Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ཕྲ་མོ་ཀློང་དགུའི་འགྲེལ་པ།
   
   
   


 
previousཕྲ་མོ་ཀློང་དགུའི་འགྲེལ་པ།next

ཕྲ་མོ་ཀློང་དགུའི་འགྲེལ་པ།

ཕྲ་མོ་ཀློང་དགུའི་འགྲེལ་པ་བཞུགས་སོ། །རིག་པ་རང་རིག་ཆོ་འཕྲུལ་ཟད། །ཅེས་པའི་སྐབས་སུ་འདི་ལྟར་ཤེས་པར་བྱ་སྟེ། ཆོས་ཉིད་ཐམས་ཅད་རང་རིག་ཡིན་པར་ཐག་ཆོད་པའི་དུས་ན་ཆོས་ཉིད་ལ་བློ་གཏད་ཅིང་ཉམས་སུ་བླངས་ཏེ་བསྒོམ་པ་དང་། རྟོག་པ་དང་མཚན་མ་དགག་ཅིག་སྤྱད་མི་དགོས་ཏེ། འོ་ན་མ་སྒོམ་པས་ཆོས་ཉིད་གསལ་དུ་ཇི་ལྟར་བཏུབ་ན། མ་འགགས་པ་མ་ཡེངས་པ། མ་སྤངས་པར་རྟོགས་པས་ཇི་ལྟར་དག་ཞེ་ན། ཆོས་ཐམས་ཅད་སེམས་སུ་གསལ་བར་འདུ་ཤེས་པའི་དུས་ན། སེམས་སུ་མཐོང་བ་ལས་གཞན་དུ་ཡེ་མ་མཐོང་བས། གང་ལ་བལྟས་ཀྱང་སེམས་ཉིད་དུ་མཐོང་བས། དོན་དེ་དང་མ་བྲལ་བས། ཆེད་དུ་མ་བསྒོམ་པས་ཆོས་ཉིད་དུ་གསལ་དུ་བཏུབ་བོ། །རྣམ་པར་རྟོག་པ་མེད་ཅིང་ཆོས་ཉིད་སྣང་ཡང་། སེམས་ཉིད་དུ་རང་གསལ་བ་ལས་སེམས་ལས་གཞན་དུ་འཛིན་པའི་བློ་སྐྱེས་པ་མེད་པས་རྟོགས་པ་ལ་སྐྱེ་བ་མེད་ཅིང་། མ་སྤངས་པར་དག་ཏུ་བཏུབ་བོ། །དོན་དེ་ལ་གནས་པའི་དུས་ན་ཡུལ་གྱི་མཚན་མ་ཅི་སྣང་ཡང་། གནོད་ཅིང་འཚེ་བས་གཡེང་བར་མི་འགྱུར་ཏེ། མཚན་མར་སྣང་བ་ཉིད་དུ་མཐོང་ཡང་མཚན་མར་མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་སེམས་སུ་སྣང་ཞིང་གསལ་བའི་ངང་ནས། གཞན་དུ་མི་གཡོ་བར་འཇུག་པའི་དུས་ན། བྱ་བཙལ་གང་ཡང་མེད་དེ། བྱ་བ་དང་བྲལ་བར་གནས་པས་གྲོལ་བར་འགྱུར་རོ། །ངེས་ཚིག་བསྟན་པ་ཨཐྎ། འཇམ་དཔལ་དམར་པོའི་དོན་མཐོང་བའོ། །ཞེས་པའི་སྐབས་སུ་དེ་ལྟར་ཡུལ་ཅི་སྣང་སེམས་སུ་སྣང་ལ། བློ་ཅི་སྐྱེས་སེམས་སུ་སྐྱེ་ན་དུས་ཐམས་ཅད་དུ་དགོངས་པ་ཆོས་ཉིད་ལས་གཞན་དུ་མི་གཡོ་བ་ཡིན་ནོ། །དེ་ལྟར་ཐམས་ཅད་སེམས་སུ་གསལ་བ་ལས། བློ་གཞན་དུ་མི་འགྱུར་བ་ནི་ཡེ་ཤེས་ཡིན་ནོ། །དེ་ལྟར་གསལ་བའི་རྣལ་འབྱོར་པ་དེ་ཡི་སྤྱོད་ཡུལ་དུ་ཅི་བྱུང་། ཅིར་སྣང་ཐམས་ཅད་སེམས་ཀྱི་སྐུར་གསལ་བས། ཅིར་སྣང་ཐམས་ཅད་བསྒོམ་པའོ། །རང་བྱུང་རང་ཞི་ནམ་མཁའི་སྤྲིན། ཞེས་པའི་སྐབས་སུ། དེ་ལྟར་ན། ཆོས་རྣམས་ཐམས་ཅད་སེམས་ལས་མ་གཏོགས་པ་མེད་ན་འདུ་ཤེས་གཞན་ལ་ཅི་ལ་སྐྱེ་སྟེ། མི་སྐྱེ་ན་ཡུལ་དུ་རྟོག་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་ཡིན་ནོ། །དེ་ལྟར་གང་གི་ཕྱོགས་ན་གནས་ཀྱང་། སེམས་སུ་གསལ་བས་སེམས་ལ་བློ་གཏད་ཅིང་ངོས་བཟུང་དུ་མེད་དོ། །རྟོག་པ་དང་མཚན་ཉིད་སེམས་སུ་གསལ་བས་རྟགས་དང་མཚན་མ་ལ་སྐྱོན་དུ་ལྟ་བ་དང་། རྟོག་པར་མཐོང་བ་མེད་པས་རྟོག་པ་ཉིད་བསྒོམ་པའོ། །དང་པོ་ཅི་སྣང་ཞིང་ཉམས་སུ་མྱོང་བ་དང་། སྤྱོད་པ་ཅི་བྱེད་པ་ཐམས་ཅད་སེམས་སུ་གསལ་བར་མཐོང་ཞིང་སེམས་སུ་གསལ་བ། ཅི་བྱེད་ཅི་སྣང་། ཅི་མྱོང་ཐམས་ཅད་བསྒོམ་པར་མ་གྱུར་པ་མེད་པས། ཆེད་དུ་བློ་གཏད་ལ་སྒོམ་དུ་མེད་པར་པདྨས་འདིར་ལུང་བསྟན་པའོ། །ཆོས་ཉིད་ལས་དུས་གསུམ་དུ་བློ་གཞན་དུ་མི་གཡོ་ཞིང་། གཡོ་བ་མེད་པ་དེ་ལ་བསྒོམས་པས་ཀྱང་གསལ་བར་མི་འགྱུར་ན། མ་བསྒོམ་པས་ཀྱང་ཆོས་ཉིད་གསལ་ལ་མ་སྦྱངས་ཀྱང་སྒྲིབ་པ་འབྱོང་ངོ་ཞེས། དངོས་པོའི་གནས་ལུགས་དེ་ལྟར་དུ་ཡིན་ཡང་། མ་དག་པའི་འཁྲུལ་པ་སྦྱང་བའི་ཕྱིར་རོ། །དངོས་པོ་ལ་དགག་སྒྲུབ་མེད་པར་བསྟན་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་སྣང་བས་སྣང་བའི་ངོ་བོ། བྱང་ཆུབ་སེམས་ལས་གཞན་པའི་སེམས་མེད་པས་སངས་རྒྱས་ཡང་བྱ་དཀའ་ནས་མ་གྲུབ་སྟེ། རང་བྱུང་ཡེ་ཤེས་མ་ཡིན་པའི་ཆོས་མེད་དེ། དེ་ལས་གཞན་དུ་གང་ཡང་མ་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ལྟར་གནས་པས་དངོས་མ་ནོར་བར་གནད་ལ་འབེབས་པ་དངོས་པོ་དགག་སྒྲུབ་མེད་པའི་གཟེར་རོ། །གནས་ལུགས་ཇི་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་གང་སྣང་ཡང་ཆོས་ཉིད་དུ་རང་ཤར་བས་ཕྱོགས་གཅིག་ཏུ་འདོད་པ་མེད་པ་ནི་མིན་པ་མེད་པ་སྟེ། ལྟ་བ་མིན་པ་མེད་པའི་གཟེར་རོ། །གང་ཡང་སེམས་སུ་སྣང་བ་ཅི་སྐྱེས་སེམས་སུ་སྐྱེ་ཞིང་། ཅི་མཐོང་ཆོས་སྐུར་མཐོང་བ་ལས་མ་གཏོགས་པར་རང་རྒྱུད་པར་མ་མཐོང་སྟེ། དེ་ལྟར་ན་སྣང་བ་འགོག་གམ་མི་འགོག་ཞེ་ན་མི་འགོག་སྟེ། རིན་པོ་ཆེ་གསེར་གླིང་ན་རྡོ་མེད་པ་བཞིན་དུ། གསེར་ནང་གསེར་གཅིག་ལ་དབྱིབས་མ་ངེས་ཀྱང་། གསེར་རྒྱུ་གཅིག །དེ་བཞིན་དུ་སྣང་བ་ལོག་རྟོག་འཁྲུལ་པར་སྣང་ཡང་། རང་བྱུང་གི་ཡེ་ཤེས་ཡིན་ཏེ། རང་བྱུང་ཡེ་ཤེས་ལས་གཞན་མ་ཡིན་པའི་ཆོས་མེད་པ་ནི་ཡིན་པ་མེད་པའི་ལྟ་བའོ། །སྟོང་ཉིད་སྤྲོས་དང་བྲལ་བའི་སྐུ། །ཞེས་པའི་སྐབས་སུ། ཐེག་པ་ཐམས་ཅད་ཀྱི་སྒོ་མོ་ཟུར་ཙམ་རྒྱས་པར་སྦྱར་ཏེ། སྒོ་མོ་ཀུན་ཏུ་བསྡུས་པའི་མན་ངག་གིས། །སྤྲོས་ཆོད་འདོད་པར་ཕྱིན་པའི་ལམ་གྱི་བར། །ཆོད་གོམས་པ་མེད་པའི་བུ་ཐོབ་པའོ། །ཞེས་གྲུབ་པར་ངས་བསྟན་པའོ། །རྣམ་གྲོལ་ཡེ་ཤེས་བསྐྱེད་པར་མཛད། །ཅེས་པའི་སྐབས་སུ། ལྟ་བའི་ཐོག་ནས་བསྒོམ་པ་བཙལ་བས་ཅི་ལ་ཡང་མི་གནས་པར་གསལ་བའི་ལྟ་བ་ཡིན་པ་ལ། སྒོམ་ཐོག་ནས་ལྟ་བ་བཙལ་བ་གང་། དམིགས་བྱས་ཀྱི་ལྟ་སྒོམ་རིམ་སྤྱོད་མེད་པའི་སྤྱོད་སྤྱོད་ཆེན་པོ་སྟེ། ཆོས་ཉིད་རིལ་པོ་དེ་ཡང་། བློས་བཏང་བཞག་མེད་པར་ཅི་ལའང་མི་བསྒོམ་པར་མ་ཡེངས་པ་ནི་སྒོམ་པ་ཡིན་ལ། མ་བཙལ་བར་རང་ལ་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི་འབྲས་བུ་ཡིན་པའོ། །ལྟ་སྤྱོད་འབྲེལ་བ་ལ་བགྲོད་ཅིང་ཆགས་པ་མེད་པ་ནི་ལམ་མ་ནོར་བའོ། །སྐྱོན་དང་གོལ་གྲིབ་མེད་པར་བསྟན་ན། གོམས་པར་འགྱུར་བའི་རྒྱུ་མེད་པའི་དབྱིངས་ན་གནས་པ་ནི་རུང་ན་འབྲས་བུ་ཆོས་སྐུ་བདེ་བ་ཐོབ་པར་འདོད་པ་ལས། འཁྲུལ་པའི་ཕྱིར་དྲེགས་པ་བསོད་ནམས་ཅན་དུ་སྐྱེ་བའི་གོལ་ས་བཅད་པས་དོན་ཟབ་མོ་འདི་བློ་ཐ་མའི་སྤྱོད་ཡུལ་མིན་པར་བསྟན་པའོ། །ལྟ་བ་འདིས་མ་ཟིན་ན་ནི་བདུད་རྩི་བཏུང་བར་བྱས་པས་དུག་ཏུ་འགྱུར་བ་བཞིན་དུ། རང་རྒྱུད་པས་ལས་ཀྱི་སྲིན་པོར་འགྱུར་ཏེ། མདོངས་པས་ནམ་མཁའ་སྙེགས་བཞིན་དུ། དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན་པར་ཐག་བཅད། བྱང་ཆུབ་སེམས་ལ་གཡོ་བ་མེད་པ་དེ། བྱར་མེད་དོན་གྱི་སྙིང་པོ་དེ་ཉིད་སློབ་དཔོན་ལུང་དང་ལྡན་པས་སློབ་མ་སྣོད་དང་ལྡན་པ་ལ་བསྟན་པས། དེའི་རྟོགས་ནས་འཚང་རྒྱ་བར་འགྱུར་བས་སྣོད་བསྟན་པའོ། །སྐུ་གསུང་ཐུག་ཀྱི་ངང་ཉིད་འདི་ཉིད་ལག་ཏུ་ལེན་ཅིང་དམ་ཚིག་བསྲུང་ན། ཅི་འདོད་བསམ་པ་བཞིན་དུ་འགྲུབ་བོ། །ཞེས་སོ། །ཨཐྎ། མ་གསལ་གཙོ་བོ་རྟག་ཏུ་བསྒོམ། །ཞེས་པའི་སྐབས་སུ་གནས་ཁང་རན་པར་ཁམས་བསངས་ཏེ། སྟན་བདེ་བ་ལ་ཤེས་པ་སོ་མ་ཆ་མཉམ་སྟེ་འཛིན་པ་མེད་པའི་སེམས་ལུས་ཀྱི་འདུག་སྟངས་ལེགས་པར་བྱས་ཏེ། སྣང་བ་མེད་པའི་ཆོས་ཉིད་ལ་རྩོལ་སྒྲུབ་མེད་པའི་སེམས་ཀྱིས། ལུས་ཀྱི་འདུག་སྟངས་ལེགས་པར་བྱས་ཏེ། སེམས་མ་བཙལ་བར་བཞག་སྟེ། བྱ་བ་བྲལ་མིན་ནམ་མཁའི་ངང་ལ་སེམས་ཀྱི་ཐ་སྙད་ཙམ་དུ་བསྒོམ་མོ། །དགག་སྒྲུབ་མེད་པར་ཤེས་པའི་ལྟ་བས་སྐྱོན་དབྱུང་བ་ཀུན་ངོ་ཤེས་པར་བྱ་བ། ཐུན་མཚམས་དང་བྲལ་བར་རིག་པའི་ཤེས་པས་ཐུན་ཚོད་བཟུང་ངོ་། །བཅོས་དགག་མེད་པར་རིག་པའི་ཤེས་པ་སྐྱོན་དབང་དུ་མི་བཏང་ངོ་། །དེ་ཡང་ཉེས་པ་འདོན་དུ་མེད་ཅིང་། བོགས་དབྱུང་དུ་མེད་པའི་ཤེས་པས་སོ། །རེ་དོགས་མེད་པའི་ངང་ལ་སེམས་མ་བཅོས་པའོ། །ཨཐྎ། དཔེ་ནམ་མཁའ་དང་། སྤྲིན་དང་། ཆུ་དང་། རྙོགས་མ་ལྟ་བུའོ། །ཞེས་པའི་སྐབས་སུ་འཁྲུལ་ཚུལ་གྱི་དཔེ། དཔེར་ན་ཆུ་དྭངས་པ་ལ་རྙོགས་མ་བྱུང་བ་ལ་ནོར་བུ་ཆུ་དྭངས་ཀྱིས་ཕྱེ་བའམ། ཡང་ན་རྙོགས་མ་ཅན་དེ་མ་བཅོས་པར་བཞག་པས་དྭངས་པ་ལྟར། རྟོགས་པ་ཅན་ཉིད་བླ་མའི་གདམས་ངག་གིས་བཏབ་ན། ཡང་ན་ཉོན་མོངས་པ་ཉིད་ཤར་ཡང་། རྗེས་སུ་མ་འབྲེང་བར་མ་བཅོས་པར་བཞག་པས་ཞིའོ། །དེ་ལྟ་བུའི་དོན་དང་ལྡན་པས་ཞེས་པའི་སྐབས་སུ་དྲུག་གི་སེམས་ཉིད་ཆོ་འཕྲུལ་ཡིན་པར་རྟོགས་པས་དགོས་མེད་སེམས་ལས་གཞན་པའི་སངས་རྒྱས་མེད་པས་རེ་བ་མེད། དོགས་པ་མེད་པའི་སྟངས་དང་གཅིག །དེའི་དུས་སུ་རྣམ་པར་རྟོག་པ་ཙམ་མ་ཡིན་པར་རྟོགས་པས། གང་ལ་ཡང་ཉམ་ང་བ་མེད་པ་ཆད་པ་ཆེན་པོའི་ཉམས་ཀྱི་རིག་པ་འཆར། དེའི་དུས་སུ་རྟོག་པ་སྐྱེས་ཀྱང་མི་གནོད་དེ། དཔེར་ན་ཤིང་གི་ཡལ་ག་བཅད་པ་ལ་ལོ་འདབ་ཡང་སྐྱེ་མི་ནུས་པ་དང་འདྲ་བར། རྟོག་པ་ལ་ཆོས་ཉིད་ཀྱིས་རྒྱས་ཐེབས་པས། རྟོག་པས་མི་གནོད་དོ། །དེ་ལྟར་རྟོག་པའི་ཉམས་བྱུང་ཙ་ན། ངོ་ཚ་མེད་པར་ལྷུག་པ་ཆེན་པོའི་སྤྱོད་པ་སྟེ། དེའི་དུས་སུ་དགེ་སྡིག་མཉམ་པའོ། །ཨཐྎ། ཐར་པའི་གྲོགས་སུ་འགྱུར་རོ། །ཞེས་པའི་སྐབས་སུ་དྲག་སྔགས་དམར་པོ་རྭ་སྒྲོལ་ཞེས་གྲགས་པ་ཡང་དོན་དམ་པར་སེམས་སྣང་ཙམ་དུ་ཤེས་ཙམ་ན་གར་སྒྲིབ་སྟེ། ནམ་མཁའ་ལ་སྡིག་མཛུབ་བམ། ཀུན་རྫོབ་ཏུ་བསྟན་པ་བསྲུང་བའི་དོན་ཡིན་པས་སྡིག་པ་མེད། སྤྱིར་ན་སྣོད་དང་མི་ལྡན། ཞེས་པ་བར་འདིར་འོངས་ཏེ། བདག་ཉིད་ཆོས་ཉིད་བསྒོམ་པ་ལ་བར་དུ་གཅོད་པ་ན། དེའི་སྡིག་པས་རྡོ་རྗེ་དམྱལ་བར་འགྲོ་བ་དང་། ངན་སོང་དུ་ཡང་ལྟུང་བར་འགྱུར་ཏེ། མདོ་སྡེ་ཕལ་པོ་ཆེ་ནས་གསུངས་ཏེ། དེ་བསྒྲལ་ཏེ་བཏང་བ་དེ་ལ་སྡིག་པ་མི་འོང་སྟེ། ཐར་པ་ཐོབ་པ་དག་གི་བར་ཆད་སེལ་བ་དེ་ལས་ཐར་པ་ཐོབ་པར་རྒྱུད་རྣམས་ནས་གསལ་ལོ། །བལ་མོ་བཟའ་ལ་ཐུགས་ཀྱི་ཡི་གེར་གཏད་པའི་སྐབས་སུ། བལ་མོ་བཟའ་བདེན་ཏེ། རྭ་སྒྲོལ་བྱས་པས་སྡིག་པར་མི་འགྱུར་ཏེ། དཔེར་ན་རང་གི་ལུས་ལ་དཔེ་བླངས་ཏེ་མི་གཏུབ་བོ། །འོན་ཀྱང་བདག་ཉིད་བསྒོམ་དུ་མི་སྟེར་ན། ལས་ཀྱིས་མཐའ་བཏུལ་བར་བཤད་དོ། །རྒྱུན་དུ་ནི་བསྒྲལ་བར་མ་གསུངས་སོ། །དེ་ཉིད་ལ་ནི་སྡིག་པ་མི་འོང་སྟེ། གཉིས་ལས་དམ་ཚིག་ཡིན་པ་དང་། དགྲ་ངན་སོང་དུ་འགྲོ་བ་བསད་པས། ད་གདོད་བདག་ལ་སྡིག་པ་བསོགས་རྒྱུ་མི་ཡོང་བས་ངན་སོང་དུ་མི་འགྲོ་བ་དང་། བདག་གི་བར་ཆད་སེལ་བས་ཚུལ་བཞིན་དུ་བསྒྲུབ་པའོ། །རིག་པ་འཛིན་པའི་ལས་ལ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པའི་སྐབས་སུ། དང་པོ་སྔགས་ཀྱི་སྒོར་བླ་མ་དམ་པ་ལ་མན་ངག་དང་དབང་ཐོབ་པར་བྱས་ནས། དམ་ཚིག་ལ་གནས་པའི་རྣལ་འབྱོར་དུ་བྱས་ལ། ཚུལ་བཞིན་དུ་བསྒྲུབས་ནས་དོན་གྱི་ལས་འདི་བསྒོམ་ན། འབྲས་བུ་ནི་ཐུགས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ། ཤེས་རབ་ཆེན་པོའི་ངང་དུ་ཕྱག་རྒྱ་ཆེན་པོ་སྐུ་ཚེ་ཕྱི་ནས་ཐོབ་པར་འགྱུར་ཞིང་། ཆོས་ཉིད་ཀྱི་དོན་དེ་ཤེས་པར་འགྱུར་རོ། །དེ་ཡང་ཚེ་འདིར་རྣམ་པར་སྨིན་པའི་ལུས་ལ་མ་དག་པ་འཁྲུལ་པའི་སྣང་བ་འདི་དག་ལ་ཡེ་ཤེས་ལྷའི་སྐུ་སྒོམ་པ་མངོན་དུ་གྱུར་པས། ལུས་པོ་འཇིག་རྟེན་རྣམ་སྨིན་དུ་གནས་ཀྱང་། སེམས་དགོངས་པ་སངས་རྒྱས་ཀྱི་སར་གྲུབ་པས་ཁྱུང་སྒོང་རྒྱ་ན་གནས་པ་ལྟ་བུར་གནས་སོ། །སར་ཆུད་པའི་རིག་འཛིན་ཞེས་ཀྱང་དེ་ལ་བྱ་སྟེ། ས་དང་པོ་པ་ཞེས་ཀྱང་བྱའོ། །དེ་ནས་འཕོས་ནས་ཁྱུང་སྒོང་རྒྱན་གནས་པ་སྒོང་རྒྱ་ཆག་མ་ཐག་པའི་ཟླ་ལ་འཕུར་ཏེ་འགྲོ་བ་ལྟར་གནས་པའོ། །རྣམ་སྨིན་གྱི་ལུས་བོར་མ་ཐག་སེམས་ཉིད་ལྷའི་སྐུ་བསྒོམ་པའི་འབྲས་བུ་ས་ལ་གནས་པའི་རིག་འཛིན་ཞེས་ཀྱང་བྱ། ཚེ་ལ་དབང་བའི་རིག་འཛིན་ཞེས་ཀྱང་བྱ་བ་ཡིན་ནོ། །ཡི་དམ་ལྷའི་སྐུ་དེ་གསལ་ཞིང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་རང་དུ་མ་གྱུར་བར་དུ་མཁའ་འགྲོའི་ཀྱང་གྲོགས་བྱེད་ཅིང་སེམས་ཀྱི་ལུས་ལ་ཡང་གནས་ཤིང་། སྒྲུབ་པའི་ཚེ་སྟོང་དང་དྲུག་བརྒྱ་ཙམ་མམ། རི་ལུ་བཞུགས་པ་གཅིག་གྲུབ་ནས། དེའི་ཚེ་ཚེ་གཅིག་གིས་ས་བཅུ་པོ་རིམ་པས་ཐོབ་པར་འགྱུར་ཏེ། སྒྲིབ་དང་བྲལ་ཞིང་། ཡེ་ཤེས་དེ་བོགས་སུ་ཤར་ནས་བརྒྱ་ཕྲག་ཏུ་བསྒོམ། དེས་མ་གྲུབ་ན་རྒས་པོའི་ཚུལ་ཙམ་གཅིག་བྱུང་ཚུལ་བསྟན་ནས་ཡང་བསྒོམ་པས་གཞོན་ཚུལ་དུ་བསྟན་ཏེ། ལུས་དེ་ལྟ་བུས་སེམས་ཡི་དམ་གྱི་སྒོམ་པར་ཤུགས་ལས་འབྱུང་ངོ་། །ས་ལ་གནས་པ་ཞེས་བྱའོ། །དེ་ནས་ཚེ་སྟོད་ལྟ་བུ་ལ་དེ་ལྟར་བསྒོམས་པས་ཚེ་སྨད་ལྟ་བུ་ལ་སྒོམ་པ་མངོན་དུ་གྱུར་ནས། རང་རིག་ཡི་དམ་ལྷར་གྱུར། དེ་ཡང་རྡོ་རྗེ་སེམས་དཔའི་ངང་དུ་གྱུར་ཏེ། དེ་ཉིད་ལ། ཐུགས་ཀྱི་དངོས་གྲུབ་ཤེས་རབ་སྟེ་ཞེས་བྱའོ། །ཐུགས་ནི་ཐུགས་རྡོ་རྗེ་སེམས་དཔའ་ལ། ཤེས་རབ་ནི་ཆོས་ཐམས་ཅད་གསལ་ལ་མ་འདྲེས་པར་མཁྱེན་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་སོ། །དེ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲུབ་པའོ། །དུས་དེར་ཆོས་སྐུ་ཆེན་པོ་ལ་གནས་པས། ལྷུན་གྱིས་གྲུབ་པའི་རིག་འཛིན་བྱ་བ་ཡིན་ཏེ། དེ་ལ་སྨིན་པ་ཞེས་བྱའོ། །དེ་ལྟར་ན་ཚེ་ལ་དབང་བའི་དུས་དེར། དཔེ་འབྲས་བུས་བདེ་བར་གཤེགས་པའི་སྣང་བ་རང་བཞིན་དུ་ཤར་ནས་འཚང་རྒྱའོ། །ས་བཅུ་ཕ་རོལ་ཏུ་ཕྱིན་པ་ལྟར་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་ཐོབ་པ་ལྟར་མ་ཡིན་ཏེེ། རྣམ་པར་སྨིན་པའི་ལུས་ཅན་མ་དག་འཁྲུལ་པའི་སྣང་བ་ཅན་དེ་དང་པོ་བུདྡྷའི་ས་ལམ་དང་། སྤྱོད་པའི་སྐལ་བ་མ་ཚུད་པ། བླ་མ་དམ་པས་ཚུད་པར་བྱས་པ་ནི་ས་རུ་ཆུད་པ་དེར་བྱས་ལ། དེ་བསྒྲུབ་པའི་ཚེ་སྨད་ལ་ཁྱུང་གི་དཔེས་ལུས་རྣམ་སྨིན་ལ་སངས་རྒྱས་ཀྱི་སྐུ་གྲུབ་པ་དེ། ལུས་བོར་མ་ཐག་ཏུ་ཡི་དམ་ལྷའི་སྐུ་ཐོབ་ནས། ས་ལ་གནས་པ་ཞེས་བྱ་ཞིང་། ཚེ་སྐྱེ་ཤི་མེད་པས་ཚེ་ལ་དབང་ཞེས་བྱའོ། །དེའི་ཚེ་དེས་བསྒོམ་པས་ཡི་དམ་ལྷའི་སྐུ་ཐོབ་ནས། དེས་ལྷུན་གྱི་གྲུབ་པའི་ཕྱག་རྒྱ་ཆེན་པོ་ཐོབ་ནས། སའི་འབྲས་བུ་སྨིན་པ་ལ་ཞེས་བྱའོ། །དོན་དུ་སྐྱེ་བ་གཅིག་གིས་གྲུབ་སྟེ། ཚེ་འདི་ཉིད་ཀྱིས་བུདྡྷའི་ས་ཐོབ་པས་དེ་སྐད་ཅེས་བྱའོ། །རྫོགས་སོ། །དོན་དམ་པར་ན་ཡེ་ཤེས་ཀྱི་སྤྲུལ་པ་སྟེ། ཞེས་པའི་སྐབས་སུ་དོན་དམ་པར་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ་ལས་གདུལ་བྱ་རྒྱུད་དག་པ་ལ་ལོངས་སྤྱོད་རྫོགས་པའི་སྐུས་བྱ་བ་བྱེད་པ་ལ། རྒྱུད་མ་དག་པ་ལ་སྤྲུལ་སྐུ་གང་ལ་གང་འདུལ་དུ་བསྟན་ཏེ་བྱ་བ་བྱས་སོ། །དེ་ལྟ་བུ་ལས་མ་དག་པའི་རིགས་ཆད་པའི་སྐྱེས་བུ་བསྟན་པའི་བར་དུ་གཅོད་པ་རྣམས་ལ་གདོད་དམར་འདུལ་བའི་སྲིན་པོར་སྤྲུལ་ཏེ་བྱ་བ་བྱས་སོ། །དེ་ཡིས་བསྟན་པ་གཉན་པར་བྱས་ཤིང་། དེ་ཉིད་ཀྱིས་བསྟན་པ་ལ་བར་དུ་གཅོད་པས་བསྒྲིབས་ནས་ངན་སོང་དུ་འཁྱམས་པ་དང་བྲལ་བས་བྱང་ཆུབ་ཀྱི་སྤྱོད་པའོ། །རྫོགས་སོ། །ལས་ཀྱི་སྤྲུལ་པ་སྟེ། ཞེས་པའི་སྐབས་སུ། སྐུ་ཡི་སྤྲུལ་པ་སྲིན་པོ་མ་རུ་རྩེ། །གསུང་གི་སྤྲུལ་པ་གཤིན་རྗེ་མ་རུ་རྩེ། །ཐུགས་ཀྱི་སྤྲུལ་པ་བདུད་པོ་མ་རུ་རྩེ། །ལས་ཀྱི་སྤྲུལ་པ་གནོད་སྦྱིན་མ་རུ་རྩེ། །ཡོན་ཏན་སྤྲུལ་པ་འཇམ་དཔལ་མ་རུ་རྩེ། །ཞེས་པ་ལ་ཡང་རྒྱུད་ལྟར་གསལ་བས་འདིར་རྒྱས་པར་མ་བྲིས་སོ། །རྒྱུད་རྣམས་ནས་རྒྱས་པར་བསྟན་ཏོ། །ཞེས་པའི་སྐབས་སུ། སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་ཕྱེ་སྟེ། བཅུ་པོ་ཡང་དུས་བཞི་སྟེ། ཁོང་དུ་ཆུད་པའི་དུས། སྒྲུབ་པའི་དུས། ལུང་གི་དུས། རྟགས་ཙམ་འཛིན་པའི་དུས་སོ། །ལྔ་བརྒྱ་དང་པོ་ལ་འཕགས་པ་དགྲ་བཅོམ་པའི་དུས་ན། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་གསུམ་ལས། དེ་ཡང་ལྔ་བརྒྱ་དང་པོ། བར་པ། ཐ་མ་གསུམ་ལས་རིམ་པས་སོ། །སྒྲུབ་དུས་ཀྱི་ལྔ་བརྒྱ་ཕྲག་དང་པོ་སྟེ། བཞི་པ་ལ་རྒྱུན་ཏུ་ཞུགས་པ་ཤ་སྟག་འབྱུང་། ཤེས་རབ་གཉིས་པ་ལྔ་བརྒྱ་ཕྲག་ལྔ་པ་ལ་ལྷག་མཐོང་ཤ་སྟག་འབྱུང་། བསམ་གཏན་གསུམ་པ་ལྔ་བརྒྱ་ཕྲག་དྲུག་པ་ལ་ཞི་གནས་འབའ་ཞིག་འབྱུང་། ཚུལ་ཁྲིམས་ཡང་ཟེར། ལུང་གི་དུས་ཀྱི་དང་པོ་ལྔ་བརྒྱ་ཕྲག་བདུན་པ་ལ་ཆོས་མངོན་པ། བརྒྱད་པ་ལ་མདོ་སྡེ། ཐ་མ་དགུ་པ་ལ་འདུལ་བ་ཤ་སྟག་འབྱུང་ངོ་། །ལྔ་བརྒྱ་ཕྲག་བཅུ་པ་རྟགས་ཙམ་འཛིན་པའི་དུས་ན། དམ་ཆོས་དཀར་པོ་ཁད་ཀྱིས་འགྲིབས་པས་འགྲོ་བ་མི་འཐུལ་བས། སླར་བསྟན་པ་ལ་གནོད་ཅིང་བསྣུབ་པ་འབྱུང་བས་བསྟན་པ་བསྲུང་བའི་ཆོས་རྣམས་དེ་དུས་འབྱུང་བས་དེ་ལྟར་བཤད་པའོ། །དེ་འདས་ནས་རྟགས་ཙམ་འཛིན་ཐ་མ་ལ་བཅུད་ལྷ་རྣམས་ཀྱིས་བཞེས་པའི་དུས་སུ་གོས་ཚོས་སུ་མི་འགྲོ་བ་དང་། ཤོག་ཤོག་ལ་ཡི་གེ་མི་ཐེབས་པས། བ་དམར་གླང་དམར་ཀོ་བ་ལ་ཡང་རྟགས་འཛིན་ཏེ་མོས་པ་བྱེད་པའོ། །དེ་ཐལ་བའི་གོང་དུ་བསྟན་པ་ལྷས་སྤྱན་དྲངས་ནས་ཤོག་ཤོག་ཉི་ཚེ་དཀར་དཔུང་གིས་གྱུར་ཏེ། བསྟན་པ་ཕྱི་མ་ཆགས་པའི་ཆོ་འཕྲུལ་བསྟན་ནོ། །ཟུང་དུ་འབྲེལ་བས་འགྲུབ་པར་འགྱུར་རོ། །ཞེས་པའི་སྐབས་སུ། དེ་ཉིད་ནི་མ་རུ་རྩེ་རྒྱུད་བུ་ཆུང་ལས། སྟོང་པའི་རང་བཞིན་འོད་གསལ་དེ། །སྤྲོས་པས་རང་ལ་གནས་པ་འཇོམས། །སྤྱིར་ན་རྣལ་འབྱོར་བློ་རྩལ་གྱིས། །ཆོས་ཉིད་རྣམ་དག་དོན་རྟོགས་ན། །དྲེགས་པ་དེས་ཀྱང་དེ་ལྟར་རྟོགས། །སྒྱུ་མར་རྟོགས་ན་སྒྱུ་མར་མཐོང་། །དངོས་པོར་བཟུང་ན་དངོས་པོར་མཐོང་། །རྟོག་པ་ཆོམས་ན་རྟོགས་པ་མཐོང་། །ཆོས་ཉིད་རྣམ་དག་དོན་རྟོགས་ན། །བདག་ཉིད་སེམས་སྣང་ཡིན་པ་དང་། །དྲེགས་པ་སྤྲུལ་པ་ཡིན་ཕྱིར་རོ། །ཞེས་འབྱུང་ངོ་། །ཨཐྎ། མན་ངག་འདུས་པ་གསུམ་ལུང་དང་མི་འགལ་བ་བསྟན་པའི་སྐབས་སུ་ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། གཉིས་སུ་མེད་པའི་རྒྱུད་ལས་འདི་མན་ངག་གི་ཡིག་ཆུང་ཡིན། ས་མ་ཡ། གཡས་ཀྱི་ཕྱག་ན་གཅོད་བྱེད་མེ་ཡི་འཁོར་ལོ་བཏགས། ཤེས་རབ་ཀྱི་རྒྱུད་ཀྱི་རྟགས་དབྱིབས་ཀྱིས་བསྟན་པ་སྟེ། རང་གི་ཁོག་པར་རྃ་བསྒོམ་ནས། རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་གསང་བར་བསྟན། སྙིང་ག་སྤྱི་བོར་རྃ་ལས་མེ་ཆད་ནས་ལུས་ཕྱི་ནང་གི་རྟོག་སྒྲིབ་ཐམས་ཅད་བསྲེགས་པར་བསམས་ཏེ། བཤགས་སྦྱངས་ཏེ་ནང་དུ་བསྟན། ཕྱིར་བསྟན་པའི་དགྲ་བོ་རྩད་ནས་གཅོད་པར་བསྟན། གཡོན་གྱི་ཕྱག་ན་འཐོར་བྱེད་རླུང་གི་འཁོར་ལོ་ནི། ཐབས་ཀྱི་རྒྱུད་ཡེ་ཤེས་ཀྱི་རྟགས་སུ་བསྟན། བརྡར་ཐུགས་ཀྱི་ས་བོན་ལས། སྣ་རྩེ་ཧཱུྃ་གིས་སྤྲོ་བསྡུས་རླུང་ལ་སེམས་སྦྱངས་པའི་བསྒོམ་པས་འཁྲུལ་རྟོག་ཐམས་ཅད་འཐོར་བས་གསང་བར་བསྟན། ནང་དུ་སྤྱི་བོར་ཡྃ་ལས་རླུང་བྱུང་སྟེ། ལུས་ཕྱི་ནང་གི་རྟོག་པའི་རྩི་སྦུར་ཐམས་ཅད་གཏོར་པས་བཤགས་སྦྱངས་ཏེ་ནང་དུ་བསྟན། ཕྱིར་བསྟན་པ་དགྲ་བོ་སྒྲོལ་བར་བྱེད་པའོ། །དེ་ལྟར་དུ་སྤྱན་གཉིས་ཀྱིས་ཀྱང་། མེ་དང་རླུང་དུ་བསྟན་པས་གོང་ལྟར་ཤེས་པར་བྱའོ། །ཤངས་ཀྱང་རླུང་དུ་བསྟན། ཨག་ཚོམ་མེའི་ཁོངས་སུ་བསྟན་ནོ། །དེ་ལྟར་ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཀྱིས་བསྟན་པ་ནི། དེ་ལྟར་དུ་ཤེས་པས། གཉིས་སུ་མེད་པའི་རྒྱུད་སྡེའི་རྟགས་གང་ཞེ་ན། སྤྱན་དབུས་མ་མཆེ་བ་བརྒྱན་རྣམས་ཀྱིས་བསྟན་ཏེ། བདེན་པ་དབྱེར་མེད་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆ་བསྟན་ཏེ། བརྡའི་སེམས་ཉིད་དོན་ལ་གནས་དབུས་མའི་སྤྱན་དབུ་ཕྱོགས་སུ་མ་ལྷུང་བར་དབུ་མའི་ནང་དུ་བསྒོམ་ན་དུག་ལྔ་ཆོས་ཉིད་དང་ཡེ་ཤེས་སུ་ཤར་ནས། སྐུ་ལྔ་ཐོབ་པའི་རྟགས་སུ་ཀོ་རློན་ལ་སོགས་པ་སྟེ་གསང་བར་བསྟན་པའོ། །ནང་དུ་མཆེ་བ་གཡས་རཀྟ། དེ་ཁྃ་ལས་ཆུ་བྱུང་བས་རྟོག་པ་ཐམས་ཅད་བཀྲུས་ནས་བཤགས་སྦྱངས་ཏེ། བྱང་ཆུབ་སེམས་ཀྱི་ཆུ་བོས་བག་ཆགས་ཀྱི་ལྗན་ལྗིན་འཛིན་རྟོག་ཐམས་ཅད་བཀྲུས་ཏེ་ནང་དུ་བསྟན། ཕྱིར་འཁོར་བ་དབང་དུ་བསྡུས་ནས་མཆེ་བ་གཡོན་པས་བསྟན་པའི་དགྲ་བོའི་ཙིཏྟ་བསྲེག་པར་བསྟན་པའོ། །དེ་ལྟར་བསམ་པའི་རྣལ་འབྱོར་པས་བསྒོམ་པའི་རིམ་པ་ནི། རྒྱུད་སྡེ་རྣམས་ཀྱི་རྟགས་སུ་ཤེས་པར་བྱའོ། །བར་པ་ནི་བཤགས་སྦྱངས་ཏེ། རྒྱུ་སྦྱངས་བ། དང་པོ་བསྲེགས། བར་དུ་སྦྱངས། ཐ་མ་བཀྲུ་བར་བསྟན་པར་བྱའོ། །ཐ་མ་ཕྱི་ས་ནི། བསྟན་པ་བསྲུང་བའི་དྲག་སྔགས་དགྲ་བགེགས་རྩད་ནས་གཅོད་པའི་རྟགས་རྣམས་སུ་ཤེས་པར་བྱའོ། །དེ་ལྟར་འདུས་པ་གསུམ་ནི་བརྡ་དགོངས་སུ་བསྟན་པའོ།། །།


previousཕྲ་མོ་ཀློང་དགུའི་འགྲེལ་པ།next