་འཕེན་གྱི་མར་ངོལ་གཏད། ཉི་མ་ནི་གྲུབ་པའི་ཉི་མ་དང་བདུད་ཀྱི་ཉི་མ་ལ་རྩི། གཟའ་སྐར་ནི་ངན་པ་དྲག་པོ་ལ་གཏད། དུས་ནི་འབྲུག་སྒྲ་དང་འཚུབས་མས་གདབ་བོ། །འགྲས་པའི་དུས་བོར་རོ། །ཞེས་དང་། སྒྲུབ་ཐབས་འགྲེལ་པ་ལས། རྟགས་ནི་འབྲུག་ཆེམ་ཟེར་བ་དང་། རླུང་འཚུབས་ཆེན་པོ་བྱུང་བ་དང་། བདག་ཁ་ལྷོར་བལྟ། ཉི་མའི་གྲིབ་སོ་དང་མཐུན་པར་གདབ་པོ། །གཟའ་སྐར་དྲག་པོ་དང་འབྲུག་དུས། རླུང་དང་འཚུབས་དང་། ནམ་ཕྱེད་དང་། གྲིབ་སོ་དང་། དེ་རྣམས་དང་མཐུན་པར་བཏབ་ན་གདོན་མི་ཟའོ། །ཞེས་པ་དང་། སྔ་འགྱུར་ལས། དགྲ་བོ་ལ་བརྣག་པར་བྱ་ན། ཟླ་བ་ནག་པོའི་ཚེས་གཅིག་ལ་བཙུག་ལ་སྟོང་ལ་གདོན། ཞེས་པ་དང་། མདོ་རྩ་བའི་ཕྲིན་ལས་ལས། ཡང་ན་ཐ་ཆུང་ཀུན་ལ་གཏད། །མདའ་འཕེན་ཟླ་བ་ཀླུངས་སུ་བསད། །ཐ་ཆུང་ཉི་མ། མདེའི་རྩེ་དབྱུག་པ་ལག་ཕུར་གཏད། །གྲུབ་འཇུག་བདུད་ཉིར་གཏད་པར་བྱ། །གྲངས་ནི་ལོ་གཅིག་ཟླ་གསུམ་དང་། །ཉི་ཤུ་རྩ་རབ་འབྲིང་ཐ་མའོ། །གཅིག་ལས་ཞག་བདུན། །བསྙེན་སྒྲུབ་ལས་ཏེ་རབ་འབྲིང་ཐ། །ཞེས་དང་། དམར་པོ་སྔགས་རྒྱུད་ཕྱི་མ་ལས། སྒྲུབ་པའི་དུས་སུ་ཚིལ་ཆེན་གྱི་དུད་པ་རྒྱུན་མི་བཅད། བསྐང་བཤགས་ལ་བརྩོན་པར་བྱ། ཡི་དམ་མི་བཅད། ཉམས་པ་མི་བསྐང་། བསྐང་གསོ་ཐེབས་ན་ལྷ་ཡི་སྟོན་པ་འཆར། ཅེས་སོ། །དམར་པོ་དྲག་སྔགས་གཏན་ལ་དབབ་པའི་མན་ངག་ལས། གཅེས་པའི་ཚིག་ལྔ་ནི། དམ་ཚིག་ཉམས་ན་དོན་མི་འགྱུར། །བཟླས་པ་ཉུང་ན་མཐར་མི་ཕྱིན། །ཐེ་ཚོམ་ཟོས་ན་དངོས་གྲུབ་ཡལ། །སྔགས་རྣམས་འཆོལ་ན་རྐྱེན་རྣམས་ཡོངས། །གཏོར་མ་ཆད་ན་བར་ཆད་ཡོང་། །ཚིག་རྐང་ལྔ་པོ་ཀུན་ལ་སྤང་། །ཞེས་བཤད་དོ། །མདོ་རྩ་བ་ལས། བཟླས་སྟོང་བཅད་ནས་བསམ་མི་བྱ། །ཐེ་ཚོམ་མི་ཟ་སྔགས་མི་འཆོལ། །དེ་ཡིས་སྐྱོན་ནི་བར་ཆད་འོང་། །རྐྱེན་འོང་དངོས་གྲུབ་ཡལ་བ་དང་། །དོན་རྣམས་འགྲུབ་པར་མི་འགྱུར་ཞིང་། །མཐར་མི་ཕྱིན་པས་འབད་པར་བྱ། །ཞེས་དུས་དེ་རྣམས་ལ་ལས་སྦྱོར་གཙོ་བོར་བྱས་ལ། བསྙེན་སྒྲུབ་ཀྱི་གནས་དང་དུས་ནི། ཕྱི་འགྱུར་གྱི་གཞུང་ན་ཡོད་པས་འདིར་སྨོས་ཅི་དགོས། བླ་རྡོ་བཅང་དགོས་པར་བཤད་དེ། འདི་ནི་ཨ་ཙརྱ་དྲང་སྲོག་དམར་པོའི་མན་ངག་ངན་སྔགས་ཐམས་ཅད་ཀྱི་བཅུད་ཕྱུངས་པ་སློབ་དཔོན་ཆེན་པོ་ལ་མངའ་བདག་གིས་རྟ་ཁམ་པ་འཇིང་ཐུང་། གཡུ་རྡོག་མལ་འཇོ་ལི་མཁལ་མ་དང་། བེར་སྔོན་པོ་གསུམ་ཕུལ་ནས་ཞུས། དམར་པོ་བླ་རྡོ་ཤིན་ཏུ་ཟབ་ཟེར་བསྔགས་པ་ཤིན་ཏུ་ཆེའོ། །ཁྲག་སྐྱུག་བསད་ཁྲམ་དམར་པོ་ལས། གཅན་གཟན་དར་མ་རོ་རས་ཚས། །ཟངས་ཀྱི་མོ་ཁབ་མིག་བུའི་སྙིང་། །སྦལ་པ་ནག་པོའི་ལྕེ། མི་གྲིར་ཤི་བའི་སྙིང་དང་སྲོག་རྩའི་དུམ་བུ། རིན་པོ་ཆེ་སྣ་ལྔ། སྲོག་གི་འཁོར་ལོ་དང་། དེ་རྣམས་ཟ་འོག་གམ་ལེ་བརྒན་གྱིས་དྲིལ་ལ། ཕྱིང་པ་གཙང་མས་བསྟུམ། མི་སྐྲ་ནག་པོས་བཀྱིགས། དགྲ་བོའི་ལིངྒ་ཡང་གདགས། རྣལ་འབྱོར་པ་རང་རང་གི་མཆན་ཁུང་གཡོན་པར་བཅང་། ཞེས་སོ། །དྲག་སྔགས་བདུན་པ་ལས། གཅན་གཟན་དར་མའི་ཐོད་པ་ལ། །གྲི་རྒོད་སྐྲ་དང་རོ་ཚད་རས། །ལོག་གནོན་སྐྲའམ་བླ་རྡོ་ནི། །ཕ་ཝང་ལོང་བུ་བོང་ནག་རྔོག་མར་བཅས། །རྟག་ཏུ་བཅང་ཞིང་རྒྱུན་དུ་སྔགས་བཟླས་སོ། །ཞེས་སོ། །གཏོར་མ་ནི། ཁྲག་སྐྱུག་གསང་བའི་རྒྱུད་ལས། བཤོས་བུ་གྲུ་གསུམ་དམར་པོ་ལ། །སྒྲོལ་གིང་ཡབ་ཀྱི་དམ་རྫས་བྱ། །རུ་མཚོན་དམར་པོ་བཞི་ཡང་གཟུགས། །ཞེས་པ་དང་། ཁྲག་སྐྱུག་བསད་ཁྲམ་དམར་པོ་ལས། དེ་ནས་གནོད་སྦྱིན་གྱི་གཏོར་མ་བཤམས་པར་བྱ། ཙ་ར་དཀར་པོ་གཉའ་ནག་གི་སྙིང་། གཡུལ་དུ་བསད་པའི་གྲི་རྒོད་ཀྱི་ཤ་དང་སྙིང་། གཡག་ར་ཁྱི་ནག་པོ་གསུམ་གྱི་སྙིང་ཁྲག་ཡུམ་གྱི་དམ་རྫས། རམ་འབྲུ་ནས་ནག་ཕྱེ་མ་ནི། །ཡབ་ཡུམ་གཉིས་ཀྱི་གཏོར་མར་ཤེས་པར་བྱ། །ཞེས་པ་དང་། སྔ་འགྱུར་ལས། མཱཾ་ས་ཆེན་པོའི་གཏོར་མ་བཤམས། །མདོ་རྩ་བ་ལས། ཁྱི་ཕག་དམར་ཁྲའི་ཤ་ཁྲག་དང་། །མི་སྙིང་ཁྱི་སྙིང་རྟ་སྙིང་གསུམ། །བདུད་བཞིར་བསྟབ་ཅིང་གཏོར་མ་བཏང་། །ཞེས་དང་། རོ་ལངས་གསང་བའི་རྒྱུད་ལས། རམ་བུ་ནས་ནག་འབྲུ་མཆོག་ལ། །གར་མཁན་དཔའ་པོའི་གཏོར་མར་བྱ། །ཞེས་དང་། དེའི་དཀའ་འགྲེལ་ལས། རམ་འབྲུ་ནས་ནག་གི་འབྲུ་ལ། །བདག་གི་རྩ་བའི་གཏོར་མ་རིགས། །གྲི་བོའི་སྙིང་དང་ར་སྙིང་ལ། །བདག་ཅག་དམ་རྫས་འདི་ཡིན་པས། །རྣལ་འབྱོར་པས་ཀྱང་བསགས་པར་རིགས། །ཞེས་པ་དང་། སྔ་འགྱུར་ལས། དཔལ་ཆེན་པོ་ལ་གཏོར་མ་ཤ་ཆེན་ཁྲག་ཆེན་གྱིས་སྤྲས་པ་བཞག །ཅེས་སོ། །དུས་ནི། མདོ་རྩ་བ་ལས། སྔགས་ཀྱི་གཏོར་མ་རྒྱུན་དུ་བཏང་། །གཏོར་མ་ཆེན་པོ་སྟོན་ནས་བཟུང་། །ཉ་ལ་བཏང་བ་ཤིས་པར་འགྱུར། །ཞེས་དང་། དམར་པོ་སྔགས་རྒྱུད་ཕྱི་མ་ལས། གཏོར་མ་གནམ་སྟོང་ལ་བཟུང་ལ་ཉ་ལ་བཏང་ངོ་། །ཞེས་སོ། །སྒོམ་བྱང་དུ། སྒྲུབ། མཆོད། ལས་གསུམ་གྱི་གཏོར་མ་བཤད་པ་བཞིན། སློབ་དཔོན་ཆེན་པོས། སྒྲུབ་གཏོར་མཆོད་སྟོབས་ཀྱི་གནས། མཆོད་གཏོར་ཨཱོྂ་གྱི་ཡི་གེ་ལྔ་ལས་བྱུང་བའི་ལྷ་མོས་མཆོད། ལས་གཏོར་ཤ་ཁྲག་རུས་པར་མོས་པས་མཆོད་པ་དང་། དམིགས་བྱར་བྱས་ཏེ་སྒྲོལ་བ་དང་། །ཟོར་དུ་བྱ་བ་གསུམ་དུ་བཤད། །དབྱིབས་ནི་སྒྲུབ་གཏོར་དཔལ་བཤོས་ཟུར་གསུམ་ཟོར་གཏོར་ཁམ་བུ་ཟུར་གསུམ་དུ་བཤད་ལ། མཆོད་གཏོར་དཔུང་གཏོར་དང་། ལས་གཏོར་ལིང་གའང་རུང་སྙམ་མོ། །སྤྱིར་ནི་ངོས་ཟིན་མེད་པ་ལ་གསར་མ་བཞིན་རྟོག་བཟོ་མང་པོ་དེ་སྤང་ངོ་། །མཁར་བ་བཅང་དགོས་པར་བཤད་པ་ནི། དབང་གི་དམ་ཚིག་ཏུ། བེ་ཅོན་མཁར་བ་རྟག་ཏུ་བཅང་། །ཞེས་སོ། །འཆང་ཚུལ་ནི། དམར་པོའི་སྒྲུབ་ཐབས་མན་ངག་ལས། སེང་ལྡེང་ངམ་བེའམ་གདུག་པ་ཅན་གྱི་ཤིག་ལ་མཁར་བ་བྱ། ཨཱོྂ་ཙི་པ་སྭཱ་ཧཱ་ཀ་ཧཱུྃ་ཕཊ། ཅེས་སྟོང་ཙམ་བཟླས་མཁར་བ་ལ་གདབ། ཅེས་སོ། །ལོག་གནོན་ནི་ཕྱི་འགྱུར་ཤོག་དྲིལ་དྲུག་པར། ལས་མ་གྲུབ་ན་མར་ཤན་བཟློག་པར་བཤད་པ་ཙམ་དང་། ད་ལྟའི་ཡི་གེ་རྣམས་སུ་མ་གྲུབ་ན་བསྐྱར་བ་ལས། ལོག་དཀྲུགས་མ་བྱུང་མོད། སྤྱིར་ནི་སློབ་དཔོན་ཆེན་པོས་འདི་སྐད་བཤད་དེ། གལ་ཏེ་གྲུབ་པར་མ་གྱུར་ན། །གནས་དང་གྲོགས་སྤང་དབེན་གནས་སུ། །གྲོགས་ནི་སྣོད་ལྡན་ཁྲིད་ནས་སུ། །བསོད་ནམས་ཟད་དམ་དམ་ཉམས་པས། །དེ་ཕྱིར་ཚོགས་བསགས་དམ་ཚིག་གསོ། །བླ་མ་ལྷ་ལ་འགྱོད་བཤགས་བྱ། །མཉེས་པས་དམ་ནོད་མཚམས་བཅད་དེ། །བསྙེན་སྒྲུབ་གཞུང་བསྲང་གོང་བཞིན་བྱ། །ཞེས་པ་དེ་ཀུན་ལ་སྦྱོར་ལ། བྱེ་བྲག་ཏུ། སྟོངས་དང་གྲོགས་ཀྱི་ཡི་གེ་ལས། །ལོག་དང་རྡུགས་དང་ལྟེངས་དང་གསུམ། །ཕར་ལ་མི་ཚུགས་རང་ལ་བཟློག །དེ་ནི་ཚུར་ལ་ཕུང་བ་ཡིན། །ཕར་ལ་ཚུགས་རྟགས་མེད་པ་ན། །དེ་ཡི་མིང་ནི་རྡུགས་པ་ཡིན། །ཕར་ལང་མེད་ཚུར་ལའང་མེད། །དེ་ཡི་མིང་ནི་ལྟེངས་པ་ཡིན། །ཞེས་བཤད་། དེ་གསུམ་ལ། ཐེབས་ཆེན་ཐེབས་ཀྱི་མནན་པ། ལོག་ཆེན་མཐའ་ལ་གཏད་པ། དཀར་ཆེན་གཟན་ལ་དབབ་པ། ཞེས་ལས་སྦྱོར་གསུམ་བཤད། འཕྱོང་ལས། འདྲེ་སྒོམ་ནག་པོ་ཞག་གསུམ་བྱ་ཟེར། བྱ་ཐབས་བརྗོད་ནས་དེའི་རྗེས་སུ། ལར་འདྲེ་བསྒོམ་ནི་ལྷ་གནད་ལ་ཕེབས་པ་ཡིན་ཏེ། བཀྲ་མི་ཤིས། ཕྱི་བྱར་མི་འདོད་ཡིད་ཆད་པའི་ལས་ཡིན། ཞེས་སོ། །འདིར་ནི་འདི་ཙམ་བྱ་བར་རིགས་པ་ནི། དམར་པོ་དྲག་སྔགས་བཤུར་བ་ལས། ཞགས་པས་གཡབ་ཅིང་བྲབ་པར་བྱ། །གཅེར་བུ་ལྕགས་མོ་ངུ་ཟུག་བྱ། །དམ་ཚིག་བསྒོ་ལ་སྨྲེ་སྔགས་འདོན། །ཞེས་པ་དང་། བར་འགྱུར་དྲག་སྔགས་གཏན་ལ་དབབ་པའི་མན་ངག་ལས། མ་ཉེས་མ་ཡོ་དཔང་པོ་གཟུགས། །མཚམས་དང་ཚིག་སུ་འོ་འདོད་འབོད། །བྲང་བརྡུང་སྐྲ་འབལ་ཆོ་ངེས་གདབ། །པུས་མོ་བཙུགས་ལ་ཤགས་ཀྱང་གདབ། །དེ་ལྟར་བྱས་ནས་ཞལ་ལྕེ་གཅོད། །ཅེས་པ་དང་། བཀོལ་བའི་མན་ངག་ལས། སྔགས་བཟླས་ལྕགས་མོའི་ངུ་ཟུག་བྱ། །གཅེར་བུར་ཕྱུང་ལ་ཤི་མིག་ལྡོག །ཅེས་པ་རྣམས་སོ། །འདི་རྣམས་ལོག་པ་ལ་ཐེབས་ཀྱིས་མནན་པའི་སྐབས་སུ་བཤད། གོང་གི་བླ་རྡོ་བཅང་ཐབས་ཀྱང་ལོག་གནོད་ཡིན། ལུགས་སོ་སོ་ནས། བཟློག་དཀྲུགས་ཨར་གཏད་མང་དུ་བཤད། ཁྱད་པར་ཀྲག་སྐྱུག་གསང་རྒྱུད་ཀྱི་ལེའུ་ལྔ་པར་རྒྱུས་པར་བྱུང་བ་དེའི་ལག་ལེན་འདོད་ན། སློབ་དཔོན་ཤཱིནྟཾ་གརྦྷའི་གནག་པ་ཁྲག་སྐྱུག་དྲག་སྔགས་སུ་གསལ་བར་བྱས་པ་ལ་བལྟའོ། །སྔགས་ནི་འགྱུར་སྔ་མར། ཤྲཱི་མཉྫུ་དམར་ནག་ཐུན་མོང་དང་། རྣལ་མ་སྲིན་པོ། གཤིན་རྗེ་སྲི་ལིང་། བདུད་པྲ་མ། གནོད་སྦྱིན་ནག་མོ་རཏྣ་སོགས་ལུགས་སོ་སོར་དུ་མ་འབྱུང་ལ། ཕྱིས་འགྱུར་རྟེན་ཅན་འདིའི་ལུགས་ལ། ཤྲཱི་མཉྫུ་དམར་པོ་གཙོ་བོ་ཡབ་ཡུམ། རྣལ་མ་སྲིན་པོ་ལས་འཛུད། མདོ་རྩ་བར། ངར་ནི་རྣལ་མ་སྲིན་པོས་བླུད། །ཅེས་སོ། །ཀུ་མཱ་ར་ཧ་གནོད་སྦྱིན་བདུད་དང་གཤིན་རྗེ་ལས་འཛུད། དཱི་པ་མཉྫུ་བསྭེ་མོ་ལས་འཛུད། རྨི་ཤ་ཀུང་དང་། མཱ་ར་དུ་མར་ཤན་ལས་འཛུད། རྨི་ཤ་སོད་མར་ཤན་ཕོ་མོ་དྲིལ་བའི་དྲག་སྔགས། ཧཱུྃ། དཔེ་ཀ་བརྒྱད་རྩ་གསུམ་པ་གཙོ་འཁོར་སྤྱིའི་སྔགས་ཀྱི་སོའམ་སྤུ་གྲིའི་རྣོ་སོ་བཏགས་སོ། །འདིར་ཤྲཱི་མཉྫུ་བཅུ་དྲུག་པ་གཙོ་བོར་དང་། ཤོག་དྲིལ་དྲུག་པར་བཅུ་བཞི་པ་གཙོ་བོར་བྱས། རྣལ་མ་ལ་ཕྱི་འགྱུར་ལ་ཁྱད་པར་མེད་པར་མ་ཟད། འགྱུར་སྔ་མ་གཉིས་ལའང་ཁྱད་པར་ཆེར་མ་མཐོང་། ཀུ་མཱ་ར་དང་། མར་ཤན་ལ་འདིའི་ལུགས་ལའང་མི་འདྲ་བ་འགའ་ཟུང་ཡོད་དོ། །ནུ་ཕུ་དང་། རྦད་ཆོད། རུ་མཚོན་སེལ་ཅན་དང་སེལ་མེད་སོགས་ལུགས་སོ་སོ་བ་འབྱུང་བས་སོ། །འདིའི་སྔགས་ཀྱི་ཐེམས་ཡིག་ནི། ཞལ་གདམས་ཀྱི་སྔགས་བསྡེབས་ཀྱིས་གསལ་བ་དང་། ཞལ་ཤེས་བརྒྱུད་མས་ཡིད་ཆེས་པ་ལས། གཞན་ཞལ་ཤེས་དང་། ཕྱག་ལེན་གྱི་རྒྱུན་ཆད་ཅིང་། རང་གི་བཟླས་པས་ངེས་ཤེས་ཀྱང་མེད་པ་ངག་གིས་ལུགས་སོ་སོ་མ་ཕྱེད་པར་མ་ཟད། བྲིས་ནོར་ཙམ་ཡང་མ་གོ་བར། ཡིག་འཁྱམས་རེའི་འདྲ་མིན་ལ་མཆོག་ཏུ་བཟུང་ནས། རང་ལུགས་ལ་ཡིད་གཉིས་བྱེད་པ་དེ་ནི་ཚི་ཆད་པ་ཡིན་ནོ། །སྤྱི་བསྙེན་སྒྲུབ་ལས་སྦྱོར་རྣམས་ཀྱི་རིམ་པ་ནི། སྙན་བརྒྱུད་རིན་ཆེན་ཕྲེང་བར། བསྙེན་པ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་སྦྱར་བའི་བསྙེན་བསྒྲུབ་བཞི་ལྡན། ཉེ་བསྙེན་ལ་དངོས་གྲུབ་རྟགས་ཀྱི་བསྙེན་པ། སྒྲུབ་པ་ལ་བསྙེན་སྒྲུབ་བཞི་ལྡན་དུ་སྦྱོར་བའི་ཕྲིན་ལས་དྲུག་ཏུ་བསྡེབས། སྒྲུབ་ཆེན་བདག་དོན་དངོས་གྲུབ་གཞན་དོན་དབང་དུ་བཞེད། ལས་སྦྱོར་ལག་ལེན་དངོས་སུ་མ་བྱུང་། སྒྲུབ་བྱང་། སྒོམ་བྱང་རྣམས་ཀྱང་དེ་དང་མཐུན། ལས་སྦྱོར་ནི་རུ་མཚོན་ཞལ་གདམས་ལས། བསྙེན་སྒྲུབ་ལས་སྦྱོར་གསུམ་དུ་ཇི་ལྟར་བཤད་པ་དེ་ལ་མ་ཚང་བ་མེད་མོད་ཀྱང་། ཁ་དལ་ཡམས་ཀྱི་གཏམ་སྐད་ཟེར་བ་ལ་ཆུ་སྲིན་གྱི་གྲེ་བ་ལྟར་སྡོམས་ཤིག །མན་ངག་མི་འཆལ་བའི་སླད་དུ་རེ་རེ་བཞིན་གནང་ཞེས་སྲོག་ལེན་གནག་པའི་མ་བུ་གཟིགས་ནས་བཤད། དེའི་ཕྱིར་སྔགས་ཀྱི་འཁྲུགས་བསྡེབས་ལས་སྦྱོར་གོ་རིམ་སོགས་ཞལ་རྒྱུན་ཕྱག་ཁྲིད་ལ་རགས་ལས་ཏེ་ཕྱིས་འགྱུར་ཤོག་དྲིལ་དྲུག་པར། བུ་བུ་ལུགས་དང་རྦད་ཆོད་གཉིས། དང་པོ་བསྙེན་སྒྲུབ་ཏུ་ཕྱེ་བ་ཡིན་ནོ། །རྦད་ཆོད་ནི་འདི་ཁོ་ན་ཡིན་ནོ། །ཞེས་དང་། དམར་པོ་གསང་སྒྲུབ་མར་ཤན་འདུས་པའི་དམོད་མོ་ཡིན་ཟེར་ནས། སྐུ་རྟེན་དུ་རུ་མཚོན་རགས་པ་ཙམ་ལ། མར་ཤན་གྱི་སྒོས་བསྒྲུབ་གཙོར་སྟོན་གྱི་ལུགས་ནི། རུ་མཚོན་ཞལ་གདམས་དང་འབྲེལ་པ་ཅན་ཡིན་ཡང་། སྒྲུབ་ཚུལ་མི་མཐུན་ཏེ། འཛམ་གླིང་པའི་བསྡེབ་ཡིག་ཏུ། བསྙེན་སྒྲུབ་བཞི་ལྡན་དུ། བཞི་བཅུ་པ་ལ་བསྙེན་པ། བརྒྱད་ཅུ་པ་མར་ཤན་སྲོག་རྩ་གཅོད་པ་དང་བཅས་པ་ལ་ཉེ་བསྙེན། མར་ཤན་གྱི་སོ་ལ་བསད་པ་བརྒྱ་དང་རྩ་གསུམ་པ་ལ་སྒྲུབ་པ། འཁོར་ལོ་འདྲེ་ལྔའི་སྤུ་གྲི་ལ་སྒྲུབ་པ་ཆེན་པོར་འདོད། དེ་ནི་བསྙེན་སྒྲུབ་ཀྱི་གོ་རིམ་དུ་མ་ཟད། ཞལ་གདམས་དངོས་བསྟན་ཞལ་རྒྱུན་ཕྱག་ཁྲིད་དང་ནི་ཅུང་ཞིག་མི་མཐུན་པས། དེ་རུ་མཚོན་སེལ་མེད་དང་སེལ་ཅན་གང་ཡིན་ཞེས་འདྲི་ལ། འདི་ནི་བཞི་བཅུ་པའི་བསྙེན་པ་སྔོན་དུ་བཏང་ནས། གཟོད་སེལ་ཅན་སེལ་མེད་གང་རུང་གི་སྒྲུབ་པ་ལས་སྦྱོར་རིམས་སམ་གཅིག་ཅར་གང་རུང་བྱེད་དོ། །ཞེས་གླེང་ངོ་། །འོན་ཀྱང་། དྷ་ན་ད་ལའི་བཞེད་ཀྱི་ཐུན་རེའང་བསྙེན་སྒྲུབ་བཞི་ལྡན་དུ་སྦྱོར་གསུངས་པ་ཡང་གོང་གི་བསྙེན་སྒྲུབ་གཉིས་ལ་ཡིན་གྱི་སྒྲུབ་ཆེན་དང་ལས་སྦྱོར་ལ་བཞི་ལྡན་མི་བཞེད། ལས་སྦྱོར་ལ་ཡང་བུ་བུ་ལུགས་ཞེས་བསྙེན་སྒྲུབ་ཏུ་ཕྱེ་ཟེར་བ་འདི་ཡང་བསྙེན་སྒྲུབ་ལས་སྦྱོར་གསུམ་ལ་འདོད་ཀྱི། ལས་སྦྱོར་ལ་བསྙེན་སྒྲུབ་བཞི་ལྡན་གྱི་ཐ་སྙད་མ་བཏགས་སོ། །དེ་ལྟར་ཡིན་པར་ཡང་། དམར་པོ་བཤན་པ་ལས་རྒྱུད་ལས། བདུན་དང་བཅུ་གཅིག་ཉེར་གཅིག་ཏུ། །བསྙེན་དང་སྒྲུབ་དང་ལས་སྦྱོར་བྱ། །ཞེས་དང་། སྨྲ་བ་སྤང་ལ་བདུན་ཕྲག་བཟླས། །ཞེས་བཤད་པའི་རྟགས་མྱུར་བུལ་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་ལ། ཞག་གྲངས་བདུན་ཚར་རེ་རེའམ། བཅུ་གཅིག་གམ་ཉེར་གཅིག་ཚན་པ་རེ་རེ་བྱེད་པར་བཞེད་པའོ། །སྤྱི་ནི་བལ་མོ་བཟས་སློབ་དཔོན་ལ་ཞུས་པ། འདིར་རབ་ཏུ་རྣོ་བར་ངེས་ཀྱི་འདི་ལ་བརྟེ་ནས་སྒྲུབ་པ་གཞུང་ཚུགས་དང་། བྱང་ཆུབ་ཀྱི་ལམ་ཡོད་དམ་ཞུས་པའི་ལན་དུ། འདིའི་སྒྲུབ་གཞུང་དང་། ཕྲ་མོ་རྣམས་རྩལ་འདོན་མཛད་པ་ཡིན་ལ། ལས་སྦྱོར་ཙམ་ནི། བསྙེན་པ་འབའ་ཞིག་གིས་འགྲུབ་པ་དང་། ལས་ཚོགས་སྣ་རེ་ཙམ་གྱིས་ཀྱང་མངོན་པའི་རྟགས་འབྱུང་སྟེ། གཟུངས་ཀྱི་དབལ་ཟེར་བ་གཅིག་གིས། རུ་མཚོན་གྱི་བསྒྲུབ་ཚུལ་ཅུང་ཟད་ཙམ་ལ་བརྟེན་ནས་མངོན་རྟགས་ཆེན་པོ་བྱུང་ཟེར། ཁོང་གི་བྱས་པའི་རུ་མཚོན་གྱི་བསྡེབ་ཡིག་འབྲི་ཕྱུག་དཔལ་གྱི་ནགས་ཁྲོད་དུ་སྦྱར་ཟེར་བ་གཅིག་འདུག་སྟེ། འགངས་ཆུང་བ་ཅིག་གདའོ། །བླ་མ་ཞང་གིས་རྭ་སྒྲོལ་འབའ་ཞིག་ལ་བརྟེན་ནས་རྟགས་མཚན་དུ་མ་བྱུང་བ་ལ། ཁོང་ལ་དམོད་པ་ལམ་དུ་བྱེད་པ་དེ་མེད་པས་ན། རྣམ་སྨིན་གྱིས་འཇིགས་ནས་ཕྱིས་ཕྱག་ཆེན་པའི་ལམ་ལ་ཞུགས་ཟེར། ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་ཆུ་བོ་གདྒཱའི་འགྲམ་དུ། མཻ་ཏྲི་བའི་སློབ་མ་རྡོ་རྗེ་མཆེད་གསུམ་གཤིན་རྗེའི་གཤེད་བསྒྲུབས་ནས་ལས་སྦྱོར་བྱེད་པ་དང་མཇལ་ནས། གཤིན་རྗེའི་གཤེད་ཀྱི་དབང་དང་། སྒྲུབ་ཐབས་རྭ་སྒྲོལ་ཞུས་ནས་ཟླ་བ་བདུན་དེ་ཉིད་དུ་བསྒྲུབ་པས། དང་པོ་གཤིན་རྗེའི་གཤེད་དམར་པོའི་ཞལ་མཐོང་ཟེར་བ་སོགས། འདི་མྱུར་ཞིང་ཤིན་ཏུ་རྣོ་བའི་ལོ་རྒྱུས་མང་ངོ་། །འདི་རྣམས་ནི་ཡི་དམ་ལྷ་ལ་ནུས་པ་འཐོན་པ། ཞེས་པ་ལས་འཕྲོས་པའི་དོགས་གཅོད་ཅུང་ཟད་དང་བཅས་པ། བླ་མའི་ཞལ་རྒྱུན་ཟིན་བྲིས་སུ་བྱས་པ་ཡིན་ལ། ད་ནི་སྙན་རྒྱུད་རིན་ཆེན་ཕྲེང་བ་ལས། འདི་རྣམས་ལ་ཡང་དང་པོ་དབང་ཐོབ་ཅིང་། དམ་ཚིག་དང་ལྡན་པས་ཡེ་ཤེས་ལྷའི་བསྙེན་སྒྲུབ་མཐར་ཕྱིན་ནས། གཟོད་རང་རང་གི་མ་བུ་ཚང་བ་ལ་ལུང་ཐོབ་པར་བྱས་ནས་སྒྲུབ་ན། གཞུང་ནས་ཇི་ལྟར་བཤད་པ་བཞིན་དུ་འགྲུབ་པར་ངེས་ལ། ཞེས་པའི་དོན་དང་མཐུན་པའི་རྣལ་འབྱོར་པས། ཐུན་བདུན་གྱི་རིམ་པས་ལས་ལ་བསྐུལ་བར་བྱ་སྟེ། དེ་ལ་ཐུན་བདུན་གྱི་གྲངས་དང་རིམ་པ་ནི། མ་རུ་རྩེ་མདོ་རྩ་བ་ཕྲིན་ལས་ཀྱི་རྒྱུད་ཀྱི་སེམས་ཀྱི་ལེའུ་ལྔ་པ་ལས། ཕྱི་ཐུན་ནང་ཐུན་ལས་མཐའི་ཐུན། །དང་པོ་གཉིས་དང་བར་དུ་གསུམ། །ཐ་མ་གཉིས་ཀྱིས་ཐུན་མཇུག་བཏུལ། །བསྡེབ་དང་མ་བསྡེབ་རྐྱང་པར་སྦྱར། །དེ་ཡང་ལྷ་བསྒྲུབ་དྲག་པོར་སྦྱར། །དེ་ཡང་དུག་དང་བསྭེ་ཐུན་དང་། །གཡང་གཞིའི་ཐུན་དང་ཕུར་པའི་ཐུན། །བྲུབ་ཁུང་ཧོམ་དང་མནན་པའི་ཐུན། །བདུན་གྱི་ལས་མཇུག་རྫོགས་པར་བྱ། །ཞེས་བཤད་པས། ཕྱི་ཐུན་ནི་དུག་དང་བསྭེ་ཐུན། ནང་ཐུན་ནི། གཡང་གཞི་ཕུར་པ་བྲུབ་ཁུང་གསུམ། ལས་མཐའི་ཐུན་ནི་ཧོམ་དང་མནན་པ་གཉིས་ཡིན། སྔ་འགྱུར་ཉི་མ་བདུན་བསྐོར་ལས། དུག་ཐུན་དང་གཅིག །ཡུངས་ཀར་ཐལ་ཆེན་དང་གཉིས། གཡང་གཞིའི་ཐུན་དང་གསུམ། ཕུར་བུའི་ཐུན་དང་བཞི། བྲུབ་ཁུང་ཐུན་དང་ལྔ། ཧོམ་ཐུན་དང་དྲུག །མནན་པའི་ཐུན་དང་བདུན་ནོ། །ཞེས་པ་དང་། བར་འགྱུར་དྲག་སྔགས་གཏན་ལ་དབབ་པ་ལས་ཀྱང་དེ་བཞིན་ཁོ་ནར་བཤད། དམར་པོ་སྙན་བརྒྱུད་ལས། སྒྲོ་དུག་དབྱེ་བ་དང་གཅིག །ཡུངས་ཀར་ཐལ་ཆེན་ཐུན་དང་གཉིས། གཡང་གཞིའི་ཐུན་དང་གསུམ། ཕུར་ཐུན་དང་བཞི། རྩང་དམར་ཐུན་དང་ལྔ། ཧོམ་ཐུན་དང་༈བར་འདིར་མ་ཕྱིར་ལྡེབ་གྲངས་གཉིས་ཆད་སོང་འདུག་པ་སླར་རྙེད་ན་འདིར་འཛུད་དགོས།དྲུག །མནན་ཐུན་དང་བདུན་དུ་བཤད། དེ་རྣམས་ལ་ཐུན་གྱི་མིང་འདོད་ལུགས་མི་འདྲ་ཡང་། དོན་ལ་ཁྱད་པར་མེད་དོ། །མདོ་རྩ་བར་བསེ་ཐུན་ཞེས་པ་ནི། ལྷ་གཙོ་འཁོར་ལྔ་པ་བསྐུལ་བལ་ཐ་སྙད་དུ་བྱས་ཏེ། མདོ་རྩ་བར། རྟ་བཞི་གིང་གི་གཙོ་བོ་བཞི། བསྭེ་གསུམ་སྒྲོལ་གིང་སྐུ་གསུང་ཐུགས། ཅེས་པ་དང་བར་འགྱུར་ལས། བསྭེ་གསུམ་རྟ་བཞི་ནི། དང་པོ་མ་རུ་རྩེ་ཡི་སྐུ་གསུང་ཐུགས། གཉིས་པ་ནི་དམག་དཔོན་བཞི། ཞེས་འབྱུང་བས་སོ། །གཙོ་བོ་བསྐུལ་ནས་ཡུངས་ཀར་ཐལ་ཆེན་གྱི་ཐུན་བྲབ་པའོ། །སྒྲོ་དུག་དང་དུག་ཐུན་ནི་དབྱེ་བའི་སྒྲོ་གཉིས་ཀྱིས་དུག་ཆུ་ལིང་ག་ལ་གཏོར་མ་བྱས། མདོ་རྩ་བར། ཡུངས་ཀར་ཐལ་ཆེན་གྱི་ཐུན་དངོས་སུ་མ་བྱུང་བཞི། བསྭེ་ཐུན་དང་འགྲེལ་ཞིང་དེ་ལ་གཏོག །སྔ་འགྱུར་བར་འགྱུར་དུ་རྩང་དམར་གྱི་ཐུན་གྱི་གྲངས་དངོས་སུ་མ་བྱུང་བ་ནི། ཕུར་ཐུན་དང་འབྲེལ་ཞིང་དེར་མ་གཏོགས་པའོ། །སྙན་བརྒྱུད་དུ་བྲུབ་ཁང་གི་ཐུན་གྱི་གྲངས་དངོས་སུ་མ་བྱུང་བ་ནི། གཡང་གཞི་དང་འབྲེལ་ཞིང་དེར་གཏོགས་པའོ། །འདིའི་རུ་མཚོན་ཞལ་གདམས་ཀྱི་སྐབས་སུ་ཐུན་བདུན་གྱི་གོ་རིམ་གསལ་བར་མ་བྱུང་། ཐུན་བདུན་ནི་འགྱུར་སྔ་མའི་ལུགས་ཡིན་མོད། འདིར་བསྲེ་བར་མི་རིགས་སྙམ་ན། ལག་ལེན་འདྲེས་པས་སྐྱོན་མེད་དེ། །རུ་མཚོན་ཞལ་གདམས་ཀྱི་བསྙེན་སྒྲུབ་ལས་སྦྱོར་ཡོངས་རྫོགས་ལ། ཐུན་བདུན་ལོགས་སུ་ལུས་པ་མེད་ཀྱང་རྣམས་བཞག་ངེས་པ་མེད་པར་ངོས་མ་ཟིན། འགྱུར་གསུམ་ཐུན་མོང་གི་རྒྱུད་ནས་ངེས་པར་བཤད་ལ། ཁྱད་པར་འདིའི་དབང་གི་སྐབས་སུ་ཐུན་བདུན་གྱི་གཏད་པ་དང་བཅས་པའི་སྒྲོལ་དབང་ནོས་པ་དེ་ཕྱག་ལེན་དང་འབྲེལ་བར་བྱེད་པ་ནི། ཤིན་ཏུ་རིགས་སོ། །འོན་ཀྱང་མ་བསྡེབ་པར་སོ་སོར་བསྒྲུབ་ན་ནི། གཡང་གཞིའི་ཐུན་བསྒྲུབ་པར་རྭ་སྒྲོལ་དང་ངེས་པར་སྦྲེལ་དགོས་མེད་ཀྱང་དེའི་ཐུན་རྫས་དྲག་པོ་དང་ཐལ་ཆེན་ནས། དེ་བསྒྲུབ་ལ་དྲག་པོ་ནི། མདོ་རྩ་བར། དྲག་པོ་ཞེས་བྱ་ཐུན་ལའོ། །ཟེར་བ་ཡུངས་ཀར་ཡིན་ནམ་སྙམ་སྟེ། གཉིས་པ་དྲག་པོ་བྲབ་པར་བྱ། ཡུངས་ཀར་ཐལ་ཆེན་རེ་ལ་བྲབ། ཅེས་སོ། །ཐལ་ཆེན་ཀྱང་རོ་བསྲེག་གྱི་ཐལ་བ་ཙམ་མ་ཡིན། མི་རུས་ཀྱི་ཐལ་པ་ཡིན་ནོ། །ཐུན་གྱི་སྔགས་ཀྱང་འགྱུར་སྔ་མ་གཉིས་ནས་རང་རང་ལྷའི་སྔགས་དང་ཡང་ནས་སོ་སོར་བཤད། འདི་ཡང་རང་སྔགས་ཀྱིས་བྱ་བར་རིགས་ཤིང་བཤད་དེ། ཕྱི་འགྱུར་ཤོག་དྲིལ་དྲུག་པ་ལས། མནན་པའི་སྐབས་སུ། དམར་པོ་སྤྱི་ལ་ཧྲཱིཿཥྚི་བཞི་བསྐོར་གྱི་གནོན་པར་བཤད་དོ། །འདི་དྲག་སྔགས་རྦད་གཅོད་ཡིན་པས་ཐམས་ཅད་འདིར་རང་གིས་བྱ་བར་གསུངས་སོ། །ཞེས་པ་དང་། ཡང་དེ་ལས། ཧོམ་གྱི་སྐབས་སུ། ཤོག་ཤོག་གི་ལིང་ག་ཚོ་ཧོམ་ལ་བསྲེག་གོ། །སྔགས་ཞབས་སུ་ཛྭ་ལ་རམ་གདགས་སོ། །བདུད་པྲ་མ་ཡའི་སྔགས་ཀྱིས་བསྲག་པར་ཡང་དམར་པོ་སྤྱི་ལ་བཤད་དོ། །ཞེས་འབྱུང་བས་ཐུན་གཞན་རྣམས་ལའང་དེས་མཚོན་ནོ། །དབང་གི་སྐབས་སུ་ལག་ཏུ་གཏོད་པའི་ཐུན་བདུན་ལ། བསྭེ་དང་གཡང་གཞི་བྲུབ་ཁུང་ཧོམ་དང་མནན་པ་རྣམས་ལག་ཏུ་ཇི་ལྟར་གཏད་སྙམ་ཐེ་ཚོམ་མི་བྱ་སྟེ། སྒྲོ་དུག་དང་གཅིག །ཡུངས་ཀར་ཐལ་ཆེན་དང་གཉིས། འདི་གཉིས་ནི་གཡང་གཞིའི་ཐུན་དྲག་པོ་དང་ཐལ་ཆེན་ཀྱང་འཐུས། ཕུར་རྩང་དང་བཞི། བྱད་ཐག་དང་ལྔ། འདི་བྲུབ་ཁུང་གི་ཐུན་ནོ། །ཁྲག་ཐུན་དང་དྲུག །འདི་ཧོམ་ཐུན་ནོ། །རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་དང་བདུན། འདི་མནན་པའི་ཐུན་ནོ། །འདིས་ནི་སྦྱིན་བསྲེག་གི་གནང་བའང་ཐོབ་པ་ཡིན་པས་ལས་བཞིའི་སྦྱིན་བསྲེག་བྱེད་པ་འདོད་ན། གོང་གི་སྔགས་འཇུག་ཏུ་ལས་བཞི་གང་བྱེད་ཀྱི་ཚིག་བཏགས་པས་འགྲུབ་བོ། །སྤྲོས་པ་ལ་དགའ་ན། རྒྱུད་ནས་འདི་བས་ཅུང་ཟད་རྒྱས་པར་བཤད་པ་ལ། རིགས་པས་དཔྱད་ན་བྱ་བའང་རུང་སྙམ། མན་ངག་གི་ཡི་གེ་ཁུངས་གཙང་བ་ནི་དར་བར་མ་བྱུང་ངོ་། །བྲུབ་ཁུང་དང་ལིང་ག་བཅའ་བ་ནི། དམར་པོ་གར་མཁན་མཆོག་གི་རྒྱུད་ལས། འཇིག་རྟེན་དྲག་ཤུལ་པ་ལ་བྱ་བ་ནི། སྒོ་ཅན་དུག་ཅན་ས་ནག་ལ། ཡང་ན་ཁམ་ནག་འདག་སྤྱིན་ས། །དཀའ་ཐུབ་ཅན་གྱིས་གྲུ་གསུམ་ཁྲུ་གང་ལ། གཏིང་དུ་བཀོད་དང་གྱེན་དུ་རྩིག་པ་ནི། དེ་ཡང་དཀའ་ཐུབ་ཅན་གྱི་ཁྲུ་གང་ཤིས། མདོག་ནག་འཇིགས་པ་ཚོན་གྱིས་བྲིས། །བང་རིམ་གསང་བའི་རོ་ལྡན་གསུམ་པ་ལ། །ཞེས་པ་དང་། དེའི་དཀའ་འགྲེལ་ལས། ས་ནག་སི་བསྐོར་བ་དེ་བ་ཚྭ་ཅན་དང་དུག་ཅན་ལ་སོགས་པ་སྟེ་བཀྲ་མི་ཤིས་པའི་ས་དང་། ཁ་དོག་ནག་པའི་ས་སྟེའོ། །ཁམ་ས་ལྟ་བུའམ་ངམས་གནག་པ་ལྟ་བུ་ལ་སོགས་པ་གང་མོས་པའོ། །དེ་ལ་སོགས་པ་བསད་བྱ་ཁ་དཀའ་ཐུབ་ཅན་གྱི་ཁྲུ་ལ་བྱ་སྟེ། གྲུ་གསུམ་མམ་རི་རབ་བང་རིམ་གསུམ་པའོ། །ངོས་གསུམ་ལ་ནི་ཁྲུ་རེའོ། །བྲུབ་ཁུང་ཁྲུ་གང་བརྩིགས་པ་དང་བཅས་པའོ། །དེའི་ཚོན་དེ་ལྕགས་ཁའོ། །དེའི་རྒྱན་དེ་སྲིན་པོ་ལ་བྱས་པའི་ཕྲེང་བའོ། །མིག་བགྲད་མཆེ་བ་དང་བཅས་པའི་འཇིགས་པའོ། །དེའི་མཐའ་མེ་རི་དང་བཅས་པའི། །དེ་ལ་རོ་ལང་ཡབ་ཡུམ་བསྐྱེད་ཅིང་ངོ་། །དེའི་ཆུ་ནི་གྲི་ཁྲག་གོ། །ཞེས་པ་དང་། ཁྲག་སྐྱུག་གསང་བའི་རྒྱུད་ལས། དཀྱིལ་འཁོར་ལྷོ་ཕྱོགས་དུར་ཁྲོད་རོ་ཁུང་ས། །དཔའ་བོ་གྲི་རུ་བསད་པའི་ཤུལ། །ལྷ་འདྲེ་འདུ་བའི་ས་ཤུལ་ས། །བསད་པའི་འཁོར་ལོ་དྲག་པོའི་དབུས། །ཁ་དོག་ནག་པོའི་རྩང་གིས་བསྐོར། །ཞེས་པ་དང་། དམར་པོའི་སྒྲུབ་ཐབས་མན་ངག་ལས། དེ་ནས་བྲུབ་ཁུང་མདའ་ཚད་ནག་པོ་བྱ། །དབུས་སུ་མཐོ་གང་གྲུ་གསུམ་པ་གཅིག་བྲིས། དེ་ཡི་ནང་དུ་རེ་བ་དོར་རྟ་ཙམ་གཅིག་བཏིང་། དེའི་དབུས་སུ་ཨེ་གྲུ་གསུམ་ཐལ་ཆེན་གྱི་བྲིས། བྲུབ་ཁུང་གི་ཁ་ལ་ཐལ་ཆེན་གྱི་མེ་རིས་བཏང་། བྲུབ་ཁུང་གི་ངོས་རེ་ལ་རྩང་དམར་བདུན་ནམ་ཉི་ཤུ་རྩ་གཅིག་གིས་བསྐོར། རྩང་གྱི་མཐའ་མ་མཁར་ནག་གིས་བསྐོར། ཞེས་པ་དང་། དེའི་མཆན་དུ་རེ་བ་ཡུགས་སའི་དོར་རྟ་དངོས་དེའང་བུད་མེད་དོ། །ཐལ་ཆེན་གྱི་མེ་རི་དུག་གམ་ཁྲག་དང་སྦྱར་ནས་བྲིས། རྩང་གི་རྩེ་ལ་གློ་བ་དུམ་རེ་བཀོད། ཅེས་སོ། །སྔ་འགྱུར་ལས། ནམ་མཁའི་ཁམས་ཀུན་ཀྱང་ཨེ་གྲུ་གསུམ་མཐའ་དང་དབུས་མེད་པ། ཐམས་ཅད་ཡུམ་གྱི་སྐུར་བྱིན་གྱིས་བརླབ། དེའི་དྲུང་དུ་ཕུར་པ་བསྐྱེད། ཅེས་སོ། །དེ་རྣམས་དང་མཐུན་ཞིང་ཁྱད་པར་དུ་རུ་མཚོན་ཞལ་གདམས་ནས་འབྱུང་བ་ལྟར་ཕུང་ཤུལ། བང་སོ། རོ་ཁུང་། གྲོག་མཁར་གྱི་ས། བྱེ་མ་སྦྱིན་རྣམས་རྒྱུ་ཡིན། དེའི་སྟེང་དུ་དུག་སྣ། གྲི་ཁྲག །དམེ་ཁྲག་གསུམ་སྟེ་དགུ་སྦྱར་ཞེས་འཛམ་གླིང་པས་ཟེར་བ་ལྟར་ཡང་རུང་སྟེ། ཕུང་ས་ནི་གསུམ་སྟེ། གྲོང་སྟོང་། མི་བསད། གཡུལ་བཀྱེ་བའི་སའོ། །གྲོག་མཁར་ནི་བོད་དུ་གྲོག་ཚང་གི་ས་ལ་བྱེད། ཁྱད་པར་དུ་ཞང་ཁྲིམ་གྱིས་གྲོག་མཁར་ནི་རྒྱ་གྲོག་ཀེའུ་ཚང་ངོ་ཞེས་གསུངས་སོ། །ས་སྤྱིན་ཡང་ལས་དང་མཐུན་ཞིང་ནུས་པ་ཡོད་པས་ནག་པོ་ཁོ་ན་ལ་བྱེད། ཞེང་ཁྲུ་གང་། དཔངས་སུ་ཁྲུ་ཕྱེད། དེ་ལ་ཡང་གྲུ་གསུམ་གྱི་ངོས་རེ་ལ་ཁྲུ་རེ། དཔངས་སུ་ནང་དུ་བྲུ་བ་ཁྲུ་ཕྱེད་པ། རྩིག་པ་དང་བཅས་པ་ལ་ཁྲུ་གང་ཕྱིའི་དབྱིབས་རྟའི་ཡ་རྐན་ལྟ་བུ་ཞེས་པ། རི་རབ་བང་རིམ་གསུམ་པ་ལྟ་བུ་ཡི་མས་དྲངས་པའི་མཆུ་དང་ཁ་ཁྱེར་ཆེན་པོ་གསུམ་གྱི་དང་པོ་ལ་ཐལ་ཆེན་དང་དུག་ཁྲག་སྦྱར་བའི་མེ་རི། གཉིས་པ་ལ་སྲིན་པོའི་ཐོད་པའི་ཕྲེང་བ་མིག་བགྲད་པ་མཆེ་བ་དང་བཅས་པ། གསུམ་པ་ལ་རྩང་དམར་ཉི་ཤུ་རྩ་གཅིག་སྲིན་མོའི་འགྲོས་སུ་བཙུགས་པའི་རྩེ་མོ་ལ་གློ་བའི་དུམ་བུ་ཡོད་པ། ཁ་དོག་གྱི་རོ་སོལ་གྱིས་ནག་པོ་དང་། ནང་ཁྲག་གིས་དམར་པོར་བྱེད་པའོ། །འདི་ནི་ཕྱི་རི་རབ་བང་རིམ་གསུམ་གྱིས་མཚོན་ནས་སྣོད་ཀྱི་འཇིག་རྟེན། ནང་གྲུ་གསུམ་དམར་པོས་མཚོན་ནས་ཡུམ་གྱི་བྷ་ག །དབུས་ཁོང་སྟོང་གིས་མཚོན་ནས་སྐྱེ་མེད་ཆོས་ཀྱི་དབྱིངས་ཏེ་ཡོངས་ཀྱི་དུར་ཁུང་ཆེན་པོ་དེར་སྒྲོལ་བར་འདོད་པའོ། །དཀའ་འགྲེལ་ལས། དེ་ལ་རོ་ལངས་ཡབ་ཡུམ་བསྐྱེད། ཅེས་པ་ནི་བདག་བསྐྱེད་པ་ཡིན་གྱི། འདིར་ནི་བྲུབ་ཁུང་ལ་ལྷ་བསྐྱེད་པའང་མི་འདོད། ཕྱི་མཁར་ཐབས་ལ་ནང་བང་རིམ་གསུམ་པར་འདོད་པ་འདིའང་བཀག་གོ། །ཡང་ཟུར་གསུམ་དང་ཆོས་འབྱུང་ལ་ནོར་ས་ཡོད་ཟེར་ན། འདི་ནི་ཆོས་འབྱུང་གི་རྣམ་པ་ཡིན། གྲུ་གསུམ་འབའ་ཞིག་ཡིན་ཟེར་བ་དང་། གཏིང་དུ་བརྐོ་བའི་སྐབས་སུ་ཆོས་འབྱུང་གི་དབྱིབས་སུ་བྱས། བརྩིག་པའི་ཚེ་གྲུ་གསུམ་མཁར་ཐབས་སུ་བྱེད་པ་སོགས། ཕྱག་ལེན་ལ་མི་མཐུན་པའང་ཅུང་ཟད་ཙམ་གདའོ། །སྒྲུབ་པ་དང་མ་འབྲེལ་བའི་གློ་བུར་དུ་དགོས་པ་ལ་ཚོན་གྱིས་བྲི་བའམ། བསྐྱེད་པས་ཀྱང་འགྲུབ་བོ། །ལིང་གའི་བཅའ་ཐབས་ནི། དམར་པོ་སྔ་འགྱུར་ལས། མགར་བ་ཨ་ལག་གིས་ལྷུ་བཅུ་གཉིས་མགོ་བོ་དང་། བཅུ་གསུམ་གྱི་ལིང་ག་མིང་རུས་ལོ་དང་མཚན་མ་རྣམས་ཀྱི་མིང་། མི་ཁྲག །ཁྱི་ཁྲག །ར་ཁྲག་གསུམ་གྱིས་ཤོག་བུ་གྲོ་གའམ། ཤིང་ཤུན་ལ་བྲིས་ལ། ཞེས་པ་དང་། དེ་ལས་སྒྲུབ་པའི་རྫས་དེ་ལ་ལིང་ག་ནི་ལྔ་སྟེ། བྲབ་པའི་ལིང་ག་དང་། མནན་པའི་ལིང་ག་དང་། བསྟབ་པའི་ལིང་ག་དང་། གདབ་པའི་ལིང་ག་དང་། དབྱེ་བའི་ལིང་ག་དང་ལྔའོ། །ཞེས་དང་། དམར་པོ་གར་མཁན་མཆོག་གི་རྒྱུད་ལས། ནྲྀ་ཏྲི་བསད་པར་བསྟན་པའི་ལས། །རོ་ཚས་རས་དང་ཏ་ལའི་ཤུན་པ་ལ། །དེ་དང་དམིགས་པའི་མིང་རུས་བྲི། །ཞེས་དང་། མདོ་རྩ་བར། མགར་བ་ཨ་ནི་དགྲ་བོའི་མིང་། །ཞེས་སོ། །གཟུགས་བརྒྱངས་སྦལ་པ་ལྟར་བགྲད་པའོ། །ཞེས་དང་། དེའི་དཀའ་འགྲེལ་དུ། །གྲོ་ག་ཤིང་ཤུན་རོ་རས་ལ། །བསད་པའི་ལིང་ག་བཅའ་བ་ཡང་། །མགོ་དང་ཡན་ལག་བརྐྱང་པ་བྲི། །ཞེས་དང་། སྙིང་ལ་ཏྲི་བྲི་ཡན་ལག་ལ་ཧཱུྃ་ངོ་། །ཞེས་པ་དང་། ལིང་ག་ལ་ནི་མིང་དང་རུས། །ཞེས་པ་དག་ནི་བྲིས་བྱས་ནས། དྲག་པོའི་སྔགས་ཀྱིས་རབ་ཏུ་བསྐོར། །ཞེས་དང་། མན་ངག་དམར་པོ་བདུན་སྐོར་ལས། ལིང་ག་དང་མིང་རུས་ནི་ར་ཁྲག་ཁྱི་ཕག་གི་ཁྲག་སྐེ་ཚེ་དང་དུག་སྣ་ཚོགས་སྦྱར་བས་གཟུགས་སམ་མིང་བྲིས་ལ། ཞེས་དང་། དེ་ལས། གཟུགས་སུ་སྣང་བ་ནི་སེམས་ཡིན་ལ། གཟུགས་ཅི་འདྲ་བ་ཡང་ལིང་ག་ཡིན་པར་བསམ་ལ་ཕུར་པ་གདབ་བོ། །ཞེས་པ་དང་། སྔ་འགྱུར་བདུན་བསྐོར་ལས། ཐལ་ཆེན་དུག་དང་ཁྲག་གིས་རོ་ཚས་ཀྱི་རས་ལ་ལིང་ག་བྲི། སྙིང་གར་རུས་དང་མིང་བྲི། མཆན་ཁུང་གཡོན་དུ་མཱ་ར་ཡ་བྲི། མཆན་ཁུང་གཡས་སུ་མཱ་ར་ཡ་བྲི། འདོམས་སུ་དུ་བྲི། མགོ་ལ་ཛཿས་འཁོར་བ་བྲི། དཔྲལ་བར་མིང་བྲི། དགྲ་བོའི་སྐྲད་ཤད། མཆིལ་མ། ལུད་པ། ཕྱི་ས། རྐང་རྗེས་ཀྱིས་དེ་རྣམས་གང་རྙེད་ཀྱང་ལིངྒ་ལ་བསྐུ། དེ་ནས་སྔོ་དམར་གྱི་ཚོན་སྐུད་གཉིས་ཀྱིས་གདགས། ཞེས་པ་དང་། མཆན་དུ་སྙིང་དང་སྐྱེ་གནས་གདགས། །ཞེས་སོ། །མཱ་ར་ཡ་ཁྲག་སྐྱུག་གི་སྒྲུབ་ཐབས་ལས། རྒྱ་ཤོག་གྲོ་ག་རོ་རས་ལ། །དགྲ་བོ་ཨ་མུ་ཀའི་རྫས་ཟག་པ་དང་བཅས་པ་གཏུབས་ལ། ཁོའི་རྐང་རྗེས་ཀྱི་ས་དང་བསྲེས་ལ། ར་ཁྲག་གིས་སྦྱར་ཏེ་དབང་པོ་ཚང་བ་འདྲ་འབག་གི་གཟུགས་བྱས་ལ། སྙིང་གར་ཪྣྲྀ་བྲི། གཡས་སུ་མཱ་ར་ཡ་བྲི། གཡོན་དུ་མཱ་ཱར་ཡ་ཪྣྲྀ་བྲི། འདོམས་སུ་མཱ་ར་ཡ་དུ་བྲི། སྤྱི་བོར་མཱ་ར་ཡ་དུ་བྲི། སྙིང་གར་རུས། དཔྲལ་བར་ཡང་དེ་ལྟར་བྲིས་ལ། གུ་གུལ་གྱིས་བདུག །ཅེས་སོ། །སྔ་འགྱུར་སྒྲུབ་ཐབས་མན་ངག་གི་རྒྱུད་ལས། གོང་དུ་བསྟན་པའི་རོ་རས་བརྒྱངས་ཏེ། ས་དཀར་གྱི་ཆུས་བྱུགས་ལ་སྐོམས་པ་དང་ཐལ་ཆེན་དུག་རྫས་དང་དམེ་ཁྲག་སྦྱར་ལ་སྣག་ཚ་བྱས་ལ། མཆོག་ཕུར་གྱི་རྩེ་མོས་སྨྱུ་གུ་བྱས་ལ། ལག་པ་བསྣོལ་སྲིན་ལག་གཉིས་ཀྱི་བར་དུ་སྨྱུ་གུ་བཅུག་ལ། གུང་མོ་གཉིས་ཀྱིས་རྒྱབ་ནས་བརྟེན་ལ་བྲིའོ། །ཞེས་དང་། དེ་ནས་སྔོ་དམར་གྱིས་གཉའ་ལག་ཏུ་གཞུག་ལ་སྡོམ་མོ། །ཞེས་བཤད་པ་དང་མཐུན་པར་ཕྱག་ལེན་ནི། རོ་རས་བཏུལ་མ་རྙེད་ན་རབ། །ཤོག་བུ་ལ་དགྲ་བོ་ཕོ་མོ་གང་ཡིན་གྱི་གཟུགས་གན་རྐྱལ་དུ་བྱས་ལ། ཡན་ལག་གསལ་ཞིང་དབང་པོ་དོད་པ། ཅུང་ཟད་རིད་ཅིང་ཉམ་ང་བའི་རྣམ་པ་ཅན། དེའི་ལུས་ཀྱི་གནས་རྣམས་སུ་གནད་དབབ་ཀྱི་ཡི་གེ་བཅུ་བཀོད་དེ། སྙིང་གར་ཛ་སྤྲོད་ཀྱི་དབུས་སུ་ནྲྀ། མགོ་ལ་ནན། ཡན་ལག་བཞི་ལ་ཛཿ གློ་གཉིས་ལ་རྦད། ལྟོ་བར་ཆྒཻ་མོ་མཱ་ར་ཡ་རྦད། ཅེས་པ་ཕོ་ལ་གཡས་བསྐོར་དང་། མོ་ལ་གཡོན་བསྐོར་དུ་བྲི། དཔྲལ་བར་རུས། མགྲིན་པར་མིང་། འདོམས་སུ་བླ་དྭགས་བྲིས་པའི་གཟུགས་ལ། དགྲ་བོའི་མཆིལ་མ། གོས་དུམ། རྐང་རྗེས་ཀྱི་ས། སྐྲ་དང་ཟག་རྫས་ལ་སོགས་གང་རྙེད་བྱུག །མདོ་རྩ་བར། བདུད་ཆད་ལྔ་ཡི་ལིང་ག་བཤམ། །ཞེས་པ་རྗེས་ས་ལ་སོགས་པ་ལྔའོ། །ཡང་དགྲ་བོའི་རྒྱུ་རྐྱེན་དང་སྦྱར་བའི་སྦྲ་ཚིལ་ལམ་བག་ཟན་ལ་གཟུགས་དོད་པར་བྱས་ལ། མིང་རུས་སོགས་ཤོག་བུ་ལ་བྲིས་ལ་ལུས་ཀྱི་གནས་སྐབས་སོ་སོར་གཞུག་གོ། །ལིང་ག་གཉིས་སྐབས་དང་སྦྱར་ལ་བྱ། ཚོན་སྐུད་དང་མཁར་ནག་གིས་གཉའ་ལག་ཏུ་བྱའོ། །བྲི་བའི་དུས་བྲི་མཁན་གྱི་སྤྱོད་ལམ། ལུས་གྲིབ་མི་ཕོག་པའི་བསྲུང་བ་སོགས་སྤྱི་དང་མཐུན་པར་བྱ། གོང་གི་སྣག་ཚ་དང་སྨྱུ་གུ་རྣམས་ཀྱང་གྲུབ་ནའང་ལེགས། དམར་པོ་བདུན་སྐོར་ལས། གཟུགས་སམ་མིང་བྲིས་ལ། ཞེས་པ་དང་། ཙི་ཏི་མིག་བྱང་དག་ལ་བྲབ། ཞེས་པ་ལྟར་ན་ནི། མིང་བྱང་ཉིས་བརྩེགས་དགྲ་རྟེན་ལ་འོང་བ་སྙམ་སྟེ། གཤིན་པོ་གནས་སྤར་གྱི་མི་བྱང་བཞིན་ནོ། །འོན་ཀྱང་། དམར་པོ་བཤན་པ་ལས་རྒྱུད་ལས། དགྲ་གཟུགས་རྟེན་དང་གཤིན་རྗེ་དམར་པོའི་རྟེན། །དྲག་པོ་ཐུན་གྱི་འཁོར་ལོ་རྫོགས་པར་བྱ། །ཞེས་དང་། གཟས་པོའི་མིང་གཟུགས་ར་ཐོད་གཞུག །ཅེས་སོ། །གཟུགས་མིང་གིས་མཚན་པར་བཤད་པ་མང་བ་ལྟར་འཐད་དོ། །བླ་དྭགས་ནི། ལ་ལ་དྭགས་རུས་གང་ཡིན་པ་དེ་ལ་བརྟེན་ནས་བཏགས་པའི་བླའི་མིང་རེ་ཡོད་པ་དེ་ཡིན་ཟེར། ལ་ལ་ནི། མིང་ཚིག་ཐམས་ཅད་གློ་བུར་བ་ཡིན་པའི་རྒྱུ་མཚན་གྱིས། བླ་དྭགས་སུ་བྱས་པ་བྱུང་བས་མིང་ངན་བླ་དྭགས་སུ་བཏགས་པ་གཅིག་འོང་བ་དེ་ཡིན་ནམ། ཞེས་སྨྲ་མོད། ཡང་དངོས་མིང་ལ་མིང་དང་བཏགས་མིང་ལ་བླ་གདགས་སུ་བཏགས་སུ་བྱེད་པའང་མ་ཡིན་ཏེ། མིང་དང་བླ་དྭགས་ཀྱི་ཁྱད་པར་ནི། དཔེར་ན་བཀྲ་ཤིས་དོན་འགྲུབ་ཞེས་པ་ལ། བཀྲས་དོན་ཞེས་འབོད་པའི་ཚེ། སྔ་མ་མིང་དང་ཕྱི་མ་བླ་དྭགས་སོ། །དེའི་སྐབས་སུ་མངོན་སྤྱོད་སྤྱི་ལ་གྲགས་ཤིང་། ཟ་ལམ་དང་། བླ་ལམ་གཉིས་ཀྱི། བླ་ལམ་རོ་ལམ་བསྟན་དགོས་པ་ཡིན། དམར་པོ་བཤན་པ་ལས་རྒྱུད་ལས། ཟ་ལམ་བསྟན་ཞིང་སྐུ་རྟེན་གཟུགས། །ཞེས་དང་། དམར་པོ་རྩ་བའི་སྒྲུབ་ཐབས་ལས། བསད་པའི་བྲུབ་ཁུང་ལིང་གར་བཅས། །རོ་ལམ་ནག་པོ་རྣམ་གསུམ་དབྱེ། །ཞེས་པ་དང་། དམར་པོའི་ཐེམ་ཡིག་ལས། རྫས་ཀྱི་རོ་ལམ། སྔགས་ཀྱི་རོ་ལམ། ཏིང་ངེ་འཛིན་གྱི་རོ་ལམ་ཞེས་པ་དང་། མཱ་ར་ཁྲག་སྐྱུག་གི་ཟབ་དོན་བསྡུས་པ་ལས། དགྲ་དང་འགྲས་པའི་དུས་སུ་རོ་ལམ་ནག་པོ་ཕྱེ་ལ། ཞེས་དང་། དེའི་མཚན་དུ། དགྲ་བོའི་ཁྱིམ་གྱི་བར་དུ་འཇའ་ཚོན་ནག་པོ་སྔོ་དམར་གཅིག་བླའི་ལམ་དུ་བྱ། ཞེས་དང་། ཚོན་བླའི་ལམ་དུ་བྱ། ཞེས་པས། དགྲ་བོའི་ཁྱིམ་ནས་རང་གི་སྒྲུབ་ཁང་བར་དུ་ཚོན་གྱིས་ལམ་བྱེད་པའོ། །ཟ་ལམ་ནི། ཕོ་ཉ་གཟས་པོ་ཟ་བའི་དོན་དུ་ཕྱིར་ལམ་བསྟན་པ་ཡིན་ལ། བླ་ལམ་ནི་བླ་འགུགས་པའི་ཕྱིར་ནང་དུ་བསྟན་ནོ། །སྒྲུབ་པ་སྦྲེལ་ན། ཤར་དུ་མིང་བྱ། ལྷོར་ཧོམ། ནུབ་ཏུ་ཕུར་བུ། བྱང་དུ་དབྱེ་བའི་སྒྲོ་དུག་བཞག །དེ་ནས་སྔགས་པ་ཆས་སུ་ཞུགས་པ་ལ། སྔ་འགྱུར་སྒྲུབ་ཐབས་འགྲེལ་པ་ལས། སྒྲུབ་པ་པོ་རྣམས་ཀྱང་སྡིག་སྦྱང་དང་། དཔང་སྐོང་བཀླག །ཕྱི་མཚམས་ཐོ་གཟུགས། ཕྱི་ནང་བསལ། གསང་སྒོ་བསྡོམ། སྒྲུབ་པ་པོ་མི་འགྲུལ། མིང་མི་བསད། ཅེས་པ་དང་། སྒྲུབ་ཐབས་མན་ངག་ལས། དེ་ནས་གོས་ནག་པོ་བགོ། དཔྲལ་བར་མེ་ལོང་གདགས། དར་ནག་པོའི་ཐོད་ཅིང་། ཕེ་ཚེ་རོག་པོའི་གདན་ལ་འདུག་ལ། སེང་ལྡེང་ངམ་བེའམ། གདུག་པ་ཅན་གྱི་ཤིང་ལ་འཁར་བ་བྱས་ལ་ལག་ཏུ་ཐོགས་ལ། རུ་རཀྴའི་ཕྲེང་བ་ཐོགས་ལ་བགྲང་། ཞེས་དང་། དེའི་འགྲེལ་པར། ཞེ་སྡང་ཉི་ཚེ་བསྒོམ་ལ། དཔེར་ན་སོལ་བ་ནི། ཕྱི་ཡང་ནག་ལ་ནང་ཡང་ནག་པ་དང་འདྲ་བར། བདག་ཀྱང་ནང་གནག་ལ། ཕྱི་ཡང་གནག་པའི་ཆས་སུ་ཞུགས་ལ། ཞེ་སྡང་སོལ་དུམ་བཞིན་དུ་བསྒོམ་མོ། །དཔྲལ་བའི་མེ་ལོང་ནི་སྲིད་གསུམ་གསལ་བའོ། །ནག་པོའི་ཐོད་ནི་ཞེ་སྡང་མི་འགྱུར་བ། ཕེ་ཚེ་རོག་པོའི་གདན་ནི་ཞིང་ལྤགས་སོ། །ཞེས་པ་དེ་ནི་སྒྲུབ་པའི་དུས་གཙོ་བོར་བྱས་ལ། ཡང་དེ་ལས། རྡོ་རྗེ་སློབ་དཔོན་ཁྱེད་རིངས་སུ་ཕྱུང་ལ་གདོང་གཡས་ཕྱེ། གཡོན་ཁྲག །དབུས་སྲེ་མོང་གིས་བྱུགས། ལག་པ་གྲུ་མོ་མན་ཆད་ཁྲག་གིས་བྱུགས། སྐྲ་སྤྱི་བོར་བརྫེས་དར་སྔོན་པོས་བཅིངས། ཤུན་ཆེན་གྱོན། རཀྴའི་ཕྲེང་བ་སེ་རལ་ཁར་བགྱི། དཔྲལ་བར་མེ་ལོང་གདགས། གོང་གི་མཁར་བ་ལ་ཨཱོྂ་ཚུགས་བྱ། མ་རུ་རྩེའི་ཏིང་ངེ་འཛིན་དུ་ཞུགས་ལ་བྲུབ་ཁུང་གི་འགྲམ་དུ་བསྒོམ་པར་བྱའོ། །ཞེས་དང་། གནོད་སྦྱིན་རོ་ལངས་གསང་བའི་རྒྱུད་ལས། རྣལ་འབྱོར་པ་ནི་རིགས་ཀྱི་བྱ་བར་བཤད། །དཀའ་ཐུབ་ཅན་གྱི་ཁ་དོག་དམར་པོ་འཛིན། །ཡང་ན་གཅེར་བུ་ཕྱུང་ལ་སྐྲ་བཤིག་སྟེ། །ཕོ་ནི་ཆགས་པའི་བདག་པོ་སྟེ། །རཀྴའི་ཐིག་ལེས་བརྒྱན་པར་བྱ། །ཞེས་དང་། ཏི་རའི་ཚོགས་ཀྱི་གདན་སྟེང་སྟེ། །གདན་མཆོག་ཡིན་ཏེ་དེ་ཚེ་བཏིང་བར་བྱ། །ཤ་ཆེན་རྐང་དང་གླིང་བུ་ལ་སོགས་པ། །ཕྲེང་བའི་མཆོག་སྟེ་དེ་ཚེ་བགྲང་བར་བྱ། །ཞེས་པ་དང་། དེའི་དཀའ་འགྲེལ་དུ། ཞིང་དང་ཏི་རའི་གདན་ལ་འདུག །མི་དང་རྟ་ཡི་ཤུན་ཆེན་ལ། །ཐོད་པའི་རྩལ་ལ་གདབ་པར་བྱ། །རུས་པའི་ཕྲེང་བ་བགྲང་བར་བྱ། །རྐང་གླིང་བཤུགས་པས་གདབ་པར་བྱ། །ཞེས་དང་། བཤུགས་གླུ་ལེན་པའི་ལས་རྣམས་དང་། །འཁོར་རྣམས་བསྐུལ་བའི་ལས་མཆོག་ཡིན། །དེ་ནས་སྲིད་གསུམ་བདག་པོར་འགྱུར། །ཞེས་དང་། རོ་ལངས་དཀྲུགས་པ་སྒྲུབ་དུས་སུ། །ངེས་པར་ལྷ་དེ་དམར་པོར་བསྒོམ། །གཅེར་བུ་སྐྲ་བཤིག་ཆས་བསྐྱེད་དེ། །གྲི་བོའི་རཀྟའི་ཐིག་ལེས་གདབ། །རྡེའུ་དཀར་ནག་རཀྟས་བསྐུས་པ་ཡིས། །རབ་ཏུ་དེ་ལ་གདབ་པར་བྱ། །ཞེས་བཤད། དེ་རྣམས་ལ་སྒྲུབ་པ་དང་ལས་སྦྱོར་དཀྲུགས་པ་རྣམས་ཀྱི་སྐབས་ཕྱེས་པར་བྱས་ཏེ་རིགས་པས་སྦྱར་ལ་བྱའོ། །ཐུན་བདུན་གྱི་སྒྲོལ་བ་དངོས་ནི། དམར་པོ་དྲོད་ཚད་གསང་བའི་མན་ངག་ལས། གསེར་སྐྱེམས་བཏང་། དམ་བརྡར། དཔང་གཟུགས་བྱ། དེ་ནས་དགུག་ཅིང་ལྷ་དང་དབྱེ། དུད་པས་བདུག་པར་བྱ། ཞེས་དང་། དཔང་གཟུགས་ཤག་གདབ། དེ་ནས་ལྷ་དབྱེ་དྲག་ཏུ་བྱ། །ཞེས་པ་དང་། དྲོད་ཚད་གསང་བའི་མན་ངག་ལས། གསེར་སྐྱེམས་བཏང་། དམ་བརྡར་དཔང་གཟུགས་བྱ། དེ་ནས་བླ་དགུག་ཅིང་ལྷ་དང་དབྱེ། དུད་པས་བདུག་ཅིང་གདབ་པར་བྱ། །རྦད་པ་བསད་པ་སྤེལ་བར་བྱ། །ཞེས་པ་ལྟར། གསེར་སྐྱེམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་རླབས་ལ་རྒྱས་པར་བཏང་། གོང་དུ་བཤད་པའི་ཆས་དང་ལྡན་པའི་རྣལ་འབྱོར་པས། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས། རང་ཉིད་ལྷ་དང་བྲུབ་ཁུང་མཁར་བརླབ། དེ་ནས་དམ་བརྡར་ཏེ། རོ་ལངས་གསང་བའི་དཀའ་འགྲེལ་དུ། ཕྱག་རྒྱ་རབ་ཏུ་འབྲེལ་དེ་ལ། །མཛུབ་གཉིས་ལྕགས་ཀྱུ་བཅུག་པའོ། །ཞེས་པ་ལྟར། ཕྱག་རྒྱ་བཅས་ལ། ན་མོ་ཞེས་པ་ནས། ཁུག་ཅིག་བརྗོད། བཤུགས་གླུ་བཏང་། དེ་ནས་བདེན་པས་བཀའ་བསྒོ་བ་ནི། ཀྱེ། མཐོ་བ་ཞེས་པ་ནས། ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད། རིག་འཛིན་གཡབ་པར་བཤད་པ་ལྟར། ཆོས་སྐུའི་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་། །ཞེས་པ་ལ་སོགས་ཀྱིས་རིག་འཛིན་འབོད། དེ་ནས་དཔང་གཟུགས་ཏེ། ཧཱུྃ། རྣལ་འབྱོར་ཞེས་པ་ནས། དྲེགས་པ་ལས་ལ་ད་ཚུར་བྱོན། །ཞེས་བརྗོད། དེ་ནས་པུས་མོ་བཙུགས་ལ། ཤག་ཀྱང་གདབ་བོ། །ཞེས་པ་བཞིན་དུ། བདག་དགྱེས་པའི་ཞེས་པ་ནས། གྲོགས་མཛོད་ཅིག །ཅེས་འོ་དོད་ཀྱང་འབོད་དོ། །དེ་ནས་བླ་དགུག་ཅིང་ལྷ་དང་དབྱེ་བ་ནི། ཐུན་བདུན་གྱི་ཐོག་མའི་སྒྲོ་དུག་དབྱེ་བ་ཞེས་ཟེར་བ་དེ་ཡིན། དུག་ཐུན་ཀྱང་ལོགས་ན་མེད། དེ་ཡང་དམར་པོ་སྔགས་རྒྱུད་ལས། ཁ་ཁའི་གུང་རུ་གཡས་པ་ལ། །གཟས་པ་པོ་ཡི་མིང་རུས་བྲི། །ཧུ་ལུའི་གུང་རུ་གཡོན་པ་ལ། །དེ་ཡི་ཕོ་ལྷ་སྲོག་ལྷ་བྲི། །སྒྲོ་གཉིས་དུག་གི་ནང་དུ་གཞུག །ཅེས་པ་དང་། དམར་པོ་མདོ་རྩ་བ་ཕྲིན་ལས་ཀྱི་རྒྱུད་ལས། དང་པོ་ལྷ་དང་དབྲལ་བར་བྱ། །ཁ་ཁ་ཧུ་ལུའི་དང་རུ་ཡིས། །དུག་ཐུན་གཟས་པ་དགལ་གཏོར། །བྱང་ཕྱོགས་རི་རབ་ལྕགས་རི་ལ། །སྤྱི་གཙུག་དག་ཏུ་གནས་པར་བསམ། །ཞེས་པ་དང་། དམར་པོ་སྲོག་སྒྲུབ་ཀྱི་སྙན་བརྒྱུད་ལས། རྫས་ནི་བྱ་རོག་འུག་པའི་སྒྲོ། །ཐོགས་ལ་ཕན་ཚུན་འཐབ་པའི་ཚུལ། །གཟས་པ་གང་ཡིན་བཀུག་ནས་ནི། །སྤྱི་ཚར་དག་ཏུ་བསྐུར་ནས་སུ། །མགོན་སྐྱབས་དག་དང་བྲལ་བར་བསམ། །ཞེས་དང་། དམར་པོ་སྔ་འགྱུར་ལས། བྱང་དུ་སྒྲོ་དུག་བཞག་པ་ནི། བྱ་རོག་འུག་པའི་དང་རུ་ལ། །རྒྱབ་སྤྲད་བར་དུ་ལིང་ག་གཞུག །ཤོག་བུ་ཚོན་གང་གྲུ་བཞི་ལ། །གཅིག་ལ་ཁོ་ཡི་ལྷ་བྲིས་བསླན། །གཅིག་ལ་གང་ཡིན་དགྲ་བོ་བྲི། །ལྷ་ནི་འུག་པའི་སྒྲོ་ལ་བསླན། །མནག་པ་ཕོ་རོག་སྒོར་ལ་བསླན། །བར་དུ་ཤོག་བུ་ཚོན་གང་ལ། །མ་མ་ཏྲག་རུ་ཏྲ་མཱ་ར་ཡ་ཕཊ། །ཅེས་པའི་བསྐུལ་བ་བྲི་བར་བྱ། །སྔོ་དམར་སྐུད་པས་བཅིང་བྱས་ལ། །ཤིང་རིས་དག་ལ་ཕྱར་ལ་གཟུགས། །ཞེས་དང་། མ་མ་ཏྲག་དུ་ཏྲ་མཱ་ར་ཡ་ཕཊ། ལྷ་དང་དབྲལ་བའི་སྙིང་པོའོ། །ཞེས་པ་དང་། མ་རུ་རྩེའི་བསད་སྔགས་གཞུང་ལས། གཅེར་བུ་ཕྱུངས་ལ་ཁྲག་གིས་བྱུགས། །མདའ་དར་གཡས་པར་ཐོགས་ནས་སུ། །དགྲ་བཤོས་གཡོན་པར་བཟུང་ལ་འབོད། །སྲོག་སྙིང་བཤུགས་པའི་བརྡའ་ཡིས་འབོད། །འོ་དོད་བོས་ལ་ཆོ་ངེས་གདབ། །མ་ཉེས་དཔང་གཟུགས་དགུག་པ་བཤམ། །སྒྲོ་དུག་གཉིས་ཀྱི་དབྱེ་བ་བཤམས། །ཞེས་དང་། དམར་པོ་སྔགས་ཀྱི་གབ་པ་ལས། ལིང་ག་ལ་བྱ་རོག་འུག་པའི་སྒྲོས་ཆུ་གཏོར། ལ་ཆ་དང་ཁྱི་སྤུ་དང་གུ་གུལ་གྱི་དུད་པས་བདུག །མགོ་ཡི་ལྷ་རྣམས་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་དུ་སོང་བར་བསམ། ཏྲག་རཀྴ་རུ་ཏྲ་མཱ་ར་ཡ་ཕྱེ་ཤག །ས་ཁམ་དུམ་བུ་མཱ་ར་ཡ་ཕྱེ་ཕྱེ། ཞེས་དབྱེ་བར་བྱའོ། །ཞེས་པ་དང་། དམར་པོ་གནོད་སྦྱིན་རོ་ལངས་གསང་བའི་རྒྱུད་ལས། ཧྲཱི་ནྲི་རཀྴ་ནྲི་རྦད། བླ་ཁུག་སྲོག་ཁྱེར་ལ་བྷྱོ། འདི་ཡིས་འགུགས་པར་ཐེ་ཚོམ་མེད། །ཅེས་པས་བླ་འགུགས་སྔགས་སོ། །རྒྱུད་དེ་ཉིད་ལས། རྒྱ་སྐྱེགས་མཁར་བ་བསྲེག་ཅིང་གུ་གུལ་གྱི་དུད་པས་བདུག །དྲག་པོ་དབྱེ་བའི་སྔགས་འདི་བསྟན་པར་བྱ། དེའི་དཀའ་འགྲེལ་ལས། ཏིང་ངེ་འཛིན་གྱིས་དགུགས་པ་ཡང་། །བདག་ལ་འབར་བའི་ཧཱུྃ་དེ་ལས། །འོད་ཟེར་ནག་པོ་རབ་འཕྲོས་པས། །ཤེལ་མདོག་གངས་ཅན་དཀར་པོ་ལ། །སོལ་ནག་ལ་སོགས་བཏབ་པའམ། །ཡང་ན་སྐར་མདའི་ཤུལ་བཞིན་ནོ། །ཞེས་དང་། མ་མ་ཏྲག་རཀྴ་རུ་ཏྲ་མཱ་ར་ཡ་ཕྱེ་ཕྱེ། སྲིད་པའི་ལྷ་དང་མ་ལྷ་ཞང་ལྷ་དང་། །ལེ་དགུའི་ལྷ་དང་ཕོ་ལྷ་དགྲ་ལྷ་དང་། །བྱ་སྤུ་རླུང་གིས་ཁྱེར་བ་ལྟ་བུར་བསམ། །ཞེས་དང་། རོ་ལངས་གསང་བའི་དཀའ་འགྲེལ་ལས། གུ་གུལ་ཁྱི་སྤུ་ལ་ཆའི་དུད་པའོ། །མགོན་སྐྱབས་བྱེད་པའི་ལྷ་དེ་དག །བྱ་འུར་རླུང་གིས་བསྐྱོད་པ་བཞིན། །ཞེས་དང་། སྔ་འགྱུར་སྒྲུབ་ཐབས་མན་ངག་ལས། དེ་ནས་བདུག་པོའི་ཁྱི་ལུད་དང་། །སྤྱང་ཀིའི་བྲུན་དང་གུ་གུལ་དང་། །ཀུན་གྱི་སྙིང་མེད་དུ་བདུག་གོ། །ཞེས་པ་དང་། དེ་ནས་ཚེས་གྲངས་དང་གཟའ་སྐར་ལ་བབ་པའི་ནུབ་མོ། བདུག་པ་ཀུན་སྨེའི་དུད་པ་རྒྱུན་མི་ཆད་པ་བཏང་ངོ་། །ཞེས་སོ། །བདུག་པ་ཀུན་སྨེ་ནི། ཚེ་བདག་གི་ལས་ཚོགས་ལས། ཡུགས་སའི་ལྷྭམ་འབོག་ལ་བཤད་དེ། །དམར་པོ་སྔགས་རྒྱུད་ལས། སཾ་བུ་ཏྲི་པ་ཡ། ཏྲོད་མཱ་ར་ན་སྭཱ་ཧཱ། མ་མ་ཏ྄ག་རཀྴ་ཨ་ནྲྀ་མཱ་ར་ཡ་ཕྱེ། ཞེས་ལྷ་དང་དབྱེའོ། །ཞེས། རོ་ལངས་གསང་བའི་དཀའ་འགྲེལ་ལས། བཤུགས་གླུ་ལེན་པའི་ལས་རྣམས་དང་། །འཁོར་རྣམས་བསྐུལ་བའི་ཐབས་མཆོག་ཡིན། །ཞེས་པ་དང་། དམར་པོ་དཔའ་བོ་གར་གྱི་སྒྲུབ་ཐབས་ལས། སྐབས་སུ་རཀྟ་བསྟབ། ཅེས་དང་། དམར་པོ་རྩ་བའི་སྒྲུབ་པ་ལས། རཀྟ་བརླབ་ཅིང་རྦད་པར་བྱ། །ཞེས་པ་དང་། རོ་ལངས་གསང་བ་ལས། རྐང་ཆེན་ལ་སོགས་གླིང་བུ་འབུད་པར་བྱ། །ཞེས་བཤད་པ་རྣམས་དང་མཐུན་ཅིང་། ཁྱད་པར་དམར་པོ་ཁ་སྐོང་གི་ཐོ་ཡིག་བཞིན་བླ་འགུགས་ལྷ་དབྱེ་ལྟར་བྱ་བ་ནི། རྡོ་རྗེ་སློབ་དཔོན་གྱིས་འགུགས་པའི་ཕྱག་རྒྱ་བཅའ། སྒྲུབ་གྲོགས་གཅིག་གིས་ལུས་གཅེར་བུར་ཕྱུང་། ཁྲག་གིས་བྱུག །ལག་པ་གཡས་སུ་མདའ་དར་དམར་པོ། གཡོན་དུ་དགྲ་བཤོས་དམར་པོ་གཅིག་བཟུང་། གོང་དུ་བཤད་པ་ལྟར་གྱི་ལྷ་དབྱེའི་སྨེ་རྫས་དང་། སྒྲོ་དུག་དང་། ཁོའི་ལྷའི་གཟུགས་ཀྱི་སྙིང་ཁར་ཁོའི་ལིང་ག་ལ་བྲིས་ལ། སྒྲོ་ལ་གདགས། ལྕགས་སམ་ཟངས་ཀྱི་སྣོད་ཆེན་པོར་རཀྟས་བཀང་བ་གཟར་བུ་དང་བཅས་པ། རྐང་གླིང་དང་ཐོད་རྔ་ལ་སོགས་པ་རོལ་མོ་རྣམས་ཀྱང་ཚོགས་པར་བསགས་ལ། བདག་ལྷ་དང་། བྲུབ་ཁུང་མཁར་བརླབ། བདེན་པ་བརྗོད་ནས་མཆིས་པར་གྱིས་ཤིག་བར་བརྗོད། མདའ་དར་གྱིས་གཡབ། གུ་གུལ་གྱི་དུད་པ་བཏང་། རཀྟས་བརླབ། ནྲྀ་ར། ཆྒཻ་མོའི་མིང་ནས་འདིར་ཤོག་ཅིག །ཅེས་བཤུགས་པའི་བརྡས་འབོད། རྐང་གླིང་རོལ་མོ་རྣམས་ཀྱང་དྲག་ཏུ་བྱ། དེ་ནས། ཀྱཻ། དམ་ཉམས་པའི་དགྲ་བོ་འདིའི་ཞེས་པ་ནས་ཡལ་བར་ཐོངས་ཤིག །དཱེ་བ་པྲ་བེ་ཤ་ཡ་ཕཊ། ཅེས་པའི་བར་བརྗོད། དམེ་རྫས་ཀྱིས་ལིང་ག་གཉིས་ཀ་སྙིང་མེད་དུ་བདུག་ཅིང་། དྲི་མ་བཟང་པོའང་བཏང་ལ། རང་གི་ལྷ་སྲུང་ལ་དམེ་རྫས་ཀྱི་དྲི་མ་མ་ཕོག་པར་བྱེད་པ་ལག་ལེན་བཞིན་བྱ། གུ་གུལ་གྱི་དྲིས་ནི་ལས་གཉིས་བྱེད་པས་ཐུན་མོང་དུ་བཏང་། གུ་གུལ་སྦྱར་མ་ནི་ཐུན་མོང་མ་ཡིན་ནོ། །གོང་གི་ལུང་རྣམས་ནས་བཤད་པའི་དབྱེ་བའི་སྔགས་སོ་སོ་དང་། གཞན་ཡང་དམར་པོ་ཤོག་དྲིལ་དྲུག་པ་ནས་བཤད་པའོ། །ཡ་མཱ་ར་ཛ་ཀླུ་ལིང་བྷ་སངས་སང་། ཀུ་ན་བྷ་སང་སང་། ཡོལ་ལྕགས་སང་སང་། ཀུ་ཏ་ཏ་ཀི་ནི་ཧཱུྃ་ཕཊ། ཡོལ་ལྕགས་སང་ཀུ་ཏ་ཏ་ཀི་ནི་ཧཱུྃ་ཕཊ། ཟེར་བའང་འདུག །འདས་མདོ་ནས་ཐུན་གྱི་སྔགས་སུ་བཤད། ཀུ་ན་བྷ་སངས་སང་ནས། ཀླུ་ལིང་པ་ཀུན་ཏ་ནན་ཡོ་ལྕགས་སང་ཀུ་ཏ་ཧཱུྃ་ཕཊ་ཟེར། འདི་ཁོ་ན་བཞིན་མདོ་རྩ་བ་ཕྲིན་ལས་ཀྱི་རྒྱུན་ནས་ཀྱང་བཤད། དུག་ཐུན་དབྱེ་བའི་སྔགས་ཀྱི་མཆོག་གོ། །ཕྱི་འགྱུར་བསྙེན་སྒྲུབ་བཞི་པ་ནས་བཤད་པའི། ཡམ་ཡུམ་ཡ་ཏྲི་ཕྱེ་མམ་མམ་མ་ཏྲི་ཕྱེ། རཱ་ཛ་སུ་རུ་སུ་རུ་ཕྱེ། ཨ་ནྲྀ་ཏྲག་རཀྴ་རུ་ཏྲ། དགྲ་བོ་མཱ་ར་ཡ་ལྷ་དང་ཕྱེ་ཕྱེ། བར་འགྱུར་ནས་བྱུང་བ། དཱེ་བ་ཨ་ཎྲི་ཏྲག་དཱེ་བ་ཤ་ཏྲུཾ་མཱ་ར་ཡ་ཕྱེ། ཤན་ཤན་ཏྲི་ཀུ་ར་ཏྲི་མཱ་ར་ཡ་ཛ་ཛཿ ལྷ་དབྱེའི་ཐོ་ཡིག་ལས་འབྱུང་བ། ཨཱོྂ་ནྲི་ཤ་ཀུ་རུ་ནྲི་ཤ་ཀུ་རུ་ཁ་སོ་བ་ཏི། ཨཱོྂ་རུ་ཏི་ཡཾ་སེ་ན་ལཾ་སེ་ན་མ་ན་ཡང་སྙིང་ཚལ་པ་བམ་རིལ་རྦད། ཅེས་ཐུན་བསྐོར་རེ་ལ་སུམ་བརྒྱ་རེ་བགྲང་ངོ་། །ཞེས་པ་རྣམས་གང་འགྲུབ་ཏུ་བྱ། དེ་རྣམས་སྤྱིར་དབྱེ་བ་ཡིན་ལ། སོ་སོར་དབྱེ་བ་ནི། འཚོ་བ་ཕོ་ལྷ་ཡིན་པས། དེས་འགེགས་ན་གཡག་དཀར་པོ་འོང་། སྐྱོབ་པ་དགྲ་ལྷ་ཡིན་པས། དེས་འགེགས་ན་བྱ་ཁྲ་ལྟ་བུར་འོང་། བསྲུང་བ་སྲོག་ལྷ་ཡིན་པས། དེས་འགེགས་ན་འཐིབས་ནས་འོང་ངོ་། །འགོ་བ་མ་ལྷ་ཡིན་པས། དེས་འགེགས་ན་ཤ་བའམ་བུད་མེད་འོང་། སྟོང་གྲོགས་བྱེད་པ་ཡུལ་ལྷ་ཡིན་པས། དེས་འགེགས་ན་ཞང་བློན་དུ་འོང་། །དམ་ཚིག་གིས་འགོ་བའི་ལྷ་ཆོས་སྐྱོང་ཡིན། དེས་འགེགས་ན་སྙིང་རྗེ་སྐྱེ། བསྲུང་བ་བན་གྱི་སྲུང་མ་ཡིན་པས། དེས་འགེགས་ན་བན་བོན་འོང་། འཕྲལ་ལ་འགོ་བ་ཀླུ་ཡིན་པས། དེས་འགེགས་ན་དར་དཀར་གྱིས་སྒྲིབ་བོ། །བོད་ཐམས་ཅད་དགྲ་ལྷ་རུ་རྫུ། ཞང་ཞུང་གི་དགྲ་ལྷ་ཁྲ་དང་གཡག་ཏུ་རྫུ། ཕོ་ལྷ་ལ། འབོག་བསྲེག་ཅིང་། ཙི་བེ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དགྲ་ལྷ་ལ་ཏིལ་ནག་བསྲེག་ཅིང་། ཙི་ཏ་ཡ་ཤྲཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སྲོག་ལྷ་ལ། ཏིལ་ནག་པོ་བསྲེག་ཅིང་། ཙི་ཏ་མེ་ལེ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། མ་ལྷ་ལ། ར་རུ་བསྲེག་ཅིང་། ས་མ་ཡ་ག་ན་ཡེ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཡུལ་ལྷ་ལ། ཞབས་མ་བསྲེག་ཅིང་། དཱེ་བ་ཨ་ཀར་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཆོས་སྐྱོང་ལ་བདུད་རྩི་བསྲེག་ཅིང་། ས་མ་ཡ་གནྟེ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བན་བོན་ལ་ཁྱི་ལུད་གུ་གུལ་ཚིལ་ཆེན་བསྲེག་ཅིང་། ཏི་བི་ནི་ཤྲཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཀླུ་ལ་མུ་ཟི་དང་གླ་རྩི་བསྲེག་ཅིང་། ནཱ་ག་པུས་པེ་ཡི་ཤྲཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས། འགོ་བའི་ལྷས་བླ་སྟོང་དུ་ཡེ་མ་འདོད་ན། སྔགས་འདིས་ལྷ་དང་བཅས་པ་དབང་དུ་བསྡུའོ། །ཡུངས་ཀར་ཐལ་ཆེན་དུག་ཁྲག་རྣམས་ཀྱིས་ལིང་ག་ལ་བྲབ་ཅིང་སྔགས་འདི་བཟླས། ན་མོ་རཏྣ་ཏྲ་ཡཱ་ཡ། ཙ་ལ་ཙ་ལ་པྲ་ཙ་ལ་པྲ་ཙ་ལ། ཤི་གི་ཤི་མི་ཡེ་སྭཱ་ཧཱ། ཞེས་པ་རྣམས་དང་། དམ་ཉམས་པའི་དགྲ་བོ་ཆེ་གེ་འདི། ཕོ་ལྷ་དང་ཕྲོལ་ཅིག་ནས། གྲོགས་བྱེད་པ་ཐམས་ཅད་ཕྱེས་ཤིག །ཅེས་དབྱེ་ཚུལ་བྱ། ལིང་ག་ལ་སྒྲོ་གཉིས་ཀྱི་དུག་ཆུ་གཏོར། ཁོའི་འགོ་བའི་ལྷ་རྣམས་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་དུ་སོང་བར་བསམ་མོ། །བླ་འགུགས་པའི་དུས་བཞི་ལས། བདུད་དམག་ལ་རུབ་པའི་དུས། ནུབ་ཀྱི་གྲིབ་སོ་བྱུང་བ། སྲིན་པོ་ལྟོ་ལ་རུབ་པའི་དུས། ས་སྲོག་པའི། གཤིན་རྗེ་གཞན་ལ་འཛུམ་པའི་དུས། ཐོ་རངས་སྐྱ་རེངས་ཤར་བའི་དུས། གནོད་སྦྱིན་ཁ་གདངས་པའི་དུས་དང་བཞིའོ། །ཞོག་པར་གྲིབ་སོ་ཕྱར་རེ་བྱུང་བ། དེ་ལྟར་ལྷ་དང་དབྲལ་ནས་དགུག་པར་བཤད་དེ། དམར་པོ་འདས་མདོ་ལས། དང་པོ་ལྷ་དང་དབྲལ་བར་བྱ། །ངེས་པར་ཁྲོས་ནས་ཁུག་པར་དགུག །འབར་མ་ཕོ་ཉའི་བླ་རྐུན་བཏང་། །ཞེས་པ་ལྟར་རོ། །དགུག་པ་དངོས་ནི། སྒྲུབ་པའི་དུས་སམ་ལོངས་དང་ལྡན་ན། གསལ་བརླབ་དང་། བདེན་པ་བརྗོད་ནས་ཁུག་ཅིག་གི་བར་བྱ། སྒྲོས་ལིང་ག་ལ་དུག་ཆུ་གཏོར། བུད་མེད་ཅིག་ཁྱེད་རིངས་སུ་ཕྱུངས། དབྱར་སྣང་ནང་དུ་བརྗེས། གདོང་ཁྲག་གིས་བྱུག །ལག་པ་གཡས་པས་སླེའུ་ནག་པོ་གདབ། གཡོན་པས་ལྕགས་ཀྱུས་ལིང་གའི་སྙིང་ག་ནས་དྲང་ཞིང་འོ་དོད་འབོད། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུ་སྐར་མདའ་བཞིན་དུ་འཕྲོས། གངས་དཀར་པོ་ལ་སོལ་བ་ནག་པོ་བཏབ་པ་བཞིན་དུ། དགྲ་བོའི་སྙིང་གི་དཀྱིལ་གྱི་རྣམ་ཤེས་རྟེན་བཅས་ཀྱི་ངོ་བོ་ནྲྀ་ལྗང་གུ་ལ་ཕོག །ཁབ་ལེན་གྱི་ལྕགས་དྲངས་པ་བཞིན་དུ། རྣམ་ཤེས་རྟེན་དང་བཅས་པ་དྲངས་ནས། ལིང་ག་ལ་ཐིམ་པས་དགྲ་བོ་དངོས་སུ་གྱུར་པར་བསམ་པའམ། ཡང་ན་ཁ་སྐོང་ནས་བཤད་པ་བཞིན། བདག་གི་ཐུགས་ཀ་ནས་ཛཿདམར་པོ་གཅིག་འཕྲོས་པས། ལྷ་མོ་དང་། ཁྲོ་མོ་ལྕགས་ཀྱུ་ཐོགས་པ་གྲགས་མེད་པ་འཕྲོས་པས། དགྲ་བོའི་སྙིང་དཀར་ནག་གི་མཚམས་ནས་དྲངས་ནས་རྣམ་ཤེས་བཀུགས་ནས་ལིདྒ་ལ་བསྟིམ། ཞེས་པ་ལྟར་བསམ། པྲ་ཝེ་ཤ་ཡ་ཕཊ། ཨ་ཨ་གཟུགས་ཀྱི་སྙིང་གཤགས་ཏེ་ཕྱེས་ལ་བསྟིམ་པས། དགྲ་བོ་དངོས་སུ་གྱུར་ཏེ་ལུས་རིད་ཅིང་སྐྲ་འཛིངས་པ། ཁ་སླེ་བ་ཧྲིག་ཧྲིག་ཤི་མིག་ལྡོག་པ། ཡན་ལག་སྦལ་པ་ལྟར་བརྒྱངས་པ། ཤིན་ཏུ་ཉམ་ཐག་པས་སྐད་ངན་ཚེར་ཚེར་སྤྱི་ཚར་དུ་གནས་པར་གྱུར་པར་བསམ། གསལ་བའི་ཕྱིར་ངག་ཏུ་བརྗོད་པའང་སྤྱང་མོའི་ངུ་ཟུག་གིས། གནོད་སྦྱིན་རྒྱལ་པོ་མ་རུ་རྩེ། །ཞེས་པ་ནས། དགྲ་བོའི་བླ་ཚེ་ཁྱེར་ལ་ཤོག །ཅེས་བའི་བར་བརྗོད། འདི་བསད་ཁྲམ་ནས་འབྱུང་། ལིང་ག་སྒྲོ་དང་བཅས་པས་གཡབ་ལ། བཤུགས་པས་འབོད་ལ་དམ་ཉམས་དགྲ་བོ་ཁྱོད་ཀྱི་བླ་རྟེན་འདི་ན་ཡོད་པས། ད་ལྟ་མྱུར་དུ་ཤོག་ཅིག་བརྗོད། འདི་ཁ་སྐོང་ཐོ་ཡིག་ནས་བཤད། བླ་ཁུགས་པའི་རྟགས་སུ་སྐྱི་ཟིང་བ་འོང་ཟེར། ཛཿཧཱུྃ་བྃ་ཧོཿ ཕྱག་རྒྱ་བཞིས་བཅིང་། ཁུག་པའི་དེ་མ་ཐག །འགྱུར་སྔ་མ་ནས་སྨ་དབབ་པའི་ཕྱིར་ཐོ་བས་བརྡུང་། ཞེས་བཤད་པས། ཕྱག་སོར་ནང་དུ་བཀུག་པའི་ཁུ་ཚུར་གྱི་ཐོ་བས་བརྡུང་ལ། ༀ་བཛྲ་ཀ་ར་མུ་ཀ་ར་ཞེས་པའི་སྔགས་དང་རྡོ་རྗེ་ཐོ་བས་གཏོགས་ལ་སོད་ཅིག །ཅེས་པའི་དམོད་པ་བྱ། གོང་གི་མཁར་བ་རང་སྔགས་དང་བཅས་པས་བརྡུང་བར་བསད་པ་ལྟར་བྱས་ལ། དེ་ནས་བྲུབ་ཁུང་དུ་གཞུག །དེ་ནས་རྦད་པ་བསད་པ་སྤེལ་མར་བྱ། ཞེས་པས། གཉིས་པ་ཡུངས་ཀར་ཐལ་ཆེན་གྱི་ཐུན་ནི། དམར་པོ་སྔགས་རྒྱུད་ལས། སྲིན་པོ་མ་རུ་རྩེའི་སྔགས་དང་མིང་བྱང་ལ་བརྡེག །དྲག་པོ་དག་ནི་བརྡེག་པར་བྱ། །ཞེས་དང་། སྙན་བརྒྱུད་ལས། རྫས་ནི་ཡུངས་ཀར་ཐལ་ཆེན་གྱིས། །ར་དང་ལིདྒ་དག་ལ་བྲབ། །སྔགས་ནི་ཤྲཱི་མཉྫུ་དང་། །རྣལ་མ་རྣམ་ཏེའི་སྔགས་རྣམས་བཟླས། །དེ་ཡི་བསམ་རྒྱུད་ཏིང་འཛིན་གྱིས་ནི། །ལོ་ཏོག་དག་གམ་མེ་ཏོག་ནི། །སད་ཀྱི་ཁྱེར་བ་ལྟ་བུ་སྟེ། །བཀྲག་མདངས་དང་ནི་མདངས་ནི་ཉམས། །ཞེས་པས་ཐུན་དངོས་ནི། མདོ་རྩ་བར། དེ་ཡང་དུག་དང་བསྭེ་ཐུན་དང་། །ཞེས་པ་དང་། སྔགས་རྒྱུད་ཀྱི་དྲག་པོ་བདག་གིས་བརྡེག །ཅེས་པའི་དོན། གཙོ་བོ་བསྭེ་གསུམ་གྱི་རྒྱུད་བསྐུལ་ཏེ། ལྷ་བཞི་ལ་སོགས་འཁོར་མངགས་གཞུག་ལས་དྲག་པོ་ལ་བསྐུལ་བ་ཡིན་པས། ཨེ་མ་ཧོ། བྱང་ཆུབ་སེམས་དཔའ་ནི། །ཞེས་དང་། བྱང་ཆུབ་ཀྱི་སེམས་ཉིད་ལ་ངོམས་ཤིང་ངོ་མཚར་ཞིང་གསལ་བའི་ངང་ནས། རང་ཉིད་ཕྱག་རྒྱར་གསལ་བའི་ང་རྒྱལ་དང་ལྡན་པས། ལྷར་གསལ་བ་ནི། དྲེགས་པ་དབང་སྡུད་ཀྱི་རྒྱུ་ལས། མཚན་མ་ལྷ་ཡི་སྐུ་བསྒོམ་ཚད། །ལྷམ་མེ་ལྷན་ནེ་ལྷང་ངེ་གསུམ། །ལྷམ་མེ་བ་ནི་མ་གདོས་པ། །ལྷན་ནེ་བ་ནི་མ་གཡོས་པ། །ལྷང་ངེ་བ་ནི་མ་བསྒྲིབ་པ། །མ་གདོས་སྣང་ལ་རང་བཞིན་མེད། །གཟུགས་བརྙན་ཆུ་ཟླ་ལྟ་བུའོ། །ཞེས་པ་ལྟར་རོ། །འདིར་བསྐྱེད་པ་ཨ་ནུ་དང་མཐུན་པས་དྲག་སྔགས་བརྗོད་པ་ཙམ་གྱིས་དྲན་རྫོགས་སུ་གསལ་བའོ། །ཨེ་ཞེས་པ་ཙམ་གྱིས་བྲུབ་ཁུང་ཡང་ངོ་། །མ་རུ་རྩེ་སྙིང་འཛིངས་ཀྱི་དྲག་སྔགས་ནས་བཤད་པའི། སྣང་སྲིད་རཀྟའི་གཞལ་ཡས་ནས། །ཞེས་པ་ལ་སོགས་ཀྱིས་བསྭེ་ཡབ་ཡུམ་གཉིས་བསྐུལ་ནས། སྲོག་འཕྲོག་པ་ཡི་ཆོ་ག །ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །ཞེས་པ་ལ་སོགས་ཀྱིས་བསྐུལ་བའམ། རྒྱས་པར་བྱེད་ན་སྨད་ལས་ཀྱི་སྐབས་སུ་ཞོན་པ་ཅན་བསྐུལ་ཟེར་བ་བཞིན་དུ། དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད། །ཅེས་པ་ལ་སོགས་བསྭེ་ཡི་སྐྱེས་བུ་ཡབ་ཡུམ་དང་། འཇམ་དཔལ་སྤྱན་གྱི་རོལ་བ་ལས། །ཡི་གེ་འབར་བའི་ཛཿཡིག་ལས། །ཞེས་པ་ལ་སོགས་མངགས་གཞུགས་བསྐུལ་ལ། དྲག་སྔགས་བཞི་བཅུ་པ་བཟླས་ཏེ་ཡུངས་ཀར་ཐལ་ཆེན་གྱིས་བྲབ། མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་བཀྲག་མདངས་ཉམས་པར་བསམ་ལ་ཁྲག་ཐིག་ལ་ཕོག །ཅེས་སོགས་བརྗོད། སྔ་འགྱུར་ཉི་མ་བདུན་བསྐོར་ལས། ཐུན་གྱི་སྐབས་སུ་བལ་མོ་དང་མ་མོ་བསྐུལ་ལ་ཁྲག་ཐུན་དབབ། ཅེས་པ་དང་། སྔགས་རྒྱུད་ཕྱི་མ་ལས། མཚན་ངན་ཐོད་པས་ཐུན་སྣོད་བྱ། །ཁྲག་སྣ་བརྒྱ་འམ་ཡང་ན་གསུམ། །ཐོད་པར་དུག་དང་བསྲེས་ལ་བླུག །ཅེས་པ་ལྟར། སྐབས་འདིར་ཁྲག་ཐུན་བརྡེག་ན། སྔ་འགྱུར་སྒྲུབ་ཐབས་ལས་བྱུང་བ་བཞིན། བལ་མོ་བསྐུལ་རྗེས་སུ། བར་འགྱུར་ནས་བྱུང་བའམ། དམ་ཉམས་འདི་ལ་ཁྲག་ཐུན་ཡ། །ཞེས་སོགས་རྐང་པ་དྲུག་གིས་འཕངས་པས། ཁྲག་གི་ཟེག་མ་རེ་རེ་ལ་ཁྲག་གི་མ་མོ་ཕྱག་ན་དུག་གི་གྲོད་པ་དང་མཚོན་ཆ་སྣ་ཚོགས་ཐོགས་པ་གྲངས་མེད་འཕྲོས། ཁྲག་ཐུན་མཚོན་ཆའི་ཆར་གྱིས་རྣམ་པར་ཤེས་པ་ནག་ཐུམས་ཐུམས་ལུས་སྲོག་བྲལ་བར་བསམ། དམོད་མོ་འདི་བཞིན་དུ་བརྗོད། དགྲ་བོའི་རྩ་རྒྱུས་ཆོད་ཅིག་ཅེས་པ་ལ་སོགས་བརྗོད་དོ། །སྔ་འགྱུར་ལས། བལ་མོ་བསྐུལ་རྗེས་སུ་བུད་མེད་ཀྱི་ཞབས་མའམ། འབོལ་ལམ། སྤེའུ་འམ། ཕེ་ཚེ་རོག་པོ་བརྡུང་ཞིང་བརྡེག །ཅེས་སོ། །གསུམ་པ་གཡང་གཞིའི་ཐུན་ནི། དམར་པོ་སྔགས་རྒྱུད་ལས། ལིང་ག་གོང་མ་དེ་བཅུག་ལ། །གཡང་གཞིའི་ཁུད་ན་བཞག་ནས་ནི། །དྲག་པོ་སྔགས་ཀྱིས་བརྡེག་པར་བྱ། །ཞེས་པ་དང་། སྙན་བརྒྱུད་ལས། གཡང་གཞིའི་བྲུབ་ཁུང་ཁ་ལ་བསྒྲལ། །དེ་སྟེང་མ་མོ་ཤ་ཁྲག་ལ། །འདུས་པའི་དཀྱིལ་འཁོར་བཞེངས་པས་ཏེ། །རས་དམར་གཡང་གཞི་རབ་བྱུགས་ཏེ། །རོ་སོལ་དག་གི་བྲུབ་ཁུང་ནི། །གྲུ་གསུམ་ཉིས་འགྱུར་བྲི་བར་བྱ། །དབུས་མ་ལ་ནི་གསུམ་པོ་ལ། །མདའ་གཞུ་འགེངས་པ་རེ་རེ་བྲི། །མདེའུ་རྩེ་དབུས་མའི་ནྲྀ་ལ་བསྟན། །ཞེས་པ་དང་། དེ་ཡང་རྫས་ནི་དྲག་པོ་དང་། །ཐལ་ཆེན་དག་གི་ཙ་ང་ཡི། །ཙིཏྟ་མིང་ཅན་དག་ལ་བྲབ། །ཅེས་པས། རྭ་སྒྲོལ་དང་སྦོལ་ནས་སོ་སོར་བསྒྲུབ་པའི་དབང་དུ་བྱས་ན། གོང་གི་ལིང་ག་ཙིཏྟའི་ནང་དུ་བཅུག །གཡང་གཞིའི་བྲུབ་ཁུང་དུ་བཞག་ལ་ཐུན་བརྡེག་པ་ཡིན་ལ། འདིར་ནི་སྔར་གྱི་བྲུབ་ཁུང་ན་ཡོད་པ་དེ་ཀ་ལ། སྔགས་བཞི་བཅུ་པས་དྲག་པོ་དང་ཐལ་ཆེན་གྱིས་བྲབ་བོ། །མ་མོ་འབུམ་ཕྲག་མཁའ་འགྲོ་དང་། །གིང་ཕྲན་འབུམ་སྡེ་ཐམས་ཅད་ཀྱིས། །ཤ་ཟ་ཁྲག་འཐུང་རུས་འཆར་བསམ། །ཞེས་སོ། །བྲུབ་ཁུང་བསྐུལ་བ་ནི། དམར་པོ་དྲག་སྔགས་གཏན་ལ་དབབ་པའི་མན་ངག་ལས་བྱུང་བའི། རྡོ་རྗེ་མེ་དཔུང་འཁྲུགས་པའི་དཀྱིལ་འཁོར་ནས། །ཞེས་པ་ནས། གཟུགས་ཕུང་ཟུངས་ཤིག་རེ་ཏྲི་མ། །ཞེས་བརྗོད་ལ་བྱད་ཐག་གིས་བཅིངས་པར་བྱའོ། །ཕུར་ཐུན་ནི། དམར་པོ་སྔགས་རྒྱུད་ལས། དེ་ནས་ཕུར་བུ་བཞེངས་གསོལ་ཏེ། །གོང་དུ་བསྟན་པ་བཞིན་དུ་གདབ། །དྲག་པོ་དག་གི་མང་དུ་གདབ། །ཞེས་དང་། སྙན་བརྒྱུད་ལས། རྫས་ནི་ཕུར་བུ་སོར་བརྒྱད་ལ། །སྲས་མཆོག་ཡ་མ་རཱ་ཛ་བསམ། །དགུང་ལ་ཐོག་ཐོག་དག་གིས་བསྐུལ། །ཞེས་པ་དང་། མདོ་རྩ་བར། རྣལ་མའི་སྔགས་ཀྱིས་ཕུར་པ་གདབ། །ཅེས་པ་དང་། ཀླད་པ་སྙིང་དང་དཔུང་པ་དང་། །ལྟེ་བ་ཡན་ལག་ལྔ་རྣམས་ལ། །ཕུར་པ་གདབ་པ་རྫོགས་པར་བྱ། །ཞེས་པས། ཕུར་པ་སོར་བརྒྱད་པ་གཅིག །སོར་བཞི་པ་བཞིའི་དང་པོ་སྙིང་སྣ་ལྕེ་གསུམ་ལ་གདབ། གཉིས་པ་མིག་གཉིས་རྣ་བ་གཉིས་དང་བཞིར་གདབ། ཡང་ཕུར་པ་གཅིག་གིས་བྱེད་ན། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་སྟོད་ཡ་མ་རཱ་ཛར་བསྒོམ། སྨད་བདུད་ཀྱི་བུ་མོ་ཁྲམ་བདག་མོར་གསལ་བ་ཟེར་བས། དེ་ལྟ་བུ་འདྲིལ་ཞིང་དགུང་ལ་ཐོག་ཐོག་གིས་བསྐུལ། ཤྲཱི་མཉྫུ་ལ་རྣལ་མ་བཏགས་པའི་མཇུག་ཏུ་ཆེ་གེ་མོ་བཛྲ་ཀཱི་ལི་ཀཱི་ལ་མཱ་ར་ཡ་ཕཊ། ཅེས་སྒོ་ལྔ་ལ་བཏབ་པའི་མཐར་སྙིང་ལ་གདབ། ལྕགས་གཟེར་བཏབ་པ་གཞིན་དུ་བསམ། རྒྱས་པར་མིག་རྣ་ལ་འདེབས་པའི་ཚེ་སྲོག་ཟན་བཞི་བསྐུལ་བ་ཡང་བཤད་དོ། །འདས་མདོ་ལེའུ་བཅུ་གསུམ་པ་ནས་བཤད་པའོ། །མགོ་ལ་ཐོབ་ཅེས་སོགས་ཀྱི་དམོད་པ་བྱ། དེ་ཉིད་ལས། གནོད་སྦྱིན་དྲེགས་པའི་དམོད་པ་འདིས། །ལྷ་དབང་རྒྱལ་པོ་བརླག་པར་འགྱུར། །བསྟན་པའི་དགྲ་བོ་སྨོས་ཅི་དགོས། །ཞེས་སོ། །ལྔ་པ་རྩང་ཐུན་ནི། དམར་པོ་སྔགས་རྒྱུད་ལས། བཟླས་པའི་བསྙེན་པ་རྫོགས་པ་དང་། །རའམ་ཁ་མཚུལ་མིག་གཉིས་རྩོམ། །ཞེས་དང་། སྙན་བརྒྱུད་ལས། རྫས་ནི་རྩང་དམར་སོར་བརྒྱད་པ། །ཨེ་ཀ་ཛཱ་ཏིར་བསྒོམ་བྱས་ལ། །ཡུམ་གཅིག་མ་མོ་བསྐུལ་བར་བྱ། །སར་ནི་ཕུར་པའི་དྲུང་དུ་གདབ། །སོར་བཞི་པ་ཡི་རྩང་བཞི་ལ། །བསྭེ་མོར་བསམས་ལ་བསྐུལ་བྱ་ཞིང་། །མིག་གཉིས་རྣ་བ་གཉིས་ཀྱིས་ནི། །ཕུར་པའི་རྩ་རུ་གདབ་པར་བྱ། །ཏིང་འཛིན་དབང་པོ་བཏོན་པའམ། །དབང་པོ་ཉམས་པར་བསམ་པར་བྱ། །ཞེས་པས། མ་མོ་བསྐུལ་བ་ནི། མཱ་ར་ཁྲག་སྐྱུག་དྲག་སྔགས་ལས། རླུང་ནག་འཚུབ་མའི་ནང་ཤེད་ན། །ཞེས་པ་ནས། རྩང་ཕུར་བུ་ཡུག་ཆར་ལྟར་ཕོབ། །ཅེས་རྩང་སྔ་མ་གདབ། བསྭེ་མོ་བསྐུལ་བ་ནི། སྔ་འགྱུར་སྒྲུབ་ཐབས་མན་ངག་ལས། བལ་ཡུལ་ནི་ཡང་ལེ་ཤོད་ཅེས་པ་ནས། སྙིང་ཁྲག་ནི་ཕོ་ལ་ཐོངས། ཞེས་རྩང་ཕྱི་མས་གདབ། དབང་པོ་བཏོན་པའམ་ཉམས་པར་བསམ། བཞི་བཅུ་པའི་སྤུ་གྲི་མཱ་ར་ཡ་ཕཊ། ཅེས་སོ། །འདིའི་སྐབས་སུ་བྲུབ་ཁུང་བསྐུལ་བ་འཐད་དེ། ཨེ་སྟོང་པ་མཚོན་ཞིང་། བྱད་ཐག་གིས་བསྒྲིལ་བ་ཡང་འབྱུང་བ་བསྡུད་པའི་རྣམ་པ་ཅན་ཡིན་པས་སོ། །དེས་ན། དམར་པོ་སྔ་འགྱུར་མན་ངག་གི་ཐེམ་ཡིག་ལས། དེ་ནས་ལིང་གའི་ཚེ་སྲོག་དྲངས་པའི་ཕྱིར། བདུན་རྩི་ཐལ་སྦྱོར་གྱི་སྔགས་དང་ཕྱག་རྒྱ་བཅས་ལ། ཨཱོྂ་ཨ་ཡུ་ཥེ་ཤི་ཀྲ་མ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་སྤྱང་ཀིའི་སྙིང་གར་བདུད་རྩིའི་ཕྱག་རྒྱ་བདག་གི་སྙིང་གར་བཅས་པས། བདག་གི་ལུས་ལ་ཚེ་སྲོག་དང་དབང་ཐང་ཐམས་ཅད་བདག་གི་ཐུགས་ཀར་ལྟེམ་གྱིས་ཐིམ་པས་བཀྲག་མདངས་གཟི་མདངས་ཐམས་ཅད་བདག་ལ་སྐྱེས་པར་བསྒོམ། ཁོ་ནི་ལྗོན་ཤིང་བཅད་པ་བཞིན་དུ་སྔོ་འདྲགས་ཀྱིས་སོང་བར་བསམ། ཞེས་པས། ལག་པ་ཐལ་མོ་སྦྱར་ཏེ་སོར་མོ་ཕྱིར་བསྐྱེད་ལ། མཐེ་བོང་གཉིས་བསྣོལ་ལ། གོང་དུ་བཤད་པ་བཞིན་བྱ། གཞན་ཡང་མདོ་རྩ་བ་ལས། ཐོ་བ་སྟྭ་གྲི་ལ་སོགས་པ། །དགྲ་བོ་དམིགས་པའི་རྟེན་ལ་བྲུབ། །ཅེས་པས། དེ་ནས་རལ་གྲིས་གཏུབ་ཚུལ་བྱས་ལ། འཇམ་དཔལ་རྣོན་པོ་དཔལ་གྱི་བཤན། །ཞེས་པ་ནས། ཉོན་མོངས་ཞེ་སྡང་མ་ལུས་བསྒྲལ་དུ་གསོལ། །དགྲ་བོ་མཱ་ར་ཡ། ཚལ་པ་ཚལ་པ་རྦད་རྦད། ཅེས་རྐང་པ་ནས་རིམ་པར་གཏུབ་སྟེ། ཆ་གསུམ་དུ་བགོས་ལ། ཆ་གཅིག་བསྟབ་པ་ནི། སློབ་དཔོན་ཆེན་པོས་མཛད་པའི། ཁྲག་འཐུང་འཇིགས་བྱེད་ཆེན་པོ་ཞེས་སོགས་གཙོ་བོའི་བསྟབ་པའི་མཇུག་ཏུ། འཁོར་གྱི་གཤིན་རྗེ་ཕོ་མོ་ལ། །ཞེས་པ་ནས། སྤྲུལ་པའི་དམག་ཚོགས་ད་རོལ་ཅིག །དེ་ནས་དམོད་བཅོལ་བྱ་སྟེ། སྒྲོལ་གིང་བདག་པོ་མ་རུ་རྩེའི་ཞལ་དུ་བསྟབ་བོ། །ཞེས་སོགས་དང་། གཤིན་རྗེའི་རྒྱལ་པོ་ཁྱེད་ཀྱི་ལྟོ་བ་ན་སྲིད་པ་གསུམ་པོ་ཡོད་དེ། ཞེས་པ་ནས། དཀོན་མཆོག་གསུམ་གྱི་ཁ་སྟོབས་སུ་མ་བཏང་བར་ཟོ་ཤིག་བརྗོད། འཁོར་གྱི་བསྟབ་པ་འདི་ཁ་ཐུན་འབྲིང་པོའི་ཏ་ནའི་སྐབས་ནས་བླང་ངོ་། །དམར་པོ་ཕྱི་འགྱུར་ལས། མཚམས་དང་ཚིགས་སུ་འོ་དོད་འབོད། །ཅེས་པ་ལྟར། མངོན་པའི་རྟགས་ཕྱུངས་ཤིག །ཅེས་སོགས་དང་། ངས་མ་ཉེས་སོ། །ཁོས་བརྒལ་ལོ། །ཁོས་ཉེས་སོ། །ཞེས་འོ་དོད་འབོད། གོང་གི་སྐབས་སྐབས་སུའང་དམོད་བཅོལ་གྱིས། འོ་དོད་བྱའོ། །དྲུག་པ་ཧོམ་ཐུན་ནི། དམར་པོ་སྔགས་རྒྱུ་ལས། སྐྱེར་པའི་ཧོམ་ལ་མེ་སྦར་ལ། །གཏོར་མ་ལིདྒ་ལྷག་མ་ཀུན། །དེ་དག་ཀུན་ལ་སྦྱིན་བསྲེག་བྱ། །ཞེས་པ་དང་། དམར་པོ་སྙན་བརྒྱུད་ལས། ཤར་ལྷོ་མཚམས་སུ་ཧོམ་ཁུང་བརྩིགས། །བཤན་པའི་ཁྱིམ་ནས་མེ་བླངས་ལ། །ཧོམ་དེ་ལ་ནི་བསྲེག་པར་བྱ། །ཏིང་ངེ་འཛིན་ནི་ཧོམ་དེ་དག །ལྕགས་ཀྱི་སྤྱང་མོ་མང་པོར་བསམ། །གཟས་པ་པོ་ནི་ཟོས་པར་བསམ། །དེ་ནས་བདུད་ཀྱི་ཉི་མ་ལ། །ཐལ་བ་རླུང་ལ་འཕྱར་ཏེ་བཏང་། །ཞེས་དང་། གཏོར་མ་དག་དང་སྦྱར་ནས་སུ། །མེ་ལྷ་རྣམས་ལ་མཆོད་པར་དབུལ། །ཞེས་པ་དང་། དམར་པོ་མདོ་རྩ་བ་ལས། ཐུན་གྱི་བྲབ་པ་རྗོགས་པ་དང་། གདུག་པ་ལྷོ་ཡི་ཧོམ་ལ་བསྲེག །ཅེས་པ་དང་། འདས་མདོ་ལས། ཕུར་བུ་ཐེབས་དང་ལས་རྫོགས་ནས། །མེ་ཡི་དཀྱིལ་འཁོར་བསྐྱེད་བྱས་ཏེ། །གདུག་པའི་ཤིང་ལ་དྲག་པོས་བསྲེག །ཧོམ་སྒྲུབ་མེ་ཡི་གབ་གཏེར་ཡིན། །ཞེས་པ་དང་། ཡང་མདོ་རྩ་བར། མ་ཏྲཾ་ཚུལ་བསྐོར་ཧོམ་གྱི་ལས། །མ་ཧཱ་དེ་བའི་སྙིང་གར་བཅའ། །ཞེས་དང་། སྔ་འགྱུར་དམར་པོ་བདུན་སྐོར་ལས། ཧོམ་གྲུ་གསུམ་དུ་བཙལ་ལ། ཧོམ་དེ་ཉིད་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་གཅིག་ཏུ་བསྒོམས་ལ། དེའི་ཞལ་དུ་བསྟབ་པར་བསམ་མོ། །ཞེས་པ་དང་། ཡང་ཁྲག་གི་སྤྱང་མོ་མགོ་དགུ་འབུམ་གྱིས་གཟས་པ་པོ་ཟོས་པར་བསམ། ཞེས་ཀྱང་འབྱུང་ཞིང་། ལིང་ག་རྣམས་མཚོན་གྱིས་གཏུབ་ཅིང་ཧོམ་དུ་བསྲེག །དེ་ནས། ཧོམ་དུ་སྟོབ་བྱའི་ལྕེ་སྤྱང་ནག་མོ་ཁྲག་གི་རལ་པ་ཅན་ཁ་གནམ་ས་བར་སྣང་དུ་གདངས་པ། མཆེ་བ་གཙིགས་པས་ནད་ལྕེས་སྟོང་གསུམ་སྙབ་པ། གདུག་པའི་ང་རོས་སྤྱང་ངུས་དི་རི་རི་ཟེར་བ། སྡེར་མོ་ཟངས་མདོག་དམར་པོ་འདུག་པ། དགྲ་བོའི་རྣམ་ཤེས་ལ་སྡོད་ཅིང་ཟ་བ། སྡེར་མོའི་རྩེ་མོ་ལ་ལྕགས་ཀྱི་སྦར་ཤད་ཀྱིས་དགྲ་བོའི་ཙིཏྟ་ཕྱུངས་ཏེ་བར་མ་ཆད་པར་འོངས་ཏེ། གཙོ་བོ་ཡབ་ལ་བསྟབ་པར་བསྒོམ་མོ། །དེ་ནས་མཱཾ་སའི་དུད་པ་བཏང་ལ་འབོད་པ་ནི། དམར་པོ་བདུན་བསྐོར་ལས། ཀྱེ། སླུག་མོ་ལ་འབེན་བཅས་ཀྱིས། ཞེས་པ་ནས། ཕྲིན་ལས་བདག་མོར་གཤེགས་སུ་གསོལ། །བརྗོད། ཧོམ་བསྐུལ་བ་ནི། མ་གཡེལ་ཅི་བགྱིས་རྣམས་དང་སྲིན་མོའི་ཚོགས། །ཞེས་པ་ནས། མིང་པོ་རྡོ་རྗེ་ལས་མཛོད་ཅིག །རུ་རུ་ནས། ཤག་ཅེས་བརྗོད་ལ་ལིང་རོ་ཆ་གཅིག་ཧོམ་ཁུང་དུ་བསྲེགས་ལ། ཀྱཻ། སྤྱི་རུ་ནི་ཀྱེ་ད་རེ། ནང་དུ་འཁྲུགས་པ་རེ་ཞེས་པ་བྱས། སྔགས་འཆང་རྒྱལ་པོའི་ངོ་ནི་དམར་ནས། ཞེས་བསྲེག །མདོ་རྩ་བར། ཡུངས་ཀར་ཁྲག་ཐུན་ཧོམ་དུ་བསྲེག །ཅེས་པས། ཁྲག་ཐུན་འདིར་བརྡེག་པར་བཤད་པ་ལྟར་བྱེད་ན། ལིང་རོ་ཧོམ་དུ་བསྟབ་པའི་རྗེས་ལ་ཁྲག་ཐུན་རྡེག །མདོ་རྩ་བར། ཐལ་བ་སྤོ་མཐོན་རླུང་ལ་བསྐུར། །ཞེས་པས། དེ་ནས་ཐལ་བ་རི་རྩེ་ལུང་ལ་འཕྱར་རོ། །པྲ་བརྟག་པ་ནི། ཚོམ་བུར་བྱུང་ན་མི་ལེགས། དངོས་མེད་དུ་སོང་ན་ལེགས་སོ། །བདུན་པ་མནན་པའི་ཐུན་ནི། མདོ་རྩ་བ་ལས། རྡོ་རྗེ་རྒྱ་གྲམ་ཁ་གནོན་ལ། །ཀ་གདན་ཀླུ་གནས་མཁར་ཁ་སྒོ། །འབར་བ་ཨེ་ཡི་ལས་སུ་བཤད། །ཅེས་དང་། ཟོར་བ་དམར་ནག་གི་རྒྱུད་ལས། བཟླས་པའི་བསྙེན་པ་རྫོགས་པ་དང་། །ཚོན་སྐུད་སྣ་ལྔའི་བྱད་ཐག་གིས། །དེ་ཡི་ཁ་བཅིངས་སྔགས་བཏབ་ལ། །ཟམ་རྡུར་སྟོང་ལམ་ཆེན་པོ་དང་། །མཁར་ཆེན་པོ་ཡི་ཐེམ་རྩར་མནན། །ཞེས་དང་། དམར་པོ་སྔགས་རྒྱུད་ལས། ལན་གཅིག་དུར་ཁྲོད་དག་ཏུ་མནན། །ལན་གཅིག་རྒྱ་གྲམ་ལམ་དུ་མནན། །ལན་གཅིག་ཤྭ་གྲོགས་དག་ཏུ་མནན། །ཞེས་དང་། གནོད་སྦྱིན་དམར་པོའི་སྲོག་སྒྲུབ་ལས། མནན་པའི་ས་ལྔ་དག་ཏུ་མནན། །མཆོད་རྟེན་ནག་པོའི་འོག་ཏུ་མནན། །ཡང་ན་ནཱ་ག་ཀླུ་ལ་གཏད། །ཡང་ན་དུར་ཁྲོད་ནང་དུ་བསྐྱལ། །ཡང་ན་གྲོག་པོ་ཁ་རལ་ལམ། །མཁར་སྲང་འདུག་པར་སྦ་བར་བྱ། །དེ་ལྟར་བྱས་ན་གདོན་མི་ཟ། །ཞེས་པ་དང་། སྒྲོལ་གིང་དམར་པོའི་མན་ངག་ལས། དུར་ཁྲོད། ཤྭ་གྲོག །སུམ་མདོ། ལམ་རྒྱ་གྲམ་དང་བཞི། རང་གི་མལ་འོག་དང་ལྔ་ཡང་ཟེར། ཕྱི་འགྱུར་ཤོག་དྲིལ་དྲུག་པ་ལས། མནན་པའི་ས་ནི། སྟག་མོ་ཁག་གདངས། ལམ་རྒྱ་གྲམ། དྲེད་མོ་ལག་གདེངས་བྲག་དང་ཆུ་འཐབ་པ། སྟོང་ལམ་ཆེན་པོ། ཟམ་རྡུར། འབྱུང་བའི་ཧྲུག །ཤྭ་འུད་མདོ། དཀོན་མཆོག་ཕོ་བྲང་ངོ་། །སྔགས་ཀྱི་ཞུབས་སུ་པྲ་མ་ཡ་ནན། ཞེས་བཏགས་སོ། །དམར་པོ་སྤྱི་ལ་བཤད་པ་ནི། ཧྲཱིཿཥྚི་བཞི་བསྐོར་གྱིས་མནན་པར་གསུངས་སོ། །འདི་དྲག་སྔགས་རྦད་ཆོད་ཡིན་པས། ཐམས་ཅད་འདི་རང་གི་བྱ་བར་གསུངས་སོ། །ཞེས་དང་། བར་འགྱུར་གཟེར་གྱི་མན་ངག་ལས། མནན་པའི་ས་ནི། ལམ་རྒྱ་གྲམ། ཧོམ་ཁུང་རྙིང་པ། ཐེམ་པའི་འོག །རི་གསུམ་རྩེ། ཆུ་གསུམ་གཞུང་། གནོད་སྦྱིན་འདུས་ས། དུར་ཁྲོད་ནང་། མཆོད་རྟེན་འོག །ཟམ་རྡུར། དེ་རྣམས་སོ། །ཞེས་པ་དང་། མདོ་རྩ་བ་ལས། དུར་ཁྲོད་དབུས་སམ་ཀ་བརྟེན་འོག །མཁར་ཁང་གནས་སམ་ཀླུ་ནག་གནས། །ཤིས་པའི་ས་རུ་མནན་པར་བྱ། །ཞེས་དང་། མ་རུ་རྩེའི་སྔགས་རྒྱུད་ཕྱི་མ་ལས། འཁོར་ལོ་ཐོད་པ་གཡང་གཞི་ལ། །སྔོ་དམར་ལྕགས་ཐག་མཁར་ནག་དཀྲིས། །ལ་ཆའི་རྒྱ་ཐམ་རེ་བས་དྲིལ། །ཐལ་བའི་རྒྱ་ཐམ་ཞབས་མས་དྲིལ། །རྒྱ་ནི་རྡོ་རྗེ་རྒྱ་གྲམ་གདབ། །ཚིག་ཆད་སོང་འདྲ། དཀྱིལ་དུ་ལཾ་བྲི་རི་རབ་བསྐྱེད། །མནན་པའི་གནས་ནི་གསུམ་གསུམ་སྟེ། །ནཱ་ག་གནས་པའི་ཕོ་བྲང་དང་། །མཁར་སྲང་འདུས་པའི་སྒོ་སྲང་རུ། །ཤྭ་གྲོག་སུམ་མདོ་དག་ཏུ་མནན། །གནོད་སྦྱིན་གནས་པའི་མདུན་སྲང་ངམ། །རྒྱ་གྲམ་ལམ་གྱི་བཞི་མདོའམ། །དུར་ཁྲོད་ཆེན་པོའི་གཏིང་དུ་སྦ། །མཎྜལ་ཆེན་པོའི་གཏིང་དུའམ། །ཡང་ན་ཧོམ་ཁུང་སྟེང་དུ་སྦ། །ལྷག་མ་རླུང་ལ་འཕྱར་ཏེ་བཏང་། །གཤིན་རྗེ་འབར་བའི་ལྷ་ཚོགས་དང་། །གནས་ཀྱི་བདག་པོ་ཉིད་ལ་གཏད། །སྔགས་བཟླས་ལོག་པའི་སྨོན་ལམ་གདབ། །ལཾ་ལས་གསེར་གྱི་རི་རབ་སྟེ། །དེ་བཞིན་གཤེགས་པའི་ཕོ་བྲང་གདབ། །བྱང་ཆུབ་མྱུ་གུ་མ་སྐྱེས་པར། །སུས་ཀྱང་གཏོར་བར་མི་འགྱུར་རོ། །ཞེས་དང་། སྔ་འགྱུར་སྒྲུབ་ཐབས་ལས། རེ་བའི་ནང་དུ་བསྟུམ་ལ་མཁར་ནག་དང་སྔོ་དམར་གྱིས་དཀྲིས་ལ། དེ་ནས་བྲག་ཁ་རལ་གྱི་བར་རམ། ཡང་ན་ཁྲོམ་ཆེན་པོའི་ལམ་མདོའམ། ཡང་ན་ཟམ་རྡུར་གྱི་འོག་གམ། ཡང་ན་ལྷ་ཁང་གི་སྒོའམ། ཕྱི་རོལ་ལམ། ཡང་ན་ཤྭ་གྲོག་ཆེན་པོའི་མདོའམ། ཡང་ན་རི་བྱང་ཤར་མཚམས་སུ་བལྟས་པའི་ས་ནག་བྲག་ནག་གམ་བྱ་མ་ནག་པོ་ཡོད་པའམ། སྐྱེར་པ་ནག་པོ་ཡོད་པའམ། ནེའུ་སེང་ལིང་ལིང་ཡོད་པར། ས་འདོམས་གང་བྲུས་ལ་དེར་གཞུག །དེའི་སྟེང་དུ་གཏོར་མ་གཅིག་བླུག །དེའི་སྟེང་དུ་རི་རབ་ཀྱི་གཟུགས་བྲིས་ལ་མནན་ནོ། །ཞེས་པ་དང་། སྙན་བརྒྱུད་ལས། དེ་ལྟ་བུ་ཡི་མནན་པ་དེར། །དོང་ནི་གྲུ་གསུམ་བྲུས་བྱས་ཏེ། །རྩེ་མོ་དགྲ་ཕྱོགས་བསྟན་པར་བྱ། །ཟུར་གསུམ་སྒྲོལ་གིང་མ་རུ་རྩེ། །བྱེ་བ་གུང་རིངས་བདུད་པོ་དང་། །རལ་པ་ཚལ་དགུ་གསུམ་བསྐྱེད་ལ། །དེ་གསུམ་གྱི་ནི་དབུས་དག་ཏུ། །གོང་གི་སྣང་སྲིད་ལྷ་འདྲེ་ལ། །དཔང་གཟུགས་གཏོར་མ་བཏང་བར་བྱ། །ལས་ཀྱི་གཤིན་རྗེ་དེ་རྣམས་ལ། །གཉེར་གཏད་དྲག་ཏུ་ལས་བཅོལ་ལོ། །རོ་གཡམ་དག་ལ་ཕྱོགས་གཅིག་ཏུ། །རི་རབ་གླིང་བཞི་བྲི་བར་བྱ། །ཕྱོགས་གཅིག་རྡོ་རྗེ་རྒྱ་གྲམ་བྲི། །དེ་ཡིས་དོང་ཁ་བཅད་པར་བྱ། །དེ་ཡི་སྟེང་དུ་སས་གཡོགས་ལ། །ཕྲིན་ལས་རྣམ་བཞིའི་བྲོ་བྱའོ། །ཞེས་པ་ལྟར་མནན་ལ། དེ་ཡི་ཕྲིན་ལས་བཅོལ་བ་ནི། སྔ་འགྱུར་ནས་འདི་ལྟར་འབྱུང་སྟེ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད། །ཡ་མཚན་ཆེ་ལ་རྨད་དུ་བྱུང་། །ཞེས་པ་ནས། འཇིག་རྟེན་མི་ཡུལ་སྐད་ཅིག་ལ་འདི་ལྟ་བུར་ཤོག་ཅིག །ཅེས་བརྗོད་དོ། །ཕྲིན་ལས་བཞིའི་བྲོ་སྤྱི་ལྟར་བྱའོ། །ཡང་འདི་ལ་ཐེ་ཚོམ་མི་ཟ་སྟེ། དོན་ལ་ཐེ་ཚོམ་མི་ཟ་བར། །སྤུ་གྲི་རྒྱབ་ལྟར་དྲག་ཏུ་ཆོད། །ཆོད་མི་ཆོད་ཀྱི་ཐེ་ཚོམ་མེད། །ཅེས་སོ། །འདི་སྣོད་མིན་ལ་མི་སྤེལ་ཏེ། སྔ་འགྱུར་གཏད་རྒྱ་ལས། བཀའ་རྐུན་དམ་ལོག་དམ་ལ་མི་གནས་དང་། །སྲབ་ལ་འཕྱར་ཞིང་དམ་ཚིག་ཉམས་པ་དང་། །ཚིག་གཅིག་ཙམ་ཡང་སྦྱིན་པར་མི་བྱ་སྟེ། །ཞེས། སྒྲོལ་གིང་བསྭེ་མོ་དཔང་དུ་བཙུགས། སྲོག་རྩ་སྐེམ་པར་ཤོག །ཙམ་མོར་སྨོས་སོ། །འདིའི་རྗེས་སུ་ཟོར་དང་། ཚེ་ཆོག་བྱ་སྟེ། སྙན་བརྒྱུད་ལས། བྱང་ཕྱོགས་ཁྲག་གི་བྷན་དྷ་ལས། །ཁྲག་སྣ་སྙིང་སྣ་དུག་སྣ་གསུམ། །ལིང་ག་གསུམ་ཆ་པོ་བླུགས་ལ། །ཟོར་གྱི་ཆོ་ག་བྱས་ནས་ནི། །ཟོར་དེ་དགྲ་ཕྱོགས་དེ་རུ་འཕང་། །ཟོར་ལ་པྲ་ཡང་བརྟགས་པར་བྱ། །དེ་ནས་ལྷོ་ཡི་ཚེ་བུམ་ལ། །རྡོ་རྗེའི་ཚེ་ནི་མི་ཉམས་ཕྱིར། །ཚེ་ཆོག་བྱ་ཞིང་ཚེ་དབང་བསྐུར། །བསྟིམ་ཞིང་བཀྲ་ཤིས་བརྗོད་པར་བྱ། །ཞེས་པ་ལྟར་རོ། །འཁྲུལ་རྟོགས་བཅོས་བསླད་ཀྱི་སྤྲིན་ཕུང་འཁྲིགས་པས། །ཡིན་ལུགས་བཅོས་མེད་ཀྱི་ནམ་མཁའ་བསྒྲིབས་ཏེ། །མེད་པ་གསལ་སྣང་གི་ཆར་གྱིས་བརླན་ན། །སྤྲོས་ཅན་དགའ་བ་ཡི་ལོ་ཐོག་བསྐྱེད་མོད། །རྣམ་རྟོག་ཁྲོ་བོ་ཡི་འདུ་འཕྲོ་མང་ཡང་། །སྔ་འགྱུར་བཅོས་མེད་ཀྱི་ཤེས་དཀར་ངོས་ལ། །གཟུ་ལུམ་རས་ཆོད་ཀྱིས་སོལ་བྲིས་མ་བགྱིས། །རྣམ་གསུམ་ཚད་མ་ཡི་དཔང་པོ་བཙུགས་སོ། །གཉུག་མ་གནས་ལུགས་ཀྱི་རང་ཞལ་བལྟས་ན། །རང་ལས་ཕྱི་རོལ་དུ་བལྟ་འདོད་མཚང་ཆེ། །གཅེས་ཕྲུག་ཚ་བ་ཡི་ནད་ཀྱིས་གཙེས་ན། །བསིལ་སྨན་གཡའ་རི་ལས་གཞན་དུ་མ་ཚོལ། །འདི་ལ་ཤེས་འདོད་ཀྱི་ཤེས་ལྡན་མཛའ་བོ། །ལམ་འདི་མ་ནོར་གྱི་མ་བཅོས་ཞུགས་དང་། །མྱུར་དུ་མངོན་སྤྱོད་དེ་མངོན་པར་གྲུབ་སྟེ། །རང་གཞན་བདེ་བ་དེ་བདེ་བླག་འགྲུབ་བོ། །བློས་དཔྱད་ནས་བརྩམས་པའི་ཚད་དང་མི་ལྡན་པས། །དེ་ཡི་ཕྱིར་བླ་མའི་གསུང་དང་ལུང་ཚད་མར་བྱས་པའི། །རྔོག་པ་བསོད་ཤེའི་བརྗེད་བྱང་ལགས་སོ།། །།ལྷ་རྗེ་དམ་པ་འགྱུར་མེད་རྡོ་རྗེའི་སྡེའི། །ཕྱག་དཔེ་སྙོམས་ལས་བློ་གསལ་རྒྱ་མཚོས་བྲིས། ༈ །ལྔ་པ་ཟབ་མོ་རྫོགས་རིམ་གྱི་སྐོར་ལ་དཔེ་ཚན་གསུམ་ཡོད་ཅིང་ནང་གསེས་ཀྱི་དབྱེ་བ་མང་བས་ཨངྐིས་མཚམས་ལེགས་པར་ཕྱེས་ནས་ཡོད་ལ། །


previousདཔལ་འབར་དབང་ཕྱུག་གི་སྨད་ལས་སྒྲོལ་བའི་མཱ་ར་ཡའི་རྣམ་བཤད་ཐེ་ཚོམ་བསལ་བའི་བརྗེད་བྱང་དང་བཅས་པ།next