Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
ཕུར་པ་རྒྱུད་ལུགས་ལས་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྤྱི་ཆིངས་དྲྭ་བ་སྡོམ་པ། འཇིགས་མེད་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྤྱི་ཆིངས་དྲྭ་བ་སྡོམ་པ། འཇིགས་མེད་གླིང་པ།next

ཕུར་པ་རྒྱུད་ལུགས་ལས་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྤྱི་ཆིངས་དྲྭ་བ་སྡོམ་པ། འཇིགས་མེད་གླིང་པ།

ཕུར་པ་རྒྱུད་ལུགས་ལས་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྤྱི་ཆིངས་དྲྭ་བ་སྡོམ་པ་ཞེས་བྱ་བ་བཞུགས། ཤྲཱི་བཛྲ་ཀུ་མཱ་ར་ནཱ་མ། ཕུར་པ་རྒྱུད་ལུགས་ཞེས་བྱ་བའི་སྒྲ་དོན་ལས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱ་སྟེ། སྤྱིར་སྔགས་ཀྱི་སྡེ་སྣོད་ཐམས་ཅད་རྒྱུད་ལ་མ་བརྟེན་པར་མི་འབྱུང་ལ། དེའི་རང་བཞིན་ནི་མནྟྲ་ཡའི་སྒྲ་ལས་ཡིད་སྐྱོབས་པ་དང་། དེ་ཉིད་ཤེས་པ་དང་། སྙིང་རྗེའི་དོན་དུ་དྲངས་ལ། དེ་དག་གི་སླད་དུ་གསང་བའི་སྒྲ་ཞུགས་པ་ནི་རྟོགས་པར་དཀའ་ཞིང་སྦས་ན་འགྲུབ་པའི་དོན་ཡིན་ནོ། །རང་གི་ངོ་བོའི་སྒོ་ནས་བརྗོད་ན་གཞིའི་རྒྱུད་ཅེས་བྱ་བ་ཁམས་བདེ་གཤེགས་སྙིང་པོ། ལམ་གྱི་རྒྱུད་ཅེས་བྱ་བ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་རིམ་པ། འབྲས་བུའི་རྒྱུད་ཅེས་བྱ་བ་དངོས་གྲུབ་རྣམ་པ་གཉིས་བསྒྲུབ་བྱའི་རྒྱུད་ལ་རྟེན་ཅིང་འབྲེལ་འབྱུང་གིས་བསྐྱེད་པའོ། །དེ་ལས་ཐོག་མར་གཞིའི་རྒྱུད་བདེ་གཤེགས་སྙིང་པོའི་རང་བཞིན་ངོ་མ་ཤེས་ན་སྟོད་ལས་བྱང་ཆུབ་སྒྲུབ་པའི་དོན་མིང་རྐྱང་དུ་འཁྱམས་པས་དམ་པའི་བླ་མ་ལ་བརྟེན་ནས་གཤིས་ཀྱི་གནས་ལུགས་རྟོག་དཔྱོད་སྣ་ཚོགས་ཀྱིས་གཏན་ལ་ཕབ་ནས་སེམས་དང་སེམས་བྱུང་གི་སྤྲོས་པ་ཉེ་བར་ཞི་བའི་ངང་དུ་བཅོས་སླད་མེད་པར་འཇོག་སྟེ། རྡོ་རྗེ་ཁྲོས་པ་ལས། ཨེ་མ་བདེ་གཤེགས་སྙིང་པོ་ནི། །ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། །མེ་ལོང་བཞིན་དུ་གཟུང་དུ་མེད། །བྲག་ཆ་བཞིན་དུ་བརྗོད་དང་བྲལ། །བཅུད་ཀྱི་རྡོ་རྗེ་སྙིང་པོ་ནི། །བདག་དང་གཞན་དུ་དབྱེ་རུ་མེད། །བསྟན་དུ་མེད་པའི་ཆོས་ཉིད་འདི། །བརྗོད་དུ་མེད་ཀྱིས་གོ་བར་གྱིས། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་གོ་ནས། ལམ་གྱི་རྒྱུད་ལྟ་སྒོམ་སྤྱོད་གསུམ་དང་། དེའི་སྲོག་ཤིང་དམ་ཚིག་བཞི་ལ་བསྟན་པའི་ཚུལ། རྡོ་རྗེ་བཀོད་པ་ལས། དེ་ལ་ཕུར་པའི་ལྟ་བ་ནི། །ཡུལ་དུ་སྣང་བ་ཐམས་ཅད་ཀུན། །དབྱིངས་ཉིད་ནམ་མཁའ་ལྟ་བུའི་ངང་། །སེམས་སུ་སྣང་བ་ཐམས་ཅད་ནི། །མ་བཅོས་རིག་པའི་དེ་ཉིད་ཡིན། །དེ་ཉིད་དབྱེར་མེད་མཉམ་པར་བལྟ། །དེ་ཡི་ངང་དུ་ཐམས་ཅད་འདུས། །ཕུར་པ་ཞེས་ནི་ཡང་དག་བཤད། །བཙལ་དུ་མེད་པའི་ཆོས་ཉིད་ལ། །སྒོམ་དུ་མེད་པའི་འབྲས་བུ་ཤར། །ཐམས་ཅད་རང་བྱུང་འགག་པ་མེད། །རྒྱུ་དང་རྐྱེན་ལ་མི་ལྟོས་ཤིང་། །སྤྲོས་མེད་རང་བྱུང་ལྷུན་གྱིས་གྲུབ། །རྒྱུ་རྐྱེན་གཉིས་ལས་མྱ་ངན་འདས། །གདོད་ནས་མ་བཅོས་ཡེ་ནས་གྲུབ། །དུས་གསུམ་དབྱེར་མེད་མཉམ་པར་བལྟ། །དེ་ནི་ལྟ་བའི་མཆོག་ཡིན་ཏེ། །ལྟ་བ་དེ་ལས་འདས་གྱུར་ན། །འཁྲུལ་པས་ལམ་ནི་རྙེད་མི་འགྱུར། །དེ་ལ་ཕུར་པའི་སྤྱོད་པ་ནི། །རྩོལ་བ་མེད་པའི་དབྱིངས་ཉིད་ལ། །སྙིང་པོ་དྲན་པས་ལྷར་བསྐྱེད་ནས། །ཅི་འབྱོར་མཆོད་པ་ཕུལ་ནས་ཀྱང་། །རང་གི་ལྷར་ནི་བརྟག་པར་བྱ། །འདོད་པའི་དོན་ལ་གསོལ་བ་གདབ། །བསྙེན་པའི་ཕྱིར་ནི་སྙིང་པོ་བཟླས། །ཐམས་ཅད་ཁྲོ་བོ་ཁྲོ་མོར་དམིགས། །འདོད་པའི་ལས་རྣམས་འགྲུབ་པར་བསམ། །མ་འགྲུབ་བར་དུ་བསྙེན་པ་བྱ། །ཞེས་ལྟ་བུའི་དོན་སྒོམ་པས་ཉམས་སུ་བླང་ཞིང་། དེའི་ཐབས་ཀྱི་མཆོག་ཏུ་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་། མཆོད་པ་དང་། སྦྱིན་སྲེག་དང་། ཕྲིན་ལས་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་སྟེ་རྒྱུད་ཀྱི་དངོས་པོ་རྣམས་དང་བྲེང་ཆགས་སུ་འབྲེལ་བས་ཕུང་པོ་དང་རྣམ་པར་ཤེས་པ་རྡོ་རྗེའི་རང་བཞིན་དུ་བསྒྲུབ་པ་སྟེ། མཁས་པས་སྤྲོ་བསྡུ་བྱས་པ་ཡི། །ཕར་འཕྲོས་པས་ནི་དགྲ་བགེགས་འདུལ། །སླར་འདུས་རང་གི་བག་ཆགས་བསྲེག །དེ་ནི་ལས་ཀྱི་རྡོ་རྗེ་འབར། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་སོ། །འབྲས་བུའི་རྒྱུད་ནི། ལྟ་སྒོམ་སྤྱོད་པ་གསུམ་རྒྱུན་ཆགས་སུ་འབྲེལ་བར་ཉམས་སུ་བླངས་པའི་དོན་ལ་དངོས་བསྟན་དང་། རྗེས་སུ་མཐུན་པའི་རྒྱུད་དོན་འབྱོར་པས་ཐབས་ཤིན་ཏུ་མྱུར་བའི་རྒྱུ་ཚོགས་ལས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་བུའི་དོན་རྟོགས་པ་སྟེ། དངོས་པོར་སྣང་བའི་ཤེས་རབ་ལིངྒ་ལ། །རང་བྱུང་ཐབས་ཀྱི་རྒྱལ་པོའི་ཕུར་པས་བཏབ། །བཏབ་པ་ཉིད་ནས་བརྗོད་པའི་མཐའ་ལས་འདས། །ཞེས་དང་། ཕུར་པ་བྱང་ཆུབ་སེམས་ཀྱི་རྟགས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །སྲིད་གསུམ་འཁོར་བ་གདར་ཤ་གཅོད། །མ་བཏབ་བཞིན་དུ་ལྷུན་གྱིས་རྫོགས། །ཞེས་སོགས་རྒྱ་ཆེར་ཡོད་དོ། །དེ་ལྟར་གཞི་ལམ་འབྲས་བུ་གསུམ་གྱི་རྒྱུད་དོན་ལ་བྱང་ཆུབ་པས་རང་དོན་མཐར་ཕྱིན་པ་ནི་སྟོད་ལས་བྱང་ཆུབ་སྒྲུབ་པའི་ངོ་བོ་ཡིན་ལ། གཞན་དོན་གྱི་གཙོ་བོ་སྨད་ལས་ལ་བརྟེན་ནས་ཞི་བའི་གདུལ་བྱར་མ་གྱུར་པ་རྣམས་ཀྱི་རྣམ་ཤེས་ཡེ་ཤེས་དབྱིངས་སུ་སྦྱར་བའི་ཚུལ་ནི་སྤྱོད་པའི་མཐའ་སྡུད་ཡིན་ཏེ་དེ་ཉིད་ལས། གྲུབ་པའི་རྟགས་ནི་བྱུང་བ་དང་། །གང་ལ་དམིགས་པའི་ངོ་བོ་ལ། །གདབ་པའི་ལས་རྣམས་བྱས་ནས་ནི། །རྣམ་ཤེས་ཡེ་ཤེས་དབྱིངས་སུ་སྦྱར། །ལྷག་མ་ལྷ་ལ་བསྟབ་པར་བྱ། །གཟིར་གནན་ལས་རྣམས་བྱས་ནས་ནི། །ལས་རྣམས་འགྲུབ་པར་གདོན་མི་ཟ། །དེ་ནི་ཕུར་པའི་སྤྱོད་པ་ཡིན། །ཞེས་སོ། །ཀུན་གྱི་སྲོག་ཏུ་གྱུར་པ་དམ་ཚིག་ནི། ལྟ་སྒོམ་སྤྱོད་འབྲས་བཞི་པོ་དང་དབང་གི་དུས་འདོམས་པའི་བླང་དོར་རྣམས་བསྒྲུབ་པ་གཙོ་བོར་དང་དུ་བླངས་པས་རྒྱུ་འབྲས་དག་གྲོལ་དུ་འཛིན་པའི་ཐེག་པ་གཞན་ལས་ཁྱད་པར་དུ་བྱས་པའི་དངོས་གྲུབ་ཐོབ་པའི་ཚུལ། དེ་ལ་ཕུར་པའི་དམ་ཚིག་ནི། །སྒྲུབ་པ་དེ་ནི་གཙོ་རུ་བླང་། །དམ་ཚིག་དེ་ནི་མ་ཉམས་ན། །ལྟ་བ་ཉམས་ཀྱང་ལྟུང་མི་འགྱུར། །ལྟ་བ་དེ་དག་མ་ཉམས་ན། །སྤྱོད་པ་ཉམས་ཀྱང་ཉམ་མི་ང་། །སྤྱོད་པ་དེ་དག་མ་ཉམས་ན། །དམིགས་པའི་ལས་རྣམས་འགྲུབ་པར་འགྱུར། །ཞེས་སོ། །རྣམ་རྟོག་འཁོར་བའི་དྲྭ་བ་སྟེ། །དེ་ཉིད་ཡེ་ཤེས་ཆེན་པོའི་དབྱིངས། །སྡོམ་ལ་སངས་རྒྱས་ཞེས་བྱ་སྟེ། །ཐབས་ཀྱི་ནང་ནས་ཐབས་མཆོག་གོ། །ད་ནི་ཡོ་ག་གཞན་པ་དང་ཆོས་སྐད་ཐུན་མོང་མ་ཡིན་པ་རྡོ་རྗེ་ཕུར་པའི་ཏིང་ངེ་འཛིན་རྣམ་གསུམ་གྱི་དོན་ཅུང་ཟད་སྟོན་ཏེ། དེ་ལ་སྤྲོས་པའི་མཐའ་བཞིའམ་བརྒྱད་དང་བྲལ་བའི་སྟོང་ཉིད་ནི་འདུས་མ་བྱས་པའི་ཆོས་ཉིད་ཡིན་པས་འགྱུར་བ་མེད་ལ། གང་གིས་ཀྱང་མི་ཕྱེད་ཅིང་མི་ཤིགས་པའི་དོན་གྱིས་རྡོ་རྗེ་སྟེ། རྒྱུད་ལས། རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་སོ། །དེ་ཡང་རྫས་ཀྱི་རྡོ་རྗེ་ཕ་ལམ་ལ་ཁྱད་ཆོས་བདུན་ཡོད་པ་ལྟར། དེ་ཁོ་ན་ཉིད་དང་། ལྷ་དང་། སྔགས་ཀྱི་རྡོ་རྗེ་ཡང་མི་ཆོད་པ་ལ་སོགས་པའི་ཆོས་བདུད་དང་ལྡན་པས་རྡོ་རྗེའི་མིང་དང་དོན་རྟགས་སུ་བྱུང་ལ། དེ་ལྟ་བུའི་ཤེས་རབ་ལ་རྣམ་པར་བརྟག་པའི་ཆ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དུ་བཏགས་ནས། དེས་གཟུང་འཛིན་གྱི་རྟོག་པ་མཐའ་དག་གཅོད་ཅིང་གཞོམ་པའི་ཕྱིར་རང་བཞིན་གྱི་ཁྲོས་པའི་སྒྲར་བྱུང་ངོ་། །རྫོགས་རིམ་མཚན་བཅས་དང་སྦྱར་ན་གཞན་ལུས་ཀྱི་དྲགས་པའི་འདོད་ཆགས་རྡོ་རྗེའི་ངོ་བོ་ཉིད་ལྷན་ཅིག་སྐྱེས་པའི་བདེ་ཆེན་དུ་ཤར་བས་རྐྱེན་གྱིས་ཁྲོས་པས་སྟེ། ཞེ་སྡང་ལ་སོགས་པའི་ཕྲ་རྒྱས་ཐམས་ཅད་རང་བཞིན་མེད་པར་གཅོད་པས་ན། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །སོགས་སུ་བྱུང་ངོ་། །དེ་ལྟ་བུའི་སྟོང་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པའི་ངང་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་རང་བཞིན་གྱིས་ཡོད་པའི་གདངས་སྨོན་ལམ་གྱི་དབང་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་གྱི་ཁམས་ལ་སྙིང་རྗེའི་རང་བཞིན་དུ་སྣང་བ་ལ་ཀུན་སྣང་གི་ཏིང་ངེ་འཛིན་ཅེས་བྱ་སྟེ་ལྷག་བསམ་རྣམ་དག་གི་སེམས་བསྐྱེད་དོ། །རྣམ་པ་གཅིག་ཏུ་ན་འཇུག་པའི་སྤྱོད་པ་ལ་ཞུགས་ཤིང་གཞན་དོན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དེ་དང་འགལ་ཟླར་གྱུར་པའི་ཞེ་སྡང་གི་སེམས་ནི་ནམ་དུའང་ལྷན་ཅིག་མི་འདུ་བས་ཞེ་སྡང་གཅོད་པའི་སྒྲ་ཞུགས་པའོ། །དེ་སྐད་དུ་རྒྱུད་ལས། བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ། །འདུལ་བའི་དབང་གིས་རབ་རྔམས་མཆེ་བ་གཙིགས། །ཞེས་སོ། །དེ་ལྟར་ཀུན་སྣང་གི་ཏིང་ངེ་འཛིན་དེ་ཉིད་མཆེད་པའི་ཡེ་ཤེས་སུ་ལངས་པས་ཡི་གེའི་རང་བཞིན་དུ་བྱུང་བ་ནི་ཕྲ་བའི་རགས་པ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་ཉིད་རྣམ་པར་རིག་བྱེད་དུ་མཚོན་པར་བྱེད་པའི་ཧཱུྃ་ཆེན་སྔོན་པོ་མི་འགྱུར་བའི་ཁ་དོག་ཅན་ཆོས་ཉིད་ཅི་ཡང་མ་ཡིན་པའི་ནམ་མཁའ་ལས་ཆུ་ལས་ཆུ་བུར་རྡོལ་བའམ། ཆོས་ཀྱི་དབྱིངས་ནས་ཐིགས་པའི་ཚུལ་དུ་ཤར་བས་ན། མཚོན་ཆེན་སྔོན་པོ་འབར་བ་ཡི། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་སོ། །དེ་ཡང་བསྒྲུབ་བྱ་རང་ཉིད་ཀྱི་ཕུང་པོའི་རིགས་འདྲ་གནས་པའི་རྟེན་ལ་ཚེ་ཞེས་བྱ་སྟེ། འདོད་གཟུགས་གཉིས་སུ་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་ལ། གཟུགས་མེད་དུ་རྣམ་ཤེས་གཅིག་པུའི་རྟེན་དུ་གྱུར་པའི་སྲོག་གི་ངོ་བོ་ཉིད་དུ་ཤར་བའི་ཕྱིར། སྲོག་གི་གོར་རུ་ཤར་བ་དང་། །ཞེས་སོ། །དེ་ལྟ་བུའི་ཡི་གེ་ལ་སླན་ཆད་ཀྱང་ཐུགས་སྲོག་ཏུ་གདགས་པའི་གཞི་ནི་དེ་ཉིད་དུ་རིག་པར་བྱའོ། །དེའི་ངང་ལས་སྙིང་ལ་སོགས་པའི་གོ་ལྔའི་དོན་སྤྱིར་གོ་ཞེས་བྱ་བ་ནི། གོ་ས་དང་། གོ་ཡུལ་དང་། གོ་འབྱེད་པ་དང་། གོ་དོན་སློངས་པ་དང་། གོ་བཟོ་དང་། གོ་བབས་ལ་སོགས་སྒྲ་འཇུག་པའི་ཡུལ་མང་ཞིང་བྱིངས་ཆེ་བ་ཞིག་ལས་འདིར་རང་རང་གི་ངོ་བོ་ཉིད་མ་འདྲེས་པར་གཟུང་བའི་ཡུལ་ལམ་གནས་ལ་སྒྲ་ཡངས་པར་འཇུག་པས་རྣམ་རྟོག་འདོད་རྒྱལ་བའི་རྣམ་སྨིན་གྱི་ལུས་དང་རྟེན་བརྟེན་པ་ལྟ་བུར་སྦྱོར་བ་མ་ཡིན་ཀྱང་། ཐབས་བསྐྱེད་པའི་རིམ་པ་ཡོངས་སུ་འགྲུབ་པའི་བདག་པོའི་རྐྱེན་དང་། རྟེན་ཅིང་འབྲེལ་བྱུང་གི་གོ་འབྱེད་པའི་དོན་དུ་སྦྱོར་ཤེས་པར་བྱའོ། །དེ་ནས་ཕུང་པོ་རྡོ་རྗེ་ལ་སོགས་པའི་སྒྲ་དོན་ནི་རང་ཐད་དུ་བཤད་ཟིན་ལ། སྲིད་པ་ཕུར་བུར་བསྒྲུབ་པ་ནི་ཡི་གེ་ནོར་བའི་ཕྱོགས་འབའ་ཞིག་ཏུ་ལྟུང་བ་མང་ན། འདི་ལྟ་སྟེ། ཕྱི་དོན་དུ་སྣང་བའི་ཁམས་གསུམ་མམ། ས་འོག་ས་སྟེང་ས་བླ་སྟེ་སྲིད་པ་གསུམ་པོའི་རང་བཞིན་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྟེན་དང་བརྟེན་པའི་ཡེ་ཤེས་ཀྱི་རོལ་པ་རྣམ་པར་དག་པའི་ཕུར་བུའི་ངོ་བོ་ཉིད་དུ་བསྒྲུབ་པའམ། སྣང་བ་རགས་པ་འདོད་ཁམས་ཀྱི་སྲིད་པ་སྐུ་ཕྱག་རྒྱ་ཆེན་པོ། ཕྱེད་སྣང་བས་གཟུགས་ཁམས་ཀྱི་སྲིད་པ་གསུང་གྲགས་སྟོང་རྡོ་རྗེེའི་རོལ་མོ། །མི་སྣང་བ་གཟུགས་མེད་ཁམས་ཀྱི་སྲིད་པ་ཐུགས་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ཀྱི་ཕུར་བུར་སྒྲུབ་པའི་དོན་རིག་ན་སྟོད་ལས་བྱང་ཆུབ་བསྒྲུབ་པ་གཟུགས་བརྙན་ལས་ལྡང་བར་འགྱུར་རོ། །བསྐྱེད་རིམ་རྟོགས་པའི་དྲྭ་བ་ཙམ། །མ་ཡིན་ཏིང་འཛིན་རྣམ་གསུམ་གྱི། །ཕྱག་རྒྱ་ཆེན་པོར་སྡོམ་ཤེས་ན། །རིག་འཛིན་བཞི་ཡི་ས་ལ་སྙེག །རིག་འཛིན་འཇིགས་མེད་གླིང་པའི་རྟོགས་ཆོས་སོ། །དགེའོ། །མངྒ་ལཾ།། །།


previousཕུར་པ་རྒྱུད་ལུགས་ལས་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྤྱི་ཆིངས་དྲྭ་བ་སྡོམ་པ། འཇིགས་མེད་གླིང་པ།next