Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པའི་སྒོ་ནས་མཐུ་བཟློག་རྡོ་ཟོར་གྱི་ལག་ལེན་གསལ་པོར་བཀོད་པ་གནམ་ལྕགས་ཐོག་ཟེར། འཇམ་མགོན་མི་ཕམ་རྣམ་རྒྱལ།
   
   
   
   
   


 
previousཕུར་པའི་སྒོ་ནས་མཐུ་བཟློག་རྡོ་ཟོར་གྱི་ལག་ལེན་གསལ་པོར་བཀོད་པ་གནམ་ལྕགས་ཐོག་ཟེར། འཇམ་མགོན་མི་ཕམ་རྣམ་རྒྱལ།next

ཕུར་པའི་སྒོ་ནས་མཐུ་བཟློག་རྡོ་ཟོར་གྱི་ལག་ལེན་གསལ་པོར་བཀོད་པ་གནམ་ལྕགས་ཐོག་ཟེར། འཇམ་མགོན་མི་ཕམ་རྣམ་རྒྱལ།

༈ ཕུར་བའི་སྒོ་ནས་མཐུ་བཟློག་རྡོ་ཟོར་གྱི་ལག་ལེན་གསལ་པོར་བཀོད་པ་གནམ་ལྕགས་ཐོག་ཟེར་བཞུགས་སོ། །ན་མོ་གུ་རུ་ཀྲོ་དྷ་ར་ཛཱ་ཡ། འདིར་ཐབས་ཞགས་ཀྱི་རྒྱུད་ལས་རིག་སྔགས་གཅོད་པའི་མན་ངག་གསུངས་པ་དང་། གུ་རུ་རཏྣ་གླིང་པའི་གཏེར་ཁ་ལས་རྡོ་ཟོར་གྱི་སྔགས་ཚན་གཉིས་བྱུང་བ་དགོངས་པ་བསྡེབ་ཏེ་འགོད་པ་ལ་ལྷ་དང་མཁའ་འགྲོས་གནང་བ་སྩལ་དུ་གསོལ། དེ་ཡང་རྡོ་རྗེ་ཕུར་པའི་ཆོ་གའི་གཞུང་བསྲངས་ལ། །ལས་སྦྱོར་རྡོ་ཟོར་བསྒྲུབ་བར་བྱ་སྟེ། །ཕྱར་ནག་གམ་ཕུབ་བམ་སླ་ངའི་ནང་དུ། །བྲག་རྒོད་ཀྱི་རྡོ་དམར་པོའམ་ནག་པོ་ཟུར་གསུམ་ཆེ་བ་དབུས་སུ་བཞག །གཞན་བྲག་ནག་ཆུ་འགྲམ་རྡོ་ནག་དུ་མས་མཐའ་བསྐོར་ཏེ་བཞག །མཚལ་དང་དུག་ཁྲག་སྦྱར་བས་རྡོ་རྣམས་ལ། ༀ་གུ་རུ་ཧ་རི་ནི་ས༔ ད་པ་ཤ་སྲོག་དུ༔ རྡོ་པ་ཤ་སྲོག་དུ༔ ནི་པ་ཤ་སྲོག་དུ༔ ནི་ཧྲི་ཞེས་པ། ད་པ་ཤ་སོགས། ནཱ་ག་ཁམས་གསུམ་བཅས་བཞི་པོའི་མགོ་ལ་སྦྱར་འདུག །འདི་ཁང་སེལ་ཞིང་སེལ་གྱི་སྔགས་སུ་འདུག །ནི་ཡིན་ནམ་དཔྱད། ནི་བ་ཤའི་རྗེས། གུམ་པ་ཤ་སྲོག་དུ་ཞེས་པ་ལས་རྒྱུད་ན་འདུག །ནཱ་ག་ཁམས་གསུམ་སྦུར་ཤིགས་ཀྱང་། ཡ༔ བཟློག་བཟློག་བྷྱོ་བྷྱོཿ ཞེས་བྲིས། གལ་ཏེ་རྡོ་རང་ལ་བྲི་མ་བདེ་ན་དུག་ཤོག་ལ་བྲིས་ཏེ་སྦྱར། གཞན་ཡང་ཁྲག་གིས་རྡོ་རྣམས་ལ་བྷྱོ་བྷྱོ་བཟློག་བཟློག་གང་ཤོང་བྲིས་རྡོ་ཟོར་རྣམས་བལ་ཚོན་གྱི་ནང་དུ་གཏུམས་ལ་བཅིངས། རུས་པ་དང་ཁྲག་གིས་བརྒྱན་ལ་བཞག་གོ། །ཕུར་པའི་བསྙེན་པ་སྤུ་གྲིའི་སྔགས་བཅས་ཅི་རིགས་བཟླས་པའི་རྗེས་སུ། ༀ་ཨཱཿཧཱུྃ་ཞེས་བརྗོད་པས། ཁོག་པ་ཁ་ཕྱེ་བ་ལས་པགས་པ་ས་གཞིར་གྱུར་པའི་སྟེང་དུ་དེའི། རུ་དྲའི་ཀེང་རུས་ལས་གྲུབ་པའི་རི་རབ་ཆེན་པོ་མཚོན་ཆ་སྣ་ཚོགས་འབར་བའི་ནགས་ཚལ་འཁྲིགས་པ། དུག་རླངས་མེ་རི་དམར་ནག་དུ་འབར་བ། མཐོང་བ་ཙམ་གྱིས་འཇིགས་ཤིང་ཡ་ང་བའི་རང་བཞིན་ཅན། ཁྲག་གི་རྒྱ་མཚོ་ཆེན་པོའི་རྦ་རླབས་དྲག་ཏུ་འཁྲུགས་པའི་དབུས་ནས་ཐོལ་གྱིས་སྐྱེས་པ་དེ་ལ། ཡེ་ཤེས་དང་འཇིག་རྟེན་པའི་དྲེགས་བྱེད་ཐམས་ཅད་ཀྱི་མཐུ་དང་ནུས་པ་འཇིག་རྟེན་ཁམས་ཀྱི་ནད་མཚོན་དུག་སོགས་དྲག་པོའི་རྫས་ཀྱི་ནུས་པ་ཐམས་ཅད་བསྡུས་ནས་ཐིམ་པར་བསམ་ལ། རྡོ་ཟོར་སྒྲུབ་པའི་སྔགས་འདི་བདུན་སོགས་བརྗོད་དོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ། ནཱ་ག་ཐུཾ་ཐུཾ་མཱ་ར་ཡ་དུག་ཐུམ་རིལ་བྷྱོ། ཞེས་སོ། །སྐབས་འདིར་ཚོགས་ཀྱི་མཆོད་བཤགས་སྐོང་བ་བསྒྲལ་སྟོབ་བཅས་སོང་ནས། དེ་ནས་གསེར་སྐྱེམས་དང་། གཟུ་ད པང་བྱ། ཤ་ཁྲག་དང་ལིང་ག་ལ་དམིགས་ཏེ་འགུགས་གཞུག་དྲག་པོ་བྱས་ནས། ༀ་ཨེ་ཨ་ར་ལི་ཧོ་ཧྲིཾ་ཧྲིཾ་ཧྲིཾཿ ཞེས་བརྗོད་པས་ཕྱོགས་བཅུ་ན་བཞུགས་པའི་ཁྲོ་བོ་ཐམས་ཅད་འཁོར་དང་བཅས་པ་སྤྱན་དྲངས། ཧཱུྃ། ལྷ་མོ་བློ་ལྡན་ཚོགས་ཀྱི་བདག །ཧེ་རུ་དཔལ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་བརྙས་བྱེད་དང་། །རྣལ་འབྱོར་བར་དུ་གཅོད་པ་དང་། །དམ་ཚིག་གཉན་པོ་འདྲལ་བ་དང་། །རྡོ་རྗེའི་སྤུན་ལ་འཁུ་བ་དང་། །བདག་ལ་བསམ་ངན་སྦྱོར་རྩུབ་བྱེད། །བྱད་ཁ་རྦོད་གཏོང་བྱེད་པ་རྣམས། །ཁྱེད་ཀྱིས་རྡུལ་དུ་བརླག་ནས་ནི། །གནོད་སེམས་མ་ལུས་གཏན་ནས་ཕྱུངས། །ཞེས་བྱས་ལ་དགྲ་བོ་རིག་སྔགས་དང་བཅས་པ་བཀུག་པའི་གཟུགས་ལ། ཕུར་པས་བཏབ་སྟེ། ཀཱི་ལ་ཡ་འབྲུ་བཅོ་བརྒྱད་པ་སྤུ་གྲི་ཚར་གཅིག་གིས་བསྒྲལ། དཀྱིལ་འཁོར་གྱི་ལྷ་དང་རྫས་ཀྱི་ཕུར་པ་དང་རྡོ་ཡི་ཟོར་དེ་ལས་དྲག་པོ་མཚོན་ཆའི་ཆར་པ་ཐོག་ལྟར་བབ་པས། དགྲ་བགེགས་བྱད་མའི་ཕུང་པོ་རིག་སྔགས་ཀྱི་ནུས་པ་དང་བཅས་པ་ཚལ་པ་དུམ་བུར་གཏུབ་པར་བསམ་ལ། ཐབས་ཞགས་ལས་གསུངས་པའི་རིག་སྔགས་གཅོད་པའི་དྲག་སྔགས་ཁྱད་པར་ཅན་བཟླས་པ་ཙམ་གྱིས་དྲེགས་པ་ཅན་ཐམས་ཅད་བརྒྱལ་ཞིང་གཅོད་པར་བྱེད་པ་འདི་ཅི་ནུས་བཟླས་ལ་ལིངྒ་དུམ་བུར་གཏུབ་བོ། །ༀ་བཛྲ་ཛྭ་ལ་བཛྲ་ཧཱུྃ། མནྟྲ་སུམྦྷ་ནི་ༀ་བཛྲ་ཛྭ་ལ་ཧཱུྃ། ༀ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱྃ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཨཱཿབྷྲཱུྃཿ དེ་ནས། དགྲ་བགེགས་བྱད་མ་བསྒྲལ་བའི་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ༀ་ཨཱཿཧཱུྃ་ཞེས་བརྗོད། བསྟབ། དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་དང་མཉམ་པ་ལ་དཀྱིལ་འཁོར་གྱི་ལྷ་རྣམས་དང་ཁྲོ་བོ་ཁྲོ་མོ་མ་མོ་མཁའ་འགྲོ་ཕྲ་མེན་ལས་བྱེད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་གད་བརྒྱངས་དི་རི་རི་གསོལ་ཞིང་རྣལ་འབྱོར་བ་བདག་གི་བགོ་བའི་བཀའ་ལ་ཉན་ནས་དགྲ་བགེགས་བཟློག་བསད་ཀྱི་ལས་ལ་རྔམས་པས་དྲག་པོའི་ཕྲིན་ལས་མཛད་པར་བསམ་ལ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱིས་མཆོད། འབྱུང་པོའི་ཤ་ནི་ཤིན་ཏུ་ཞིམ། །འབྱུང་པོའི་ཁྲག་ནི་ཤིན་ཏུ་ཞིམ། །འབྱུང་པོའི་རུས་པ་ཞིམ་པ་སྟེ། །གསོལ་ཏེ་ཐམས་ཅད་དགྱེས་པར་མཛོད། །བཛྲ་པུཥྤེ་སོགས་ཉེར་སྤྱོད་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་བདུད་རྩི། མ་ཧཱ་རཀྟ་ཁཱ་ཧིས་ཁྲག་མཆོག །བསྐལ་པ་མེ་ལྟར་མས་བསྟོད། ཨེ་མའོ་ཆོས་ཀྱི་དོན་འབྱུང་བ། །ཆོས་དོན་དག་པ་བདག་མེད་པ། །ནམ་མཁའ་དང་ནི་མཉམ་པའི་གནས། །རྡོ་རྗེ་རྒྱལ་པོར་ཕྱག་འཚལ་བསྟོད། །ཅེས་བྱས་ལ་རོལ་མོ་དང་བཅས་ཐུན་གཏོར་གཞུང་ལྟར་འ བུལ། དེ་ནས་ཕུར་པའི་ལྷ་རྒྱུད་བསྐུལ་བ། ཧཱུྃ། ཤིན་ཏུ་མི་བཟད་དཔལ་ཆེན་སོགས། དབུས་ཕྱོགས་གཙོ་བོ་ཡབ་ཡུམ་ཕྲ་མེན་བཅས། །དགྲ་བགེགས་ཤ་ཁྲག་མཆོད་པ་འདི་བཞེས་ནས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ཕ་རོལ་མི་དང་མི་མིན་བསམ་ངན་གྱིས། །རིག་སྔགས་རྦོད་གཏོང་མཐུ་གཏད་ངན་སྦྱོར་སོགས། །མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་རྣམས་ཀུན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་དུས་ལ་བབ། །དམ་ཉམས་བྱད་མ་རང་གཤེད་རང་ལ་ཕོབ། །དགྲ་བགེགས་བྱད་མ་སོད་ཅིག་མཱ་ར་ཡ། །ཞེས་བཏགས་པ་ཁྲོ་བཅུ་སྒོ་མ་ཕུར་སྲུང་བཅས་ཀྱི་བར་དུ་དེ་ལྟར་སྦྱར་ཞིང་ལིང་རོ་ཟོར་རྩར་འབུལ། དེ་ནས། དལ་གྱི་ལྷ་རྣམས་ཀྱི་ཞལ་ཕྱིར་གཟིགས་ནས་བཟློག་སྔགས་འབྲུག་སྟོང་ལྟར་བསྒྲགས་ཤིང་། ཁྲོ་ཚོགས་མེ་མཚོན་དྲག་པོའི་ཐོག་ཆར་འཕྲོས་པས་བདག་འཁོར་དང་བཅས་པའི་འགལ་རྐྱེན་གནོད་པ་བར་ཆད་ཅི་ཡོད་པ་ཐམས་ཅད་སྦུར་མ་རླུང་གིས་ཁྱེར་བ་ལྟར་ཕྱིར་དེད་པ་དང་བཅས་ཏེ་ཁྲོ་བོ་དང་དྲེགས་པའི་དམག་དེ་དག་དགྲ་བགེགས་བྱད་མའི་སྟེང་དུ་ཕབ་པས་སྲུང་བའི་གུར་བཅོམ་ནས་སྡེ་དང་རིས་སུ་གཏོགས་པ་ཐམས་ཅད་ཐལ་བ་རྡུལ་དུ་བརླག་སྟེ་རྗེས་ཤུལ་མེད་པར་བྱས་པར་བསམ་ལ། ཕྲེང་བ་ཕྱིར་བསྒྱུར་ཏེ། ༀ་གུ་རུ་ཧ་རི་ནི་སད་པ་ཤ་སོགས་གོང་གི་སྔགས་དེ་བདུན་དང་ཉེར་གཅིག་བརྒྱ་སོགས་སྐབས་བསྟུན་དང་། དྲག་སྔགས་གནམ་ལྕགས་ཐོག་གི་སྤུ་གྲི་བཟློག་པ་ཐུབ་ཆོད་ཟབ་མོ་འདི་ཅི་ནུས་སུ་བཟླ་བར་བྱའོ། །བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ། བདུད་པྲ་མཱ་ར་ཡ་རྦད་ནན། ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཛ་དུན་ལིང་ཤག་རྦད་ནན༔ ཤིག་ཤིག་རྦད་ནན༔ དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནནཿ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་སོ། །སྔགས་འདིས་ཕྱི་ནང་སྡེ་བརྒྱད་རྦད་འདྲེ་རྦད་གཏོང་ཀུན་དང་། ཐ་ན་གཅན་གཟན་དང་སྦྲང་བུ་ཡན་ཆད་ཀྱི་ཉེ་བར་འཚེ་བ་ཐམས་ཅད་ཁ་འཆིང་ཞིང་བཟློག་པར་བྱེད་དོ། །རང་ལ་གཞན་གྱི་རྦོད་གཏོང་སོགས་ཚབས་ཆེ་ན། ཉི་ནག་དང་ཁྱབ་འཇུག་རྒྱུ་དུས་སོགས་དུས་རྩུབ་མོ་བྱུང་བ་ལ་བཟླ་ཞིང་། ཐོག་སེར་འབབ་པ་སོགས་ཉམ་ང་དང་ཉེར་འཚེ་བྱུང་དུས་བྱ་ཡི་ཤིན་ཏུ་གཉན་པས་གར་ཐོད་ཐོད་མི་བྱ་ཞེས་གསུངས་སོ། །སྔགས་བཟླས་པའི་ཡུངས་ཀར་གྱིས་རྡོ་ཟོར་ལ་བྲབས་པར་བྱའོ། །མཐར་བདེན་སྟོབས་བརྗོད་ལ་ཐལ་མོ་གདབ། ཀ་དམ་པའི་ཕུར་ནག་གི་བཟློག་བྱང་སོགས་བཟློག་བྱང་ཅི་རིགས་བཏོན་ཀྱང་ལེགས་སོ། །དེ་ནས་གསོལ་ཁ་སོགས་དཀྱུས་ལྟར་བྱ། དེ་ལྟར་ཞག་གཅིག་གམ་གསུམ་སོགས་སྐབས་དང་བསྟུན་ཏེ་བསྒྲུབས་པའི་མཐར། གསེར་སྐྱེམས་སྒོ་དབྱེ་དང་ཟོར་འཕེན་པའི་ཚིག་རྒྱས་བསྡུས་གང་འོས་རྗེས། རང་རྡོ་རྗེ་གཞོན་ནུར་གསལ་བའི་ཕྱག་གཡས་ན། གདུག་པའི་རྡོ་ཟོར་ཆེན་པོ་ནད་མཚོན་དུག་གི་མེ་དཔུང་དམར་ནག་ཏུ་འབར་བ་དེ་ཉིད་དགྲ་བགེགས་བྱད་མ་གང་དུ་གནས་པའི་སྟེང་དུ་གནམ་ལྕགས་ཀྱི་ཐོག་བབ་པ་ལྟར་བརྒྱབ་པས་སྲུང་གུར་ལུས་སྲོག་ཡུལ་ཁམས་དང་བཅས་པ། སྒོ་ང་བྲག་གིས་བཅར་བ་ལྟར་བརླག་ནས་རིམ་པར་འོག་གཞིའི་འབྱུང་བ་བཞི་ཡི་དཀྱིལ་འཁོར་དང་བསྲེས་ཏེ་རྣམ་པར་ཤེས་པ་དྲག་པོའི་ནམ་མཁའ་མཐིང་ནག་ཨེ་དབྱིངས་མུ་མེད་མཐའ་བྲལ་ཆོས་ཉིད་ཆོས་སྐུའི་ཀློང་དུ་ཐིམ་ནས་གནོད་པའི་བསམ་སྦྱོར་ནམ་ཡང་མི་སྐྱེ་བར་འཁྲུལ་སྣང་རྒྱུན་ཆད་དེ་སངས་རྒྱས་པར་བསམ་ལ། རྡོ་ཟོར་ལག་ཏུ་ཐོགས་ནས་འཕེན་སྟངས་བཅས། རྡོ་ཟོར་སྔགས་ད་པ་ཤ་ཅན་ཚར་གསུམ། ཐུབ་ཆོད་སྤུ་གྲི་ཚར་བདུན་ཙམ་བཟླ་ཞིང་། ཡང་ཡང་དམིགས་པ་གསལ་ངེས་ལན་གསུམ་བསྐྱར་ལ། ཕྱོགས་བ ཞིའམ་གང་གནོད་ཕྱོགས་སུ། དགུ་སྟོང་སོགས་ལ་ལག་པའམ་འུར་རྡོས་འཕང་། འདི་དང་མཉམ་དུ་གཏོར་བཟློག་གཞན་གྲུབ་ནའང་ལེགས་སྟེ་ཟོར་རྣམས་ཁྱིམ་མམ་གྲོང་གི་མཐའ་བསྐོར་ཏེ་གནོད་པའི་ཕྱོགས་སུ་འཕང་། བདེན་བརྡར་དམོད་བཅོལ་བྱ་ཞིང་གཡབ་མོ་བརྡབ། དེས་བན་བོན་སྟོང་གིས་བྲུབས་ཀྱང་ནུབ་གཅིག་གིས་འཇོམས་ཞིང་རང་གཤེད་འབེབ་པར་བྱེད་པ་དང་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་ཧུར་ཐུམ་དུ་བཟློག་པ་ཟབ་པའི་མཐར་ཐུག་གོ། །ས་མ་ཡཱ་རྒྱ། གསང་རྒྱཿ ཚུལ་འདིས་ཕ་རོལ་གྱི་རིག་སྔགས་གཅོད་པའི་ལས་མཐའ་སྦྱིན་བསྲེག་བྱ་ན། སྐུད་པ་ནག་པོས་བཅིངས་པའི་རྩྭ་གཟུགས་ཀྱི་ལིངྒའི་ཁོང་པར། ནྲྀ་དང་ཏྲི་ལ་ཕ་རོལ་བྱད་མ་ཆེ་གེ་མོ་རིགས་སྔགས་ཀྱི་ནུས་པ་དང་བཅས་པ་ཁུག་ཅིག །ཛཿཧཱུྃ་བྃ་ཧོཿ ཞེས་བྲིས་པའི་ཤོག་བྱང་གཞུག །ཕ་རོལ་གྱི་ཟག་རྫས་བྱུགས་ན་མྱུར། མེད་ཀྱང་ཆོག་གོ། །འདི་བཅས་ནས་རྡོ་ཟོར་གྱི་གམ་དུ་བཞག་སྟེ་བྱད་མའི་རྣམ་ཤེས་དེ་ལ་བསྟིམ་པ་ཞལ་ཤེས་སོ། །དེ་ནས་བདག་དཔལ་ཆེན་པོ་ཡང་ཕུར་གང་རུང་སོགས་སུ་གསལ་ལ། འཁོར་ཀོ་སེང་དང་བཀའ་ཉན་གྱི་ཚོགས་ཁྲོ་བོ་བཅུ་སོགས་ཀྱིས་བསྐོར་བར་གསལ། གོང་ལྟར་ༀ་ཨེ་ཨཱ་ར་ལི་སོགས་ཀྱི་ཁྲོ་ཚོགས་སྤྱན་དྲངས་པ་དང་བསྐུལ་ཏེ་ཕོ་ཉ་བཏང་བས་བྱད་མ་དང་། རིག་སྔགས་ཐམས་ཅད་བཀུག་སྟེ་དམིགས་རྟེན་དེ་ལ་བསྟིམ། གོང་ལྟར་ཕུར་བུས་གདབ་ཅིང་། རིག་སྔགས་གཅོད་པའི་སྔགས་བཟླ་བཞིན་མཚོན་ཆས་གཏུབས་ནས། དུག་ཅན་དང་ཚེར་མ་ཅན་གྱི་ཤིང་གི་ཧོམ་དུ་མེ་སྦར་ལ་རཾ་ལས་དྲག་པོའི་མེ་ལྷའི་ལྟོ་བར་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྐད་ཅིག་གིས་བསྐྱེད་ལ། དགྲ་བགེགས་བསྒྲལ་བའི་ཤ་རི་སོགས་གོང་ལྟར། རྩ་སྔགས་དང་། ཧཱུྃ་ཧ་ཕཊ་བྷྱོ་རཾ། ལ་གཏོར་སྔགས་བཏགས་པས་འབུལ། འབྱུང་པོའི་ཤ་ནི་སོགས་ཉེར་སྤྱོད་སྨན་རག་བཅས་པས་མཆོད་ཅིང་། ཚ་རྩུབ་གནག་པའི་ཤིང་དང་ལིང་རོ་ཤ་ཁྲག་ཆང་དང་སྦྱར་བ་བསྲེགས་ལ། རྩ་སྔགས་དང་། གནོད་བྱེད་དགྲ་བགེགས་བྱད་མ་རིག་སྔགས་དང་བཅས་པ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨགྣེ་ཛྭ་ལ་རཾ། ཞེས་ཅི་རིགས་པར་འབུལ། སྤྲོ་ན་ལྷ་རྒྱུད་ཀྱི་བསྐུལ་བའི་རྗེས་སུ། བསྟབ་པའི་འཕྱོང་ཚིག་བཅས་ལྷ་རེ་རེ་བཅས་འབུལ་ལོ། །ལྷ་རྣམས་ཀྱི་ཧ་ཧའི་སྒྲ་དང་བཅས་ཏེ་ལྷག་མེད་གསོལ་བར་བསམ། སླར་མཆོད་ཅིང་། བསྐལ་པ་མེ་ལྟར་འབར་བ་ཡི་སོགས་ཀྱིས་བསྟོད་པའི་རྡོ་རྗེའི་གླུ་དང་གར་གྱིས་མཉེས་པར་བྱས་ནས་མི་དམིགས་པར་བསམ་ལ་དགེ་བ་བསྔོ་ཞིང་ཤིས་བརྗོད་བྱའོ། །གལ་ཏེ་མནན་པ་བྱེད་ན་སྲེག་པའི་ཐལ་བ་ཆ་གཅིག་ཟོར་དང་མཉམ་དུ་རླུང་ལ་བསྐུར། ཆ་གཅིག་གམ་ཆ་ཤས་ལས་བརྣག་པའི་རུ་པ་སྲོག་ཡིག་ལྡན་པར་བཟོས་པ། དེ་ལ་བྱད་མ་དང་དེའི་རིགས་སྔགས་ཀྱི་ནུས་པ་ཐམས་ཅད་བཀུག་ནས་བསྟིམ་པ་ནན་ཏན་བྱས་ལ། སྒོ་ཐེམ་གྱི་འོག་དོང་གྲུ་གསུམ་ནང་མགོ་མཇུག་བཟློག་སྟེ་འཕང་བ་འབྱུང་བཞིའི་རྔམས་འོག་ཐར་མེད་ཨེ་ཁང་དུ་ཚུད་དེ་སྙིང་སྟེང་རི་རབ་ལྟ་བུའི་ཕུར་པའི་གཟེར་ཐེབ། སླར་དེ་སྟེང་འབྱུང་བ་རིམ་བརྩེགས་སྟེང་ལྷའི་ཕོ་བྲང་བཅོས་པས་ནམ་ཡང་ལྡང་བ་མེད་པར་བསམ་ལ། རྩ་སྔགས་ལ་དགྲ་བགེགས་བྱད་མ་རིག་སྔགས་ཀྱི་ནུས་པ་དང་བཅས་པ། ཏྲིག་ནན་ཨེ་ཧུར་ཐུམ་མཱ་ར་ཡ་རྦད། སྟཱམྦྷ་ཡ་ནན་མནན་སྔགས་གཞན་ཡང་བཟླས་ཆོག ། ཞེས་བྲོ་བརྡུང་བྱའོ། །ཚུལ་དེ་དག་གིས་ཕ་རོལ་བྱད་མའི་རིགས་སྔགས་རྦོད་གཏོང་ཐམས་ཅད་གཏན་བརླག་ཏུ་བྱེད་པར་གདོན་མི་ཟ་བས་གསང་ཏེ་སྙིང་ལ་འཆང་བར་བྱའོ། །ཨེ་མ་སྔ་འགྱུར་གདམས་པ་ངོ་མཚར་ཆེ། །འདི་ལ་བརྟེན་ནས་ཕྱོགས་ཀྱི་བྱད་མའི་དཔུང་། །ཆེས་མང་ནགས་ཚལ་མེ་ཡིས་འཇོམས་ལྟར་བཏང་། །ཆུ་སྟག་དགུན་ཕྱོགས་ཆོས་འདི་ཉི་ལྟར་གསལ། །འདོན་ཆ་མང་བ་ཙམ་ཞིག་གཙོ་བོ་མིན། །སྔགས་དམིགས་ལག་ལེན་ཟབ་པ་མཆོག་ཏུ་བསྔགས། །འདི་བཞིན་ཉམས་སུ་ལོངས་དང་ཕས་རྒོལ་གྱི། །གཡུལ་ལས་རྣམ་རྒྱལ་སྙན་གྲགས་འབྲུག་སྒྲ་སྒྲོགས། ཧ་ཧ། ཞེས་པའང་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་རང་ཉིད་ལ་དགོས་པའི་དོན་དུ་བསྡེབ་ཅིང་ལག་ཏུ་བླང་པས་ཡིད་ཆེས་ངོ་མཚར་གྱི་འབྲས་བུ་མཐོང་བ་ཤིན་ཏུ་ཟབ་ཅིང་གསང་བ་ཨི་ཐི་རྒྱ། ཤུ་བྷཾ་མངྒ་ལཾ།།


previousཕུར་པའི་སྒོ་ནས་མཐུ་བཟློག་རྡོ་ཟོར་གྱི་ལག་ལེན་གསལ་པོར་བཀོད་པ་གནམ་ལྕགས་ཐོག་ཟེར། འཇམ་མགོན་མི་ཕམ་རྣམ་རྒྱལ།next