Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་དམར་པོ་གསང་དབང་གི་མན་ངག
   


 
previousའཇམ་དཔལ་དམར་པོ་གསང་དབང་གི་མན་ངགnext

འཇམ་དཔལ་དམར་པོ་གསང་དབང་གི་མན་ངག

འཇམ་དཔལ་དམར་པོ་གསང་དབང་གི་མན་ངག་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འཇམ་དཔལ་དམར་པོའི་གསང་དབང་གི་མན་ངག་ལ། དང་པོ་བསྐྱེད་རིམ་གྱི་མན་ངག་མཐོང་ཐོས་བདུད་རྩིའི་ཐིག་པ་དང་། དམར་ཆུང་འདའ་ཀའི་བསྒོམ་ལུང་ལྟར། བརྟན་པ་ཐོབ་ནས་ཐབས་ལམ་གྱི་མན་ངག་ནི་གཉིས་ཏེ། བདག་ལུས་ཐབས་ལྡན་གྱི་ས་མ་ཏིའི་ཕྱག་རྒྱ་ལ་སྦྱང་བ་ནི། གནས་ཁང་ཤིན་ཏུ་དབེན་པར་ཚོགས་དང་གཏོར་མ་ལ་སོགས་པས་བར་ཆད་ཞི་བར་བྱས་ལ། དེ་ནས་སྟན་བདེ་བ་ལ་ལུས་ཀྱི་འདུག་སྟངས་ལེགས་པར་བྱས་ལ་མདུན་དུ་དམིགས་པའི་རྟེན་བཀྲམ་ལ། དང་པོ་བསྐྱེད་རིམ་གྱི་ས་མ་ཏི་བསྒོམ་ཏེ། བདེ་བ་ཡབ་ཡུམ་གསལ་བ་ལས་གནས་ལྔ་རུ་རིགས་ལྔ་ཡབ་ཡུམ་བསྐྱེད་ལ། སྤྱི་བོ་རྣམས་སྣང་། མགྲིན་པར་མཐའ་ཡས། ཐུགས་ཀར་མི་བསྐྱོད་པ། ལྟེ་བར་རིན་འབྱུང་། གསང་གནས་སུ་དོན་ཡོད་གྲུབ་པ་དགོད་དོ། །ཡབ་དེ་ལ་དེ་ཚོའོ་ཡུམ་རྣམས་བཀོད་དོ། །དེ་ནི་ཕྱིའི་འཁོར་ལོའོ། །ནང་གི་འཁོར་ལོ་བསྒོམ་པ་ནི། ཙིཏྟའི་ནང་དུ་ཐབས་ལ་ཡབ་ལྔ་བསྒོམ། ཤེས་རབ་ལ་ཡུམ་ལྔ་བསྒོམ། གསང་བའི་འཁོར་ལོ་ནི། ཡབ་ཀྱི་གསང་བ་ལ་བྱང་ཆུབ་སེམས་གསོ་བའི་རྩ། ལྔང་བའི་རྩ། བདེ་བ་སྐྱེད་པའི་རྩ། བསྐྱོད་པའི་རྩ། ཐིག་ལེ་དབབ་པའི་རྩ་དང་ལྔ་ལས། རྡོ་རྗེ་རྩེ་ལྔའི་རང་བཞིན་ལ་དཔའ་བོ་ཡབ་ལྔ་བསྒོམ། ཐིག་ལེ་དབབ་པའི་རྩ་ཡི་ནང་དུ་དཔའ་བོ་འབྲུ་གསུམ་བསམ། ཡུམ་གྱི་མཁའ་ལ་ཕྱི་ཁྱམས་གྲུ་གསུམ། ནང་གྲུ་བཞི། སྐྱེ་གནས་ཟླུམ་མོ། །ཟ་མ་ཏོག་རྡོ་རྗེའི་ལམ་འབྲི་མོག་གི་རྫ་མ་ལྟ་བུ། ནང་པདྨ་འདབ་བཞིའི་དབུས་ཀྱི་ལྟེ་བ་དང་ལྔ་ལ། བདེ་བ་སྟེར་བྱེད་མ། སེལ་བྱེད་མ། དྲོད་འབེབས་མ། གཡོ་བྱེད་མ། བསྐྱོད་བྱེད་མ་ལྔ་ལ་ཌཱ་ཀི་མ་ལྔ་བསམ་མོ། །དེ་རྣམས་ནི་དཀྱིལ་འཁོར་ཕྱི་ནང་གསང་བ་གསུམ་ཞེས་གསུངས་སོ། །གནས་པ་རྩའི་འཁོར་ལོ་ནི། ཀླད་པ་བདེ་བ་ཆེན་པོ་ན་རྩ་འདབ་སོ་གཉིས་གདུགས་ཀྱི་རྩིབས་མ་ལྟ་བུ་གནས་པ་ལ་ཀ་ལི་སུམ་ཅུ་རྩ་གཉིས་བསམ། དབུས་སུ་ཁྱབ་པའི་རྡོ་རྗེ་ལྟ་བུ་བསམ། མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་ཏུ་ཡོད་པ་ལ་ཨ་ལི་བཅུ་དྲུག་དགོད། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཡོད་པ་དེ་ལ་དཔའ་བོ་འབྲུ་བརྒྱད་བསམ། ཨཱོྂ་ཨཱཿཧཱུྃ་སྭཱ་ཧཱ། ཛཱི་ཨ་ཁཾ་བསམ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་ལ། ཨ་ལི་ཀ་ལིས་བརྒྱན་པའོ། །དེའི་འོག་ཏུ་ཆོས་འབྱུང་དམར་པོ་ཡི་གེ་རྃ་གྱིས་མཚན་པ་གཤང་ཁ་རླུང་གི་འཁོར་ལོ་གཞུང་ལྟ་བུ་ཡི་གེ་ཡྃ་གྱི་མཚན་པ། རོ་རྐྱང་གཉིས་ཀྱི་རྩ་ཡར་སྣེ་སྨིན་དབྲག་ཏུ་བྱ་རོག་གི་སྡེར་མོ་ལྟ་བུར་ཟུག་པ། མར་སྣེ་ཆོས་འབྱུང་གི་ནང་ཤ་དཀར་ནག་མཚམས་སུ་སླེབས་པ། རྩ་དབུ་མ་ནི་འཁོར་ལོའི་སྲོག་ཤིང་ལྟ་བུ། ཡར་སྣ་ཐིག་ལེ་ལ་ཁ་བལྟས་པ་ཅུང་ཟད་ཁ་ཆེ་བ་རག་དུང་གི་ཕོད་ཁ་ལྟ་བུ། མར་སྣང་རྡོ་རྗེའི་རྩ་བར་ཟུག་པ་ཅུང་ཟད་ཕྲ་བའོ། །གཡོ་བ་རླུང་གི་འཁོར་ལོ་ནི། ཡབ་ཡུམ་སྙོམས་པར་ཞུགས་ནས་མཉམ་པར་སྦྱོར་བའི་སྐབས་སུ། སྟེང་རླུང་ཅུང་ཟད་མནན་འོག་རླུང་ཅུང་ཟད་འཐེན་པ་སྦྱོར་སྒྲོལ་གྱི་མཆོད་པ་དབུལ་ཏེ། དང་པོ་རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད། ཐིག་ལེས་མཆོད་པ་ཕུལ། བདེ་བས་དགྱེས་པ་བསྐྱེད། ཕྱི་ལུས་ཀྱི་རྟོག་པ་བསྒྲལ། ཕུང་པོ་ཐ་མལ་གྱི་ཞེན་པ་བཅོམ། ཐུགས་ཀའི་དཔའ་བོ་ཡབ་ཡུམ་མཉམ་པར་སྦྱོར། ཐིག་ལེའི་མཆོད་པ་ཕུལ། བདེ་བས་དགྱེས་པ་བསྐྱེད། གཟུང་འཛིན་གྱི་རྣམ་རྟོགས་བསྒྲལ། ཞེན་པ་ཐ་མལ་པ་བཅོམ། གསང་གནས་ཀྱི་དཔའ་བོ་དཔའ་མོ་སྦྱོར། ཐིག་ལེའི་མཆོད་པ་ཕུལ། བདེ་བས་དགྱེས་པ་བསྐྱེད། ཉོན་མོངས་པ་རང་ཁར་མར་བསྒྲལ། ཆགས་པ་ཐ་མལ་པ་བཅོམ། མཆོད་པ་ཕྱི་ནང་གསང་གསུམ་པོ་དེ་ཕུལ་བས། ཕྱི་ནང་གསང་བའི་ལྷ་ཚོགས་རྣམས་མཆོད་པས་མཉེས་ཏེ་འོད་དུ་ཞུ་ལ་གང་པར་བསམ། སྙོམས་འཇུག་ཏིང་ངེ་འཛིན་གྱིས་བསྐྱོད་པས་རླུང་གིས་མེ་བསྐུལ། རྩ་དབུ་མ་ནས་ཡར་ཞུགས་ཏེ། ཐིག་ལེ་འོད་དུ་ཞུ། ཀླད་པ་བདེ་ཆེན་གྱི་ཡི་གེ་རྣམས་འོད་དུ་ཞུ་ནས་ཆུ་ཕྲན་མ་ལ་འདུས་པ་ལྟར་ཐིག་ལེ་དང་པོ་བབས་པས་ལུས་ཀྱི་བདེ་བ་དང་པོ་བསྐྱེད་པས་དགའ་བ་ཞེས་བྱ། མགྲིན་པར་བབ་པ་གོང་དང་འདྲ། ནང་སེམས་ཀྱི་བདེ་བ་བསྐྱེད་པས་མཆོག་དགའ་ཞེས་བྱ། སྙིང་ཁར་བབས་བཞུ་བཏུལ་བྱས་བདེ་གསལ་མི་རྟོག་པ་གསུམ་སྐྱེས་པ་དེ་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་ཀྱང་བྱ། གནས་ལུགས་ཀྱི་དོན་མཐོང་བ་ཞེས་ཀྱང་བྱའོ། །དེ་ནས་ལྟེ་བར་བབས་བཞུ་བཏུལ་བྱ། གོང་མའི་དགའ་བ་དེ་ཉིད་དུའང་མི་འཛིན་པས་དགའ་བྲལ་ཞེས་བྱ་སྟེ་ངག་དུའང་མ་ཞེས་པ་གཅིག་འབྱུང་ངོ་། །དེ་ནི་ཕྱི་ཡུལ་ལ་ལྟོས་པའི་དགའ་བ་བཞི་ཞེས་བྱའོ། །དེ་ནས་གསང་བར་བབས་ཏེ་ཐིག་ལེའི་དྲོད་ཀྱིས་ལུས་སྦྲད་ཆིལ་གྱིས་བྱུང་སྟེ་ཕྱི་གཟུང་བྱའི་ཡུལ་འགགས། ནང་འཛིན་པའི་སེམས་གསལ་ལེར་ཧྲིག་གེར་ཤར་བ་དེ་དགའ་བ་ཞེས་བྱ། རྡོ་རྗེའི་སྐེད་པ་སླེབས་ཙ་ན་བདེ་བ་ཆེར་འབར་ནས་ལུས་ཡོད་དུ་མི་ཚོར་བས། ནང་གི་སེམས་ཡང་འགགས་ཏེ་དབུགས་ཕྱི་ནང་གི་འགྱུ་བ་མི་ཚོར་བ་དེ་མཆོག་དགའ་ཞེས་བྱའོ། །རྡོ་རྗེའི་བུམ་པར་སླེབས་ཙ་ན་སྟོན་ཁའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་གསལ་ལ་མི་རྟོག་པ་མཐའ་ཐམས་ཅད་དང་བྲལ་བ་གཅིག་འཆར་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱའོ། །དེ་ནས་ཐིག་ལེ་དང་པོ་ཤོར། གསུམ་གནས་པ་དེ་ལས་དེ་ལ་དབུགས་བཟུང་སྟེ། དེ་ཉིད་དུ་འཛིན་པ་ཡང་མེད་པ་དེ་ལ་དགའ་བྲལ་ཞེས་བྱའོ། །ཐིག་ལེ་དང་པོ་དེས་མཁའ་འགྲོ་མ་ལ་མཆོད་པ་ཕུལ་ཏེ་འོད་དུ་ཞུ། ཧཱུྃ་ཧཱུྃ་ཞེས་བརྗོད་གསང་བའི་གནས་ནས་ཡར་དྲངས་བས་སོག་སྦུབས་ནས་ཆུ་དྲངས་པ་བཞིན་དུ་གསུས་པ་སྙེམ་བྱས་ལ་ལྟེ་བར་དྲང་ངོ་། །ཧིག་ཉི་ཤུ་རྩ་གཅིག་གིས་གནས་སུ་བསྐྱལ། ལུས་སྤྲུག་ཅིང་ཏིང་ངེ་འཛིན་གྱིས་རྩ་གནས་སུ་དགྲམ་མོ། །དེ་ནི་ཉམས་སུ་མྱོང་བའི་དགའ་བཞི་ཞེས་བྱའོ། །དེ་ལྟར་ཐུན་བཞིར་ཉམས་སུ་བླངས་བས་དངོས་སུ་ཐིག་ལེ་འབབ་པ་དང་། ཟིན་པ་དང་། གྲོལ་བའི་རྟགས་འབྱུང་། ཕྱི་རྟགས་སུ་གཟི་བརྗིད་ཆེ་བ། མཁའ་འགྲོ་མ་འདུ་བ་ལ་སོགས་ཏེ་ཕྱི་རྟགས་རྣམས་འབྱུང་ངོ་། །ནང་དུ་སྔར་བས་བདེ་བའི་ཉམས་ཆེ་འབྱུང་ངོ་། །དེས་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་དངོས་ཀྱི་ཕྱག་རྒྱ་གཉིས་ཁྱད་མེད་པ་འབྱུང་ངོ་། །ནང་གི་དགའ་བ་བཞིའི་ཉམས་ཀྱང་སྐྱེའོ། །བདུད་བཞི་བཅོམ་པ་དང་། དགྲ་གསུམ་གསོད་པ་དང་། འགྲོ་དྲུག་གི་གཡང་ས་ཆོད་པ་ཡང་འབྱུང་ངོ་། །དེ་ནས་ལས་ཀྱི་ཕྱག་རྒྱ་མ་ལ་སོགས་པ་བསྟེན་པར་བྱའོ། །གསང་དབང་ལ་བརྟེན་ཏེ་བདག་ལུས་ཐབས་ལྡན་གྱི་མན་ངག་ལགས་སོ། །ཨཐྎ། གུ་རུ་རཏྣ་ན་མོ། ལས་རྒྱ་གསང་བ་གནད་ཀྱི་མན་ངག་ལ་རྡོ་རྗེ་རྒྱས་པར་བྱ་བ་དང་། པདྨ་རྒྱས་པར་བྱ་བ་དང་། མཁའ་གསང་བསྲེ་བའི་མན་ངག་དང་། བཙལ་བའི་མན་ངག་གོ། །དང་པོ་ནི། ཨ་རུ་ར་བའི་འོ་མའི་ནང་དུ་བཙོས་ཏེ་ཟ་བ་དང་། དྷ་དྷུ་ར་དང་ག་བུར་སྦང་སྟེ་རྡོ་རྗེ་ལ་བཀུ་བ་དང་། ལུས་ཀྱི་སྟོབས་བསྐྱེད་པའོ། །གཉིས་པ་ནི། དཀུ་མཉེ་བ་དང་། གནས་དགུར་སེན་མོ་གདབ་པ་དང་འོ་དང་འཁྱུད་པ་ལ་སོགས་བྱའོ། །འཇིམ་བཞོལ་རྡུལ་བ་དང་། ཁ་སྐམ་ཞིང་བཞིན་དམར་བ་ནི་པདྨ་རྒྱས་པའི་རྟགས་སོ། །གསུམ་པ་ནི་བྷ་ག་མང་དུ་སྤྱད་པའི་སྟོབས་ཀྱིས་ཆེ་བ་དང་སྔར་མ་སྤྱད་པ་ལ་སོགས་པའི་འཕྲི་བསྣན་ནི། ཤིང་འཇམ་པོ་ལ་སྲོག་ཆགས་ཀྱི་རྒྱུ་མ་དཀྲིས་ཏེ་རིང་ཐུང་རྡོ་རྗེའི་ཚད་དུ་བྱས་ཏེ། ཚ་བ་གསུམ་དང་མར་སྦྱར་ལ་བྷ་གར་གཞུག །དེ་ཡིས་སྐྱོན་གཉིས་ཀ་སེལ་བར་བྱེད་དོ། །རྡོ་རྗེ་ལ་གང་ཡང་མི་དགོས་གསུངས་སོ། །བཞི་པ་ནི་ཚ་བ་གསུམ་དང་། དྷ་དྷུ་ར་སྦྱར་ཏེ་རིལ་བུ་བྱས་ལ་ལག་པ་གཡོན་པའི་སྲིན་ལག་ལ་བཀལ་ལ་པདྨའི་ནང་དུ་བསྣུན་པར་བྱའོ། །དེས་རྩེ་ནས་ཕྱིར་ནར་གྱིས་འབྱུང་སྟེ། དེ་ནས་སྙོམས་པར་འཇུག་པར་བྱའོ། །གཞན་གོང་དུ་ཤེས་སོ། །གསང་བ་གནད་ཀྱི་མན་ངག་གོ། །ཨཐྎ། ༈ དྲུག་པ་དབང་དང་ཕྲིན་ལས་ཀྱི་སྐོར་ལ། སྦྱིར་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསན་ཡིག་ན། འཇམ་དཔལ་དམར་པོའི་དབང་མཛོད། དབང་གོང་མ་གསུམ། དལ་གྱི་ཆོ་ག །ལས་བྱང་རྒྱས་པ། བསྡུས་པ། རིག་འཛིན་བསྐུལ་བ། འཇམ་དཔལ་དམར་པོའི་བསྐུལ། རུ་མཚོན་གསོལ་བའི་ཆོ་ག །ལས་བྱང་སྣང་སྲིད་རཀྟ་མ། ཉམས་ཆག་སྐོང་བ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། དེས་མཛད་པའི་མདོས་ཆོག་དང་། དེའི་སྲོག་ཡིག་དང་བཅས་པ། རྒྱལ་བ་གཡུང་གིས་མཛད་པའི་སྦྱིན་བསྲེག་བཅས་དཔེ་ཚན་བཅུ་གསུམ་གསུང་ཡང་། དཔེ་རྒྱུན་འདི་ལ། འཇམ་དཔལ་དམར་པོའི་བསྐུལ་བ་དང་། ཉམས་ཆག་སྐོང་བ་དེ་གཉིས་མི་སྣང་བས་དཔེ་རྒྱུན་སླད་ནས་བཙལ་བ་གལ་ཆེ་ཞིང་། འདི་ན་དཔེ་ཚན་བཅུ་གཅིག་ཡོད་དེ།


previousའཇམ་དཔལ་དམར་པོ་གསང་དབང་གི་མན་ངགnext