Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨད་ལས་དུག་ཕུར་ནག་པོའི་དགོངས་པ་ཁོལ་དུ་ཕྱུངས་པ། འཇམ་མགོན་མི་ཕམ་རྣམ་རྒྱལ།
   
   
   
   
   
   
   
   
   
   
   
   
   


 
previousསྨད་ལས་དུག་ཕུར་ནག་པོའི་དགོངས་པ་ཁོལ་དུ་ཕྱུངས་པ། འཇམ་མགོན་མི་ཕམ་རྣམ་རྒྱལ།next

སྨད་ལས་དུག་ཕུར་ནག་པོའི་དགོངས་པ་ཁོལ་དུ་ཕྱུངས་པ། འཇམ་མགོན་མི་ཕམ་རྣམ་རྒྱལ།

༈ སྨད་ལས་དུག་ཕུར་ནག་པོའི་དགོངས་པ་ཁོལ་དུ་ཕྱུངས་པ་བཞུགས་སོ། །གསེར་སྐྱེམས་གཟུ་དཔང་ཨེ་ཁང་བསྐྱེད་པ་རྣམས་སྔོན་དུ་སོང་ནས་བསྒྲལ་ལས་དངོས་ལ་འཇུག་པ་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ ང་ཡི་དབང་དུ་གྱུར་ནས་ནི༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱི་ཏནཱ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་འདི་ལྷ་དང་ཕྱེས་ཤིག༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བནྡྷ་བནྡྷ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་གཟུགས་ལ་ཕོབ་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ༔ ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་འདི་བྱད་དུ་ཆུག་ཅིག༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ༔ དགྲ་བགེགས་བྱད་མ་འདི་སྨྱོ་རུ་ཆུག་ཅིག༔ དེ་ནས་གདབ་ལས་ལ། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང ༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ༀ་ལཾ་ཧཱུྃ་ལཾ་སྟམྦྷ་ཡ་ནན༔ མོ་ཧ་གྷ་ཏ་ཡ་བྷ་ག་ཝན༔ ཤི་ཀྲི་བི་ཀྲི་བཛྲ་ཧཱུྃ་ཀ་ར་ཛཿཧཱུྃ་བྃ་ཧོ༔ སརྦ་བིགྷ་ནཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧཱུྃ་ཀ་ར་ཧཱུྃ༔ ཧཱུྃ་ཀ་ར་ཨཱཿ ཞེས་བརྗོད་པས་བདག་རྡོ་རྗེ་གཞོན་ནུཿ ཕུར་པ་སྲས་མཆོག་ལིངྒ་གཟས་པོ་དངོས་སུ་གསལ་བའི་གསལ་བ་གསུམ་ལྡན་གྱི་ངང་ནས་དལ་གསུམ་གྱི་སྤྱི་བོ་དང༔ ཕུར་པའི་རྩེ་མོ་དང ༔ གཟས་པོའི་སྙིང་གར་ཨ་དཀར་པོ་རེ་བསམ་པ་ཨ་དཀར་བྱ་དཀར་གྱི་དགོངས་པའོ༔ སྤྱི་བོའི་ཧཱུྃ་ཀར་ཡབ་ཡུམ་དང་ཨ་ཞུ་བས་དལ་གསུམ་གྱི་སྐུ་ལུས་རྐྱལ་བ་ཞོས་གང་བ་ལྟར་དཀར་ལྟེམ་གྱིས་གྱུར་ཅིང ༔ ཕུར་པ་གཟས་པོའི་སྙིང་གར་ནས་གང་ཙམ་མ་རེག་པར་བསྒྲིལ་བས༔ ཕུར་རྩེའི་ཨ་ལས་འོད་དང་ཨ་ཕྲ་མོ་ཡུངས་ཀར་ཙམ་འཕྲོ་བ་གཟས་པོའི་ཨ་ལ་ཐིམ་ཞིང༔ དེ་ལས་ཀྱང་འོད་ཕར་འཕྲོས་ཤིང་ཚུར་འདུས་པས་སྡིག་སྒྲིབ་དག་ནས་བསྒྲལ་བའི་སྐལ་ལྡན་དུ་གྱུར་པར་བསམ་པ་ཁོའི་ཁྲུས་ལུང་སྟེ་སྔགས་བཟླ་ཤིང་ཡུན་བསྲིང་ངོ༔ དེ་ནས་བདག་ཕུར་གཟས་གསུམ་དགོངས་པ་གཅིག་དམ་ཚིག་གཅིག་ཆོས་ཉིད་གཅིག་གིས་འབྲེལ་བར་ཤེས་པ་ཐུགས་རྗེ་འབྲེལ་ཐག་གི་དགོངས་པའོ། དེ་ནས་སྤྱིར་སེམས་ཅན་ཐམས་ཅད་དང་བྱེ་བྲག་ཏུ་གཟས་པ་པོ་འཁོར་བར་མི་གཏོང་བའི་སྙིང་རྗེ་དྲག་ཏུ་བསྐྱེད་པ་ནི་གདུང་བ་ལུ་གུ་རྒྱུད་ཀྱི་དགོངས་པ་སྟེ༔ དགོངས་པ་གསུམ་དང་ལྡན་པར་བྱ་སྟེ་རེ་རེ་བཞིན་ཀཱི་ལ་ཡ་འབྲུ་དགུ་ཅི་རིགས་བཟླ་བཞིན་དམིགས་པ་གསལ་བཏབ་བོ་དེ་དག་ནི་ཁྲུས་ལུང་ངོ༔ དེ་ནས་ཚེ་ལུང་ལ༔ ཧཱུྃ༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ གདུག་ཅིང་སྡང་སེམས་ལྡན་པ་ཡི༔ ལྷའམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པའི་བགེགས༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ ཞེས་བྱས་ལ། རྩ་སྔགས་བརྗོད་བཞིན་ཕུར་པ་ནས་གང་མ་རེག་ཙམ་དུ་དབང་པོའི་སྒོ་ལྔ་ལ་བསྒྲིལ་བས་སྒོ་ལྔའི་རྣམ་ཤེས་སྦྲ་ཡི་ཆོན་ཐག་བསྡུས་པ་བཞིན་ཀུན་གཞི་ལ་འུབ་ཀྱིས་འདུས་པར་བསམ་པ་ནི་དང་པོར་བྱུང་ཚོར་གྱི་སྒོ་དགག་པ་ཞེས་བྱའོ༔ དེ་ནས་ཡང་སྔགས་བཟླ་བཞིན་ཕུར་བུ་སྙིང་གར་བཏབས་པས་ཁོའི་པགས་པ་ཤ་ཁྲག་འབིག་སྟེ་སྙིང་དཀར་ནག་གི་འབྲེལ་མཚམས་དྲལ་ནས༔ ཕུར་བུའི་འོད་ཀྱིས་སྙིང་དཀར་ནག་གི་མཚམས་ན་ཁྲག་གི་སྦལ་པ་མཐེ་བོང་ཙམ་ཡོད་པ་བསྲོས༔ དེའི་ནང་ན་དྭངས་མ་གསུམ་སྟེ༔ ཙའི་དྭངས་མ་རྒྱུས་པ་བལྡད་པ་འདྲ་བ༔ ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་ལྟ་བུ་དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་སྦས་པའི་རླངས་པ་ཙམ་གསུམ་ཡོད་པ་དེ་གསུམ་གྱི་དབུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ཨ་ཐུང་གི་ཚུལ་དུ་ཡོད་པ་དེ་ལ་ཕུར་རྩེས་རེག་པས་ཁབ་ལེན་ལ་ལྕགས་ལྟར་ཕུར་རྩེར་འུབ་ཀྱིས་འདུས་ཤིང་དྭངས་མ་གསུམ་སྐམ་པར་བསམ་པ་ནི་སེམས་ཀྱི་དབྱིས་ཕྱུངས་ནས་ཀུན་གཞི་རྩད་བཅད་པའོ༔ དེ་ལྟར་ཁོ་རང་གི་རྣམ་ཤེས་སླར་མི་ལྡོག་པར་ཚུར་བསྡུས་པའི་ཤུལ་དེར་ཕུར་པ་གཞན་གཅིག་བཏབ་ལ་བཞག་གོ༔ དེ་ནས་ཕུར་རྩེ་རང་གི་སྙིང་གར་གཏད་པས་ཨ་ཡིག་དེའི་བཀྲག་མདངས་གཟི་བརྗིད་ཐམས་ཅད་དངུལ་ཆུའི་ཐིགས་པ་ལྟར་བསྡུས་ཏེ་བདག་གི་སྙིང་གར་ཐིམ་པས་དམིགས་བྱའི་ཚེ་བསོད་ནམས་ཐམས་ཅད་བདག་གི་གསོས་སུ་ཐིམ་པར་བསམ་པ་ནི་བདག་གི་ཚེ་ལུང་སྟེ་རེ་རེ་བཞིན་སྔགས་བཟླ་ཞིང་དམིགས་པ་གསལ་བཏབ་བོ༔ གསུམ་པ་གནས་ལུང་ནི། ཧཱུྃ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ཞེས་བྱས་ལ་ཕུར་རྩེ་གྱེན་དུ་བསྟན་ལ་ལག་པ་ཡ་གཅིག་གིས་ཕུར་པའི་མགོ་ནས་གྱེན་ལ་གདབ་པ་དང་མཉམ་དུ་ཡེ་ཤེས་ཀྱི་རླུང་ཧ་རེ་ལངས་པས་ཁོའི་ཤེས་པ་ཨ་ཐུང་དེ་མེ་སྟག་ཡར་བ་བཞིན་བཏེགས་ནས་འོག་མིན་དུ་རིགས་ལྔའི་སྦྱོར་མཚམས་སུ་འཕང་ལ། ཨ་ཨ་ཨ་ཕཊ༔ ཞེས་བརྗོད་ཅིང ༔ གཉིས་སུ་མེད་པའི་སྲས་དམ་པར་གྱུར་པར་བསམ་ལ་རྩ་སྔགས་ཅི་རིགས་བཟླའོ༔ དེ་ནས་མི་དགེ་བཅུ་ཚར་གཅོད་པའི་ཁྲོ་བཅུའི་ཕུར་པ་དང ༔ སྒོ་མའི་ཕུར་བ་སོགས་ལུས་གནས་སོ་སོར་གདབ་སྟེ་དུམ་བུ་ཚལ་པར་བྱས་པར་བསམ་ལ༔ དྲག་སྔགས་རཀྨོ་བཟླ་བཞིན་ཕུར་པ་སོ་སོར་ཡོད་ན་དེ་དང་མིན་ན་ལས་ཕུར་གྱིས་གདབ་བོ༔ དེ་ནས་རྡུལ་དུ་བརླག་པ། ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུང་བྱས་ནས༔ ལྷ་ཡང་རུང་སྟེ་བསྒྲལ་བར་བྱ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ དགྲ་བགེགས་ཆེ་གེ་མོ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་རྣམས་རྡུལ་དུ་རློག་ཅིག༔ ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ དྲུག་པ་ཞལ་དུ་བསྟབ་པ༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དགྲ་བགེགས་ཤ་ཁྲག་མཆོད་པ་བཞེས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཤ་ཁྲག་མཆོད་པ་འདི་བཞེས་ལ༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིདྱ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ དགྲ་བགེགས་བྱེད་མའི་ཤ་ཁྲག་རུས་གསུམ་བཞེས་ཤིག་རོལ་ཅིག༔ བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི༔ ཞེས་བཏབ་པས༔ ལྷ་རྣམས་དགྱེས་ནས། ཧ་ཧ་ཧ༔ ཞེས་པས་བཞད་སྒྲ་དི་རི་རི་གསོལ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཀྱིས་དགྲ་བགེགས་དབྱིངས་སུ་བསྒྲལ་བར་བསམ་མོ༔ དེ་ནས་གསོ་བ་གསུམ་གྱི་དགོངས་པ་དང་ལྡན་པའི་སྒོ་ནས་སྨོན་ལམ་གདབ་པ་ནི༔ ཧོ་དགོངས་སུ་གསོལ་ལོ༔ ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་གྱིས་རླབ་བོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙརྱའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ཞེས་བརྗོད་ཅིང་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས་གོང་གི་ཕུར་པའི་ཁྲོ་བོ་སྤྲོས་པ་ཐམས་ཅད་འོད་ཀྱི་གོང་བུར་གྱུར་ནས༔ བདག་ལ་འདུས་པས་མེ་ལ་བུད་ཤིང་བསྣན་པ་ལྟར་རང་ཉིད་གཟི་བརྗིད་སྔར་བས་ཀྱང་ཆེས་མཆོག་ཏུ་འབར་བར་བསམ་པ་ནི་བདག་གསོ་བའོཿ ཡང་ཀཱི་ལ་ཡ་ཉེར་གཅིག་བཟླས་ཤིང་གདབ་ཕུར་རྣམས་ཕྱུངས་ལ་གཙོ་ཕུར་དང་བཅས་ལན་གསུམ་ཀླད་ལ་གཡུགས་པས་ཁམས་གསུམ་སྲིད་གསུམ་ཐམས་ཅད་ཁྲོ་བོ་ཕུར་ཕུ་སྟོད་ཞལ་གསུམ་ཕྱག་དྲུག་སྨད་ལྕགས་སྲེག་གི་ཕུར་བུ་ཟུར་གསུམ་པ་མགལ་གྱི་སོལ་མལ་ནས་ཕྱུངས་པ་ལྟ་བུ༔ དེ་ཐམས་ཅད་སྐུ་ཆེ་ལ་ཡན་ལག་རགས་པ་སྟོང་གསུམ་བ་སྤུར་ཚུད་པའི་ཚུལ་གྱི་སྒྲ་འབྲུག་སྟོང་ལྟར་འུར་འུར་དང་གློག་བསྐལ་མེ་ལྟར་ཆེམ་ཆེམ་གཡོ་བ་ཀུན་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་ནུས་པ་མཚུངས་པ་མེད་པའི་རང་བཞིན་དུ་བསམ་པ་ནི་ཕུར་པ་གསོ་བའོ༔ ཡང་ཀཱི་ལ་ཡ་བཅོ་བརྒྱད་བཟླས་ཏེ་བསྒྲིལ་བས་ཁྲོ་བོ་ཕུར་པའི་ཚོགས་རྣམས་བསྒྲལ་བྱའི་ཞིང་དུ་གྱུར་པའི་དགྲ་བགེགས་གདུག་པ་ཅན་རྣམས་གང་ན་གནས་པའི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་དེ་དག་གི་རྣམ་ཤེས་ཧཱུྃ་དུ་བསྡུས་པ་ཨཱཿལས་ཟླ་དཀྱིལ་གྱི་སྟེང་དུ་བཞག་ཡྃ་ལས་རླུང་གིས་བཏེགས་ཏེ་འོག་མིན་དུ་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕང་བས་འཁོར་བར་གནས་པ་ཀུན་གྱི་ལས་ངན་རྒྱུན་ཆད་པར་བསམ་པ་ནི་གཟས་པ་པོ་གསོ་བའོ༔ དེ་ལྟར་བྱས་པས་ནུས་པ་རྣམས་ཉམས་པ་གསོ་ཞིང་མཐུ་སྟོབས་མེ་ལ་ཤིང་བསྣན་པ་བཞིན་དུ་འཕེལ་ལོ༔ དེ་ནས་ཐལ་མོ་སྦྱར་ཏེ༔ ཧོཿ དཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ༔ ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང༔ ག་ཎ་སྦྱོར་བ་བྱིན་གྱིས་མ་རློབ་པ་དང ༔ མཆོད་སྔགས་དང་ཏིང་འཛིན་མ་དག་ཅིང་ཉམས་པ་དང༔ དགེ་བ་བཅུ་དང་དུ་མ་བླངས་ཞིང་མི་དགེ་བཅུ་རྩད་མ་ཆོད་པ་དང ༔ བཀའ་བཞིན་གཞུང་མ་བསྲང་བ་དང༔ དམ་ཚིག་རྩ་བ་དང་ཡན་ལག་ཆག་ཉམས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་ན་བཟོད་པ་དམ་པ་མཛད་དུ་གསོལ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པར་མི་འགྱུར་བར༔ ཚངས་པ་དམ་པ་སྩོལ་བ་ཅི་གནང༔ དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས་སྦྱོར་བ་ལམ་དུ་ལོངས༔ སྒྲོལ་བ་ཚད་དུ་ཕྱིན༔ སྔགས་ཀྱི་མཐུ་གྲུབ་ནས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་སྐལ་པ་མཉམ་པར་གྱུར་ཅིག༔ ཅེས་བྱའོ་དུག་ཕུར་རྫོགས་སོ༔ ལྷག་མ་ནི། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཤྭ་ན་བདག་ཉིད་ས་བདག་མ༔ བསེ་ལྕགས་དུང་གི་སྐྱེས་བུ་སོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ སྔོན་ཆད་ཅི་ལྟར་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཧ་ན་ཧ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སཱེ་ནཱ་པྲ་མ་རྡ་ནི་ཧཱུྃ་ཕཊ༔ ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཤི་གྷྲཾ་ཀ་ར་ཡེ་བ་ལིཾ་ཏ་ཁཱ་ཧི༔ དྲག་སྔགས་དུག་དཔལ་འཁྲུགས་པ་ཡི། །སྨད་ལས་དུག་ཕུར་ནག་པོ་འདི། །རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན། །བསྟན་དགྲ་བསྒྲལ་བའི་མཚོན་ཆར་ཕྱུང་། །རྒྱུད་ལུང་གི་དགོངས་བཅུད་མ་ནོར་བར་འཇམ་དཔལ་རྡོ་རྗེས་བསྡེབས་པ་མངྒ་ལཾ། །ཨེ་ཐི་རྒྱ༔


previousསྨད་ལས་དུག་ཕུར་ནག་པོའི་དགོངས་པ་ཁོལ་དུ་ཕྱུངས་པ། འཇམ་མགོན་མི་ཕམ་རྣམ་རྒྱལ།next