Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡི་དམ་དཔལ་ཆེན་ཕུར་བུའི་བསྙེན་ཡིག་རྩ་གསུམ་དགྱེས་པའི་རོལ་གར། སྟག་ཆེང་ལྷ་མོའི་ཁྲི་ཟུར་དཀོན་མཆོག་ཆོས་ལྡན།


 
previousཡི་དམ་དཔལ་ཆེན་ཕུར་བུའི་བསྙེན་ཡིག་རྩ་གསུམ་དགྱེས་པའི་རོལ་གར། སྟག་ཆེང་ལྷ་མོའི་ཁྲི་ཟུར་དཀོན་མཆོག་ཆོས་ལྡན།no next

ཡི་དམ་དཔལ་ཆེན་ཕུར་བུའི་བསྙེན་ཡིག་རྩ་གསུམ་དགྱེས་པའི་རོལ་གར། སྟག་ཆེང་ལྷ་མོའི་ཁྲི་ཟུར་དཀོན་མཆོག་ཆོས་ལྡན།

ཡི་དམ་དཔལ་ཆེན་ཕུར་བུའི་བསྙེན་ཡིག་རྩ་གསུམ་དགྱེས་པའི་རོལ་གར་ཞེས་བྱ་བ་བཞུགས་སོ། །མ་གཡེལ་མཐུན་པའི་གྲོགས་མཛད་གནང་བ་སྩོལ། །འདིར་དཔལ་ཆེན་ཕུར་པ་ལྷ་དགུའི་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ནི། གསང་བ་རྒྱ་ཅན་གྱི་ནང་ཚན་དཔལ་ཆེན་ཕུར་པའི་དབང་ཡོངས་རྫོགས་ལེགས་པར་མནོས་པའི་སྒྲུབ་པ་པོས་ཚེས་གྲངས་བཟང་པོའི་ཉིན་གནས་ཁང་བྱི་དོར་བྱས་ལ། བ་བྱུང་དང་བདུད་རྩིས་ཆག་ཆག་བཏབ། ཡི་དམ་གྱི་བྲིས་འབུར་གྱི་སྐུ་སོགས་ལེགས་པར་བཀྲམ་པའི་མདུན་དུ། བདུད་རྩི་རིལ་བུ་བཏབ་པའི་ཆང་གིས་སྦྲུས་པའི་ཟན་ལས་ཕུར་པའི་དཔལ་གཏོར་ཟླུམ་པོ་ལྟོ་བ་ལྡིར་བ་ཆེ་བ་གཅིག་ལ་འཁོར་ཆོང་བ་བརྒྱད་ཀྱི་བསྐོར་བ་མཐེབ་ཀྱུས་མཚན་པ། སྨུག་རྩིས་ཁ་དོག་བསྒྱུར་ཅིང་མར་རྒྱན་ཅི་མཛེས་ཀྱིས་བརྒྱན་པ། དེའི་གཡས་སུ་དམ་ཅན་སྤྱིའི་གཏོར་ལ་ལྔ་རེ་རེ་མཐེབ་ཀྱུས་བསྐོར་བ། གཡོན་དུ་དྲེགས་པའི་སྡེ་དཔོན་སུམ་བཅུ་ལ་གྲུ་གསུམ་ཆེ་བ་གཅིག་ལ་འཁོར་རང་འདྲ་ཆོང་བ་ལྔ་བཅུ་ལ་མཐེབ་ཀྱུས་བསྐོར་བ། ཆད་ཐོའི་གཏོར་མ་གྲུ་གསུམ་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བ། བསྟན་མ་བཅུ་གཉིས་ལ་སྣོད་གཅིག་ཏུ་དབུས་སུ་བདུད་མོ་བཞིའི་གཏོར་མ་ནག་པོ་གྲུ་གསུམ། དེའི་གཡས་སུ་གནོད་སྦྱིན་བཞི་ལ་དམར་པོ་གྲུ་བཞི། གཡོན་དུ་མ་མོ་བཞི་ལ་དཀར་པོ་ཟླུམ་པོ་རྣམས་མཐེབ་ཀྱུ་གསུམ་བརྩེགས། སྨན་དང་རཀྟ། གཞི་བདག་གི་གཏོར་མ། ཕྱི་ནང་གི་ཉེར་སྤྱོད། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ། གུལ་ཡུངས་གཡབ་དར་སོགས་དགོས་པའི་ཡོ་བྱད་རྣམས་དང་། ལོགས་ཞིག་ཏུ་ཞི་བགེགས་ཀྱི་གཏོར་མ་རྣམས་བཤམས། སྒྲུབ་ཁང་གི་སྒོ་མདུན་དུ་ཐོ་ཅོག་དཀར་པོའི་མདུན་དུ། རྒྱལ་ཆེན་གྱི་མཆོད་གཏོར་རྣམས་བཤམས། རང་གི་སྟན་གྱི་འོག་ཏུ་འབྲུ་དཀར་གྱིས་སྣ་ཚོགས་རྡོ་རྗེ་བྲིས་པའི་སྟེང་དུ་རྩྭ་དུར་བ་རྩེ་མོ་དབུས་དང་རྩ་བ་ཕྱིར་བསྟན་ནས་བཀྲམ་ལ། སྟན་འབོལ་ཞིང་བདེ་བ་བཏིང་། །མཚམས་གཡོག་པ་ངེས་ཅན་གཅིག་དང་། གལ་ཏེ་དེ་ན་བའམ་གཞན་དུ་འགྲོ་དགོས་བྱུང་ཚེ་མཚམས་གཡོག་བྱེད་རྩིས་ཀྱི་གཞན་གཅིག་གཉིས་ཙམ་དང་། རང་གི་བླ་མ་མཆེད་གྲོགས་སྨན་པ་སོགས་མཚམས་འོག་ཏུ་གཞུག་དགོས་རྣམས་དང་། ཆས་ཀ་བཅར་ལག་སོགས་ལེན་དགོས་པ་བྱུང་ཚེ་འདི་ནས་བླང་སྙམ་པ་དམིགས་འོག་ཏུ་ཚུད་པ་བྱ། སྲོད་ཐུན་ནས་མགོ་བཙུགས་ཧེ་སྔ་ཐུད་ལ་མཚམས་གྲོལ་པའི་ཕྱག་བཞེས་འདུག་པ་ལྟར། སྲོད་ཀྱི་དུས་ལ་བབས་པ་ན། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་པར་གྱུར་བར་བསམ་ལ། དཀར་གཏོར་སྤྱི་ལྟར་བཏང་། དེ་ནས་བགེགས་གཏོར་ལ་ཆབ་ཀྱིས་བྲན། རཾ་ཡཾ་ཁཾ་ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་ལ་བྱིན་གྱིས་བརླབ། རང་ཉིད་དབང་ཆེན་ལྷར་གསལ་བའི། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། སྒྲུབ་ལ་འཚོ་བྱེད་འབྱུང་པོ་རྣམས། བདེན་སྟོབས་ཏིང་ངེ་འཛིན་གྱིས་བཀུག །སརྦ་བིགྷཱུན་སོགས་ཀྱིས་ལན་གསུམ་གྱིས་གཏོར་མ་བསྔོ། ཧཱུཾ་དཔལ་ཆེན་ཕུར་བའི་ཡོངས་རྫོགས་དཀྱིལ་འཁོར་དུ། སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་ཡི་ཚོགས། ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། རིག་རྩལ་རྣམ་དག་ཡེ་ཤེས་གཡུང་དྲུང་ལྷ། འདི་ལ་ལོག་པ་ལྟ་བའི་དགྲ་དང་བགེགས། བདུད་སྡེའི་དཔུང་བཅས་ཐམས་ཅད་ཕྱིར་གདེངས་ཤིག །ༀ་སུཾ་བྷ་ནི་སོགས་བརྗོད་ཅིང་ཡུངས་དཀར་གྱིས་བྲབ། གུ་གུལ་གྱི་དུད་པས་བདུག་ཅིང་རོལ་མོའི་ཚམ་རྔམས་དང་བཅས་ཏེ་ནག་ཕྱོགས་བ་རྣམས་བསྐྲད། དེ་ནས་མཚམས་ཐོའི་རྩར་ཕྱིར་ཏེ་མཆོད་གཏོར་རྣམས། རཾ་ཡཾ་ཁཾ་ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཐོ་ཆབ་ཀྱིས་བྲན་ནས། བསངས་སྦྱངས་ལ། སྟོང་པའི་ངང་ལས་མཚམས་ཐོ་ཉིད། རྒྱལ་ཆེན་བཞི་པོ་འཁོར་བཅས་ཀྱིས། སྐུར་གསལ་ཡེ་ཤེས་སྤྱན་དྲངས་ཏེ། དམ་ཚིག་པ་དང་གཉིས་མེད་གྱུར། ༀ་མ་ཧཱ་རཱ་ཛ་ས་པཱ་རི་ཝ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་འབུལ། ༀ་མ་ཧཱ་རཱ་ཛ་ས་པཱ་རི་ཝ་ར་ཨ རྒྷཾ་སོགས་ཀྱིས་མཆོད། རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས། ཚེ་གཅིག་སངས་རྒྱས་སྒྲུབ་པ་ལ། བར་ཆེད་ནང་དང་དངོས་གྲུབ་ཕྱིར། །མ་གཏོང་བསྲུང་བའི་འཕྲིན་ལས་མཛོད། །ཅེས་བརྗོད་ཅིང་མེ་ཏོག་འཐོར། མཆོད་གཏོར་རྣམས་བསྡུ། ནང་དུ་འོངས་ནས། ཧཱུཾ་བདག་ཉིད་ཁྲག་འཐུང་ཕུར་པའི་ཐུགས་ཀ་ནས། དྲག་པོའི་བྱིན་བརླབ་མཚོན་ཆའི་འོད་ཟེར་འཕྲོ། །ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་བསྲུང་། །ༀ་བཛྲ་ཙཀྲ་ཏིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ། བྷྲུཾ་པྲ་བེ་ཤ་ཡ་ཕཊ། བསྲུང་འཁོར་བསྒོམ། དེ་ནས་སྲོད་ཀྱི་དུས་ལ་བབས་པ་ན་སྟན་བདེ་བ་ལ་འཁོད་དེ། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱབ་བདག་ཀུན་ཏུ་བཟང་པོའི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྩོལ་བའི་ཡི་དམ་ཁྱད་པར་ཅན་འདི་ལྟ་བུའི་བསྙེན་པ་ལ་འཇུག་པར་བྱའོ་སྙམ་པའི་ཀུན་སློང་རྣམ་པར་དག་པ་གསལ་བཏབ་ལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་རྣམས་རྒྱུད་དང་འདྲེས་ངེས་པ་སྔོན་དུ་བཏང་། དེ་ནས། རྭ་ལོ་ཆེན་པོས། ངག་ལ་བྱིན་གྱིས་མ་བརླབ་པར། སྔགས་བཟླས་རྣམས་ལ་མཐུ་མི་འབྱུང་། ཨཱ་ལི་ཀཱ་ལི་གདམས་ངག་བདོག །སྔགས་མི་འགྲུབ་སྙམ་དོགས་པ་མེད། ཅེས་གསུངས་པ་ལྟར། ༀ་ཨ་ཨཱཿནས་ཧ་ཀྵ་ཧཱུཾ། ཞེས་པའི་བར་ལན་བདུན་བརྗོད་དེ་དག་བྱིནགྱིས་བརླབས་ལ། ༀ་ཧྲཱི༔པདྨ་ནི་རྟི་ཤྭ་རི་ཧཱུཾ། ཞེས་པ་བརྒྱའམ་ཉེར་གཅིག་བཟླས་ན་གཟུངས་སྔགས་དུང་ཕྱུར་འགྲོ་བར་རྒྱུད་ལས་གསུངས་པས་དེ་དང་དབྱངས་གསལ་ཚར་གསུམ་རེ་ཐུན་གྱི་མགོར་བཟླས་ཞིང་། ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་ལ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ན ས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། སྨིན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། འཇུག་པའི་བྱང་ཆུབ་སེམས་བསྐྱེད་མཛད། གསང་སྔགས་སྤྱོད་པ་རླབས་ཆེན་མཛད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་འབྱུང་མཐའ་བྲལ་དོན་གསལ་བསྒོམ། ལན་གསུམ་བརྗོད། ཚོགས་གསོག་པ་ལ། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ། བླ་མ་རིགས་བདག་གི་རྣམ་པས་དབུ་བརྒྱན་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མ་ཡ་ཛཿ ས་སྤྱན་འདྲེན་ལ། མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་མཐོ་བརྩེགས་ཀྱི་ཚུལ་དུ་བཞུགས་པར་མོས་ནས་འདི་ལྟར་བརྗོད། བདེ་ལྡན་ཞིང་མགོན་འཇིག་རྟེན་དབང་ཕྱུག་སོགས། །རྩ་གསུམ་རབ་འབྱམས་དཀྱིལ་འཁོར་ཀུན་གྱི་གཙོ། །ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །སྤྲུལ་པའི་སྐྱེས་མཆོག་འགྱུར་མེད་རྡོ་རྗེ་དང་། །རྡོ་རྗེས་འཛིན་པ་ངག་དབང་ལྷུན་གྲུབ་ཞབས། །རྗེ་བཙུན་པདྨ་ཐེག་མཆོག་བསྟན་འཛིན་ལ། །གསོལ་བ༴ ངག་གི་དབང་ཕྱུག་རིག་འཛིན་རྒྱ་མཚོ་དང་། །ལོ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་དཔལ། །འགྱུར་མེད་ཆོས་འཕགས་རཏྣ་སེང་གེ་ལ། །གསོལ་བ༴ གྲུབ་དབང་དཀོན་མཆོག་བསྟན་པའི་རྒྱལ་མཚན་དང་། །རྡོ་རྗེ་འཆང་དངོས་ངག་དབང་ཆོས་འཕེལ་སོགས། །དྲིན་ཅན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ༴ ཁྱད་པར་གསང་ཆེན་དམ་ཆོས་བདུད་རྩིའི་རྒྱུན། །སྩོལ་མཛད་མཆོག་གསུམ་འདུས་པའི་ངོ་བོ་ཉིད། །བཀའ་དྲིན་མཉམ་མེད་དཀོན་མཆོག་ཆོས་ལྡན་ལ། །གསོལ་བ༴ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་སུ། །ཡོངས་སུ་ཤར་བའི་རྩ་གསུམ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་འཁོར་བཅས་ལ། །གསོལ་བ༴ དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །བླ་མ་ཞི་ཁྲོ་བཤེས་གཉེན་ཚུལ་བཟུང་ནས། །རྗེས་སུ་འཛིན་པའི་གསུང་གི་བདུད་རྩིའི་རྒྱུན། །རིན་ཆེན་བུམ་བཟང་གང་བར་བྱིན་གྱིས་རློབས། །མདོར་ན་བདག་གི་མངོན་པར་འདོད་པའི་དོན། །ཐམས་ཅད་ཡིད་ལ་སྨོན་བཞིན་འགྲུབ་པ་དང་། །མི་འདོད་དངོས་པོ་མཐའ་དག་ཉེར་ཞི་ནས། །བཤེས་གཉེན་དམ་བས་བྲལ་མེད་འཛིན་གྱུར་ཅིག །ཅེས་གསོལ་བ་བཏབ་པས་བླ་མ་རྣམས་ཀྱི་སྐུ་ལས་བདུད་རྩི་འོད་ཟེར་གྱི་ཚོགས་བྱུང་། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སྤྱང་ཞིང་དག །བླ་མ་རྣམས་ཀྱི་བྱིན་རླབས་རང་རྒྱུད་ལ་ཞུགས། མཐར་བླ་མ་རྣམས་གཅིག་ལ་གཅིག་ཐིམ་པའི་ཚུལ་གྱིས་ཐམས་ཅད་རྩ་བའི་བླ་མ་ལ་ཐིམ། དེ་རང་ཉིད་ལ་ཐིམ་པས་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ངང་ལ་ཅུང་ཟད་མཉམ་པར་བཞག་གོ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་སྟོན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་སྦྱོར་ཡིད་ཀྱིས་རྣམ་སྤྲུལ་པ། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྦྱོང་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་ཀུན། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཅེས་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བརྒྱད་པ་འབུལ། དེ་ནས་མཚམས་གཅོད་ནི། ཧཱུཾ་དཔལ་ཆེན་ཕུར་པ་ཡོངས་རྫོགས་དཀྱིལ་འཁོར་དུ། ཞེས་པ་ནས། བེ་ཤ་ཡ་ཕཊ། ཅེས་པའི་བར་གོང་ལྟར། བརྡ་སྒོ་དབྱེ། ཧཱུཾ་ཧེ་རུ་ཀ་ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོ༔ ས་བརྡ་ཕྱག་འཚལ། ཧཱུཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། གིས་དམ་བཅལ་བཤགས་པ་ནི། རཏྣ་པདྨ་སུརྱ་ཙནྡྲ་མཎྜལ་བཛྲ་ས་མ་ཛ༔ དཔལ་ཆེན་ཕུར་པའི་ལྷ་ཚོགས་བདག་ལ་དགོངས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་བ་སོགས། །རྩ་བ་ཡན་ལག་ཉམས་ཆག་མ་ལུས་པ། །སྙིང་ནས་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ལན་གསུམ། ༀ་པདྨ་ཤྲཱི་ཧེ་རུ་ཀ་སོགས་ཡིག་བརྒྱ་མང་དུ་བཟླས་ཏེ་བཤགས་ཡུལ་རྣམས་རང་ལ་ཐིམ་པར་མོས། བྱིན་འབེབས་ནི། སྤོས་སྦྱོར་བསྲེག་ཅིང་ཊཱ་དྲིལ་སོགས་རོལ་མོའི་སྒྲ་དང་གཡབ་དར་བཅས། ཨ་ལ་ལ་ཧོ༔ བྷ་ག་ཝ་ན༴ ས་མ་ཡ་ཧོ༔ ས་མ་ཡ་སྟཱཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་སྟོན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཉམས་ཆགས་སྐོངས་པའི་དུས་ལ་བབ། །མཐུ་ཆེན་མཐུ་རྩལ་བཅོམ་ལྡན་འདས། །དཔང་ཆེན་དབང་བསྐུར་བཅོམ་ལྡན་འདས། །བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཀྱིས་བདག་རྣམས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཾ་བཾ་ཧཱུཾ་ཕཊ༔ ས་མ་ཡ༔ ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་དེ་སྐུ་ཆེ་ཆུང་ཚད་མེད་པ་དང་། གསུང་ཨཱ་ལི་ཀཱ་ལི་སོགས་རང་སྒྲ་སྒྲོགས་བཞིན་པ་དང་། ཐུགས་ཕྱག་མཚན་གྱི་རྣམ་པ་རང་དང་གནས་ཡོ་བྱད་ཐམས་ཅད་ལ་ཆར ལྟར་བབས་པས་ཡེ་ཤེས་ཀྱི་བྱིན་ཆེན་པོ་བབས་པར་བསམ། མཆོད་གཏོར་རྣམས་བྱིན་གྱིས་བརླབས་པ་ནི། ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀྱིས། །མ་དག་ཉེས་སྐྱོན་ཀུན་སྦྱངས་ནས། །མི་ཟད་ནམ་མཁའི་མཛོད་དུ། །ༀ་ཨཱཿཧཱུཾ། བཛྲ་དྷཱུ་པེ་ཧཱུཾ། བཛྲ་བུཥྤེ་ཧཱུཾ། བཛྲ་ཨཱ་ལོ་ཀེ་ཧཱུཾ། བཛྲ་གནྡྷེ་ཧཱུཾ། བཛྲ་ནི་ཝི་དྱ་ཧཱུཾ། བཛྲ་ཤཔྷ་ཨཱཿཧཱུཾ། བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུཾ། ཞེས་དང་། ༀ་སརྦ་པཉྩ་ཨ་མྲྀ་ཧ་ཧཱུཾ་ཧྲཱིཿཋ། ལན་གསུམ། ༀ་ཨཱ༔ཧཱུཾ་མ་ཧཱ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ། ༀ་ཨཱཿཧཱུཾ་མ་ཧཱ་རཀྟ་ས་མཎྜ་ལ་ཧཱུཾ་ཕཊ༔ ལན་གསུམ་བརྗོད། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མ་ཧཱ་པཉྩ། མ་ཧཱ་བ་ལིཾ་ཏ། མ་ཧཱ་རཀྟ་ཨ་ཧོ་མ་ཧོ་སུ་ཁ་ས་མ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ། དེ་ནས་དངོས་གཞི་ལྷ་བསྐྱེད་ཚུལ་ཆོས་འདི་བའི་ལུགས་ལྟར་བདག་ལྷར་བསྐྱེད་པ་དང་དུས་མཉམ་དུ་དཔལ་གཏོར་གྱི་སྟོད་ཆ་རང་དང་ཐ་མི་དད་དུ་མོས་ནས་ཚིག་གཅིག་གིས་གསལ་འདེབས་པ་ནི། ཧཱུཾ་ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཆོས་རྣམས་སྣ་ཚོགས་རང་ཤར་བ། །རང་བཞིན་མེད་དེ་ཆུ་ཟླ་འདྲ། །ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ། །སྙིང་པོ་ཡེ་ཤེས་ཧཱུཾ་གི་དབྱིབས། །ༀ་ཤཱུ་ནྱ་ཏ་ཛྙཱ་ན་ས་མ་ཏི་ཧཱུཾ། དྷརྨ་བྷ་ཏུ་ས་མ་ཏི་ཧཱུཾ། ༀ་ཛྙཱ་ན་བཛྲ་ས་མ་ཧི་ཧཱུཾ། ཨེ་ཡཾ་རཾ་ཁཾ་སུཾ་ཀེཾ་བྷྲུཾ། ས་བོན་སྔགས་རྣམས་ཡོངས་སུ་གྱུར་པ་ལས། །འབྱུང་ལྔའི་རི་རབ་གཞལ་ཡས་ལྷུན་གྱིས་གྲུབ། །ཨེ་འདི་ནས་ལྡེབ་བདུན་པའི་རྒྱབ་ལྡེབ་དང་བརྒྱད་པའི་མདུན་ལྡེབ་གཉིས་ཆད་ཡོད། ཆེན་པོ་བརྒྱད། རྡོ་རྗེ་རྭ་བ་བསྐལ་པའི་མེ་དཔུང་འབར། །དབུས་ཀྱི་གྲུ་གསུམ་དམར་ནག་དཀྱིལ་འཁོར་སྟེང་། པཾ་ལས་སྣ་ཚོགས་པདྨ་མཛེས་པའི་གདན། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། མ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར། བཾ་ལས་རུ་ཏྲ་ཕོ་མོ་བསྣོལ་བ་ཡི། གན་རྐྱལ་ཁ་སྤུབ་བརྩེགས་པའི་གདན་སྟེང་དུ། རྒྱུ་ཡིག་ཧཱུཾ་ལྗང་གདན་སྟེང་བབས་པ་ལས། དཔལ་ཆེན་ཕུར་པ་ཞལ་གསུམ་ཕྱག་དྲུག་ལྗང་། གཡས་དཀར་གཡོན་དམར་དབུས་ལྗང་ཁྲོ་ཞིང་གཏུམ། སྤྱན་བགྲད་ཞལ་གདངས་ལྗགས་དྲིལ་མཆེ་བ་གཙིགས། སྨིན་མ་སྨ་ར་དབུ་སྐྲ་དམར་སེར་འབར། ཕྱག་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་གདེངས། གཡོན་ག ཉིས་སྡིགས་མཛུབ་མེ་དཔུང་ཁ་ཊྭཱཾ་འཛིན། མཐའ་མ་ཕྱག་གཉིས་རི་རབ་ཕུར་བུ་འདྲིལ། དཔལ་ལྡན་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། ཞབས་བཞི་གཡས་བསྐུམས་གཡོན་བརྐྱངས་དོར་སྟབས་བགྲད། འཁོར་ལོ་རྒྱས་འདེབས་ཁ་ཊྭཱཾ་ཐོད་འཛིན་འཁྱུད། ཤར་དུས་སྲས་མཆོག་བུད་དྷ་ཀཱི་ལ་ཡ། དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་ན་རྡོ་རྗེ་དགྲ་སྟ་འཕྱར། བར་པ་གཉིས་ན་རྒྱུ་ཞགས་རལ་གྲི་གདེངས། །ལྷོ་རུས་སྲས་མཆོག་རཏྣ་ཀཱི་ལ་ལ། སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ན་བེ་ཅོན་དགྲ་སྟ་འཛིན། །བར་པ་གཉིས་ན་རིན་ཆེན་རལ་གྲི་བསྣམས། །ནུབ་ཏུ་སྲས་མཆོག་པདྨ་ཀཱི་ལ་ཡ། །དམར་དཀར་སེར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ཀྱི་རལ་གྲི་མདུང་ཐུང་འཛིན། །བར་པ་གཉིས་ཀྱི་མདའ་གཞུ་རྣ་བར་འགེངས། །བྱང་དུ་སྲས་མཆོག་ཀརྨ་ཀཱི་ལ་ཡ། །ལྗང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ན་མདུང་རྣོན་གྲི་གུག་འཛིན། །བར་པ་གཉིས་ཀྱི་ལྕགས་ཀྱུ་རལ་གྲི་འཕྱར། །བཞི་ཀའང་མཐའ་ཕྱག་གཉིས་ཀྱི་ཕུར་བུ་འདྲིལ། །སྐུ་སྨད་ལས་བཞིའི་ཕུར་དཔལ་དགྲ་སྙིང་གཟེར། །དཔལ་དང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །སྟེང་འོག་ཕྱོགས་མཚམས་ཁྲོ་བཅུ་ཕྲ་ཕྱག་དང་། །སྒོ་སྐྱོངས་ཕུར་བསྲུང་ལ་སོགས་བདུན་བཅུ་བརྒྱད། །ཀུན་ཀྱང་མཁའ་ལ་འཇའ་ཚོན་ཇི་བཞིན་དུ། །སྣང་སྟོང་ལྷ་དགུ་སྒྱུ་འཕྲུལ་རོལ་བར་ཤར། །གཙོ་འཁོར་རྣམས་ཀྱི་གནས་གསུམ་ཡིག་འབྲུ་གསུམ། །རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པར་གྱུར། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་འོག་མིན་ན་བཞུགས་པའི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་བས་ཆུར་བྱོན་པར་བསམ་ལ། ཧཱུཾ་ཀ་དག་ཆོས་སྐུའི་ཀློང་ཡངས་ནས། སྐུ་ལྔའི་བདག་ཉིད་ལོངས་སྤྱོད་རྫོགས། །དཔལ་ཆེན་ཕུར་པའི་ལྷ་ཚོགས་ལ། །སྤྲུལ་པའི་གར་གྱིས་དབྱིངས་ནས་བཞེངས། །ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿས་སྙན་གསན་བབས། སྤྱན་འདྲེན་པ་ནི། སྤོས་སྦྱོར་བསྲེག་དབྱངས་རོལ་དང་བཅས་པས། ཧཱུཾ་རྣམ་དག་ཆོས་དབྱིངས་མཉམ་ཉིད་ལས། །ཕུར་པའི་ལྷ་ཚོགས་སྐུར་བཞེངས་ལ། །སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུཾ་ཕཊ༔ ཨེ་ཧྱ་ཧི་ས་མ་ཡ་ཛ༔ཧཱུཾ་བཾ་ཧོ༔ ཧྲཱིཾ༔ཧྲཱིཾ༔ཛ༔ ཞེས་བརྗོད་པས་ཡེ་ཤེས་པ་རྣམས་སྟེང་གི་ནམ་མཁར་བྱོན་པར་བསམ་སྟེ། བཞུགས་གསོལ་ནི། ཁྲག་འཐུང་ཕུར་པའི་དཀྱིལ་འཁོར་འདིར། དམ་ཚིག་ཡེ་ཤེས་དབྱེར་མེད་པར། །ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དུ་མ་རོ་གཅིག་བརྟན་པར་བཞུགས། །ས་མ་ཡ་ཨ་བེ་ཤ་ཡ་ཏིིཥྛ་སྟྭཾ། ཞེས་བརྗོད་པས་མཉེས་བཞིན་དུ་བརྟན་པར་བཞུགས་པར་མོས། ཕྱག་འཚལ་བ་ནི། ལྷ་རྣམས་ཀྱི་ཡོན་ཏན་ཁྱད་པར་ཅན་ལ་ཤིན་ཏུ་གུས་པའི་ཡིད་ཀྱིས། ཧཱུཾ་ཆོས་རྣམས་རང་བཞིན་ཡེ་ནས་དག །རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་སྟོན། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། །ཨ་ཏི་བུ་ཧོ༔ མ་ན་ཧྲཱི༔ མཆོད་གཏོར་རྣམས་འབུལ་བ་ནི། མཆོད་ལྷ་རྣམས་མཆོད་རྫས་སྣ་ཚོགས་ཕུལ་བས་ཐུགས་བདེ་བ་ཆེན་པོས་ཚིམ་པར་བསམ་ལ། ཧཱུཾ་ཕུར་པའི་ལྷ་ཚོགས་དཀྱིལ་འཁོར་དུ། །བདུག་སྤོས་མེ་ཏོག་མར་མེ་དྲི། །ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན། །དབྱིངས་ནས་བཏོན་ཏེ་དབྱིངས་སུ་གསོལ། །ༀ་བ་ན་སེཾ། བེ་ནུ་སུ་ར་ཏོ་ཏེ་བུ་ས་མུ་ར་སརྦ་ཏ་ཐཱ་ག་ཏ་སིད་དྷི་ས་མ་ཡ་ཧོ༔ ༀ་ཤྲཱི་བཛྲ་རཱ་ག་དྷུ་པེ་ཧཱུཾ། པུཥྤེ་ཏྲཾ། ཨ་ལོ་ཀེ་ཧྲཱི༔ གནྡྷེ་ཧོ༔ ནཻ་ཝི་དྱ་ཨཱ༔ གྷི་ཏི་ཤཔྟ་ཨཱ༔ཧཱུཾ། ༀ་ཨཱ༔ཧཱུཾ། ༀ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིང་། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ལྔ་ལྡན་མཆོད་པར་བཞེས། །ༀ་སརྦ་པུ་ཛཿས་མ་ཡ་ཧོ༔ འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ། །ཡེ་ནས་རིགས་ལྔ་རང་བཞིན་ཡིན། །སྦྱོར་སྒྲོལ་ཏིང་འཛིན་དམ་མཆོད་བཞེས། །ཧ་ལ་པཉྩ་པཱུ་ཛ་ཧོཿ ཧཱུཾ་ཤ་ཁྲག་རུས་པ་རྣམ་པ་གསུམ། །དུག་གསུམ་མཆོད་པ་བླ་ན་མེད། །ཡེ་ནས་སྐུ་གསུམ་རང་བཞིན་ཏེ། །རང་གྲོལ་ཉིད་དུ་མཆོད་པར་བཞེས། །མ་ཧཱ་མཾ་ས་མ་ཧཱ་རཀྟ། །མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། ཧཱུཾ་རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་བསྒྲལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་ཆེ། །ༀ་ཨཱ༔ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི༔ཐ། ཧཱུཾ་རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །ཐུན་མོང་མཆོག་དང་ཁྱད་འཕགས་འདི། །དུས་གསུམ་བླ་མ་ཡི་དམ་ལྷ། །ཁྲག་འཐུང་ཕུར་བའི་ལྷ་ཚོགས་ལ། །བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ཨཱ༔ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། ཧཱུཾ་ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱིས་ཧཱུཾ་བསྒོམས་ཏེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱས་ཡིས། །མྱང་ནས་དངོས་གྲུབ་མཆོག་ཐོབ་འགྱུར། །ཀཱ་ཡ་སིད་དྷི་ༀ། ཝཱ་ཀྐ་སིད་དྷི་ཨ༔ ཙིཏྟ་སིད་དྷི་ཧཱུཾ། སརྦ་སིད་དྷི་ཧྲཱི༔ ཧཱུཾ་དམ་རྫས་རྨད་བྱུང་གཏོར་ཆེན་པོ། །འདོད་ཡོན་ལྔ་ལྡན་ཕུང་པོར་འབར། །ཐམས་ཅད་ཚིམ་བྱེད་མཆོད་སྦྱིན་ཆེ། །ཕུར་བའི་ལྷ་ཚོགས་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧཱུཾ་རུ་ཏྲ་བསྒྲལ་བའི་ཁྲག་ཆེན་པོ། །ལྕང་ལོར་བཅས་པའི་བྷནྡྷའི་བསྐྱིལ། །འཁོར་བ་དབྱིངས་སུ་དག་བྱའི་ཕྱིར། །དཔལ་ཆེན་ཚོགས་ཀྱི་ཞལ་དུ་འབུལ། །མ་ཧཱ་རཀྟ་ཁཱ་ཧི༔ ཧཱུཾ་རྒྱུད་གཉིས་རྐྱེན་སྦྱར་འབྲུ་བཅུ་འདི། །དུག་ལྔ་སྨན་གྱུར་དམ་པའི་རྫས། །ཛ་གད་དཔའ་བོའི་བདུད་རྩི་འདི། །ཕུར་བའི་ལྷ་ཚོགས་ཐུགས་དམ་བསྐང་། །མ་ཧཱ་པཉྩ་ཨ་མྲི་ཏ་ཛ་གད ཁཱ་ཧི། ཧཱུཾ་དབྱིངས་རིགས་གཉིས་མེད་སྦྱོར་བ་ཡིས། །འཁོར་འདས་གཉིས་སུ་མེད་པར་སྦྱོར། །གཉིས་མེད་རྟོགས་པའི་སྦྱོར་མཆོད་འདི། །ཕུར་པ་ཡབ་ཡུམ་མཉེས་གྱུར་ཅིག །པདྨ་ཡོ་གི་ནི་ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ། ཧཱུཾ་ཡང་དག་དོན་རྟོགས་བློ་ཡིས་ནི། །མ་རྟོགས་སེམས་ཅན་གནས་སུ་བསྒྲལ། །དུས་གསུམ་བདེ་གཤེགས་དེ་ལ་མཉེས། །མཆོག་གི་མཆོད་པ་ཆེན་པོ་བཞེས། །ༀ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་རུ་ཏྲ་པྲ་པཉྩ་ཙཀྲ་ཧཱུཾ་ཕཊ༔ པྲ་བེ་ཤ་ཡ་ཕཊ༔ ཏི་ཧཱུཾ་ཨ་ཡཾ་སྥ་ར་ཎ་ཕཊ༔ བསྟོད་པ་ནི། ལྷ་མོ་རྣམས་རོལ་མོ་སྣ་ཚོགས་སྒྲོགས་ཤིང་སྙན་པའི་དབྱངས་ཀྱིས་བསྟོད་པས་ཐུགས་མཉེས་པར་བསམ་ལ། ལྷའི་ཡོན་ཏན་དྲན་པའི་དད་གུས་ཆེན་པོས། ༀ་མཉམ་ཉིད་ཆོས་སྐུའི་རང་བཞིན་ལས། །ཀུན་བཟང་ཟག་པ་མེད་པ་བདེ། །སེམས་ཅན་དོན་ལ་དེ་བཞིན་གཤེགས། །ཐུགས་རྗེ་ཀུན་ལ་ཕྱག་འཚལ་བསྟོད། །ཨཱ༔ སྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ། །མ་འགགས་རང་གསལ་འཛིན་པ་མེད། །ཆགས་མེད་སྐྱོན་བྲལ་པདྨའི་གསུང་། །ཡང་དག་གསུང་ལ་ཕྱག་འཚལ་བསྟོད། །ཧཱུཾ་སྤྲོས་པ་མེད་པ་དབྱིངས་ཀྱི་ངང་། །མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐུགས། །བླང་དོར་མེད་པ་ཆོས་ཀྱི་དབྱིངས། །འགྱུར་མེད་ཐུགས་ལ་ཕྱག་འཚལ་ལོ། །སྭ་ཆོས་དབྱིངས་རོལ་བ་ཆེན་པོ་ལ། །རྩལ་དང་རོལ་པར་མི་དམིགས་ཀྱང་། །ནམ་མཁའི་མཛོད་ཀྱི་ཆོ་འཕྲུལ་གྱིས། །ཡོན་ཏན་རེ་སྐོང་ཕྱག་འཚལ་ལོ། །ཧཱ་རང་བཞིན་ཇི་ཡང་མ་ངེས་ཀྱང་། །དཀྱིལ་འཁོར་ཆེན་པོ་ཆ་བཟུང་ནས། །རྟོགས་མེད་དྲེགས་པ་ངང་གིས་འབུལ། །འཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །ༀ་ཨཱ༔ཧཱུཾ་སྭཱ་ཧཱ། ན་མོ་ཧྲི་ད་ཡ༔ ༀ་ན་མ༔ འཛབ་བསྐུལ་ནི། དཀྱིལ་འཁོར་གཙོ་མཆོག་ཧེ་རུ་ཀ །ཟག་མེད་བདེ་བའི་ཉམས་ལྡན་ཅན། །སྟོང་ཉིད་སྙིང་རྗེ་ཡུམ་དང་སྦྱོར། །སྐུ་ནི་གར་དགུའི་ཉམས་དང་ལྡན། །དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས། །གསུང་ནི་གསང་སྔགས་འབྲུག་སྟོང་ལྡིར། །ཐུགས་ཀྱི་སྒྲོལ་མཛད་སྲོག་དང་བཅས། །འཛབ་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ། །ཕཊ་ཀྱིས་སྤྲོས་པའི་སྟོང་གསུམ་གང་། །བསྡུས་པ་ཡུམ་གྱི་མཁའ་ལ་འཁྱིལ། །གསང་བའི་སྦུབ་ནས་ཐུགས་ཀར་ཐིམ། །མ་གསལ་བར་དུ་བསྐྱེད་ཅིང་བསྒོམས། །མ་འགྲུབ་བར་དུ་མི་གཏོང་ངོ་། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུཾ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ན་ཏཔྟ་ཙཀྲ་ཧཱུཾ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧྲཱི༔ པདྨ་ཧྲཱི༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་སཏྭ་ར་ཛ་ཧཱུཾ། ཅེས་པ་སྐུ་གསུང་ཐུགས་སྔགས་དང་ཡུམ་དང་འཁོར་སྔགས་བཟླས། སྤྱི་འགྲོ་ལ། རང་ལྟར་གསལ་བའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་འམ་ཕུར་བུ་དང་རྡོ་རྗེ་སོགས་སྐབས་བབས་ཀྱི་ཕྱག་མཚན་དང་དེའི་ལྟེ་བར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཞི་དྲག་གི་ཁྱད་ཀྱི་ཟླ་བའམ་ཉི་མའི་གདན་ལ་ཧཱུཾ་ཡིག་སོགས་ས་བོན་ལྷའི་སྐུ་མདོག་དང་མཐུན་པའི་མཐར་ཞི་དྲག་གང་ཡིན་གྱི་སྔགས་མདོག་གྱེན་འགྲེང་འོད་ཟེར་འབར་བས་བསྐོར་བ་ལ་དམིགས་ལ་གཏད་ཅིང་། སྔགས་ཕྲེང་འོད་ཟེར་སྣ་ལྔ་དང་བཅས་གཡས་སྐོར་དུ་འཁོར་བ་དང་། ས་བོན་པས་སྔགས་ཕྲེང་བྱུང་བ་རང་དང་མདུན་བསྐྱེད་ཀྱི་ལྷའི་གཞལ་ནས་ཞལ་མཁའ་ན་སྨ་ཁར་འཁོར་བའི་དམིགས་པ་དང་། བདག་བསྐྱེད་རྐྱང་པ་ལ་ཡབ་ཡུམ་ལྟ་བུ་ཞལ་སྦྱོར་ལྟ་བུ་ཡིན་ཚེ་ཡབ་ཡུམ་གྱི་ཞལ་དང་མཁའ་གསང་དུ་འཁོར་བའི་དམིགས་བྱེད་པ་ཡང་སྔགས་ཀྱི་འོད་ཟེར་ལས་མཆོད་ལྷ་དཔག་མེད་སྤྲོས་ཏེ། རྒྱལ་བ་ཞི་ཁྲོ་ཐམས་ཅད་མཆོད་པས་མཉེས་པར་བྱས་སྐུ་གསུང་ཐུགས་ཀྱི་བྱིན་བརླབ་ལྷ་སྔགས་ཕྱག་མཚན་དང་བདུད་རྩི་འོད་ཟེར་སྣ་ལྔའི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པའི་དམིགས་དང་། འོད་ཟེར་གྱིས་རིགས་དྲུག་སེམས་ཅན་གྱི་དོན་བྱེད་པའི་དམིགས་པ་དང་། མེ་མཚོན་ཁྲོ་བོའི་ཚོགས་སྤྲོས་ཏེ་གནོད་བྱེད་ཚར་གཅོད་དམིགས་པ་རྣམས་ཇི་ལྟར་རིགས་པ་བྱ་ཞིང་། སྔ་འགྱུར་ལུགས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་བཟླས་པ་བཞི་དང་། དེ་རེ་རེ་ལ་ཡང་བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་བཞི་བཞིར་བྱེད་ཚུལ། ཡོ་གའི་སྐོར་གསུམ་སོ་སོའི་ལུགས་ཀྱི་བཟླས་དམིགས་མི་འདྲ་བའི་ཁྱད་པར་སོགས་ཀྱང་གཞན་ལས་ཤེས་པར་བྱ། བསྙེན་ཚད་ནི། ཡིག་གྲངས་ཀྱི་འབུམ་མམ་ལས་རུང་ཙམ་ལ་མ་མཐའ་བཞི་འབུམ་བཟླས་ཞིང་། འཁོར་རྣམས་ལ་ཡང་ཁྲི་སོགས་སྐབས་དང་བཟླ། ཐུན་བསྡུ་ཁར་དབྱངས་གསལ་དང་ཡིག་བརྒྱ་བརྗོད་དེ། དངོས་གྲུབ་བླང་བ་ནི། ཧཱུཾ་ལྷ་དང་རིག་འཛིན་མཁའ་འགྲོ་དགོངས། །འདིར་འདུས་རིག་འཛིན་བདག་ཅག་རྣམས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ཞིང་། །བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲང་། །བསྙེན་བསྒྲུབ་རྣམས་སུ་མཐའ་རུ་ཕྱིན། །ལས་དང་ཐུགས་རྗེས་མཐུན་པ་ཡིས། །ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུཾ་ཀ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུཾ་ཨཱ༔ ཆེ་བ་བསྐྱེད་པ་ནི། ཧཱུཾ། སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་། །གཟུགས་སྣང་ཐམས་ཅད་ཧེ་རུ་ཀ །ཐམས་ཅད་ཐམས་ཅད་བྲན་དུ་འཁོལ། །ང་ལས་ཆེ་བ་སུ་ཡང་མེད། །ཧཱུཾ་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །གཟུགས་སྐུ་འཇིགས་པའི་ཆ་ལུགས་བཞེངས། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུཾ་ཧཱུཾ་ཧཱུཾ། བཛྲ་སརྦ་དུཥྚཾཿ ༀ་ཤནྟིཾ༔ སྤ་བུ་ཥྚིཾཿ ཨཱ༔ཝ་ཤཾ༔ ཧཱ་མཱ་ཱར་ཡ་ཕཊ༔ སརྦ་སིདྡྷི་ཀུ་རུ་ཧཱུཾ༔ རྦོད་ཟོར་སརྦ་བཟློག་བྷྱོ༔ སྤྲོ་ན་བཀའ་བསྲུང་རྣམས་ཀྱི་མཆོད་གཏོར་རྒྱས་པ་རང་གི་སྒོས་ཀྱི་སྲུང་མའི་གསོལ་མཆོད་བྱས་ན་སྐབས་འདིར་བྱ། བསྡུ་ན། བཀའ་བསྲུང་རྣམས་ཀྱི་མཆོད་གཏོར་བྱིན་གྱིས་བརླབས་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །གར་བཞུགས་རྡོ་རྗེའི་ཕོ་བྲང་སོ་སོ་ནས། །དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །དམ་ཅན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ། དཔལ་ལྡན་དམག་ཟོར་རྒྱལ་མོ། །བཀའ་སྡོད་གནོད་སྦྱིན་ཆེན་པོ་བེག་ཙེ། གིང་ལྔ་གཟའ་བདུད་གཏེར་གྱི་བསྲུང་མ། རྒྱལ་པོ་སྐུ་ལྔ་དམ་ཅན་རྡོ་རྗེ་ལེགས་པ། །བསྟན་མ་བཅུ་གཉིས་ལ་སོགས་པའི་དམ་ཅན་ཆོས་སྐྱོང་བསྲུང་མ་འཁོར་དང་བཅས་པ་སྤྱན་དྲངས། ཞེས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ། གདན་འབུལ། ཆོས་སྐྱོང་བསྲུང་མ་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཤྲཱི་དྷརྨཱ་པཱ་ལ་ས་པ་རི་ཝ་ར་ཨ་ཀཱ་རོ་བཏགས་ཏེ་འབུལ། ལན་གསུམ། ཨརྒྷཾ་སོགས་ཀྱིས་མཆོད། ནང་མཆོད་ཕུལ། སྔོན་ཚེ་བཅོམ་ལྡན་ཞེས་སོགས་ཀྱིས་བསྟོད། དཀར་ཕྱོགས་སྐྱོང་མཛད་བསྟན་བསྲུང་འཁོར་བཅས་ཀྱི། །དུད་རྩི་རྒྱ་མཚོའི་གཏོར་མ་འདི་བཞེས་ལ། །ནད་གདོན་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །གཏེར་བསྲུང་རྣམས་ཀྱང་མཆོད་དགོས་པར་རིག་འཛིན་བརྒྱུད་པའི་གསུངས་ལས་བྱུང་བ་ནི། ༀ་ཨ་ཀཱ་རོས་བྱིན་གྱིས་བརླབས། ཧཱུཾ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ཚིག་ལ་གནས་བཞག་པ་ཡི༔ དཔལ་ཆེན་མགོན་པོ་བདུན་བཅུ་རྩ་གཉིས་དང༔ གསང་སྔགས་དྲེགས་པ་སྡེ་བརྒྱད་འཁོར་བཅས་དང་༔ ཡུལ་ཆེན་ཉི་ཤུ་རྩ་བཞི་ཞིང་སྐྱོང་དང༔ སྣང་སྲིད་མཁའ་འགྲོ་སུམ་བཅུ་རྩ་གཉིས་དགངས་ཅན་བོད་ཀྱི་བསྟན་མ་བཅུ་གཉིས་དང༔ གཏེར་བསྲུང་རྣམ་གསུམ་འཁོར་དང་བཅས་པ་དང༔ སྐྱོང་མ་དང་ནི་ཡ་མ་བཅུ་གཉིས་དང༔ དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཉིས་དང་༔ ཆོས་རྒྱལ་རྗེ་ཡི་མགུར་ལྷ་བཅུ་གསུམ་དང༔ སྲིད་པ་འདི་ཉིད་ཆགས་པའི་ལྷ་དགུ་དང་༔ སྐྱོབ་པར་བྱེད་པའི་ལྷ་ལྔ་བརྟེན་པའི་ལྷ༔ ཁྱད་པར་ཡུལ་ཕྱོགས་འདི་རུ་གནས་པ་ཡི༔ ཕ་རི་ཚུ་རི་གཡས་རི་གཡོན་རི་དང༔ མདུན་རི་རྒྱབ་རི་འཚེར་ས་དགོན་གནས་འདིར༔ གནས་པའི་ས་བདག་ཀླུ་གཉན་གཞི་བདག་རྣམས༔ རང་རང་སོ་སོའི་གནས་ནས་གཤེགས་སུ་གསོལ༔ འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི༔ ཁ་འཛིན་སྟོང་གྲོགས་མེལ་ཚེ་སྐྱེལ་བསུ་དང་༔ མཐུན་རྐྱེན་གྲོགས་ལྡན་སྒྲུབས་ལ་འགལ་རྐྱེན་སེལ༔ བཅོལ་བའི་འཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ ༀ་སརྦ་ལོ་ཀ་པཱ་ལ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཞི་བདག་གཏོར་མ་འབུལ༔ ཚོགས་འཁོར་ཉིན་རེ་བཞིན་འབུལ་ཐུབ་ན་ལེགས་ཤིང་མ་གྲུབ་ན་ཐོག་མཐའ་བར་གསུམ་མམ་ཐོག་མ་དང་ཐ་མ་གཉིས་སུ་ངེས་པར་བྱ། ཚོགས་བྱིན་གྱིས་རླབས་པ་ནི། ༀ་ཨུ་ཙྪ་ཥྨ་བཻ་ཧཱ་ལི་ཀྲོ་དྷ་ནི་སརྦ་ཏྲ་བྱཾ་སཾ་ཤྭ་དྷ་ནི་ཧཱུཾ་ཕཊ༔ ཚོགས་ཀྱི་ཡོ་བྱད་ཐམས་ཅད་ཀུན། །རཾ་ལས་མེས་སྲེག་ཡཾ་ལས་རླུང་། །གཡོས་པས་སྦྱངས་ཤིང་ཁཾ་གི་ཆུས། །བཀྲུས་ཏེ་འདོད་ཡོན་བདུད་རྩིར་གྱུར། །ༀ་ཨཱཿཧཱུཾ་སྤྱན་འདྲེན་ཤིང་སྤྱིར་འབུལ་བ་ནི། ཕུར་པའི་ལྷ་ཚོགས་གནས་འདིར་གཤེགས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ལྔ་ལྡན་ཚོགས་མཆོད་ཀྱིས། །ཐུགས་དམ་དབྱིངས་སུ་སྐོང་གྱུར་ཅིག །ཚོགས་དང་པོ་ནི། ཧཱུཾ་བླ་མེད་མཆོག་གི་མཆོད་སྦྱར་བའི། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོས། །འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ། །དམ་སྐོང་དབང་དང་དངོས་གྲུབ་སྩོལ། །ༀ་ན་མ༔སརྦ་ཏ་ཐཱ་ག་ཏ་བྷྱོ༔བི་ཤྭ་མུ་ཁེ་བྷྱ༔སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བར་བ་ནི། བདག་ཅག་ཉོན་མོངས་དབང་གྱུར་པས། །ཕུར་པའི་ལྷ་ཚོགས་སྤྱན་སྔར་དུ། །ཐུགས་དང་འགལ་བའི་ནོངས་བ་ཀུན། །སྙིང་ནས་བཤགས་སོ་བཟོད་པར་གསོལ། །ཡིག་བརྒྱ་བརྗོད། མཐའ་མ་ནི། ཨེ་ཪྣྲི་ཏྲི་ཛ༔ སྐུ་སྟོད་ཁྲོ་བོ་འབར་བའི་གཟུགས། །སྐུ་སྨད་ཕུར་བའི་དཔལ་ལྡན་པ། །ལོག་འདྲེན་དགྲ་བགེགས་སྙིང་ལ་ཟེར། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྩ་སྔགས་མཇུག་ཏུ། གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཕཊ། ཅེས་བསྒྲལ། བསྟབ་པ་ནི། ཕུར་བའི་ལྷ་ཚོགས་གནམ་ས་ཙམ། །གདངས་པའི་ཞལ་དུ་དགྲ་བགེགས་ཀྱི། །ཤ་ཁྲག་རུས་པ་ཚོགས་སུ་འབུལ། །དགྱེས་པར་རོལ་ཞིག་ཁ་རཾ་ཁཱ་ཧི། །མ་ཧཱ་མཾ་ས་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧིཿ མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི༔ ལྷ་མ་བཏང་བ་ནི། བོ་དྷི་ཙིཏྟ་ཕ་ར་ཎ་ཕཊ། ཧཱུཾ་དང་པོ་ཕུད་ཀྱིས་མི་མཆོད་དུ། །དཔལ་ཆེན་ཕུར་བའི་ལྷ་ཚོགས་གཉན། །བར་དུ་ལྷག་མས་མི་མཆོད་དུ། །མ་དང་མཁའ་འགྲོ་ལྷག་མར་དགྱེས། །ཐ་མ་གཅིག་ཏུ་མི་བསྲེ་རུ། །ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག །དཔལ་གྱི་བཀའ་ཉན་ལྷག་བསྡུད་རྣམས། །འདིར་བྱོན་ཤ་ཁྲག་མཆོད་གཏོར་བཞེས། །སྔོན་གྱི་དམ་ཚིག་མ་གཡེལ་བར། །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ༀ་ཤྲཱི་ཧེ་རུ་ཀ་ས་མ་ཡ་དེ་ཝི་ཀྲོ་དྷ་སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ༀ་ཨཱ༔ཧཱུཾ་ཨུཙྪི་ཥྚ་བཛྲ་ཨ་ཏི་ཥྛ་ས་མུ་ཏྲ་ཀྲཱ་མ་ས་མ་ཡ་ཧཱུཾ་ཕཊཿ ཧཱུཾ་ཧཱུཾ་ཧཱུཾ། ཧྲཱི༔ཧྲཱི༔ཧྲཱི༔ བྷྱོ་བྷྱོ་བྷྱོཿ ཨ་ར་ལི་ཛཿ ཧཱུཾ་སྔོན་ཚེ་འདས་དུས་བསྐལ་བ་དང་པོ་ལ། །འོག་མིན་ཆོས་དབྱིངས་གནས་མཆོག་དམ་པ་རུ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ་དཔལ་གྱིས། །སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ། །སོ་སོའི་གཟུགས་བརྙན་དམ་ཚིག་ཁས་བླངས་བཞིན། །མཆོད་གཏོར་འདི་བཞེས་བཅོལ་བའི་འཕྲིན་ལས་མཛོད། །བསྐལ་བ་བར་མ་རྒྱ་གར་གནས་ཆེན་དུ། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་རྣམས་ཀྱིས། །ཞི་ཁྲོ་རང་རང་དཀྱིལ་འཁོར་ཞལ་ཕྱེ་ནས། །བཀའ་སྐྱོང་ཕོ་བརྒྱུད་མོ་བརྒྱུད་དམ་བཏགས་ཚེ། །སོ་སོའི་གཟུགས་བརྙན་དམ་ཚིག་ཁས་བླངས་བཞིན། །མཆོད་གཏོར་འདི་བཞེས་བཅོལ་བའི་འཕྲིན་ལས་མཛོད། །བསྐལ་བ་ཐ་མ་ཆོས་འཁོར་བསམ་ཡས་སུ། །པདྨ་འབྱུང་གནས་རྗེ་འབངས་གྲོགས་དགུ་ཡིས། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་ཞལ་ཕྱེ་ནས། །སྣང་སྲིད་དྲེགས་པ་སྡེ་བརྒྱད་དམ་བཏགས་ཚེ། །སོ་སོའི་གཟུགས་བརྙན་དམ་ཚིག་ཁས་བླངས་བཞིན། །མཆོད་གཏོར་འདི་བཞེས་བཅོལ་བའི་འཕྲིན་ལས་མཛོད། །ལྔ་བརྒྱ་ཐ་མ་ཟངས་མདོག་དཔལ་རི་དུ། །ཚེ་དབང་རིག་འཛིན་ཆེ་མཆོག་འདུས་རྩལ་གྱི། །ཞི་ཁྲོ་སྤྱི་དང་བྱེ་བྲག་ཞལ་ཕྱེ་ནས། །དམ་ཅན་རྒྱ་མཚོ་དམ་ལ་བཏགས་པའི་ཚེ། །སོ་སོའི་གཟུགས་བརྙན་དམ་ཚིག་ཁས་བླངས་ནས། །མཆོད་གཏོར་འདི་བཞེས་བཅོལ་བའི་འཕྲིན་ལས་མཛོད། །ཞེས་ཆད་ཐོ་བྱ། བསྟན་མ་སྐྱོང་བ་ནི། ཧཱུཾ་བསྟན་པ་སྐྱོང་མཛད་མ་དང་སྲིང་། །དཔལ་གནས་མ་དང་ཡང་དག་ཤེས། །ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ། །མེ་ཏོག་ཟླ་འོད་བྱང་རྒྱལ་མ། །གསེར་ཐང་ཀུན་བཟང་ཤནྟིཾ་དཔལ། །ཀླུ་མོ་གཟི་འབར་ལ་སོགས་པའི། །བསྟན་མ་བཅུ་གཉིས་གཏོར་མ་ལོངས། །མི་མཐུན་གནོད་པའི་ཚོགས་རྣམས་བཟློག །ༀ་ཨཱ༔ཧཱུཾ་བཛྲ་ཨ་མྲྀ་ཏ་ཁཱ་ཧི། མ་མ་ཧྲཱིཾ་མ་མ་ཧྲཱིཾ་ཁཱ་ཧི་ཁཱ་ཧི། གཏང་རག་ནི། ཧཱུཾ་ཕུར་པའི་ལྷ་ཚོགས་འཁོར་བཅས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མ་ལུས་བཤགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། དཀྱིལ་འཁོར་བསྡུ་བ་ནི། སྣོད་བཅུད་གཞལ་ཡས་ཁང་ལ་ཐིམ། །དེ་ཡང་འཁོར་དང་འཁོར་རྣམས་ཀྱང་། །གཙོ་བོར་འདུས་ཤིང་གཙོ་བོ་ཉིད། །སྟོང་པར་གྱུར་ལས་འཇའ་ལྟར་བཀྲ། །སྨོན་ལམ་ནི། དགེ་བ་འདི་ཡིས་འགྲོ་བ་ཀུན། །བསྐྱེད་རྫོགས་རྫོགས་ཆེན་ལམ་བཟང་ལ། །བསྟེན་ནས་ཚེ་འདིར་ཕུར་པ་ཡི། །གོ་འཕང་མངོན་དུ་འགྱུར་བར་ཤོག །ཤིས་བརྗོད་ནི། རྩ་གསུམ་དཀྱིལ་འཁོར་འཁོར་ལོ་ཡི། །མ་རྨང་ཐུགས་རྗེ་ཆེན་པོའི་མཐུ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཞེས་སོགས་ཤིས་བརྗོད་བྱ། དེ་ལྟ་བུའི་རིམ་པས་ཐོར་ཐུན། སྔ་ཐུན། དགུང་ཐུན། སྲོང་ཐུན། བཞིར་བཅད་དེ་ཉམས་སུ་བླང་ཞིང་། ཐོར་ཐུན་ནི། སྐྱ་རེངས་ཤར་ནས་ཉི་མ་འཆར་ཀའི་བར། སྔ་ཐུན་ནི། ཉི་མ་རྫོགས་བར་ཤར་ནས་དགུང་མ་ཟིན་པར། ཕྱི་དྲོའི་ཐུན་ནི། དགུང་ཡོལ་ནས་ཉི་མ་ནུབ་ཁ་མའི་བར། སྲོང་ཐུན་ནི། ཉི་མ་ནུབ་ནས་ནམ་གྱི་ཆ་དང་པོ་རྫོགས་ཀྱི་བར་བྱའོ། །ཐུན་ཐམས་ཅད་ཀྱི་མཇུག་ཏུ་གཏོར་འབུལ་ཐུབ་ན་ལེགས་ཤིང་། མ་གྲུབ་ན་ཐུན་ཐ་མའི་མཇུག་ཏུ་འབུལ། ཐུན་གྱི་རིང་ཐུང་ཐོག་མར་ཡུན་ཐུང་བ་རིམ་གྱིས་ཇེ་རིང་དུ་བཏང་སྟེ་བསྙེན་པའི་སྒང་ཙམ་ལ་སླེབས་ཚེ་ཡུན་རིང་བ་དང་། དེ་ནས་རིམ་གྱིས་ཇེ་ཐུབ་དུ་བཏང་བས་ནས་དྲ་བ་བྱེད། ཐུན་གྱི་ངོ་བོ་ལ་བཟའ་བཏུང་འགྲོ་འདུག་གཉིད་དང་གཏམ་སོགས་ཀྱིས་བར་མཆོད་པ་བྱ་ཞིང་། བར་ཆད་བསྲུང་བ་སོགས་ཀྱི་ཕྱིར་དུ་ཐུན་མཚམས་སུ་ཡང་ལྷའི་ང་རྒྱལ་དང་ལྡན་པའི་སྒོ་ནས་སྔགས་འདྲེན་པ་གལ་ཆེ་མོད། འོན་ཀྱང་བསྙེན་པའི་གྲངས་སུ་མི་བརྩེ། བླ་མ་དང་གདམས་ངག་ཡིད་ག ཉིས་དང་ཐེ་ཚོམ་མེད་པར་དད་པ་དང་ཡིད་ཆེས་ཤུགས་དྲག་བྱ་ཞིང་། རྣམ་པ་ཀུན་ཏུ་བླ་མ་དང་ལྷ་དང་རང་སེམས་དབྱེར་མེད་དུ་བསྒོམ་པ་ནི། བགེགས་སེལ་བོག་འདོན་གྱི་རྒྱལ་པོ་ཡིན་ནོ། །མེ་ལ་ཕུས་འདེབས་པ་དང་མཚོན་རྩེ་ཁ་ནང་དུ་འཇུག་པ་དང་། སྒོག་བཙོང་ལ་ཕུག་ཁྱད་པར་དུ་ལྕེ་ཤ་ཟོས་ན་ངག་གི་ནུས་པ་ཉམས་པས་སྤང་དགོས་ཞེས་བཤད། དེར་མ་ཟད། མཚམས་ཀྱི་རིང་གཞན་ལ་སྔགས་ཆུ་དང་བསྲུང་བ་སྟེར་བ་སོགས་ཀྱང་མི་བྱ་བར་གསུང་། མཚམས་གྲོལ་ཁའི་ཐུན་ལ་ཚོགས་འཁོར་འབུལ་བའི་རྗེས་སུ། བྲོ་བརྡུང་བ་ནི། ཕུར་པའི་འཁོར་བཅས་རོལ་པའི་བྲོ། །དམ་སྲིའི་སྙིང་ལ་ཆེམས་སེ་ཆེམས། །ཁྲོ་བོ་ཁྲོ་མོ་རོལ་བའི་བྲོ། །དགྲ་བགེགས་སྙིང་ལ་ཆེམས་སེ་ཆེམས། །ཁྲོ་བོ་རྣམས་ཀྱི་བྲོ་བརྡུང་བས། །ཁྲོ་མོ་རྣམས་ཀྱིས་རྗེས་འདེབས་སོ། །ཤར་དུ་ཞི་བའི་བྲོ་བརྡུང་བས། །ནད་གདོན་བར་ཆད་ཞི་བར་ཤོག །ལྷོ་རུ་རྒྱས་པའི་བྲོ་བརྡུང་བས། །ཚེ་དང་བསོད་ནམས་རྒྱས་པར་ཤོག །ནུབ་ཏུ་དབང་གི་བྲོ་བརྡུང་བས། །ལྷ་འདྲེ་མི་གསུམ་དབང་བསྡུད་ཤོག །བྱང་དུ་དྲག་པོ་བྲོ་བརྡུང་བས། །དགྲ་བགེགས་དམ་སྲི་ཞི་བར་ཤོག །ཅེས་པའི་རྗེས་སུ་དངོས་གྲུབ་རྫས་ཇི་ལྟར་འབྱོར་བ་བཤམས་ལ། བགེགས་བསྐྲད་ཅིང་བྱིན་གྱིས་བརླབས། མདུན་བསྐྱེད་ལྷ་ཡི་ཐུགས་ལས་འོད་འཕྲོས་པས། །རྩ་གསུམ་བྱིན་བརླབ་འབྱུང་བཞི་རོ་བཅུད་དང་། །ལྷ་མིའི་ཚེ་བསོད་འཁོར་འདས་ཡོན་ཏན་ཀུན། །བདུད་རྩི་འོད་ཟེར་རྣམ་པར་རྫས་ལ་ཐིམ། །རྩ་སྔགས་མཐར། ཀཱ་ཡ་ཝ་ཀྐ་ཙིཏྟ་སིད་དྷི་ཨ་ལ་ལ་ཧོ༔ ཞེས་བཏགས་ལ་བརྒྱ་རྩ་སོགས་བཟླས་ལ་ལས་བྱང་གི་དངོས་གྲུབ་བླང་བའི་ཚིག་བརྗོད། གཏོར་མའི་ལྷ་ལས་ཏིང་ངེ་འཛིན་གྱི་དབང་བཞི་བླང་བའི་དམིགས་པ་དང་བཅས། ཀཱ་ཡ་སིདྡྷི་ༀ། ཝཀྐ་སིདྡྷི་ཨ༔ ཙིཏྟ་སིདྡྷི་ཧྲཱི༔ ཞེས་བརྗོད་དེ་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད། རྒྱལ་ཆེན་ལ་མཆོད་གཏོར་གསར་བ་བཤམས་ཏེ་བྱིན་གྱིས་བརླབས། རྒྱལ་ཆེན་སྡེ་བཞི་འཁོར་བཅས་ལ། མཚམས་བཅད་འཕྲིན་ལས་གཏང་རག་ཏུ། །ཡིད་འོང་མཆོད་པའི་ཚོགས་རྣམས་དང་། །མཆོད་སྦྱིན་གཏོར་མ་འབུལ་གྱིས་བཞེས། །སྔར་ལྟར་སྔགས་ཀྱིས་མཆོད། གཏོར་མ་ཕུལ་ཏེ། ཡིག་བརྒྱ་བརྗོད། བཟོད་གསོལ་བྱས་ཏེ། རྒྱལ་བོ་ཆེན་པོ་སྡེ་བཞི་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད། གཏང་རག །ཉེར་བསྡུ། སྨོན་ལམ་ཤིས་བརྗོད་སོགས་རྒྱས་པར་བྱས་ཏེ་ནང་མཚམས་གྲོལ་ཞིང་། ཕྱི་མཆམས་རིམ་གྱིས་གྲོལ་ཏེ། ཁ་སྐོང་གི་སྦྱིན་སྲེག་ཀྱང་འཚམས་ནང་དེའམ་ལས་སྦྱོར་གཞན་ལ་མ་ཞུགས་པའི་སྔོན་དུ་ངེས་པར་བྱའོ། །དེ་ཙམ་གྱི་དམིགས་རིམ་དང་ལག་ལེན་གྱི་རིམ་པ་གང་ལ་ཡང་གཞུང་དང་མན་ངག་གི་དགོངས་དོན་ལ་ཡང་ཞིབ་བརྟགས་བྱེད་ཅིང་། བདག་གི་བླ་མ་དམ་པ་སྐུ་ཞང་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་སོགས་ཀྱི་ཞལ་གྱི་བདུད་རྩི་ལས་འབྱུང་བ་ལྟར་བྱ་བ་ལས་ཕོ་ཚོད་ཀྱིས་རིགས་འགྲེ་སྦྱར་བ་ལ་དགའ་བར་མི་བྱ་ཞིང་། གསར་རྙིང་གི་ཆོས་སྐོར་མ་འདྲེས་པར་བྱས་ན་ལེགས་སམ་སྙམ་པ་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་དགོངས་བར་འཚལ། གཟིགས་སྣང་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི། །སྨིན་གྲོལ་ཟུང་དུ་འབྲེལ་བའི་ཉམས་ལེན་ལ། །ཐུན་བཞིར་བརྩོམ་པ་ཆུ་བོའི་རྒྱུན་བཞིན་དུ། །འབད་པས་མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཤོག །ཚུལ་འདི་དམ་པའི་མན་ངག་ལྟར་བཀོད་ཀྱང་། བདག་བློ་འགལ་འཁྲུལ་རྨོངས་པའི་དབང་གྱུར་པས། །ནོངས་པ་ཅི་མཆིས་བླ་མ་ལྷ་ཚོགས་ཀྱི། །སྤྱན་སྔར་སྙིང་ནས་བཤགས་སོ་བཟོད་པར་བཞེས། །རྣམ་པར་དཀར་བའི་དགེ་ཚོགས་ཕུང་པོ་རྣམས། །རྩ་གསུམ་དགྱེས་པའི་ཀུན་བཟང་མཆོད་སྤྲིན་དུ། །ཕུལ་བས་འཕྲལ་ཀུན་འདོད་དོན་ལྷུན་གྲུབ་པའི། །ཤིས་པ་རྒྱ་མཚོ་ས་གསུམ་ཁྱབ་གྱུར་ཅིག །གསང་ཆེན་ཟབ་ལམ་སྒྲུབ་པའི་རྣལ་འབྱོར་ལ། །དམ་ཅན་མཐུ་ལྡན་སྤྱི་དང་ཁྱད་པར་དུ། །བཀའ་སྡོད་གིང་ལྔ་གཟའ་གདོང་འཁོར་བཅས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་ཅིག །ཅེས་ལྷག་པའི་ལྷ་མཆོག་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཞེས་བྱ་བ་འདི་ཉིད་ཀྱི་ལོ་རྒྱུས་ཀྱང་། རྒྱལ་དབང་ཐམས་ཅད་མཁྱེན་པ་དགུང་ལོ་བཞི་བཅུར་ཕེབས་པ་མེ་ཕོ་སྤྲེའུའི་ལོར་ཧོར་ཟླ་དྲུག་པའི་ཚེས་ཉེར་བཞི་ནས་ཕོ་བྲང་པོ་ཏ་ལའི་རྩེར་རང་བློན་འཕགས་པའི་དྲུང་དུ་བཅད་རྒྱ་ཞིག་མཛད་སྐབས་ཟླ་བ་དེའི་ཉེར་བདུན་ལ་དག་པ་ཡེ་ཤེས་ཀྱི་གཟིགས་ངོར། པཎྜི་ཏ་བི་མ་ལ་མི་ཏྲས་དངོས་སུ་ཞལ་བསྟན་ནས། བུ་སེམས་དང་རིག་པ་དབྱེ་བ་ཕྱེད། བླ་མེད་སྙིང་པོ་གསང་བའི་ལམ། ཟབ་མོ་སྒྲུབ་པ་བཀའ་བརྒྱད་ལ། །བུ་ཁྱོད་སྙིང་ནས་བློ་ལྟོས་འཆའ། །ཞེས་གསུངས་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བསྟན་ཏེ་དབང་བཞི་ཡོངས་སུ་རྫོགས་པར་གནང་ནས། རྒྱལ་དབང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པས་ཕྱི་ནང་གི་བར་ཆད་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་བདེ་བླག་ཏུ་བརྙེས་པའི་ཚུལ་མཛད་དེ། རྗེས་འཇུག་གདུལ་བྱ་རྣམས་ཀྱི་དོན་དུ་དབང་རྒྱུན་སོགས་སྤེལ་བར་མཛད་ཅིང་། ལས་བྱང་དཀྱིལ་ཆོག་སོགས་ཆོ་གའི་རིམ་པའང་ཡིག་ཆར་བཀོད་པར་མཛད་ལ། དེ་ནས་རིམ་བིར་བརྒྱུད་དེ་བདག་གི་དྲིན་ཅན་རྩ་བའི་བླ་མ་ངག་དབང་ཆོས་འཕེལ་གྱི་བར་དུ་བྱོན་པའི་ཤིན་ཏུ་ཟབ་པའི་ཉེ་བརྒྱུད་བཀའ་བརྒྱད་རིག་འཛིན་ཞལ་ལུང་དུ་གྲགས་པའི་ནང་ཚན་བྱིན་རླབས་དང་དངོས་གྲུབ་ཀྱི་ནུས་མཐུ་ཡུལ་དུ་བྱུང་བ་ཡི་དམ་ཕུར་བུའི་བསྙེན་ཡིག་རྩ་གསུམ་དགྱེས་པའི་རོལ་གར་ཞེས་བྱ་བ་འདི་ནི། འཇམ་དབྱངས་གོང་མ་ལྷའི་སྐྱོང་རྒྱལ་པོ་གསེར་གྱི་བཀའ་ལུང་གིས་བསྔགས་པའི་དགའ་ལྡན་ཆོས་འཕེལ་གླིང་གི་ཁྲི་བ་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་རབ་འབྱམས་པ་སྙིང་གིས་གསང་བ་རྒྱ་ཅན་གྱི་དབང་བསྐུལ་ངོར། མཁའ་གྲུབ་རྒྱ་མཚོའི་འབྱུང་གནས་ཆོས་སྡེ་ཆེན་པོ་བསྟན་རིགས་གླིང་ནས་དབང་ཡོངས་སུ་རྫོགས་པར་བསྐུར་བས། སློབ་མ་སོ་སོའི་ཐུགས་དགྱེས་བཞིན་དུ་བདག་ཅག་རྣམས་ཀྱི་དབང་རྒྱུན་ཟབ་མོ་འདི་ཉིད་རྩལ་ནས། བསྙེན་མཚམས་མཛད་འདོད་བས་བསྙེན་ཡིག་ཤིན་ཏུ་གསལ་བ་ཞིག་དགོས་ཞེས་མདོ་སྔགས་ཀྱི་བསྟན་པའི་བདག་པོ་བླ་མ་དགེ་བའི་བཤེས་གཉེན་དོན་གཉེར་ཅན་མང་པོའི་བསྐུལ་ངོར། སྟག་ཆེང་ལྷ་མོའི་ཁྲི་ཟུར་དཀོན་མཆོག་ཆོས་ལྡན་གྱིས་རང་ལོ་བདུན་བཅུ་གསུམ་དུས་སུ་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་བསྟན་འཛིན་དང་བཅས་པ་རྣམས་ནག་ཕྱོགས་པའི་གཡུལ་ལས་རྣམ་པར་རྒྱལ་ཏེ། སྐྱེ་འགྲོ་མ་ལུས་པ་བདེ་སྐྱིད་ཀྱི་དཔལ་ལ་དུས་རྟག་ཏུ་རྣམ་པར་རོལ་བའི་རྒྱུར་གྱུར་ཅིག། །


previousཡི་དམ་དཔལ་ཆེན་ཕུར་བུའི་བསྙེན་ཡིག་རྩ་གསུམ་དགྱེས་པའི་རོལ་གར། སྟག་ཆེང་ལྷ་མོའི་ཁྲི་ཟུར་དཀོན་མཆོག་ཆོས་ལྡན།no next