Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས་མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན།next

ཕུར་པ་རྒྱུད་ལུགས་ལས་མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན།

ཕུར་པ་རྒྱུད་ལུགས་ལས་མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན་ཞེས་བྱ་བ་བཞུགས། དེ་བཞིན་གཤེགས་པ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བསྐྱེད་རིམ་གྱི་གནད་དང་ལྷའི་མངོན་རྟོགས་ལ་ཅུང་ཟད་ངེས་པ་བརྟན་པའི་དོན་དུ་ཕྲིན་ལས་ཀྱི་བྱང་བུ་ཤིན་ཏུ་བསྡུས་པ་ལ་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལའང་བདུན་ལས། དང་པོ་བདུན་རྣམ་དག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆོ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །གཉིས་པ་ཕྱི་རོལ་པ་བསྐྲད་པ་ནི། གཏོར་མ་ཨཱ་ཀཱ་རོས་བརླབས་ལ། ཧཱུཾ། ཉོན་ཅིག་བགེགས་དང་ལོགས་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་བ་བརྒྱ་རུ་ཁོས། །ལུས་ཀྱང་དུམ་བུ་སྟོང་དུ་གཏུབ། །སྙིང་ཡང་ཚལ་པ་བདུན་དུ་གཏུབ། །ཧཱུཾ་བཞིའི་སྔགས་བརྗོད། གསུམ་པ་མཚམས་གཅད་པ་ནི། ཧཱུཾ། བྱང་ཆུབ་སེམས་ལས་འོད་འཕྲོས་པས། །ཁམས་གསུམ་དེ་བཞིན་རོལ་པའི་སྐུ། །མ་ལུས་ཕུར་པས་ཐེབས་ཞེས་བྱ། །གང་ཞིག་གནོད་པའི་ཚོགས་རྣམས་ལ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནང་། །རྡོ་རྗེ་ཕུར་པ་མང་ཤར་ཞིང་། །དེ་ཡིས་ཚོགས་བརྒྱད་དག་པར་བྱ། །ༀ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། བཞི་པ་བཤགས་པ་ནི། ༀ། ཡེ་ཤེས་ལྔ་ལྡན་བླ་མ་རྡོ་རྗེ་འཛིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཁྲག་འཐུང་ཁྲོ་བོ་ཁྲོ་མོས་བྱིན་གྱིས་རློབས། །བདག་གི་ལུས་ཀྱིས་སྲོག་གཅོད་མ་བྱིན་བླངས། །མི་ཚངས་སྤྱད་ཅིང་ཏིང་འཛིན་སྐུ་མ་གསལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ བདག་གི་ངག་གིས་རྫུན་དང་ཕྲ་མ་དང་། །ངག་འཁྱལ་ཚིག་རྩུབ་བཟླས་བརྗོད་གྲངས་མ་སྐྱོལ། །རྡོ་རྗེ་བཟླས་པའི་དོན་ནི་མ་རྟོགས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བཛྲ། བདག་གིས་སྣོད་ལྡན་སེམས་ཅན་ཐམས་ཅད་ལ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱེས་པ་དང་། །ཆོས་ཉིད་ཟབ་མོའི་དོན་ནི་མ་རྟོགས་ཏེ། །ལྟ་བ་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །ས། སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་རྒྱུར། །མ་རྟོགས་བདག་གིས་བརྔན་དང་སྐྱོན་དུ་བགྲངས། །སངས་རྒྱས་ཡོན་ཏན་མཐའ་ཡས་མ་བརྗོད་ཅིང་། །ཡོན་ཏན་དམ་ཚིག་ཉམས་པ་མཐོལ་ལོ་གཤགས། །ཏྭ། སངས་རྒྱས་ཕྲིན་ལས་སྣ་ཚོགས་དཔག་མེད་ཀྱི། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་མ་བྱས། །བདུད་རྩི་ལྔ་ལ་ལོངས་སྤྱོད་མ་ནུས་ཤིང་། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ། སྐྱེ་བ་རྣམ་བཞིས་བསྡུས་པའི་སེམས་ཅན་རྣམས། །ཆོས་སྐུ་རྣམ་དག་དབྱིངས་ལས་གཟུགས་སྐུར་སྣང་། །བདེ་བ་ཆེན་པོས་ཀུན་ལས་ཁྱབ་དམིགས་ཏེ། །ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགས། །ཞེས་པས་རྒྱུད་དག་པར་བྱའོ། །ལྔ་པ་བྱིན་འབེབས་ནི། ཧཱུཾ། འཕགས་མཆོག་ཐུགས་རྗེེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་གིས་བྱིན་བསྡུ། བདུན་པ་མཆོད་པ་བྱིན་བརླབ་ནི། ཧཱུཾ། སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིན། །ཡེ་ཤེས་བདུད་རྩིར་བྱིན་བརླབས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀུན། །ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར། །ༀ་བཛྲ་ཨརྒྷཾ། པདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྡ་ཨཱཿཧཱུཾ། སྨན་གཏོར་རཀྟའི་སྔགས་ལན་གསུམ་རེ་བརྗོད། གཉིས་པ་དངོས་གཞི་ལ་བཅུ་གཅིག་ལས། དང་པོ་བསྐྱེད་རིམ་ནི། ཧཱུཾ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྙིང་གི་གོ་རུ་བསྒོམ་པར་བྱ། །ཧཱུཾ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཧཱུཾ། སེམས་དང་ཡིད་དང་རྣམ་ཤེས་ཉིད། །དེ་ཉིད་ལས་ནི་འཁྲུལ་ནས་བཏབ། །རྣམ་རྟོག་བག་ཆགས་སྤང་བའི་ཕྱིར། །བདག་དང་ཕུར་པ་གཞལ་ཡས་ཁང་། །ཧཱུཾ། རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང་། །ཀེང་རུས་ཆེན་པོའི་རི་རབ་བརྩེགས་པའི་སྟེང་། །རྡོ་རྗེའི་བྲག་ཆེན་གཏམས་པའི་ས་གཞི་ལ །དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་ཁང་། །སུས་ཀྱང་མ་བསྐྱེད་ཡེ་ནས་ཚད་ལས་འདས། །བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནང་། །དྲེགས་པ་ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ། །ཉི་ཟླའི་གདན་བཤམས་པདྨའི་གེ་སར་བཅས། །ཚད་དང་མཚན་ཉིད་མ་ལུས་ཡོངས་སུ་རྫོགས། །གཙོ་བོའི་གནས་སུ་ཧཱུཾ་མཐིང་ནག་ཡོངས་སུ་གྱུར་པ་ལས། འཇིགས་བྱེད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ། ཞབས་རྣམ་པ་བཞི་དང་ལྡན་པ། གཡས་ལྗང་ནག །གཡོན་དམར་ནག །དབུས་མཐིང་ནག་ཏུ་བཞུགས་པ། གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་པ་དང་། གཡོན་དང་པོ་ན་མེ་དཔུང་འབར་བ་བསྣམས་པ། གཡས་བར་པ་ན་རྡོ་རྗེ་རྩེ་ལྔ་པ་དང་། སྟྭ་རེ་དང་། ཐོ་བའོ། །གཡོན་བར་པ་ན་ཁ་ཊྭཱཾ་དང་། ཐོད་དབྱུག་དང་། ལྕགས་ཀྱུའོ། །གཡས་ཐ་མ་ན་ཕུར་པ་དང་། གཡོན་ཐ་མ་ན་རྦོད་གཏོང་ཕྲ་མེན་གྱི་ཚོགས་བསྣམས་ཏེ། བྱ་རྒོད་དང་། ཁྱུང་དང་། འུག་པ་དང་། ཕོ་རོག་དང་། ཁྲ་བསྣམས་པའོ། །ཞབས་བཞི་ལས་གཉིས་བརྐྱང་གཉིས་བསྐུམ་སྟེ་དོར་སྟབས་སུ་བཞུགས་པའོ། །སྐུ་ལ་བསྐལ་པའི་མེ་རི་དང་། གླང་པོ་ཆེའི་ཀོ་རློན་དང་། སྟག་གི་ཤམ་ཐབས་དང་། ཞིང་ཆེན་གྱི་པགས་པ་དང་། ཐལ་བའི་ཚོམ་བུ་དང་། ཞག་གི་ཟོ་རིས་དང་། ཁྲག་གི་ཐིག་ལེའོ། །སྦྲུལ་རིགས་ལྔས་བརྒྱན་ཏེ། རྒྱལ་རིགས་དང་། རྗེའུ་རིགས་དང་། བྲམ་ཟེའི་རིགས་དང་། དམངས་རིགས་དང་། གདོལ་པའི་རིགས་སོ། །ཐུགས་རྗེས་ཆགས་པ་ཁྲག་གི་རྒྱ་མཚོ་ལ་གསོལ་བའོ། །ཡུམ་འཁོར་ལོ་རྒྱས་འདེབས་མ་ཞལ་གཅིག་ཕྱག་གཉིས་མ། གཡས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་བྷནྡྷ་རཀྟས་བཀང་ནས་ཡབ་ཀྱི་ཞལ་དུ་སྟོབས། སྐུ་ལ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། དོ་ཤལ་དང་། དཔུང་རྒྱན་དང་། མགུར་ཆུ་དང་། སྙན་ཆ་དང་། སེ་མོ་དོས་བརྒྱན་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཞུགས་པའོ། །ཧཱུཾ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཞེས་བསྐུལ་བས་སྲིད་པ་གསུམ་གྱི་སྣང་ཞེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གསུམ་དུ་སྒྲུབ་པའི་ཕྱིར་རྡོ་རྗེ་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ཡབ་ཡུམ་གཉིས་སུ་མེད་པར་རྡོ་རྗེ་ཆགས་པའི་དོན་ལ་བསྐུལ་བར་མཛད་དེ་ཡབ་ཀྱིས་ས་མ་ཡ་ཧོཿ ཡུམ་གྱིས་ས་མ་ཡ་སྟྭཾ། ཡབ་ཀྱིས་རཱ་ཧོ་ཧཾ། ཡུམ་གྱིས་རཱ་ག་ཡ་མི། ཡབ་ཡུམ་གཉིས་སུ་མེད་པར་གྱུར། པདྨོ་ཡོ་གི་ནི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁར་བབས་ཏེ། ཡུམ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ལན་གཅིག་འཕྲོས་པ་ཁྲོ་བོ་འཆོལ་བའི་རང་བཞིན་དུ་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷག་གིས་ཁེངས། ཉོན་མོངས་པ་དང་ལོག་པར་ལྟ་བའི་སེམས་ཅན་ཐམས་ཅད་བསྒྲལ། སླར་དེ་དག་ཐམས་ཅད་ཡུམ་གྱི་བྷ་ག་ལ་བསྡུས་ཏེ། འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་དྲེགས་པ་ཅན་ཐམས་ཅད་བསྒྲལ་ཏེ་རྩིབས་བཅུར་གདན་དུ་བྱས་པའི་སྟེང་ཁྲོ་བོའི་དཀྱིལ་འཁོར་འཐོན་པ་ནི། ཧཱུཾ་ཧཱུཾ་ཛཿཛཿ ཤར་ཕྱོགས་སུ་ཁྲོ་བོ་རྣམ་པར་རྒྱལ་བ་དབུ་གསུམ་ཕྱག་དྲུག་ཞབས་རྣམ་པ་བཞི་དང་ལྡན་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་རྡོ་རྗེ་སྙེམས་མ་དང་འཁྲིལ་ནས་བརྒྱ་བྱིན་གྱི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པའི་གཡས་སུ་ཡབ་ཀྱི་སྤྲུལ་པ་སྟག་གི་མགོ་ཅན་དང་། གཡོན་དུ་ཡུམ་གྱི་སྤྲུལ་པ་བྱ་རྒོད་ཀྱི་མགོ་ཅན་ནོ། །ཧཱུཾ་ཧཱུཾ་ཛཿཛཿ དེ་བཞིན་དུ་ལྷོར་ཁྲོ་བོ་གཤིན་རྗེའི་གཤེད་དང་། ཡུམ་དུར་ཁྲོད་བདག་མོ་སྤྲུལ་པ་ཤ་བ་དང་འུག་པའི་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ ནུབ་ཏུ་ཁྲོ་བོ་རྟ་མཆོག་དཔལ་དང་ཡུམ་རྡོ་རྗེ་གཏུམ་མོ། །སྤྲུལ་པ་བྱི་ལ་དང་པུ་ཤུད་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་ཡུམ་རྡོ་རྗེ་རླུང་འབྱིན་མ། སྤྲུལ་པ་སེང་གེ་དང་ཕ་ཝང་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ ཤར་ལྷོར་ཁྲོ་བོ་དབྱུག་པ་སྔོན་པོ་དང་ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པ་གཡག་དང་བྱ་རོག་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ ལྷོ་ནུབ་ཏུ་ཁྲོ་བོ་མི་གཡོ་མགོན་པོ་དང་ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ ནུབ་བྱང་དུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པ་སྤྱང་ཀི་དང་ཁྲའི་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ བྱང་ཤར་དུ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པ་དོམ་དང་སྲེ་མོང་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ སྟེང་གི་ཕྱོགས་སུ་ཁྲོ་བོ་ཧཱུཾ་ཀཱ་ར་དང་ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པ་ཕག་དང་སྨིག་བུའི་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ འོག་ཕྱོགས་སུ་ཁྲོ་བོ་སྟོབས་པོ་ཆེ་དང་ཡུམ་རྡོ་རྗེ་བསྐྱོད་བྱེད་མ། སྤྲུལ་པ་དྲེད་དང་བྱི་བའི་མགོ་ཅན། ཐམས་ཅད་ཀྱང་རྩ་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག །བར་པ་གཉིས་རང་རྟགས། ཐ་མ་གཉིས་ཏིར་དབྱུག་དང་འདབ་ཆགས་ཤས་ཆེར་འཛིན་ཅིང་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པའོ། །ཧཱུཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་བརྗོད་པས་སྲས་མཆོག་རྫས་ཀྱི་དཀྱིལ་འཁོར་དབུ་གསུམ་ཕྱག་དྲུག་པ། སྐུ་སྨད་ཕུར་པའི་དབལ་དང་ལྡན་པ་ལྔ་ཟླ་གམ་གསུམ་ལ་བཀའ་ནོད་པའི་ཚུལ་གྱིས་བཞུགས་པའོ། །ཛཿཧཱུཾ་བཾ་ཧོཿལས་སྒོ་བཞིར་སྒོ་མ་བཞི་དང་། མུ་རན་ལ་ཕུར་སྲུང་དམ་ཅན་གྱི་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའོ། །གཉིས་པ་གནས་གསུམ་བྱིན་བརླབ་ནི། སྙིང་ག་མགྲིན་པ་སྤྱི་བོ་རུ། །ཟླ་བའི་དཀྱིལ་འཁོར་བསམ་ནས་ནི། །རྡོ་རྗེ་པདྨ་འཁོར་ལོ་དག །ཧཱུཾ་ཨཱཿༀ་གྱིས་མཚན་པ་ལས། །ཐུགས་གསུང་སྐུ་ཡི་རྡོ་རྗེར་བསྒོམ། །རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་གཏུག་པ་དང་བསྟུན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། དེ་བཞིན་དུ་ཝཱ་ཀྐ་དང་ཀཱ་ཡ་སྦྱར། གསུམ་པ་དབང་བསྐུར་བ་ནི། སྙིང་གར་གཞལ་མེད་ཁང་སྒོ་གཅིག་པའི་སྒོ་སྲུང་རྟ་མགྲིན་ཡབ་ཡུམ་ཅན་གྱི་ནང་དུ་གནས་པའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་བསམ་ལ། ཡེ་ཤེས་དཔའ་བོའི་ཐུགས་ཀ་ཡིས། །འོད་ཀྱིས་མགོན་པོ་རྣམས་བསྐུལ་ནས། །དེ་དག་ཐུགས་ལས་བྱུང་བ་ཡིས། །རིག་མས་བདུད་རྩི་བུམ་ཆུ་ཡིས། །དབང་བསྐུར་བྱས་ཏེ་ཐིམ་གྱུར་ནས། །རང་སྔགས་རྡོ་རྗེ་ཅན་གྱིས་གཟུང་། །དབུ་རྒྱན་རྣམས་ལ་རིགས་ལྔ་དང་། །རིགས་ཀྱི་བདག་པོ་རྣམས་ཀྱིས་བརྒྱན། །ཧཱུཾ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་སྩོལ་ཅིག །རིགས་ལྔའི་དབང་རྒྱ་སྤྱི་བོར་བཞག་ལ། ༀ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཨཱ་དཪྴ། ས་མ་ཏཱ། པྲ་ཏྱ་བེཀྵ་ཎ། ཀྲྀ་ཏ་ཨ་ནུཥྛ། ཞེས་བརྗོད། བཞི་པ་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བའི་སྒོ་ནས་ཀྱང་སྲིད་པ་ཕུར་བུར་བསྒྲུབ་པ་ནི། ཧཱུཾ་ཧཱུཾ་ཧཱུཾ། འགྲོ་དྲུག་ཉོན་མོངས་བཅིངས་པ་རྣམས། །ཧཱུཾ་གིས་དུག་ཆེན་རབ་སྦྱངས་ཏེ། །ཨ་ནྲི་སུ་ཏྲི་པྲེ་དུར་གྱུར། །རཾ་ཡཾ་ཁཾ་ལས་མེ་རླུང་ཆུས། །འགྲོ་བ་རབ་སྦྱངས་ཧཱུཾ་དུ་གྱུར། །ཁམས་གསུམ་ཐམས་ཅད་རྡོ་རྗེ་སེམས། །ཏིལ་གྱི་གང་བུ་ལྟ་བུས་གང་། །རྟ་མགྲིན་རྒྱལ་པོ་ཡེ་ཤེས་ལ། །བསྟིམ་པས་བྱང་ཆུབ་སེམས་རྒྱས་གྱུར། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས། །ཡེ་ཤེས་ཁྲོ་བོ་སྤྱན་དྲང་ངོ་། །ལྔ་པ་སྤྱན་འདྲེན་ནི། ཧཱུཾ། སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཨེ་ཧྱེ་ཧི་བྷ་ག་ཝཱ་ན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ དྲུག་པ་བཞུགས་གསོལ་ནི། ཧཱུཾ། ཐུགས་མཆོག་གསལ་བའི་བྱིན་རླབས་ལས། །ཞེ་སྡང་གནས་སུ་འཇོམས་པ་དང་། །མེ་ལོང་ཡེ་ཤེས་འཐོབ་བྱའི་ཕྱིར། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །དཀྱིལ་འཁོར་དབུས་སུ་བཞུགས་ནས་ཀྱང་། །ཉོན་མོངས་མུན་པ་བསལ་དུ་གསོལ། །ས་མ་ཡ་ཏིཥྛ་ལྷན། བདུན་པ་ཕྱག་འཚལ་བ་ནི། ཧཱུཾ། ཡང་དག་དོན་དུ་སྐུ་ནི་ཅིར་སྣང་ཡང་། །བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ། །འདུལ་བའི་དབང་དུ་རབ་རྔམས་མཆེ་བ་གཙིགས། །ཧཱུཾ་དང་ཕཊ་ཀྱི་སྒྲས་ནི་ཀུན་ཀྱང་བཀང་། །ཉོན་མོངས་གདུག་པ་འདུལ་བའི་ཐུགས་རྗེ་ཡི། །བྱིན་རླབས་སྟེར་བའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ བརྒྱད་པ་མཆོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ༀ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར། ཨརྒྷཾ། པ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤཔྟ་སརྦ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི། གཉིས་པ་ཁྱད་པར་རཀྟ་ཚར་གསུམ་ནི། ཕུད་དང་རཀྟ་བསྲེས། ཕོ་ཉ་ལ་བཀའ་བསྒོ་བའི་དོན་དུ་ཕུལ་ལ། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །མ་ཧཱ་རཀྟ་ཁཱ་ཧི། དམ་ཅན་གནད་ལ་དབབ་ཕྱིར་ཕུལ་ནས། ཧཱུཾ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། མཐུ་དང་རྫུ་འཕྲུལ་དབྲོག་ཕྱིར་དབུལ་བ་ནི། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །མ་ཧཱ་རཀྟ་ཁཱ་ཧི། དགུ་པ་བསྟོད་པ་ནི། ཧཱུཾ། སྣང་སྲིད་ཐམས་ཅད་ཕུར་པའི་རང་བཞིན་ལ། །ཁམས་གསུམ་འཁོར་བ་མིང་ཡང་མི་གྲགས་ཀྱང་། །རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། །རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་ལ་བསྟོད། །བཅུ་པ་ཛཔ྄་དགོངས་ནི། ཧཱུཾ། ཐུགས་ཀ་དཔལ་གྱི་བེའུའི་དཀྱིལ་འཁོར་ནས། །སྒོ་གཅིག་རིན་ཆེན་གཞལ་ཡས་ཁང་། །བདེ་སྟོང་གཉིས་མེད་ངང་ཉིད་ལས། །ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར། །པདྨ་ཟླ་བའི་གདན་ལ་བཞུགས། །སྐྱོན་གྱིས་མ་གོས་གཏི་མུག་སེལ། །ཡབ་ཡུམ་གཉིས་མེད་ཟག་མེད་སྐུ། །སྐུ་མདོག་དཀར་གསལ་རྣམ་དག་དབྱིངས། །རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས། །ཤེས་རབ་བྱང་ཆུབ་སེམས་དང་ལྡན། །རྟོག་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས། །མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད། །བཅུ་གཅིག་པ་ཛཔ྄་ལ། བསྙེན་པ། ཉེ་བསྙེན། སྒྲུབ་པ་གསུམ་ལས། དང་པོ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། གཉིས་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། གསུམ་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ་ཛཿཧཱུཾ་ཨཱ། ཞེས་པ་སྟེ་དམིགས་པའི་རིམ་པ་ནི་སྒྲུབ་ཐབས་རྒྱས་འབྲིང་གཉིས་ཀར་བསྟན་པས་ཤེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བཅུ་གཉིས་ལས། དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི། ཧཱུཾ། ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདིར། །འབྱོར་པ་ཕུན་སུམ་ཚོགས་བྱས་ལ། །སྣོད་ནི་ཨ་ལས་རྣམ་པར་དག །བཅུད་ནི་ཧཱུཾ་ལས་བསམ་པར་བྱ། །ཡུམ་གྱིས་འབར་བའི་མེ་བསྐྱོད་ནས། །ཨ་ཞུ་བཅུད་ལ་ཐིམ་པར་གྱུར། །ཕྱོགས་བཅུ་འོད་ཟེར་འཕྲོས་པ་ལས། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐུལ། །སླར་འདུས་བདུད་རྩི་ཉིད་དུ་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ། གཉིས་པ་སྤྱན་འདྲེན་ནི། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཀྱིལ་འཁོར་ལྷ་ཚོགས་སྤྱན་འདྲེན་ནོ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །བཛྲ་ས་མ་ཡ་ཛཿ གསུམ་པ་ཕུད་དབུལ་བ་ནི། ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང། །ཕྱོགས་བཅུ་ཁྲོ་རྒྱལ་སྲས་མཆོག་ཟ་བྱེད་ཚོགས། །འཁོར་གྱི་དམ་ཅན་བྲན་དང་ཕོ་ཉའི་ཚོགས། །དམ་རྫས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །བར་ཆད་མེད་ཅིང་གནོད་པ་ཞི་བ་དང་། །ཚོགས་གཉིས་རྫོགས་ནས་འབྲས་བུ་གྲུབ་པར་མཛོད། །གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི། བཞི་པ་བཤགས་པ་ནི། ཧཱུཾ། མཁའ་འགྲོ་མ་དང་ཤ་ཟ་མོ། །ར་རོ་མ་དང་ཁྲག་འཐུང་མ། །ས་བླ་ས་འོག་ས་སྟེང་གི། །ལས་ལ་གྲུབ་པའི་མཁའ་འགྲོའི་ཚོགས། །གཏོར་མ་ལེན་ཅིང་ལས་རྣམས་བྱེད། །མཉམ་པར་རོལ་པའི་བདེ་ཆེན་གྱིས། །དཔའ་བོ་དཔའ་མོ་མཉེས་གྱུར་ཅིག །སྤྲོ་དང་བསྡུ་བའི་བདེ་བ་ཡིས། །མཁའ་འགྲོ་མ་ཚོགས་ཚིམ་གྱུར་ཅིག །བདུད་རྩི་ལྔ་ལྡན་ཚོགས་མཆོད་ཀྱིས། །འཇིག་རྟེན་འདས་དང་མ་འདས་པའི། །མཁའ་འགྲོ་མ་ཚོགས་མཉེས་གྱུར་ནས། །དམ་ཚིག་ཉམས་ཆག་དག་པར་མཛོད། །ཡིག་བརྒྱ་བཟླ། ལྔ་པ་བསྒྲལ་བསྟབ་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་བསྒྲལ་མཆོད་བཞེས་སུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་བསྒྲལ་མཆོད་བཞེས་སུ་གསོལ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་བསྒྲལ་མཆོད་བཞེས་སུ་གསོལ། །གདུག་ཅིར་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་གཅོད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ཅེས་བསྟབ། དྲུག་པ་ལྷག་མ་ནི། ཧཱུཾ། ཤྭ་ན་མུ་ཁའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །ཁ་ནས་ཁྲག་དང་ཞག་འཛག་ཅིང་། །ལག་པ་ཐོད་ཁྲག་ཐོགས་ནས་ནི། །ཧི་ཧིར་དགོད་ཅིང་སྤྱུགས་པ་འབོད། །མ་བདུན་སྲིང་བཞི་ལ་སོགས་པ། །ཕུར་སྲུང་རྣམས་ཀྱི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །ཅེས་ཕྱི་རོལ་དུ་དོར། བདུན་པ་སྨོན་ལམ་ནི། བླ་མ་ལ་གུས་སྙིང་རྗེ་ལྡན། །རྡོ་རྗེ་གཞོན་ནུ་གྲུབ་ནས་ཀྱང་། །སྐྱེ་ཤི་མེད་པར་འགྱུར་བར་ཤོག །ཟབ་མོའི་དོན་ལ་སེམས་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་བརྗོད། ཚོགས་ཀྱི་འཁོར་ལོའི་དུས་འདི་རུ། །རྐང་པ་བརྐྱང་བར་མི་བྱ་ཞིང་། །ཕྱི་རོལ་གཏམ་ཡང་རབ་ཏུ་སྤངས། །མི་དགོད་གསང་བའི་ངག་ལ་གནས། །དམ་ཚིག་མེད་ཅིང་ངང་རྒྱུད་ངན། །རྟོག་པ་ཅན་ལ་ཚོགས་འཁོར་གསང་། །རྡོ་རྗེའི་གླུ་ནི་རབ་ཏུ་བླང་། །མཁའ་འགྲོ་རྣམས་ལ་གཏོར་མ་བྱིན། །ཞེས་གསུངས་སོ། །བརྒྱད་པ་ནོངས་བཤགས། དགུ་པ་ཉེར་བསྡུ། བཅུ་པ་སྤྱོད་ལམ། བཅུ་གཅིག་པ་བསྔོ་སྨོན། བཅུ་གཉིས་པ་བཀྲ་ཤིས་རྣམས་སྒྲུབ་ཐབས་འབྲིང་པོ་ལྟར་བྱའོ། །སྐྱེ་གནས་བཞི་ཡི་བག་ཆགས་སྦྱོང་ཚུལ་ལ། །གོ་བ་མ་རྙེད་གོང་ནས་སྤྲོས་པ་དོར། །སྦྱང་གཞི་སྦྱོང་བྱེད་མེད་པའི་ཀྲོང་བསྐྱེད་ལ། །སྔགས་པ་བརྗོད་ལ་འདི་ཡང་མངས་ཀྱི་དོགས། །དེ་ལྟ་ནའང་ལེགས་བྱས་ཉིན་མོའི་དཔལ། །ཡང་དག་ལྟར་སྣང་འབྱེད་པའི་མིག་ལྡན་དུ། །གྱུར་ནས་སྔ་འགྱུར་རིང་ལུགས་པདྨའི་ཚལ། །མཐོང་བའི་དགེ་མཚན་བླ་ན་གསལ་གྱུར་ཅིག། །།


previousཕུར་པ་རྒྱུད་ལུགས་ལས་མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན།next