Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ༀ་ཨཱཿཧཱུྃ། རུ་དྲའི་སོགས། འཇམ་མགོན་མི་ཕམ་རྣམ་རྒྱལ།
   
   
   
   


 
previousༀ་ཨཱཿཧཱུྃ། རུ་དྲའི་སོགས། འཇམ་མགོན་མི་ཕམ་རྣམ་རྒྱལ།next

ༀ་ཨཱཿཧཱུྃ། རུ་དྲའི་སོགས། འཇམ་མགོན་མི་ཕམ་རྣམ་རྒྱལ།

༈ ༀ་ཨཱཿཧཱུྃ། རུ་དྲའི་ཀེང་རུས་ལས་གྲུབ་པའི་རི་རབ་ཆེན་པོ་མཚོན་ཆ་སྣ་ཚོགས་འབར་བའི་ནགས་ཚལ་འཁྲིགས་པ་དུག་རླངས་དང་མེ་རི་དམར་ནག་ཏུ་འབར་བ། མཐོང་བ་ཙམ་གྱི་འཇིགས་ཤིང་ཡ་ང་བའི་རང་བཞིན་ཅན། ཁྲག་གི་རྒྱ་མཚོ་ཆེན་པོ་རྦ་ཀློང་དྲག་ཏུ་འཁྲུགས་པའི་དབུས་ནས་ཐོལ་གྱིས་སྐྱེས་པ་དེ་ལ་ཡེ་ཤེས་འཇིག་རྟེན་པའི་དྲེགས་བྱེད་ཐམས་ཅད་ཀྱི་མཐུ་དང་ནུས་པ། འཇིག་རྟེན་ཁམས་ཀྱི་ནད་མཚོན་དུག་སོགས་དྲག་པོའི་རྫས་ཀྱི་ནུས་པ་ཐམས་ཅད་བསྡུས་ནས་ཐིམ་པར་གྱུར། རྡོ་ཡི་ཟོར་དེ་ལས་དྲག་པོ་མཚོན་ཆའི་ཆར་བབ་པས་དགྲ་བགེགས་བྱད་མ་ཐམས་ཅད་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་དང་མཉམ་པ་ལ། ཁྲོ་བོ་ཁྲོ་མོ་མ་མོ་མཁའ་འགྲོ་ཕྲ་མེན་ལས་བྱེད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་གད་བརྒྱངས་དི་རི་རི་རོལ་ཞིང་རྣལ་འབྱོར་པ་བདག་གི་བགོ་བའི་བཀའ་ལ་ཉན་ནས་དགྲ་བགེགས་བཟློག་བསད་ཀྱི་ལས་ལ་རྔམས་པར་གྱུར། ཁྲག་སྐྱེམས་མཆོད་ལ། ཧཱུྃ། བརྒྱུད་པ་དགུ་ལྡན་རིག་འཛིན་བླ་མའི་ཚོགས། །དུས་འདིར་བསྟན་པ་གཉན་ལ་དགྲ་དར་ཞིང་། །བསྟན་འཛིན་རྣལ་འབྱོར་རྣམས་ལ་དགྲ་ལངས་ན། །མ་གཡེལ་ཐུགས་རྗེ་ཁྲོས་པའི་བརྟུལ་ཞུགས་ཀྱིས། །དྲང་སྲོང་དམོད་པ་ལས་ཀྱི་སྐུར་བཞེངས་ནས། །དགྲ་བགེགས་ཤ་ཁྲག་མཆོད་པ་འདི་བཞེས་ལ། །རིགས་སྔགས་རྦོད་གཏོང་བྱེད་པའི་དམ་ཉམས་འདིའི། །སྲུང་བའི་གུར་ཁང་རྡོ་རྗེའི་མཚོན་གྱིས་ཆོམས། །འགོ་བའི་ལྷ་སྲུང་གནོད་པའི་བདུད་དུ་ཕོབས། །དམོད་པའི་སྔགས་ནུས་ཁོ་ལ་སྨིན་པར་གྱིས། །ལུས་ལ་མཚོན་ཆ་སྣ་ཚོགས་ཆར་ཕོབས་ལ། །རྣམ་ཤེས་ལུས་སྲོག་རྟེན་དང་ཕྲོལ་ལ་ཐོངས། །གནོད་བྱེད་བྱད་མ་བསད་པའི་དུས། །རྦོད་གཏོང་རིག་སྔགས་བཟློག་པའི་ལས་མཛོད་ཅིག །མི་མཐུན་འགལ་རྐྱེན་བཟློག་པའི་ལས་མཛོད་ཅིག །ཡེ་ཤེས་ཀློང་དགུ་འབར་བའི་གཞལ་ཡས་ནས། །རབ་འབྱམས་ཡི་དམ་ཁྲོ་བོའི་ལྷ་ཚོགས་རྣམས། །དགྲ་བགེགས་ཤ་ཁྲག་སོགས་གོང་ལྟར། ཁྱད་པར་ཕྲིན་ལས་དྲག་པོའི་དཀྱིལ་འཁོར་ནས། །ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ། །སྲས་མཆོག་ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་དང་། །སྒོ་སྐྱོང་ཕུར་སྲུང་དམ་ཅན་དྲེགས་པའི་ཚོགས། །དགྲ་བགེགས་ཤ་ཁྲག་སོགས། །ཁམས་གསུམ་ས་དགུ་གནས་ཀྱི་དུར་ཁྲོད་ནས། །ཡེ་ཤེས་འཇིག་རྟེན་ལས་ཀྱི་ཌཱ་ཀི་མ། །འབུམ་ཕྲག་ཡངས་པ་ཆེན་པོའི་ལྷ་ཚོགས་རྣམས། །དགྲ་བགེགས་ཤ་ཁྲག་སོགས། ཕྲིན་ལས་དྲག་པོ་སྒྲོལ་བྱེད་གཞལ་ཡས་ནས། །ཡེ་ཤེས་འཇིག་རྟེན་བསྟན་སྲུང་དྲེགས་བྱེད་ཚོགས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དགྲ་བགེགས་ཤ་ཁྲག་སོགས། ཧོ། །དགོངས་སུ་གསོལ་ལོ་རབ་འབྱམས་རྩ་བ་གསུམ། །ཉེས་མེད་བདག་ལ་འཚེ་ཞིང་བར་གཅོད་པའི། །དགྲ་བགེགས་བྱད་མ་བསྒྲལ་བའི་དུས་ལ་བབ། །ཐུགས་དམ་མ་གཡེལ་བཅོལ་པའི་ལས་འདི་སྒྲུབས། །མཁའ་མཉམ་ཆོས་དབྱིངས་དྲག་པོའི་གཞལ་ཡས་ནས། །རབ་ཁྲོས་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས། །འབར་བའི་སྐུ་མཆོག་སྣ་ཚོགས་ཅིར་ཡང་སྟོན། །ཕྱག་ན་སྒྲོལ་བྱེད་དྲག་པོའི་མཚོན་ཆ་བསྣམས། །ཞལ་ནས་དྲག་སྔགས་དམོད་པའི་ཐོག་སེར་འཕྲོ། །ཡེ་ཤེས་ཐུགས་རྗེ་ཁྲོས་པའི་བརྟུལ་ཞུགས་ཀྱིས། །མི་མཐུན་བར་ཆད་བཟློག་པའི་ལས་ལ་བཞེངས། །དགྲ་བགེགས་བྱད་མ་བསད་པའི་དུས་ལ་བབ། །རྦོད་གཏོང་རིགས་སྔགས་བཟློག་པའི་ལས་མཛོད་ཅིག །མི་མཐུན་འགལ་རྐྱེན་བཟློག་པའི་ལས་མཛོད་ཅིག །དགྲ་བགེགས་བྱད་མ་ལྷ་དང་བཅས་པ་ཡི། །སྲོག་ཆོད་དབུགས་ཕྲོག་ཤ་ཟོ་ཁྲག་འཐུང་ལ། །རྡུལ་ཕྲན་ཙམ་ཡང་མེད་པར་བརླག་མཛད་དེ། །རིག་འཛིན་བདག་ཅག་འཁོར་དང་ལྟོས་པར་བཅས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །འཇིགས་མེད་རྡོ་རྗེའི་རྒྱལ་མཚན་དེང་འདིར་སྒྲེངས། །ཡིད་ལ་རེ་བའི་དོན་ཀུན་འགྲུབ་པ་དང་། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཅེས་བྱས་ལ་བཟློག་སྔགས་དམིགས་པ་གསལ་བཞིན་བཟླ། མཐར། གདུག་པའི་རྡོ་ཟོར་ཆེན་པོ་དེ་ཉིད་དགྲ་བོ་བྱད་མ་གང་དུ་གནས་པའི་སྟེང་ནས་ཐོག་བརྒྱབ་པ་ལྟར་འཕངས་པས། ལུས་སྲོག་ཡུལ་ཁམས་དང་བཅས་པ་སྒོ་ང་བྲག་ལ་བཅར་བ་ལྟར་བརླག་ནས། འབྱུང་བཞིའི་དཀྱིལ་འཁོར་བཞི་དང་བསྲེས་ཏེ་རྣམ་ཤེས་ནམ་མཁའ་དྲག་པོ་ཨེ་དབྱིངས་མུ་མེད་པ་མཐའ་བྲལ་ཆོས་ཉིད་ཀྱི་ཀློང་དུ་ཐིམ་ནས། གནོད་པའི་བསམ་སྦྱོར་ནམ་ཡང་མི་སྐྱེ་བར་བསམ་ལ་འཕང་ངོ་། །དགོས་པའི་དབང་གིས་ཆུ་སྟག་ཟླ་བ་དགུ་པའི་ཉེར་དགུ་ལ་འཇམ་དཔལ་དགྱེས་བའི་རྡོ་རྗེས་ཡིད་ལས་ཕྲལ་ཤར་དགེ་ལེགས་ཀྱི་རྒྱལ་མཚན་བསྒྲེང་བར་གྱུར་ཅིག །དགེའོ།།


previousༀ་ཨཱཿཧཱུྃ། རུ་དྲའི་སོགས། འཇམ་མགོན་མི་ཕམ་རྣམ་རྒྱལ།next