Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གཅིག་པ།


   
   
   
   
དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་ངོ་མཚར་རྒྱ་མཚོའི་རྦ་རླབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་ངོ་མཚར་རྒྱ་མཚོའི་རྦ་རླབས།next

དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་ངོ་མཚར་རྒྱ་མཚོའི་རྦ་རླབས།

དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རིག་འཛིན་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ལྷ་དང་མཁའ་འགྲོ་རྒྱ་མཚོ་ལ། །བདག་ཡིད་གུས་པས་རྟག་པར་ཕྱག་བགྱིས་ཏེ། །ཡང་གསང་ཆོས་ཀྱི་གཏམ་རྒྱུས་བསྒྲག་པར་བྱ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོས། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་ཀྱི་དུས། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། སྐྱེ་མེད་མཐའ་བྲལ་ཆེན་པོའི་དགོངས་པ་ལས་མ་གཡོས་བཞིན་དུ་འགག་མེད་ཀྱི་ཆོ་འཕྲུལ་བདག་ཉིད་རྩ་བའི་དཀྱིལ་འཁོར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་སྐུ་བཞེངས་པ་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བ་ལས། འཁོར་ཕུན་སུམ་ཚོགས་པ་ཕྱོགས་བཅུའི་ཁྲོ་བོ་ཁྲ་ཐབས་དང་། ཕུར་པ་སྲས་ཀྱི་དཀྱིལ་འཁོར་མངོན་པར་སྤྲུལ་ནས། ཆོས་ཕུན་སུམ་ཚོགས་པ་བིདྱོཏྟ་མ་ལ་འབུམ་སྡེ་ལ་སོགས་པ་ཕྲིན་ལས་ཕུར་པའི་རྒྱུད་མཐའ་དག་གསུངས་སོ། །རྒྱུད་དེ་དག་ཀྱང་། སྟོན་པ་ཉིད་དང་། རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། མཁའ་འགྲོ་མ་དང་། བྲམ་ཟེ་མིའི་ཐོད་པ་ཅན་ལ་སོགས་པས་ཡང་དག་པར་བསྡུས་སོ། །ཅི་འཁོར་གྱིས་བསྡུས་པར་རིགས་ཀྱི། སྟོན་པ་ཉིད་ཀྱིས་བསྡུས་པ་མི་འཐད་དོ་སྙམ་ན། དེ་ནི་འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཞེས་པ་དང་། གསང་འདུས་ཀྱི་འགྲེལ་པ་ལས། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་གསང་བ་གྲུབ་པ་ལས། སློབ་དཔོན་ཁ་ཅིག་འདི་སྐད་དུ། །དཔལ་ལྡན་འདུས་པ་མདངས་ཅན་གྱིས། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞལ་གྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པོ་ནི་ཐུགས་རྡོ་རྗེ། །ཞེས་རྒྱ་འགྲེལ་ལས་འབྱུང་བས་གསལ་བ་ཡིན་ནོ། །དེ་ནས་མཁའ་འགྲོ་མ་དང་མིའི་ཡུལ་དུ་རིམ་གྱིས་དར་བ་ཡིན་ཏེ། སྟོན་པ་ཀུན་ཏུ་བཟང་པོས། རྒྱལ་བ་རིགས་ལྔ་དང་། རྡོ་རྗེ་གཞོན་ནུ་དང་། ལག་ན་རྡོ་རྗེ་དང་། དེ་དག་གིས་རྒྱལ་བ་རིགས་བཞི། །དེ་དག་ལས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསན་ནོ། །ཡང་རྡོ་རྗེ་སེམས་དཔའ་དེས་དགའ་རབ་རྡོ་རྗེ་ལ་བཤད། དེས་སངས་རྒྱས་རྣམ་པར་གཟིགས་ཀྱི་སྤྲུལ་པ་བཞད་པའི་རྡོ་རྗེ་ལ་བཤད། དེས་རྒྱལ་པོ་ཨུ་རུ་ཤ་ནེ་ལ་བཤད། དེས་ཀླུའི་བུ་མོ་རྒྱ་མཚོ་མ་ལ། དེས་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ། དེས་སློབ་དཔོན་དྷ་ན་སཾ་སྐྲྀ་ཏ། དྷ་ན་ཨུ་པ་ཡ། བློ་ལྡན་མཆོག་སྲེད་གསུམ་ལ་བཤད། དྷ་ན་སཾསྐྲྀ་ཏས། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ་གསུམ་ལ་བཤད་དོ། །ཡང་རྡོ་རྗེ་སེམས་དཔས་རྒྱལ་པོ་ཛཿལ་གླེགས་བམ་གྱི་ཆར་དངོས་གྲུབ་ཏུ་ཕབ་པ་ལས་བརྒྱུད་པ་ཡང་ཡོད་དེ། ཇི་སྐད་དུ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛཿཞེས་བྱ་བ་ལ། པོ་ཏི་གླེགས་བམ་སྣང་བར་བྱེད། །ཅེས་གསུངས་པ་ལྟར། རྒྱལ་པོ་ཛཿ ལྷ་ལྕམ་གོ་མ་དེ་ཝི། རྒྱལ་བུ་ཤ་ཀྲ་པུ་རི་ནས་རིམ་པར་བརྒྱུད་དེ་རྒྱ་བལ་བོད་གསུམ་དུ་དར་རོ། །ཡང་ཀུན་ཏུ་བཟང་པོས་རྡོ་རྗེ་གཞོན་ནུ་ལ། དེས་བྲམ་ཟེ་མིའི་ཐོད་པ་ཅན། དེས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད་དེ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས། དེ་ཤྲཱི་སིདྷས་བཏོན། དེས་ཟ་ཧོར་གྱི་མཁན་པོ་པྲ་ཧསྟི། དེས་ལྷ་ལྕམ་ཨུ་མ་དཱ་ན། དེས་སློབ་དཔོན་པདྨ་འབྱུང་གནས་ལ་བརྒྱུད་དོ། །ཞེས་གྲགས་སོ། །བརྒྱུད་ཚུལ་གཞན་ཡང་མང་དུ་ཡོད་མོད་ཀྱི། འདིར་ནི་བདག་ཅག་ལྟ་བུ་མཐོང་བ་ཆུང་བ་དག་གིས་ཇི་ལྟར་ཐོས་པ་ཉིད་བྲིས་པ་ཙམ་མོ། །ད་ནི་སངས་རྒྱས་གཉིས་པ་མི་ཡུལ་དུ་བྱོན་པ་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་འདིའི་སྐུ་ཆེ་བའི་ཡོན་ཏན་མདོ་ཙམ་སྨོས་ན། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །ཞེས་གསུངས་པས་བརྗོད་བྱ་བཤད་ཐབས་ཕྱོགས་གཅིག་གིས་ཆོས་དང་གང་ཟག་གཉིས་ཀ་ལུང་བསྟན་པ་ལྟར་དུ་སྤྱིར་སློབ་དཔོན་ཆེན་པོ་འདི་པདྨ་ལས་བརྫུས་ཏེ་སྐྱེས་པ་ཡིན་ན་ཡང་། ཕྲིན་ལས་ཕུར་པའི་ཆོས་འདི་སྤེལ་བའི་སླད་དུ་མངལ་དུ་སྐྱེ་བ་བཟུང་བར་མཛད་པ་ཡིན་ཏེ། དེའི་རྒྱུ་མཚན་མངལ་སྐྱེས་ཀྱི་སེམས་ཅན་རྣམས་བརྫུས་སྐྱེས་ཀྱིས་མི་ཐུལ་བས། སངས་རྒྱས་རྣམས་ཀྱང་མངལ་འཛིན་པའི་ཚུལ་སྟོན་དགོས་པའི་ཕྱིར། སློབ་དཔོན་གྱིས་ཀྱང་མངལ་དུ་ཞུགས་པའི་ཚུལ་བསྟན་པས། རྒྱ་བོད་གཉིས་སུ་སློབ་དཔོན་གྱི་ཆོས་གཞན་བས་ཕུར་བ་དར་རྒྱས་ཆེ་ཞིང་། འདིའི་སྒོ་ནས་གྲོལ་བ་ཐོབ་པ་དང་། གྲུབ་པ་བརྙེས་པ་བྱོན་པའི་རྣམ་གྲངས་བརྗོད་ཀྱིས་མི་ལང་བའི་རྒྱུ་མཚན་དེ་ཡིན་ནོ། །དེ་ཡང་ཨོ་རྒྱན་གྱི་ཡུལ་ན་སྲིད་སྐྱོང་བའི་རྒྱལ་པོ་མ་ནུ་སི་ཏ་བྱ་བའི་བུ་དྷ་ན་རཀྵི་ཏ་ཞེས་ཀྱང་བྱ། ཤཱནྟ་རཀྵི་ཏ་བྱ་བ་ཁ་དོག་དཀར་ལ་དམར་བའི་མདངས་དང་ལྡན་པས་པདྨའི་རིགས་ཀྱི་མཚན་དང་ལྡན་ཞིང་། སྒྱུ་རྩལ་ཐམས་ཅད་རྫོགས་པ་མགོ་དང་སྐེད་པ་རྒྱ་མདུད། རོ་སྟོད་བཅུམ་གཞོགས། རོ་སྨད་ཟུར་གསུམ། ཁ་དང་མིག་ཟླ་གམ། སྐྲ་ཁམ་པ་སྟེ། མི་སྡུག་པ་ཕུར་པའི་མཚན་ཉིད་ཅན་ཞིག་སྐྱེས་སོ། །དེ་ཆེར་སྐྱེས་པ་ན། ཡུལ་དེའི་རྒྱལ་པོ་སྲས་ཀྱིས་ཕོངས་པ་ཞིག་ལ། ནམ་ཞིག་ན་སྲས་གཅིག་བྱུང་ནས། དེ་སྐྱེད་མོས་ཚལ་དུ་བཟའ་ཤིང་གི་བསིལ་གྲིབ་ལ་བསྙལ་བའི་མགོ་ལ་ཤ་སྦྲང་གཅིག་གིས་ཟ་བཞིན་འདུག་པ་ལ། དྷ་ན་རཀྵི་ཏས་རྒྱལ་བུ་ཤི་ཡིས་དོགས་ཏེ་སོར་རྡོ་འཕངས་པས་རྡེའུ་དང་ཤ་སྦྲང་སྦྲགས་ཀླད་པའི་ནང་དུ་སོང་ནས་རྒྱལ་བུ་ཤིའོ། །འདི་ལ་ཁ་ཅིག་བློན་པོའི་དབུ་ལ་ཏྲི་ཤུ་ལ་ཕོག་ནས་བསད་ཟེར་ཏེ། བརྫུས་སྐྱེས་ཀྱི་ལོ་རྒྱུས་སུ་དེ་ལྟར་ཡིན་གྱི། འདིར་མི་འཐད་དོ། །དེ་ནས་མི་རྣམས་ཀྱིས་ཁྱོད་ཀྱིས་རྒྱལ་བུ་བསད་དོ་བྱས་པས། བདག་གིས་ངན་སེམས་ཀྱིས་མ་རྒྱབ་སྟེ། རྒྱལ་བུའི་མགོ་ལ་ཤ་སྦྲང་ཅིག་ཟ་ཞིང་མཆིས་པས། ཤ་སྦྲང་ལ་འཕངས་པས་སོར་རྡོ་དང་བཅས་པ་ཀླད་པར་སོང་ནས་གུམ་མོ། །ཞེས་སྨྲས་པ་དང་། མི་རྣམས་ཀྱིས་བལྟས་པས། དེ་ལྟར་འདུག་པ་དང་། རྒྱལ་ཁྲིམས་གཉན་པས། ཉེས་པ་རབ་གསོད། འབྲིང་སྤྱུགས། ཐ་མ་ལོ་གསར་ལྷགས་སྒོང་ལ་ནང་མ་རེ་ལ་བག་ཕྱེ་ཁལ་བརྒྱ་པ་རེ་འཇལ་དུ་འཇུག་པ་ལས། འདིས་ད་རེས་རྒྱལ་པོའི་སྲས་བསད་པ་ཡིན་པས་ཉེས་པ་རབ་ཏུ་འོང་སྟེ། ངན་སེམས་ཀྱིས་མ་བརྒྱབ་པས་སྤྱུགས་པར་རིགས་སོ། །ཞེས་གྲོས་འཆམ་སྟེ་སྤྱུགས་སོ། །དེར་མདའ་ལྔ་དང་གཞུ་ཐོགས་ནས་རྒྱ་གར་གྱི་དུར་ཁྲོད་སོ་ས་གླིང་དུ་བྱོན། ཡོ་བྱད་གཞན་ནི་ཅི་ཡང་མེད་པས། རོ་ཟས་འབྲས་ཆན་ཟས་སུ་ཟ་ཞིང་རོ་རས་གོས་སུ་གྱོན། ཕོ་བྱུང་ཚད་བཏགས་ཤིང་བཏང་། མོ་བྱུང་ཚད་སྤྱད་ཅིང་བཏང་བས་དུར་ཁྲོད་ན་སྲིན་པོ་ཤཱནྟ་རཀྵི་ཏ་བྱ་བ་སྣང་ངོ་། །ཞེས་གྲོང་ཁྱེར་ཀུན་ཏུ་གླེང་ངོ་། །དེའི་ཚེ་ཡུལ་དེའི་རྒྱལ་པོ་འཐབ་པར་དགའ་བ་ཞེས་བྱ་བ་ཁྲོས་ཏེ། འདི་མ་བསད་ན་ཡུལ་ཁམས་ཕུང་སྟེ་འགྲོ་བས་སོད་ཅིག་ཅེས་བསྐོས་ནས་དམག་བཅས་ཏེ། རྒྱལ་པོའི་བུ་ཨིནྡྲ་རཱ་ཛ་དཔའ་ཞིང་གཏུམ་པ་ལ་ལུང་པའི་དོགས་དུར་ཁྲོད་མདོ་འགག་དམ་པར་དགུག་ཏུ་བཅུག །རྒྱལ་པོ་དམག་དང་བཅས་པས་རི་རོང་དུར་ཁྲོད་ཀུན་ཏུ་བཤུས་པས། ཤཱནྟ་རཀྵི་ཏས་བྲོས་པ་དང་། དུར་ཁྲོད་ཀྱི་མདོ་འགག་ན་རྒྱལ་བུ་ཨིནྡྲ་རཱ་ཛས་དགུག་པ་དང་འཕྲད་དེ་དེར་ཤཱནྟ་རཀྵི་ཏས་མདའ་འཕངས་བས། ཨིནྡྲ་རཱ་ཛའི་སྙིང་ལ་ཕོག་སྟེ་བསད་དོ། །དེ་ནས་བྲོས་ཏེ་སོང་བ་ན་རེ་ཞིག་ན་ལམ་དུ་མི་གཉིས་དང་འཕྲད་ནས། ཁྱེད་གཉིས་གར་འགྲོ་དྲིས་པས་ཟ་ཧོར་གྱི་མཁན་པོ་ལ་ཆོས་ཉན་དུ་འགྲོ་ཟེར། དེར་སྔར་གྱི་རང་གི་སྤྱོད་པ་ལ་སྐྱོ་སྟེ་གྲོགས་དང་བསྡོངས་ཏེ་ཆོས་ལ་ཕྱིན་པས་ལམ་དུ་སློབ་དཔོན་ཤཱཀྱ་བོ་དྷི་དང་མཇལ་ནས་གསུམ་ཀ་རབ་ཏུ་བྱུང་། དགེ་ཚུལ་གྱི་ཁྲིམས་མནོས་ཏེ། མིང་ཡང་ཤཱཀྱ་པྲ་བྷ། ཤཀྱ་མི་ཏྲ། ཤཱཀྱ་སེང་གེ་ཞེས་བཏགས། དེ་ནས་ཟ་ཧོར་དུ་ཕྱིན་པས། སློབ་དཔོན་པྲ་ཧ་སྟི་དང་མཇལ། གྲོགས་གཉིས་ཀྱིས་གསེར་གྱི་མཎྜལ་ཕུལ་ནས་ཆོས་ཞུས་པས་གསུམ་ཀ་ལ་ཡོ་གའི་དབང་རྫོགས་པར་བསྐུར། གསང་མཚན་ལས་ཀྱི་རྡོ་རྗེ། ཆོས་རབ་རྡོ་རྗེ། ཤཱཀྱ་སེང་གེའི་མཚན་སེམས་དཔའ་རྡོ་རྗེ་ཞེས་བཏགས་སོ། །ཏ་ཐཱ་སཾ་ག་ཧའི་རྒྱུ་མཚན་ཉིད་སྡེ་གསུམ་ལྟར་བཤད་ནས་ཚིམ་མམ་གསུངས་པས། ཤཱཀྱ་པྲ་བྷས་ཚིམ་ཟེར་ནས་སོང་། གཉིས་པོས་མ་ཚིམ་བྱས་པས་སྔགས་ཕྱི་བ་སྡེ་གསུམ་ལྟར་ཚར་གཅིག་བཤད་ནས་ཚིམ་མམ་གསུངས། ཤཱཀྱ་མི་ཏྲས་ཚིམ་ཟེར་ནས་སོང་། ཤཱཀྱ་སེང་གེ་མི་བསད་པས་ཡུལ་དུ་འགྲོ་ས་མེད་པས་མ་ཚིམ་བྱས་པས། སློབ་དཔོན་གྱི་ལག་མཐིལ་དུ་ཡོ་གའི་ལྷ་རྣམས་གསལ་བར་བསྟན་ནས། འདི་ལ་ཞུའམ། ང་ལ་ཞུ་གསུངས། དེར་སློབ་དཔོན་ལ་ཞུ་བྱས་པས། སློབ་དཔོན་ན་རེ། རིགས་དབང་རིག་པའི་སྲས་ཡིན་པས། །རྒྱལ་བའི་དཀྱིལ་འཁོར་ང་ལས་སྤྲུལ། །ང་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན། །ང་ལས་ཐམས་ཅད་འབྱུང་བས་ན། །ང་ཡིས་བསྟན་པ་བཞིན་དུ་ཉོན། །ཞེས་གསུངས་ནས་ཡོ་གའི་ཆོས་ཐམས་ཅད་རྫོགས་པར་བསླབ། དེ་ནས་གསང་བ་བླ་ན་མེད་པ་སྒྱུ་འཕྲུལ་གྱི་དབང་རྫོགས་པར་བསྐུར། དེ་ནས་ཕུར་པ་འབུམ་སྡེའི་ཆོས་ཐམས་ཅད་རྫོགས་པར་བཤད་པ་ཡིན་ནོ། །དེ་ནས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས། ཚེ་ལ་དབང་བའི་རིག་འཛིན་ཐོབ། ཟ་ཧོར་རྒྱལ་པོའི་བུ་མོ་མེ་ཏོག་མནྡ་ར་བྱ་བ་བསྒྲུབ་བྱར་བཀུག་ནས། ནུབ་ཕྱོགས་ཀྱི་རི་གོ་མ་ཧ་ཏི་ཤ་གའི་བྲག་ཕུག་མཱ་ར་ཏི་ཀ་རུ་བསྒྲུབས་པས་རྣམ་པར་སྨིན་པའི་རིག་འཛིན་ཐོབ་བོ། །དེ་ནས་བསད་པས་མི་འཇིགས་སྙམ་སྟེ། རྒྱ་གར་དུ་བྱོན་པས། སྔོན་རྒྱལ་པོ་ཨིནྡྲ་རཱ་ཛ་བསད་པའི་མི་ཐོང་པོ་ཡིན་པར་ངོ་ཤེས་ནས། རྒྱལ་པོ་འབངས་དང་བཅས་པས་སློབ་དཔོན་ལྷ་ལྕམ་དང་བཅས་པ་ཙནྡན་གྱི་མེ་ལ་བསྲེག་སྟེ། ཞག་བདུན་ནས་དུ་བ་ཆད་པ་དང་བལྟས་པས། མཚོའི་དབུས་ན་པདྨའི་སྡོང་པོ་གྱེས་པ་ལ་སློབ་དཔོན་ལྷ་ལྕམ་གཉིས་བཞུགས་པ་མཐོང་ནས་ངོ་མཚར་ཏེ། ཉེས་པ་བཤགས། མཆོད་གནས་སུ་བཞུགས་པར་ཞུས་པས་མ་གནང་སྟེ། རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གྱིས་ཤིག །དེ་ལྟར་མ་བྱས་ན་ཁྱེད་ཅག་ཉམས་པར་འགྱུར་རོ་གསུངས་ནས་ཨོ་རྒྱན་དུ་བྱོན་ནོ། །དེར་ཡང་སྔོན་གྱི་མིང་ཐོང་པོ་བྱུང་ངོ་ཟེར་ནས། ཡུལ་གྱི་མི་རེས་ཤིང་ཁུར་རེ་བསྡུས་ནས་མེ་དཔུང་ཆེན་པོའི་དབུས་སུ་བསྲེགས་པས་མ་ཚིག་སྟེ། སྔར་བཞིན་མཚོའི་དཀྱིལ་ནས་པདྨའི་སྡོང་པོ་སྐྱེས་པའི་ལྟེ་བར་བཞུགས་པ་མཐོང་ནས་ཐམས་ཅད་ངོ་མཚར་ཞིང་དད་པ་སྐྱེས། སྔར་གྱི་ཉེས་པ་བཤགས་ནས། ཨོ་རྒྱན་གྱི་ཡུལ་དུ་ཆོས་ཀྱི་བསྟན་པ་རྒྱས་པར་མཛད་དོ། །དེ་ནས་སློབ་དཔོན་གྱི་དགོངས་པ་ལ། སྐྱེ་ཤི་འཁོར་བའི་ཆོས་དང་ནི་བྲལ། མི་བརྗེད་པའི་གཟུངས་ནི་ཐོབ། ཚེ་ལ་དབང་བ་དང་། རྣམ་པར་སྨིན་པའི་རིག་འཛིན་ནི་བརྙེས། ད་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཅིག་བསྒྲུབ་དགོས་དགོངས་ནས། བལ་ཡུལ་དུ་བྱོན་ཏེ། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་མར་མེ་དགུ་པའི་སྒྲུབ་པ་མཛད་པས། ཡུལ་དེའི་ཀླུ་གྱོང་པོ་ཞེས་བྱ་བ་དང་ལྷ་འདྲེ་ཡོངས་ཀྱིས་བར་ཆད་བྱས་ཏེ། ལོ་གསུམ་དུ་གནམ་ལས་ཆར་མ་བབས། ས་ལ་རྩི་ཤིང་ནགས་ཚལ་དང་ལོ་ཐོག་ཐམས་ཅད་བསྐམ། ཆུ་བོ་དང་ཆུ་བྲན་ཀུན་ཀྱང་རྒྱུན་ཆད་དེ་དུས་ངན་བྱུང་བའི་ཚེ་སློབ་དཔོན་གྱི་དགོངས་པ་ལ། འདི་ནི་ཅིས་ཀྱང་མ་ལན་ཏེ། བདག་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཞིག་གོ་སྙམ་ནས། མཆོད་པ་བཤམས་ཏེ། ལྷ་ལ་གསོལ་བ་བཏབ་པས། ནམ་མཁའ་ལས་སྒྲ་བྱུང་སྟེ། བར་ཆོད་འདི་གཞན་གྱིས་འདུལ་བའི་ཐབས་མེད་ཀྱིས། རྒྱ་གར་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ནས་རྡོ་རྗེ་ཕུར་པའི་རྒྱུད་སྡེ་སྤྱན་དྲངས་ཤིག་ཅེས་སྒྲ་བྱུང་ངོ་། །དེ་ནས་བལ་པོའི་མི་གཉིས་ལ་གསེར་ཕྱེ་བྲེ་གང་བསྐུར་ནས་པཎྜི་ཏ་ལྔ་བརྒྱ་ལ་ཕུལ། ལོ་རྒྱུས་གསོལ་བས། རྡོ་རྗེ་ཕུར་པའི་ཆོས་སྐོར་འབུམ་སྡེ་ཙམ་ཞིག་བཞུགས་པའི་ནང་ནས། པུསྟི་མི་ཁུར་གཉིས་པཎྜི་ཏ་རྣམས་ཀྱི་བརྫངས་སོ། །དེ་ཡང་ལེ་ཤོད་དུ་སླེབ་པ་ཙམ་གྱིས་ལྷ་འདྲེའི་བར་ཆད་རང་སར་ཞི་སྟེ་དུས་ཀྱི་འབྲུག་སྒྲོག །གློག་འགྱུས། ཆར་བབས་ཏེ་རྩི་ཤིང་ནགས་ཚལ་ལོ་ཐོག་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ཙ་ན་ཕུར་པའི་ཆོས་འདི་བཀྲ་ཤིས་ཤིང་བྱིན་རླབས་མྱུར་བས་ཕྱོགས་ཐམས་ཅད་དུ་རྒྱས་པར་བྱ་སྙམ་དུ་དགོངས་ནས། རྒྱུད་སྡེ་རྣམས་ཀྱི་དགོངས་པ་འབྲེལ་བའི་བསྟན་བཅོས། ལྟ་བ་བྱི་ཏོ། སྒོམ་པ་ཕུན་སུམ་ཚོགས་པ། ཕྲིན་ལས་རྡོ་རྗེ་གཞོན་ནུ། གདབ་པ་ལས་ཁ་ཚར་དང་བཞི་རུ་ཕྱེ་སྟེ་མཛད། དུས་དེར་སློབ་དཔོན་པདྨ་དང་། བི་མ་ལ་མི་ཏྲ་དང་། བལ་པོ་ཤཱི་ལ་མཉྫུ་གསུམ་གྱིས་ཡང་ལེ་ཤོད་དུ་བསྒྲུབས་པས་རྟགས་ཐོན་ཏེ། དེའི་ཚུལ་འོག་ཏུ་འཆད་དོ། །དུས་དེར་ལུང་ཚད་དུ་ཕྱིན་ནམ་མ་ཕྱིན་དགོངས་པ་མཛད་པས་རྟགས་མངོན་སུམ་དུ་གཟིགས་པ་དང་། ཕུར་སྨད་ཉི་ཤུ་རུ་བསྡུས་ཏེ། རྒྱུད་ལྔ་ལ། ལུང་ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ། ལྕགས་གཟེར་ནག་པོའི་ཏནྟྲ། འབུམ་བསྐོས་ཆེན་པོའི་ཏནྟྲ། ནམ་མཁའ་མཛོད་ཀྱི་ཏནྟྲ། རིག་པ་མཆོག་གི་ཏནྟྲའོ། །ལྟ་བ་ལྔ་ལ། ལྟ་བ་བྱི་ཏོ། བླ་མ་ཆེན་པོ། མྱ་ངན་ལས་འདའ་ཀ་མ། ཡེ་ཤེས་ཉི་ཟེར། ནམ་མཁའ་རོལ་པའི་རྒྱལ་པོའོ། །ཕྲིན་ལས་ལྔ་ལ། རྡོ་རྗེ་གཞོན་ནུ། ལས་བརྒྱ་རྩ་བརྒྱད་པ། སྲས་མཆོག་རྐེད་ཏྲེ། ལས་ཁ་ཚར། ལས་གསང་བའོ། །སྒྲུབ་པ་ལྔ་ལ། ཕུན་སུམ་ཚོགས་པ། ཐུགས་གསང་བ། གཟེ་མ་ནག་པོ། ཐུགས་ཀྱི་བརྣག་པ། ལས་ཀྱི་བཀོལ་བྱང་ངོ་། །དེ་ཙ་ན་ལྷ་བདུད་དུ་སྤྲུལ་ནས་དྲོད་ཉུལ་བ་ནི། ལྕགས་ཀྱི་སྡིག་པ་ནག་པོ་འཇིགས་སུ་རུང་བ་གཅིག་ཐོག་བབས་སུ་ཐོ་འཚམས་སུ་བྱུང་བ་ལ། སློབ་དཔོན་ཉིད་ཕག་ཏུ་བརྫུས་ནས་ཟོས་པར་ཆས་པས། སྡིག་པ་དེ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་རི་རབ་ལྟར་བརྗིད་པའི་སྐུར་མཐོང་། དྲག་ཤུལ་གྱི་ལས་ལ་ཐོགས་པ་མེད་པའི་དབང་ཐོབ་སྟེ། དེའི་དུས་སུ་བསྙེན་ཕུར་བསྒྲིལ་ཞིང་། ང་ཆེ་ང་བཙན་མགུར་བཞེས་པ་ནི། དིཔྟ་ཙཀྲ་ཕུར་པའི་ལྷ། །མཐིང་ནག་གཅེར་བུ་རལ་ཀ་ཅན། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །ལྟེ་བ་མན་ཆད་ཕུར་པའི་དབལ། །དྲག་པོར་གྱུར་པའི་ཕུར་པ་སྟེ། །ཨུཏྤལ་སྔོན་པོའི་འདབ་འདྲ་བ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །བཏབ་ན་ལྷ་ཡང་བརླག་འགྱུར་ན། །གནོད་བྱེད་རྣམས་ལ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་ནས་བསྟན་བཅོས་རྣམས་པཎྜི་ཏ་ལྔ་བརྒྱ་ལ་གཟིགས་སུ་ཕུལ་བར་ཆས་ཏེ། རྒྱ་བལ་གཉིས་ཀྱི་སོ་མཚམས་ཆུ་མིག་བྱང་ཆུབ་རིས་སུ་གཟིམས་པ་ན་མནལ་ལམ་དུ་སྐུ་གྲོངས་སྙམ་བྱུང་བ་དང་། ཕྱག་གིས་མྱུལ་བས། ཐུགས་ཀ་ནས་སེམས་ཅན་གྱི་དངོས་པོ་གཅིག་ཟིན་ཏེ། སྤར་བུར་བཅུག །ཕྱག་མཚན་རྡོ་རྗེས་རྒྱས་བཏབ་ནས་བཞག །ནངས་པར་གཟིགས་པས། བུ་མོ་མཚར་སྡུག་དང་ལྡན་པ་བཞི་འདུག་སྟེ། ཁྱེད་སུ་ཡིན་དྲིས་པས། དེ་རྣམས་ན་རེ། སྔོན་བཅོམ་ལྡན་འདས་དཔལ་ཆེན་པོས་དྲེགས་པ་ཕོ་བསྒྲལ་མོ་སྦྱོར་བའི་དུས་ན་དམ་ལ་བཏགས་ཏེ། འགྲོ་བའི་སྲོག་ལ་དབང་བསྐུར་བའི་མ་མོ་བཞི་ལགས་ཏེ། དེའི་ཐུགས་དམ་གྱི་དབང་གིས་འདིར་འོང་བ་ལགས་ཀྱི། སློབ་དཔོན་གྱིས་ཀྱང་བདག་ཅག་ལ་དབང་བསྐུར་ཅིག་ཟེར། སློབ་དཔོན་གྱི་དགོངས་པ་ལ། སྔོན་དབང་ཐོབ་པས་ང་ཚེ་ལ་དབང་བའི་རིག་འཛིན་འདི་ཡང་འཆི་བ་སྙམ་བྱེད་ན་ངས་ཀྱང་དབང་བསྐུར་ན་འགྲོ་བ་ཐམས་ཅད་གསོད་སྙམ་ནས། རྡོ་རྗེ་ཕུར་བ་ཉན་པའམ། བཤད་པའམ། སྒོམ་སྒྲུབ་བྱེད་པ་ལ་བར་དུ་གཅོད་པའི་སྲོག་ལ་དབང་གྱིས་ཤིག །གསུངས་ནས། བསྭེ་མོ་བཞི་དང་བཀའ་བགྲོས་ནས། བསྭེ་ལུག་གསང་བའི་ཡང་གཏེར་མཛད་དེ། དེ་ལྟར་སྔ་འགྱུར་གྱི་ཕུར་སྨད་ཉི་ཤུ་རྩ་གཅིག་བསྣམས་ཏེ། ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་བྱོན་ནས་པཎྜི་ཏ་ལྔ་བརྒྱའི་སྤྱན་སྔར་འགྲིམས་པས། ཆོས་ཤིན་ཏུ་ལེགས་པས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས། པཎྜི་ཏ་རྣམས་ཀྱིས་ཀྱང་སློབ་དཔོན་ལ་ཕྱག་འཚལ་ལོ། །དེ་ནས་མཁས་པ་རྣམ་གསུམ་གྱི་བཀའ་བགྲོས་ཏེ། བིདྱོཏྟ་མ་ལ་འབུམ་སྡེ་ཐམས་ཅད་གཟིགས་ཏེ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་སུམ་ཅུ་རྩ་གཉིས་ལ་འགྲེལ་པ་སྒྲུབ་ཐབས་ཊཱི་ཀ་ལ་སོགས་པས་ཕྱེས་ནས་རྒྱས་པར་མཛད་དོ། །དེའི་དུས་སུ་སྲོད་ལ་ཤྭ་ན་མ་བཞིས་སྲོག་སྙིང་ཕུལ། ནམ་གུང་ལ་བདག་ཉིད་མ་མཆེད་བཞིས་སྲོག་སྙིང་ཕུལ། དེ་ནས་ཇི་ལྟར་དར་བ་ནི་བི་མ་ལས་གཟུངས་མ་དམ་པ་ལ་བཤད། གཉིས་ཀས་རྒྱ་གར་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་བཤད། དེ་ནས་རྒྱ་གར་གྱི་ཡུལ་ན་དར་ཞིང་རྒྱས་པར་སྤྱོད་དོ། །སློབ་དཔོན་པདྨས་བལ་མོ་ཤཱཀྱ་དེ་བ་ལ་བཤད། དེ་གཉིས་ཀས་ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཀོ་ཥ་ལ་བཤད། དེ་ནས་ཨོ་རྒྱན་གྱི་ཡུལ་ན་དར་ཞིང་རྒྱས་པར་སྤྱོད་དོ། །བལ་པོ་ཤཱི་ལ་མཉྫུས་སྨད་འཚོང་མ་ཤཱིནྟཾ་ལ་བཤད། དེས་བལ་པོའི་རྒྱལ་པོ་གུ་ན་ཏ་ལ་ལ་བཤད། དེ་ནས་བལ་པོའི་ཡུལ་ན་དར་ཞིང་རྒྱས་པར་སྤྱོད་དོ། །ད་ནི་བོད་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ནི། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་དགོངས་ནས། ཐུགས་དམ་གྱི་ལྷ་ཁང་བསམ་ཡས་བཞེངས་པའི་ས་འདུལ་བ་ལ་སློབ་དཔོན་བོ་དྷི་ས་ཏྭ་སྤྱན་དྲངས་ནས་ས་འདུལ་མཛད་པས་བོད་ཀྱི་ལྷ་འདྲེ་རྣམས་ཟིངས་ལངས་ཏེ། ཉིན་མོ་མིས་བརྩིགས་པ་ནུབ་མོ་ལྷ་འདྲེས་བཤིགས་ཏེ་རི་རྡོ་རི་ལ་བསྐྱལ། ཀླུངས་རྡོ་ཀླུངས་ལ་བསྐྱལ་ནས་རྩིག་ཏུ་མ་སྟེར་བ་དང་། རྒྱལ་པོ་ཐུགས་མུག་སྟེ། ཨེ་ཤ་སློབ་དཔོན་གྱི་བྱིན་རླབས་ཆུང་ངམ། བདག་སྒྲིབ་པ་ཆེའམ། བོད་འབངས་བསོད་ནམས་ཆུང་ངམ། འདི་རྒྱུ་རྐྱེན་ཅི་ལས་གྱུར། ཞུས་པས། སློབ་དཔོན་གྱི་ཞལ་ནས་བདག་ཏིང་ངེ་འཛིན་རྩལ་ཤུགས་ཆུང་བ་མ་ཡིན་ཏེ། བྱམས་པ་ཤས་ཆེས་པས་མི་མ་ཡིན་མ་ཐུལ་བ་ཡིན། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་རྡོ་རྗེ་ཕུར་པའི་དངོས་གྲུབ་ཐོབ་པ་གཅིག་བཞུགས། དེ་སྤྱན་དྲངས་ན་བར་ཆད་ཞི་བར་འགྱུར་རོ་གསུངས། དེ་སྤྱན་མི་དྲོངས་སམ་ཞུས་པས་སློབ་དཔོན་གྱི་ཞལ་ནས། རང་རེ་རྣམས་ཚེ་སྔོན་མའི་སྤུན་ཡིན་པའི་ལས་དང་། སྨོན་པའི་དབང་གིས་བྱོན་ཡོང་གསུངས། དེ་ཇི་ལྟར་ཡིན་ཞུས་པས། སྤྱིར་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛད་ཚུལ་བསམ་གྱིས་མི་ཁྱབ་པ་ཡིན། ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཅན་ཐམས་ཅད་འཁོར་བ་ནས་དྲངས་ཏེ་ལན་གསུམ་དུ་སངས་རྒྱས་ཀྱི་ས་ལ་བཞག་སྟེ། ད་སེམས་ཅན་འཁོར་བ་ན་མེད་དམ་སྙམ་གཟིགས་པས། སྔར་བས་ཀྱང་སེམས་ཅན་མང་ཞིང་ཉོན་མོངས་པ་རགས་སུ་སོང་འདུག་པས། སླར་སྙིང་རྗེ་སྐྱེས་ཏེ་བཤུམས་པས། མཆི་མ་ཐིགས་པ་གཉིས་གཏོར་ནས་འདི་གཉིས་ཀྱིས་རྩོད་དུས་ཀྱི་སེམས་ཅན་གྱི་དོན་ཆེན་པོ་མ་འོངས་པའི་དུས་ན་འབྱུང་བར་གྱུར་ཅིག །ཅེས་གསུངས་པས། མཆི་མ་ཐིགས་པ་གཉིས་སུམ་ཅུ་རྩ་གསུམ་དུ་སོང་བ་ལས། ལྷའི་བུ་མོ་གདྒཱ་མ་དང་། གདྒཱ་མ་ཆུང་ངུ་ཞེས་པ་གཉིས་སུ་སྐྱེས། དེ་གཉིས་ཆེར་སྐྱེས་ནས་སྐབས་སུ་ལྷའི་ཁྲིམས་བསྲུང་བ་ཞིག་གི་ཚེ། གདྒཱ་ཆུང་ངུས་གངྒཱ་མའི་ལྡུམ་ར་ནས་མེ་ཏོག་བརྐུས་པས་ལྷའི་ཁྲིམས་ཉམས་པས་ཚེ་འཕོས་ཏེ། སྐྱེ་བ་ཕྱི་མ་ལ་མིའི་ཡུལ་དུ་བྱ་རྫི་མོ་བདེ་མཆོག་བྱ་བར་སྐྱེས། བྱ་འཚོས་པའི་གླ་དང་རྒྱགས་ལྷག་བསགས་ཏེ། མཆོད་རྟེན་བྱ་རུང་ཁ་ཤོར་ཁ་བྱ་བ་བཞེངས། བུམ་པར་སྲོག་ཤིང་མ་ཚུགས་ཙམ་ལ་མོ་ཤི་ནས་དམ་ཚིག་གི་ལྷ་མོ་པྲ་མོ་ཧ་ཞེས་བྱ་བར་སངས་རྒྱས་སོ། །དེ་ལ་བུ་བཞི་ཡོད་དེ། དགེ་སློང་ཨ་བ་ཁ་དུ། རྟ་རྫི། ཕག་རྫི། ཁྱི་རྫི་དང་བཞིའོ། །བུ་དེ་བཞིས་མཆོད་རྟེན་གྱི་འཕྲོ་རྫོགས་པར་འབྱོངས་ཏེ་གྲུབ། རབ་གནས་བྱས་ཚར་བ་དང་། བུ་སོ་སོས་སྨོན་ལམ་འདི་ལྟར་བཏབ་བོ། །བུ་ཆེ་བས་བདག་ཅག་ཆོས་དགེ་བ་འདི་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ལ་ས་བདག་གི་རྒྱལ་པོ་ཆེན་པོ་གཅིག་ཏུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེའི་འོག་མས། བསྟན་པ་སྲུང་བའི་སྔགས་འཆང་མཐུ་སྟོབས་ཅན་དུ་སྐྱེ་བར་གྱུར་ཅིག །དེའི་འོག་མས། མཁན་པོ་བྱང་ཆུབ་སེམས་དཔའ་གཅིག་ཏུ་སྐྱེ་བར་གྱུར་ཅིག །དེའི་འོག་མས། ཕུ་བོ་གསུམ་པོའི་བྱ་བ་བསྒྲུབ་པ་གཅིག་ཏུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཆེ་བ་རྒྱལ་པོ་ཉིད་ཡིན། དེའི་འོག་མ་སློབ་དཔོན་པདྨ་ཡིན། དེའི་འོག་མ་ང་ཡིན། དེའི་འོག་མ་ཡར་ལུང་གི་རྦ་མི་ཁྲི་གཞེར་ཡིན་གསུངས། དེ་ནས་རྒྱལ་པོས་སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེདྒེ་གསུམ་ཆིབས་དང་བཅས་ནས་གསེར་ཕྱེ་མང་པོ་བསྐུར་ནས་སློབ་དཔོན་སྤྱན་འདྲེན་ལ་བརྫངས་སོ། །དེའི་དུས་སུ་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་རྒྱ་གར་དཱ་ཧཱུ་ལའི་གཙུག་ལག་ཁང་ན་འཁོར་པཎྜི་ཏ་ལྔ་བརྒྱ་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་ལས། མངོན་པར་མཁྱེན་པས་མཁྱེན་ཏེ། པཎྜི་ཏ་རྣམས་ལ། ད་ཟླ་བ་གསུམ་ན་བདག་བོད་ཀྱི་རྒྱལ་པོའི་བླ་མཆོད་ལ་འགྲོ་བར་འདུག་ཆོས་རྣམས་མྱུར་དུ་ཚར་བར་བྱའོ་གསུངས་ནས། ཆོས་རྫོགས་པ་དང་ཟླ་བ་གསུམ་སོང་བའི་ཉིན་དེར། བོད་ཀྱི་བང་ཕྱིན་པ་མི་གསུམ་གྱིས་སླེབ། གསེར་གྱི་པ་ཏྲ་བཅོ་བརྒྱད་དང་། གསེར་ཕྱེ་མང་པོ་ཕུལ། མངའ་བདག་རྒྱལ་པོའི་ཞུ་བ་རྣམས་གསོལ་བས། སྔོན་གྱི་སྨོན་ལམ་གྱི་འབྲེལ་པ་ཡོད་པས་བོད་ལ་འདོངས་གསུངས་ནས་གནང་ངོ་། །དེ་ནས་སློབ་དཔོན་དང་། བོད་ཀྱི་མི་གསུམ་གྱིས་དཱ་ཧཱུ་ལའི་གཙུག་ལག་ཁང་ནས་བཏེག་སྟེ་རིམ་གྱིས་བལ་ཡུལ་དུ་ཕེབས་སོ། །ལང་ལབ་ཀྱི་ལོ་རྒྱུས་སུ་ནི། སློབ་དཔོན་སྤྱན་འདྲེན་པའི་བང་ཕྱིན་པ། སྟག་ཚལ་གྱི་ལོ་ཙཱ་བ་བྲང་སྟི་ཛ་ཡ་རཀྵི་ཏ་དང་། མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཛ་གཉིས་གསེར་ཕྱེ་བསྐུར་ནས་བརྫངས། ཞེས་འབྱུང་ངོ་། །དེ་ནས་རིམ་གྱིས་མང་ཡུལ་གྱི་གྲོང་ཁྱེར་ཁྲོད་ཟེ་བྱ་བར་ཕེབས། དེའི་དུས་མང་ཡུལ་ན་ཁྱིམ་བདུན་ལས་མེད། རྒན་མོ་གསུམ་ལ་གདམས་པ་བཏབ་པས་སྐད་ཅིག་ལ་གྲོལ། དེ་དུས་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་ཉི་མ་ཕྱེད་ན་ནམ་སྲོས་སུ་བཅུག་པས། ལྕགས་ཀྱུའི་ཕྱག་རྒྱས་སྐད་ཅིག་ལ་ཉི་མ་བཀུག་ནས་ཞག་བདུན་དུ་ཉི་མ་མ་བཏང་བར་ལྷ་འདྲེའི་ཁ་གནོན་དུ་གྲོང་ཁྱེར་ཁྲོད་ཟེའི་གོང་ཁ་དེར་ལྷ་ཁང་བརྩིགས། དེ་ལ་དེ་དུས་མུན་པའི་ལྷ་ཁང་ཟེར་རོ། །དེའི་རྩ་བ་ན་ཆུ་མིག་གཉན་པོ་སུས་ཀྱང་རིག་མི་ནུས་པ་གཅིག་ཡོད་པ་དེའི་ཀླུ་བཏུལ་ནས་ཆུ་ཞིང་ལ་དྲངས། ལྷ་ཁང་དུ་ཐུགས་རྗེ་ཆེན་པོ་བཞུགས་སུ་གསོལ་ལོ། །རི་གོང་གཅིག་ཏུ་བལ་པོའི་ལྷ་འདྲེ་ཕྱིར་འབྲངས་རྣམས་ཀྱི་ཁ་གནོན་དུ་རྡོའི་མཆོད་རྟེན་བཞེངས། ཕུར་པ་གསུམ་རྡོ་ལ་ནུབ་པར་བཏབ་ནས་བཞག །དེ་ནས་ཡ་ཚད་ན་ཁུང་བུ་ནས་རླུང་འོང་བའི་ས་དེ་བོད་ལ་གནོད་པར་གཟིགས་ནས་ལྷ་ཁང་བརྩེགས་ཏེ་མང་ཡུལ་བྱམས་སྤྲིན་ཡིན་ནོ། །དེ་ནས་ཡར་བྱོན་ཏེ་མ་ཆུང་གི་བར་དུ་གྲོ་གསོལ། དེར་སློབ་དཔོན་ལ་ལྷ་འདྲེས་མ་ཚུགས། འཁོར་རྣམས་སྨྱོ་བས་སྨྱོན་ཐང་དུ་གྲགས་སོ། །དེ་འདུལ་བའི་དོན་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་མཛད་དོ། །ཡང་ཞང་ཞུང་ཡུལ་ཏེ་གུ་གེ་ལ་བྱོན། དེའི་གཞི་བདག་དགྲ་ལྷ་དམུ་ཙ་མེད་ཀྱིས་མ་བཟོད་ནས། རི་ཕན་ཚུན་འཐབ་པའི་བར་དུ་སློབ་དཔོན་དཔོན་གཡོག་བཅར་བར་བརྩམས་པས། དཔོན་གཡོག་རྣམས་ནམ་མཁའ་ལ་གཤེགས། དགྲ་ལྷ་དམུ་ཙ་མེད་སྐྲག་སྟེ་བྲོས་པ་ལ་ཕྱག་མཚན་རྡོ་རྗེ་གསོར་བས། མོ་དྲུང་དུ་ལྷགས་ཏེ་སྲོག་སྙིང་ཕུལ་བྲན་དུ་ཁས་བླངས་ཏེ་དམ་ལ་བཏགས་སོ། །དེ་ནས་ལྷ་ཡུལ་གུང་ཐང་དུ་བྱོན། དགེ་བསྙེན་ཉི་ཤུ་རྩ་གཅིག་གིས་ཆོ་འཕྲུལ་བསྟན་ཐོག་ཕབ་པས། ཐོག་མེ་ཏོག་གི་ཆར་དུ་སོང་ནས། དེར་དགེ་བསྙེན་རྣམས་དབང་དུ་བསྡུས་ནས་ཆོས་ཀྱི་སྲུང་མར་བསྐོས་སོ། །དེ་ནས་མང་ཡུལ་ཁ་ལའི་རོང་སྒོ་རུ་བརྟན་མ་བཅུ་གཉིས་ཀྱིས་ཐོག་མདའ་བཅུ་གཉིས་དུས་གཅིག་ལ་ཕབ་པས། སྡིགས་མཛུབ་ཀྱི་རྩེ་ལ་བླངས་ཏེ་ཀླད་ལ་བསྐོར་བས། སོལ་དུམ་བཅུ་གཉིས་སུ་ནག་ཧྲུལ་གྱིས་སོང་བས་བརྟན་མ་སྐྲག་སྟེ་སྲོག་སྙིང་ཕུལ་དམ་ལ་བཏགས། དེ་དུས་གཙོ་མོ་གངས་དཀར་མ་ཤེའུ་བཟའ་བྲོས་ཏེ་དཔལ་མོ་ལྷ་མཚོའི་ནང་དུ་བྲོས་པས། སློབ་དཔོན་གྱིས་དཔལ་མཚོ་ནས་ཆུ་སྤར་བུ་གང་བླངས་ནས་དགོངས་པ་གཏད་པས་སྐད་ཅིག་ལ་སྤར་བུའི་ཆུ་ལ་རླངས་ངད་ཆིལ་གྱིས་བྱུང་བ་དང་མཚོ་ཡང་རླངས་པ་ཕྱུར་གྱིས་བྱུང་། སྤར་བུའི་ཆུ་དེ་ཁོལ་བ་དང་མཚོ་ཁོལ་བས་མོས་མ་བཟོད་དེ། མཚོ་ལ་རྙིངས་ཐོན་པ་དང་རུས་པ་དང་ཤ་སོ་སོར་བྲལ་ནས་ཀེང་རུས་སུ་སོང་བ་ལ། ཕྱག་མཚན་རྡོ་རྗེ་འཕངས་པས་མིག་ཡ་གཅིག་བཅར་ཏེ་མོ་སྐྲག་ནས་སྲོག་སྙིང་ཕུལ། སྒྲུབ་ཐབས་བརྩམས་ཏེ། དཀར་མོ་གཅིག་སྒྲུབ། སྟག་མོ་ནུ་འཛག །གནམ་སྨན་མཆེད་ལྔའི་སྒྲུབ་སྐོར་གསུམ་དུ་ཕྱེས། སྔར་བརྟན་མའི་གཙོ་མོ་ཡིན་པ་ལ་ཕྱིས་རང་མཉམ་དུ་བཞག །དེ་ནས་རྩངས་ལྷས་སྟག་ཕུག་ཏུ་བསྙེན་བསྐུར་ནས་བཀའ་འབངས་སུ་བྱས་ཏེ། འདི་ནི་ཆོས་ལ་དད་པས་སློབ་དཔོན་ལ་ཐོ་མ་འཚམས་སོ། །ཕུག་དེར་སྟག་གསུམ་བྱུང་བ་ལ་རྡོ་རྗེ་གསོར་བས་སྟག་གསུམ་པོ་ཕུག་གཅིག་ཏུ་བྲོས་སོང་བ་ལ། ཤུལ་སྙེགས་ཏེ་བྱོན་པས་རླུང་འཚུབས་གཅིག་ཏུ་སོང་བ་ལ་ཕུར་པ་བཏབ་པས། གསང་བཙན་གྱིས་རང་གཟུགས་བསྟན་ནས་སྲོག་སྙིང་ཕུལ་ལོ། །ཕུག་པ་དེ་ལ་སྟག་ཕུག་ཅེས་ད་ལྟ་ཡང་གྲགས་སོ། །དེ་རྣམས་སུ་ལྷ་འདྲེ་ཐམས་ཅད་བསྟར་ལ་བརྒྱུས་པ་ལྟར་དམ་ལ་བཏགས་པས་ཆུའི་མིང་ཡང་བསྟར་ཆུ་ཞེས་གྲགས། དེ་ན་ལྷ་འདྲེའི་ཁྲོམ་ཚོགས་པས་ཡུལ་གྱི་མིང་ལ་ཁྲོམ་པ་ཟེར། དེ་ནས་ཅུམས་པ་སྦུགས་ནས་མར་བྱོན། ཕུག་བདག་མོ་གཅིག་དགེ་བསྙེན་དུ་བཙུད། དེ་ནས་བྱང་ལམ་ཚུར་ཐ་ནས་བྱོན། སྟག་མོ་སྡིངས་ཀྱི་ཁ་ནས་གྲོམ་ལྷ་ཁང་གི་རབ་གནས་མཛད་པས། གྲོམ་པ་རྒྱང་དུ་དེ་ནས་གྲགས་ཟེར། དེ་ནས་རིམ་གྱིས་བྱང་ཕྱི་ཁོང་ནས་མར་ལ་བྱོན། འུ་ཡུག་གྲེ་མོ་འཕྲད་ཀྱི་ལ་ཁ་རུ་ལྷ་སྲིན་གྱི་ཆོ་འཕྲུལ་བྱུང་བ་བཏུལ། དེ་ནས་འདམ་སྙིང་གྲོང་ངོས་ལ་བྱོན། གནམ་མཚོ་དང་ཐང་ལྷའི་བར་དུ་སྦྲ་དཀར་ཕུབ་ནས་བཞུགས་པས། ཐང་ལྷས་ཐོག་ཆར་པ་ལྟར་ཕབ། སློབ་དཔོན་གྱིས་སྦྲ་དཀར་རྡོ་རྗེའི་ཁང་པར་བསྒོམས་པས། ཐོག་འདྲེད་དེ་མཚོ་ལ་སོང་བས། མཚོ་ཁོལ་ཏེ་ཆུ་ནང་གི་སྲོག་ཆགས་རྣམས་ཤི་བས། དེར་ངན་སོང་སྦྱོང་བའི་ཆོ་ག་མཛད་དེ་སེམས་ཅན་ཤི་བ་རྣམས་བྱང་ཆུབ་ལ་བཀོད། དེ་ནས་སྦྲ་དཀར་བཏབ་སྟེ། ཐང་ལྷའི་གངས་ལ་ཞལ་གཟིགས་ནས། གངས་ཀྱི་མགོར་རྃ་གཅིག་བསྒོམས་པས་གངས་ཞུ་ནས་རྒྱུན་ཆད་དེ་གཡའ་བྲག་ཏུ་ཟངས་ཀྱིས་སོང་བ་དང་། ཁོ་སྐྲག་སྟེ་རང་གཟུགས་བསྟན་ནས་སྲོག་སྙིང་ཕུལ། དམ་ལ་བཏགས། ཁོའི་སྒྲུབ་ཐབས་ཡང་མཛད། དེར་ཁོ་ན་རེ། བདག་ནི་ལྷ་འདྲེ་ཀུན་གྱི་སྡེ་དཔོན་ཡིན་ཟེར། འོ་ན་ཁྱོད་ཀྱིས་ལྷ་འདྲེ་ཐམས་ཅད་ཁྲིད་ཤོག་གསུངས་པས། དེར་ཁོས་ལྷ་འདྲེ་ཕལ་ཆེ་བ་བཀུག་བྱུང་བ་ལ་སྲོག་སྙིང་ཕྲོག་སྟེ་དམ་ལ་བཏགས་སོ། །དེ་ནས་གནམ་གྱི་ཤུག་སྡོང་དུ་དྲེགས་པ་གནད་འབེབས་ཀྱི་སྒྲུབ་པ་ཞག་གསུམ་མཛད། ནམ་སྲོད་ལ་རི་རབ་ཉིལ་བ་ལྟ་བུའི་སྒྲ་དྲག་པོ་བྱུང་བ་དང་། ཐང་ལྷ་དམག་དཔོན་བཞི་འཁོར་དང་བཅས་པ་ལྷགས་སོ། །དེར་སློབ་དཔོན་གྱིས་ཁྱོད་ལ་དེ་ཙམ་གྱི་སྒྲ་སྐད་ཆོ་འཕྲུལ་ཡོད་ན་བཟང་གི། ཁྱོད་ཀྱི་ཁྲོད་ན་ཕོ་བདུད་ཉི་ཁྲི་བཞི་སྟོང་དང་། དེའི་ཁྲོད་ན་མཐུ་ཆེན་རྩལ་དྲག་ཉི་ཤུ་རྩ་གཅིག་ཡོད་ཀྱི། དེ་དག་ཁྲིད་ལ་ད་ལྟ་ང་ཡི་དྲུང་དུ་ཤོག །མི་འོང་ན་ཁྱོད་ཐམས་ཅད་ཀྱི་སྲོག་སྙིང་ང་ལ་ཡོད་པས། ངས་ཐམས་ཅད་ཀྱི་སྙིང་འབྱིན་ནོ་གསུངས་པས་སྐྲག་སྟེ་འདར་ཕྲིལ་ཕྲིལ་འདུག །དེ་ནས་དར་ཅིག་ན་བདུད་ལ་དབང་ཆེ་བ་བཞི། དམག་དཔོན་རྣམ་རོལ་དང་ལྔ། ཤར་ནས་དབང་ཆེ་བ་བཞི། དམག་དཔོན་ཁྱབ་འཇུག་དང་ལྔ། གཉན་ལ་དབང་ཆེ་བ་བཞི། ཀླུ་རྗེ་ཐོད་དཀར་དང་ལྔ། བཙན་ལ་དབང་ཆེ་བ་བཞི། ཡམ་ཤུད་དམར་པོ་དང་ལྔ། དེ་དག་གི་ལས་མཁན་ཊཱཀྐི་ནག་པོ་དང་ཉེར་གཅིག་པོ་དབང་དུ་བསྡུས་དམ་ཉམས་སྒྲོལ་བའི་གིང་དུ་བསྐོས། ལྷ་ཡི་དགེ་བསྙེན་དུ་མིང་བཏགས། ཕུར་བུ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་དགོངས་པ་སྒྲུབ་པ་དང་དཔལ་འབྱོར་དང་ཚེ་སྤེལ་བར་ཁས་བླངས་དམ་བཅས་སོ། །དེ་ནས་འཕན་ཡུལ་གོང་གི་ལ་ཁ་ནས། སྟོད་ལུང་ལ་ལོག་བྱོན་ཏེ། སྟོད་ལུང་གཞོང་བར་ཆོས་སྟོན་གསོལ་བ་ལ་ཆུ་མེད་ནས། ཁ་ཊྭཱཾ་ག་བྱེ་མ་ལ་རྒྱབ་པས་ཆུ་རྐ་འགོ་བདུན་བྱུང་། ད་ལྟ་གཞོང་པ་ལྷ་ཆུ་བྱ་བར་གྲགས། གཞན་ཡང་སྟོད་ལུང་གི་ཡུལ་རྣམས་སུ་བཙན་དང་། བདུད་དང་། ཐེའུ་རང་རྣམས་དམ་ལ་བཏགས། དེ་ནས་ལྷ་ས་གྲམ་ཐང་དུ་བྱོན་ནས་ཞག་གཅིག་བཞུགས། དེར་ཆིབས་ལ་རྩྭ་མེད་པ་ལ་ལྷ་སའི་བྱེ་མ་སྐད་ཅིག་ལ་ནེའུ་སེང་དུ་བསྒྱུར་ནས་ཆིབས་ཀྱི་རྩྭ་བྱུང་སྟེ། དེང་སང་ཡང་ནེའུ་སེང་དུ་ཡོད་པ་འདི་ཡིན། དེ་ནས་སྐྱི་ཆུ་བརྒལ་ཏེ་བ་ལམ་ཀླགས་ཀྱི་ལ་ལ་བྱོན་པ་དང་། ཕྱི་བློན་རྣམས་ཀྱིས་མངའ་བདག་ལ། སློབ་དཔོན་འབྱོན་ནོ་ཞེས་སྦྲན། དེར་མངའ་བདག་གིས། ང་བོད་ཀྱི་བཙད་པོ་ཡིན་ཡང་། སློབ་དཔོན་ཨོ་རྒྱན་གྱི་རྒྱལ་པོའི་སྲས་ཡིན། སངས་རྒྱས་རྣམས་དང་མི་ལབ་པ་བཞིན་དུ་གསུང་གླེང་མཛད་པས། ལྷ་མ་སྲིན་བྲན་དུ་ཁོལ་བ་ལ་སོགས་ཡོན་ཏན་མཐའ་ཡས་པ་ཡིན་པས་བསུ་བ་ལ་འགྲོ་དགོས་དགོངས་ནས། དབུ་ལ་ཞྭ་དང་། ཞབས་ལ་ལྷྭམ་གསོལ། ན་བཟའ་སྟོད་གཡོགས་བེར་སྐེ་རགས་མ་བཅིངས་པར་གཡང་ལུགས་སུ་གསོལ་ནས་བྱོན་ཙ་ན། སློབ་དཔོན་གྱི་ཞལ་ནས། ལ་ཉེ་མི་བཟང་། དུས་ནམ་ཞིག་ན་སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཞིག་ཆགས་པར་འདུག །སྨད་དུ་རྒྱལ་ཁྲིམས་ལྷྭམ་ཙམ་གཅིག་ལུས་པར་འདུག །བར་འདི་རང་ཁ་སིལ་བུར་སིལ་བུར་འགྲོ་བར་འདུག །ཀྱི་ཧུད་སེམས་ཅན་སྙིང་རེ་རྗེ། ཞེས་གསུངས། དུས་དེར་ཕན་ཚུན་ཕྱག་སྙེག་རེས་བྱུང་བས། སློབ་དཔོན་གྱིས་རྒྱལ་པོ་ལ་དབུ་དེང་མཛད་པས། རྒྱལ་པོའི་ན་བཟའ་ཕྱེད་མེས་གཞོབ་ཏུ་རོག་པར་སོང་། ཕྱག་མཁར་དུམ་བུ་གསུམ་དུ་ཆག །དེར་རྒྱལ་པོའི་ཐུགས་ལ། རྫུ་འཕྲུལ་དང་ཡོན་ཏན་སློབ་དཔོན་ལྷག་མོད། ང་བོད་རུ་ཞིའི་རྗེ་ཡིན་པས། ཕྱག་ལ་ལན་འོང་ངམ་དགོངས་པས། སློབ་དཔོན་གྱིས་སྲིན་ལག་གི་སེན་མོ་ལ་གླེང་བཞི་གླིང་ཕྲན་ཐམས་ཅད་ཁོངས་སུ་བཅུག་ནས་བསྟན། ང་ཆེ་ང་བཙན་གྱི་མགུར་གསུངས་པས། རྒྱལ་པོས་ཕྱག་འཚལ་ལོ། །དེ་ནས་བསམ་ཡས་ཀྱི་ས་འདུལ་མཛད་དེ་བརྩིགས། ཉིན་པར་མི་དང་མཚན་མོ་ལྷ་འདྲེས་བརྩིགས་པས་ལེགས་པར་འབྱོངས་ཏེ་རབ་གནས་མངའ་གསོལ་མཛད། རྒྱལ་པོ་རྗེ་འབངས་ཀྱིས་དགའ་སྟོན་ལོ་བཅུ་གསུམ་དུ་བྱས་སོ། །བསམ་ཡས་འབྱོངས་ནས་རྒྱལ་པོ་དང་། ཇོ་མོ་མཁར་ཆེན་བཟའ་དང་། སྤྱན་འདྲེན་མི་གསུམ་གྱིས་རྡོ་རྗེ་ཕུར་པའི་དབང་ནོས། རྒྱུད་དང་སྒྲུབ་ཐབས་ཉན་ཏེ། ཕུར་པ་རྒྱལ་པོ་ལུགས་སུ་གྲགས་པ་དང་། སྣ་ནམ་ལུགས། ཤུད་བུའི་ལུགས། མཆིམས་ལུགས། ཇོ་མོ་ལུགས་ལྔ་རུ་བྱུང་། དེ་རྗེས་རོང་བན་ལ་གནང་བས། རོང་ཟོམ་ལུགས་དང་། མཁོན་ལ་གནང་བ་ལས། མཁོན་གྱི་ལུགས་དེང་སང་ས་ཕུར་དུ་གྲགས་པ་འདི་བྱུང་བ་ཡིན་ལ། ཅོག་རོ་བཟས་སློབ་དཔོན་དངོས་ལ་ཐུག་ཀྱང་དབང་ཡི་དམ་ལ་ཞུས་པས། ཡི་དམ་སློབ་དཔོན་གྱི་ཐུགས་ཀར་འདུས་པས་དབང་སྐལ་ཆད། ཕྱིས་ཇོ་མོ་མཚོ་རྒྱལ་གྱིས་ཐུགས་བརྩེ་བས་མན་ངག་ཟབ་དགུ་གནང་བས་ཕུར་པ་ལྕམ་ལུགས་ཞེས་འབྱུང་བ་དེ་ཡིན་ནོ། །དེའི་ནང་ནས་འབྱུང་བའི་དྲག་སྔགས་གཟའ་གདོང་དམར་ནག་ཅེས་གྲགས་པ། གནུབས་ཆེན་དང་རྗེ་བཙུན་མི་ལའི་མཐུ་ཆེན་པོ་དེ་ཡང་། ཕུར་པ་ལྕམ་ལུགས་ཀྱི་གདམས་སྐོར་ཡིན་ཏེ་དེང་སང་གི་བར་དུ་ལུང་རྒྱུན་ཡོད་དོ། །དེ་ནས་བྲག་དམར་བསམ་ཡས་སུ་སློབ་དཔོན་གྱིས་ཕྱི་ནང་གི་ཆོས་རྒྱ་ཆེན་པོ་གསུངས་པའི་དུས། ཇོ་མོ་མཁར་ཆེན་བཟའ་ལྷ་མོ་ལཱ་སྱེ་མའི་སྤྲུལ་པ་ཡིན་པར་གཟིགས། རྒྱལ་པོས་ཀྱང་གཟུངས་མར་ཕུལ། དེར་སློབ་དཔོན་གྱིས་ཇོ་མོ་ལ། ཁྱོད་ལ་འོག་མིན་གྱི་ཞིང་ཁམས་བསྟན་གྱི་གསུངས་ནས་སློབ་དཔོན་དང་གཉིས་འཇའ་ལྟར་དུ་ཡལ་ནས་སོང་། ཞག་གསུམ་སོང་བའི་ནང་བར་ལོག་ནས་བྱུང་། རྒྱལ་པོས་མཚོ་རྒྱལ་ལ། ཁྱོད་ཀྱི་འོག་མིན་གྱི་ཞིང་ཁམས་མཐོང་ངམ་གསུངས་པས་བདག་གིས་ཀུན་ཏུ་བཟང་པོའི་ཞིང་ཁམས་དང་། རྡོ་རྗེ་སེམས་དཔའ་དང་། ཤཱཀྱ་ཐུབ་པ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་རྡོར་དང་། དེ་རྣམས་ཀྱི་ཞིང་ཁམས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ་མཐོང་། ཞུས་པས་མངའ་བདག་གི་ཞལ་ནས། དེ་མི་བདེན་སློབ་དཔོན་གྱིས་འོག་མིན་གྱི་ཞིང་ཁམས་ལ་སྤྱོད་མི་ནུས། དེ་ནུས་པ་ཡིན་ན་གཟུགས་ཀྱི་ཕུང་པོ་ལ་མི་ཆགས་པ་ཡིན་ཏེ། སློབ་དཔོན་ད་རུང་གཟུགས་ཀྱི་ཕུང་པོ་ལ་ཆགས་འདུག་པ་གསུངས་པས། མཚོ་རྒྱལ་ན་རེ། བདག་གིས་མཐོང་བའི་ཞིང་ཁམས་དེ་རྣམས་ཀྱི་བཀོད་པ་འདི་དང་འདི་ལྟ་བུ་གདའ། རྫུན་མ་ལགས་ཞུས་པས། འོ་ན་དེ་དག་བདེན་ན་སྔོན་བདག་གི་མ་གྱིམ་ཤང་ཀོང་ཇོ་མོ་མ་བདེ་སྤྱོད་རྒྱལ་པོ་ལ་གཏོད་པའི་དུས་སུ། གེ་སར་རྒྱལ་པོའི་ལག་ཏུ་བདག་གི་མའི་འཕྲུལ་གྱི་མེ་ལོང་བསྭེའི་ཕུབ་ཆུང་ཙམ་ཞིག་ཤོར་ནས་ཡོད་ཀྱི། དེ་སློབ་དཔོན་ལ་ལེན་དུ་ཆུག་ཅིག་གསུངས། ཇོ་མོས་སློབ་དཔོན་ལ་དེ་བརྗོད་མ་ཐག་ཏུ་སློབ་དཔོན་འོད་དུ་ཡལ། རྗེའི་ཤེལ་ཕྲེང་བརྒྱ་རྩ་བརྒྱད་བགྲངས་མ་ཟིན་པ་ལ་སློབ་དཔོན་གྱིས་གེ་སར་རྒྱལ་པའི་བང་མཛོད་ནས་བླངས་བྱུང་སྟེ། དེ་ཇོ་མོས་རྗེ་ལ་ཕུལ། ཡང་རྗེའི་ཞལ་ནས། འོ་ན་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ན་བྱ་ཁྱུང་གི་སྒོ་ང་ཡོད་ཀྱི། དེ་ལེན་དུ་ཆུག་གསུངས། ཇོ་མོས་ཞུས་པས། དེ་མ་ཐག་སློབ་དཔོན་གྱིས་བླངས་པ་ཇོ་མོས་རྗེ་ལ་ཕུལ། ཡང་རྗེའི་ཞལ་ནས། རྒྱ་མཚོའི་གཏིང་ན་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་གྱི་བུ་མོ་མཛེས་ལྡན་མའི་ལག་ན་ཡིད་བཞིན་གྱི་ནོར་བུ་ཡོད་ཀྱི། དེ་ལེན་དུ་ཆུག་གསུངས། ཇོ་མོས་དེ་སྐད་བརྗོད་མ་ཐག །སློབ་དཔོན་གྱིས་བླངས་ནས། ཇོ་མོས་རྗེ་ལ་ཕུལ། ཡང་རྗེའི་ཞལ་ནས། བར་སྣང་ཁམས་ན་སྦྲང་ཁམ་པའི་རྔ་མ་ཡོད་ཀྱི། དེ་སློབ་དཔོན་ལ་ལེན་དུ་ཆུག་གསུངས། སྔར་ལྟར་སྐད་ཅིག་ལ་བླངས། ཡང་རྗེའི་ཞལ་ནས། ཞང་པོ་རྒྱའི་ཡུལ་ན་སྔོན་བསྐལ་པ་བཟང་པོའི་ནས་ཚད་དང་། ཚེ་ལོ་བཅུ་པའི་བྲེ་ཚད་ཡོད་ཀྱི་གསུངས། དེ་ཡང་སྐད་ཅིག་ལ་བླངས་བྱུང་། ཡང་རྗེའི་ཞལ་ནས། རྡོ་རྗེ་གདན་ན། སངས་རྒྱས་ཤཱཀྱ་ཐུབ་པ་དང་། དྲི་མ་མེད་པའི་སྐུའི་གདན་ཁྲིའི་བར་གྱི་ས་འོག་ན་གནམ་ཆག་པའི་དུམ་བུ་བྱ་བ་དང་། ས་རལ་པའི་རས་མ་བྱ་བའི་དུམ་བུ་རིན་པོ་ཆེ་ཡོད་ཀྱི། དེ་སློབ་དཔོན་ལ་ལེན་དུ་ཆུག་གསུངས། ཇོ་མོས་སློབ་དཔོན་ལ་བརྗོད་མ་ཐག་ཏུ་བླངས་བྱུང་བ་རྗེ་ལ་ཕུལ་བས། རྗེའི་ཞལ་ནས། སློབ་དཔོན་གྱིས་རྫུ་འཕྲུལ་གྱི་ཁུང་བརྟག་པ་ཡིན་ཏེ། ཟད་མི་ཤེས་པ་འདུག །སློབ་དཔོན་འདི་འབྱུང་བ་དང་རང་སེམས་ལ་དབང་ཐོབ་པ། དུས་གསུམ་གྱི་སངས་རྒྱས་ལས་ལྷག་པ་གཅིག་འདུག་གསུངས། ཐུགས་ཆེས་ཞབས་སྤྱི་བོར་བླངས་སོ། །དེའི་དུས་སུ་རྒྱལ་པོ་རྗེ་འབངས་རྣམས་ཀྱི་ཚེ་སྔ་མའི་སྐྱེ་བ་ཇི་ལྟར་བླངས་པའི་ཚུལ་དང་། དེའི་རྒྱུ་མཚན། བློན་པོ་ཁྲི་བཟང་ཡབ་ལྷ་ཁྱོད། །སྐྱེ་བ་འདི་ཡི་སྔ་མ་ལ། །ཉ་ཡི་ལུས་ནི་བླངས་པའི་རྟགས། །ད་ལྟ་མཆན་ཁུང་གཡོན་ན་ཉ་གཤོག་ཡོད། །ཅེས་སོགས་གསུངས་པས་ཀུན་ཡིད་ཆེས། ད་ལྟ་རང་རང་སོ་སོའི་བསམ་པ་འདི་ལྟར་འགྱུ་ཚུལ་དང་། མ་འོངས་པའི་དུས་ཀྱི་འགྱུར་ལྡོག་ལ་སོགས་པ་དུས་གསུམ་ས་ལེར་གཟིགས་པས་ཆགས་ཐོགས་མེད་པར་ལུང་བསྟན། དུས་འདིར་ལོ་ཙཱ་བ་བྲང་སྟི་ཛ་ཡ་རཀྵི་ཏ་དང་། ལྕེ་ཀུ་ཀུ་རཱ་ཛས་བྱས་ནས་ཆོས་མང་དུ་བསྒྱུར། མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་ཕུར་པ་གནང་བས། དེས་རྒྱུད་ཀྱི་དོན་ཁོང་དུ་ཆུད། གདན་འདྲེན་པ་མི་གསུམ་གྱིས་ཀྱང་རྒྱུད་ཀྱི་བཤད་པ་རྒྱ་ཆེར་སྤེལ་ཏེ། སྣ་ནམ་གྱིས་གཙང་དུ་སྤེལ། ཤུད་བུས་ལྷོ་བྲག་ཏུ་བཤད། མཆིམས་ཀྱིས་ཀོང་ཡུལ་མཆིམས་ཀྱི་སྟེང་དུ་སྤེལ་ལོ། །དེ་ཙ་ན་བསམ་ཡས་མཆིམས་ཕུར་སློབ་དཔོན་པདྨ་འབྱུང་གནས་དང་དེའི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བྱས། རྗེ་འབངས་ཉེར་ལྔས་སྒྲུབ་ཆེན་བྱས་པ་ལ། དར་བཟའ་བྱང་ཆུབ་ཀྱིས་སྒྲུབ་པ་ལ་ཡལ་ག་བསྒྲགས་ནས་ཆབ་གསོལ་དགོས་ཟེར། དེར་བློན་པོ་རྣམས་ཀྱིས་བཙད་པོ་ལ་ཞུས། ཁྱད་པར་ངན་ལམ་རྟ་ར་ཀླུ་གོང་གིས་སློབ་དཔོན་ལ་ངན་སྨྲས་མང་དུ་བྱས་པས་ཁོ་ཁ་ལྐུགས། དར་བཟའ་བྱང་ཆུབ་ནི་སའི་ལྷ་མོ་བརྟན་མ་ཕག་སེ་ཁྲ་ལ་ཞོན་པ། ལག་ན་ལྕགས་ཀྱུ་ཐོགས་པས་དར་བཟའི་ལྕེ་ནས་བཏབ་སྟེ་གསོན་པོ་ས་འོག་ཏུ་ཁྲིད་པ་ཀུན་གྱིས་མཐོང་བས། བློན་པོ་རྣམས་ཀྱིས་སློབ་དཔོན་ལ་ཆབ་གསོལ་མ་ནུས། བསྟན་པ་མ་ནུབ་ཙམ་དུ་བྱུང་། དེར་སློབ་དཔོན་རྫུ་འཕྲུལ་དང་མཐུ་སྟོབས་ཆེ་བས། བོད་ཀྱི་བློན་པོ་ཆོས་ལ་མི་དགའ་བ་རྣམས་ཡིད་རབ་ཏུ་སྐྲག་སྟེ། སློབ་དཔོན་སླར་རྒྱ་གར་དུ་འབྱོན་པའི་ཞུ་བ་རྒྱལ་པོ་ལ་ཕུལ། སྡིག་བློན་རྣམས་དབང་ཆེས་པས་རྒྱལ་པོ་ཡང་གསན་དགོས་པ་བྱུང་ནས་ཞལ་གྱིས་བཞེས། སློབ་དཔོན་ལ་ཞུས་པས། ང་རྒྱ་གར་དུ་འགྲོ་བ་རུང་མོད་ཀྱི། འོན་ཀྱང་གསང་སྔགས་རྙིང་མའི་བསྟན་པ་ཡོངས་རྫོགས་སྤེལ་མ་ཐུབ་པས་གློ་བ་མ་དགའ། བོད་ཀྱི་རི་ཐམས་ཅད་ནགས་ཀྱིས་ཁྱབ་པ། གཙང་པོ་སྦུབས་སུ་འཇུག་པ། བྱེ་མ་ཐམས་ཅད་ནེའུ་སིང་དུ་བསྒྱུར་བ། འབྲོག་དགོན་པ་དང་། བྱང་ཐང་ཐམས་ཅད་ཞིང་ལ་བཏང་བ་སོགས་བྱ་རྒྱུ་མང་པོ་ཡོད་པ་ལ། སེམས་ཅན་གྱི་བསོད་ནམས་ལ་མ་ཤོང་བ་ཡིན། བོད་འབངས་སྙིང་རེ་རྗེ་གསུངས། བསམ་ཡས་ཀྱི་མཐའ་སྐོར་གྱི་བྱེ་མ་ལ་བསྙེན་ཕུར་བསྒྲིལ་བས་ནེའུ་སིང་དུ་སྔོ་ཞུར་གྱིས་སོང་། གཙུག་ལག་ཁང་དང་ལྕགས་རིའི་མཐའ་ལ་བསྐོར་བ་མཛད་པས། ཞབས་བཞག་པའི་སར་ལྕང་མ་རེ་སྐྱེས་སོ། །དེ་ནས་རྒྱལ་པོ་ལ། བསྟན་པ་བསྲུང་བའི་དྲག་སྔགས་བརྒྱ་རྩ་བརྒྱད་དང་། ཕན་བྱ་བརྒྱ་ཉི་ཤུ་རྣམས་གནང་། འཛམ་བུའི་གླིང་གི་ནོར་ཀུན་བསྡུས་ནས་རྒྱལ་པོ་པེ་དཀར་ལ་གཏད། དེ་བསམ་ཡས་ཀྱི་སྲུང་མར་བསྐོས། དེ་ནས་སློབ་དཔོན་གཤེགས་ཁར་ཇོ་མོས་ཞུས་པ། བདག་བུད་མེད་བློ་དམན་པས་ཉུང་ལ་བསླབ་པར་སླ་བའི་ཆོས་ཤིག་ཞུ། ཉོན་མོངས་པ་རགས་པས་ཉོན་མོངས་པ་འཇོམས་པའི་ཆོས་ཤིག་ཞུ། ཚེ་ཐུང་བས་གྲུབ་ཐག་ཉེ་བའི་ཆོས་ཤིག་ཞུ། དགྲ་མང་བས་མཐུ་ཆེ་བའི་ཆོས་ཤིག་ཞུ་ཞེས་ཞུ་དོན་བཞི་ཕུལ་བས། ཉུང་ལ་འདུས་པ་ཕུར་པ་རྩ་བའི་དུམ་བུ་སྟོད་ལས་བྱང་ཆུབ་སྒྲུབ་པ། སྨད་ལས་དམོད་པ་ལམ་དུ་ཁྱེར་བ་མན་ངག་མཆོག་ཏུ་གྱུར་པ་འདི་གནང་ངོ་། །དེ་ནས་སློབ་དཔོན་གྱིས་མངའ་བདག་ལ་གསུངས་པ། ད་ནི་བདག་སྲིན་པོའི་ཁ་གནོན་ལ་འགྲོ་བའི་དུས་ལ་བབ་པ་འདྲའོ། །བདག་ནི་ཚེ་ཡི་རིག་འཛིན་ཐོབ་པ་ཡིན། མངའ་བདག་ཉིད་ཀྱང་ཚེའི་དངོས་གྲུབ་འདོད་ན་ཚེ་ཆུ་འདི་འཐུང་མཛོད་གསུངས་ནས་བདུད་རྩི་བུམ་པ་གང་གནང་། དེར་རྒྱལ་པོའི་དགོངས་པ་ལ། སློབ་དཔོན་གཤེགས་པར་ཆས་པ་འདིས་མ་དགྱེས་ནས། ལྷོ་བལ་གྱི་ཞབས་ཀྱིས་དུག་བཏང་བ་འདྲའང་སྲིད་སྙམ། སྤྱང་ཐུལ་འདབས་ནས་མར་ཕོ་བས་དེ་མ་ཐག་ས་ལ་ཆུ་མིག་རྡོལ་བས། དེང་སང་ཆུ་རྗེ་ནེའུ་སིང་དུ་གྲགས་སོ། །དེ་ནས་སློབ་དཔོན་གཤེགས་པ་ལ་མངའ་བདག་གིས་མ་བཟོད་དེ། རྒྱལ་ཁྲིམས་ཞིག་ནའང་ཞིག །རྒྱལ་པོ་བདག་ཉིད་མ་གུམ་བར་དུ་བཞུགས་པར་ཞུ་ཞུས་པས། བསམ་ཡས་སུ་རྒྱུན་དུ་བཞུགས་པ་མ་གནང་། མ་འོངས་པའི་འགྲོ་བ་སྐལ་ལྡན་རྣམས་ཀྱི་དོན་དུ་བོད་ཀྱི་སྒྲུབ་གནས་རྣམས་སུ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་བཞེངས་ནས་སྒྲུབ་པ་མཛད་དེ་བྱིན་གྱིས་བརླབས་པ་དང་། བོད་ཁམས་གླིང་དགུའི་ས་གཞི་ཐམས་ཅད་ཞབས་ཀྱིས་བཅགས་ཏེ་བཀྲ་ཤིས་ཤིང་བྱིན་ཆགས་པར་བྱ་བ་དང་། ད་དུང་བོད་ཀྱི་གདུལ་བྱ་མ་རྫོགས་པས། དེ་དག་གི་དོན་གྱི་ཕྱིར་དབེན་གནས་གངས་དང་རི་བྲག་མཚོ་གླིང་རྣམས་སུ་གནས་བཅས་ཏེ། རྒྱལ་པོ་རྗེ་འབངས་ཀྱི་དོན་དུ་སྐབས་སྐབས་སུ་འོང་གིས། ངའི་ཆོས་ཀྱི་འཕྲོ་ལུས་པ་རྣམས་རྒྱ་གར་ནས་སློབ་དཔོན་བི་མ་ལ་མི་ཏྲ་སྤྱན་དྲོངས་ལ་ཞུས་ཤིག་གསུངས། ཇོ་མོ་མཚོ་རྒྱལ་གྱིས་ཉེ་གནས་བྱས་ཏེ་གཤེགས་སོ། །དེ་ནས་སྒྲུབ་གནས་རྣམས་སུ་བྱོན་ནས་སྒྲུབ་པ་མཛད། བྲག་ལ་སྐུ་དང་ཕྱག་ཞབས་ཀྱི་རྗེས་བཞག །ཁྱད་པར་དུ་མཚོ་ཆེན་པོ་བཞི་ལ་ཕྱག་རྗེས་བཞག་པ་ནི་ཆུ་མ་བསྐམས་ཀྱི་བར་དུ་གནས་པར་བྱིན་གྱིས་བརླབས། བསམ་ཡས་ཀྱི་རབ་གནས་དང་། སྐབས་སུ་རྒྱལ་པོ་རྗེ་འབངས་ལ་ཆོས་གསུང་བ་དང་། བཙུན་མོ་དམར་རྒྱན་བཟའི་མཛེ་ནད་བསལ་བ་རྣམས་ལ་བྱོན། མངའ་བདག་གྲོངས་ནས། སྲས་མུ་ནེ་བཙན་པོ་ཡུམ་གྱིས་དུག་གིས་བགྲོངས། མུ་ཁྲི་བཙད་པོ་ན་གཞོན། མཐའ་ཡི་དམག་རྒྱ་དང་། ཧོར་དང་། གེ་སར་དང་། ཁྲོམ་ལ་སོགས་པས་བོད་ཕུང་ལ་ཉེ་བ་ན། རྒྱལ་སྲིད་ལོ་གསུམ་བསྐྱངས་ཏེ་བོད་འབངས་ཀྱི་དོན་མཛད། མཐར་རྒྱལ་བུ་ལ་རྒྱལ་ས་གཏད་དེ་དེ་ནས་སུ་ཡིས་བཤོལ་བཏབ་ཀྱང་མ་གསན་ཏེ། ལྷོ་ནུབ་རྔ་ཡབ་ཀྱི་ཡུལ་དུ་སྲིན་པོའི་ཁ་གནོན་ལ་གཤེགས་སོ། །དེ་ལྟར་བོད་ཡུལ་འདིར་ཇི་ཙམ་བཞུགས་སྙམ་ན། རྦ་བཞེད་དུ་བཤད་པ་ལྟར་བསམ་ཡས་ཀྱི་ས་འདུལ་བ་ལ་སོགས་པའི་བར་དུ་ཟླ་བ་གསུམ་བཞུགས། དེ་ནས་རྒྱ་གར་ལ་གཤེགས་པ་ལྟར་དུ་སྡིག་བློན་རྣམས་ཀྱི་ངོར་མཛད་ནས་བོད་ཀྱི་དབེན་རྩ་རྣམས་སུ་བཞུགས་ཏེ། ཟླ་བ་དྲུག་གི་བགྲོད་པ་རེ་ལ་ལོ་དང་ཞག་བཅོ་ལྔ་ལ་ཟླ་བ་རེ་རེ་བརྩི་བ། རྒྱལ་པོ་ལོ་ཆོས་ལ་སོགས་པ་རྒྱ་གར་གྱི་རྩིས་ལུགས་གཅིག་གི་དབང་དུ་བྱས་པའི་ལོ་བརྒྱ་དང་བཅུ་གཅིག །ལོ་ཧྲིལ་པོ་ལྔ་བཅུ་རྩ་ལྔ་དང་ཟླ་བ་དྲུག་བཞུགས་པ་ཡིན་ནོ། །དོན་འདི་ཉིད་ཐུགས་སུ་མ་ཆུད་ཅིང་། ལོ་རྒྱུས་ལ་གོ་བ་མ་ལོངས་པ་དག་གིས་མྱང་གི་གཏེར་དཔེ་བཻ་རོའི་ཕྱག་བྲིས་མ་ལས། སློབ་དཔོན་པདྨས་བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་ཏེ། ཞེས་པས་རྒྱལ་པོའི་བླ་མཆོད་དུ་ལོ་བརྒྱ་དང་། སྒྲུབ་གནས་རྣམས་སུ་ལོ་བཅུ་གཅིག་བཞུགས་སོ། །ཞེས་ཟེར། རྒྱལ་པོས་དགུང་ལོ་དྲུག་ཅུ་རྩ་བརྒྱད་བཞུགས་པར་ཁས་ལེན་མོད་ཀྱི། དེ་ལྟར་ན་ལུགས་དེའི་ལོ་བཅུ་དགུ་པོ་དེ་ལ་གོང་གི་མཛད་པ་དེ་རྣམས་རྫོགས་པའི་ཡུལ་མེད་ལ། མཛད་པ་དེ་དག་ཇི་ལྟར་མཛད་པའི་ཚུལ་ནི་དེང་སང་གི་བར་དུ་ཕལ་ཆེ་བ་མངོན་སུམ་དུ་གསལ་བས་ཤེས་སོ། །སྤྱིར་སློབ་དཔོན་འདིའི་ཡོན་ཏན་དང་ཕྲིན་ལས་དང་གདུལ་བྱ་འདུལ་ཚུལ་ནི། འཕགས་པ་ས་བཅུ་པ་ལ་གནས་པ་རྣམས་ཀྱིས་ཀྱང་བསམ་པར་མི་ནུས་ཤིང་སངས་རྒྱས་རྣམས་ཀྱིས་བསྐལ་བརྒྱའི་བར་དུ་གསུངས་ཀྱང་རྫོགས་མཐའ་མངོན་པ་མ་ཡིན་པར་རྒྱ་བོད་ཀྱི་པཎ་གྲུབ་ཐམས་ཅད་བཞེད་དོ། །སློབ་དཔོན་དེ་ལ་ཕུར་པའི་སློབ་མ་མང་ཡང་། མཆོག་ཏུ་བཀའ་བབས་པ་ནི་ཇོ་མོ་མཚོ་རྒྱལ་ཡིན་ཏེ། དེས་མོན་ཁ་ནེ་རིང་སེང་གེ་རྫོང་གི་བྲག་ཕུག་ཏུ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྒྲུབས་པས་ཞག་ཉེར་གཅིག་ནས་ཕུར་པ་ཐམས་ཅད་བཞད་ཅིང་འོད་འཕྲོ་བ་དང་བྲོ་འཁྲབ་པ་བྱུང་། དེར་ཇོ་མོའི་དགོངས་པ་ལ། མ་མོ་འགྲུབ་ན་ཁྲག་ཟོར་འཕང་། །གཤིན་རྗེ་འགྲུབ་ན་འཁོར་ལོ་བསྐོར། །གིང་པོ་འགྲུབ་ན་ལས་ལ་རྦད། །ཕུར་པ་འགྲུབ་ན་གདབ་ལས་བྱ། །ཞེས་པ་ལས། བདག་ལ་བསྡོ་བའི་དགྲ་ནི་མེད། སུ་ལ་བརྡེག་གམ་སྙམ་སྟེ་བསྙེན་ཕུར་བསྒྲིལ་བ་ལས། བདག་ལ་དགྲ་མེད་ཀྱང་ཕ་མེས་ཀྱི་སྲོག་གཅོད་པའི་ཟ་འདྲེ་ལ་གདབ་སྙམ་དུ་དགོངས་པ་དང་། བསྙེན་ཕུར་ཕྱག་ནས་ཤོར་ཏེ་ནམ་མཁའ་ལ་འཕུར་བས། ཕ་ཡུལ་གྱི་ཁང་པའི་ལྟག་ན་འདྲེ་དེ་གནས་པའི་སྐྱེར་ཕུང་གཅིག་ཡོད་པ་ལ་བབས་ཏེ་སྐྱེར་ཕུང་དེ་རྩ་བ་ནས་བསྲེགས་ཤིང་ཟ་འདྲེ་དེ་ཉིད་དུ་བསྒྲལ། ཕུར་པ་དེ་དབོན་བརྒྱུད་རྣམས་ཀྱིས་བཅངས་ཏེ་གདེངས་པ་ཙམ་གྱིས་ལྷ་འདྲེ་མང་པོ་བཏུལ་བས། མཁར་ཆེན་བཟའ་འདྲེ་འདུལ་གྱི་བརྒྱུད་པ་ཞེས་ཟམ་མ་ཆད་པར་བྱུང་ངོ་། །ཇོ་མོ་འདིས་ནི་སྒྲོལ་བ་ཚད་དུ་ཕྱིན་པས། མཚོན་གྱིས་བསད་པའི་མི་རོ་ཡང་གསོན་པོར་སློང་ནུས་པ་ཡིན་ནོ། །དེ་ནས་ཇི་ལྟར་བརྒྱུད་པ་ནི། ཇོ་མོས་རང་གི་མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་བཤད། དེས་ལ་བྱིད་ཡེ་ཤེས་བརྩེགས་ལ། དེས་ལྕེ་སྟོན་ཡོན་ཏན་རྒྱ་མཚོ། དེས་ལྕམ་མེ་དཔལ་སྒྲོན། དེས་ངམ་འབྲེ་ཀླུའི་རྒྱལ་མཚན། དེས་ངམ་འབྲེ་གསལ་ལེ། དེས་རྨ་ཆུ་རབ་ཀྱི་ཕ་རོལ། སྐྱེ་ཆུ་རབ་ཀྱི་ཚུ་རོལ། བྱེ་མ་ཡུག་མོ་སྒང་དུ་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་བཤད་དེ། དེ་ཡན་ཆད་ཆིག་བརྒྱུད་ཁོ་ན་ཡིན་ལ། ཕུར་བ་མན་ངག་དྲུག་པ་ཞེས་བྱ་བའི་བརྒྱུད་པ་ཡིན། དེ་ནས་ལང་ལབ་ཀྱིས་བཀའ་བབས་སྣ་ནམ་ཤེས་རབ་ཚུལ་ཁྲིམས་བཀའ་བརྐུས་བ་མྱང་ནག་དབང་གི་ཤེས་རབ་ཅེས་ཀྱང་གྲགས། དེ་དུས་ཀྱི་སློབ་དཔོན་སོ་སོའི་ཆགས་སྡང་གི་གཏམ་ཡིན་གྱི། མྱང་ནག་ལ་བཀའ་བབ་པའི་ལོ་རྒྱུས་འོག་ཏུ་འཆད་དོ། །དེ་ནས་སྣ་ནམ་གྱིས་རྒྱ་སྟོན་སངས་རྒྱས་ལ་བཤད། དེས་ཤང་གུར་ཞོགས་ཁམས་པ་ལུང་དུ་རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ་བཤད། དེས་ནག་པོ་རྨུའི་བྲག་ཕུག་ཏུ་དགོན་སྟོན་རྡོ་རྗེ་རྒྱལ་མཚན་ལ་བཤད་དེ། འདིས་ནི་སྣ་ནམ་ཤུད་བུ་མཆིམས་གསུམ་གྱི་གདུང་བརྒྱུད་ལ་ཡང་ཐུག་ནས་ཞུས་སོ། །ཕུར་པ་ལ་འདི་བས་མཁས་པ་མ་བྱུང་ཞེས་གྲགས། དེས་མྱང་དར་མ་སེང་གེ་ལ་བཤད། དེས་གནུབས་ཤེས་རབ་ཡེ་ཤེས་ལ། དེས་རང་གི་སྲས་གནུབས་བདུད་རྩི་འོད་ལ། དེས་སྲས་ཕུར་གྲགས་ལ་བཤད། དེས་སྲས་ཇོ་ལྕམ་ལ་བཤད། དེས་ཇོ་བཙུན་གྲུབ་འོད། སེ་མིག་པ། ཕུ་རི་ཇོ་སྟོན། ཤེས་རབ་རྡོ་རྗེ། ཚེ་བརྟན་དཔལ་བཟང་། སྔགས་འཆང་ཤེས་རིན་པ། བསོད་ནམས་རྡོ་རྗེ། གཅུང་དཀོན་མཆོག་བཟང་པོ། མཁན་ཆེན་ཤེས་རབ་རྗེ། སྔགས་འཆང་ཀུན་དགའ་དར་པོ། འཇམ་དབྱངས་ཀུན་བཟང་། གྲགས་པ་དཔལ་འབྱོར། རྒྱལ་མཚན་དཔལ་བཟང་། བླ་ཆེན་ཆོས་ཀྱི་རྒྱལ་པོ། དེ་ལས་བདག་གིས་མན་ངག་དྲུག་པའི་དབང་དང་གདམས་སྐོར་རྣམས་ཀྱི་ལུང་ནོས། ༈ ཡང་ལང་ལབ་ཀྱི་སློབ་མ་ཀྱི་བན་བྱང་ཆུབ་རིན་ཆེན་བྱ་བ་ཞིག་བྱུང་། དེ་ལ་ཕ་སྤུན་རྣམས་ཀྱིས་ཁང་ཞིང་དང་ནོར་འཕྲོགས་པ་ལ་བརྟེན་ནས། ལང་ལབ་ལ་ཕུར་པ་ཞུས་ཏེ་བསྒྲུབས་པས། ཕ་སྤུན་གྱི་མི་གྲོང་ཚོ་དགུའི་མི་ཕྱུགས་སྒོ་ཁྱི་ཚུན་ཆད་ཚར་བཅད་དེ། མཐར་དགྲ་འདི་ཚོ་ཤི་བས་མི་ཆོག་ཁང་པའི་གྱང་འདི་མཐོང་བ་དང་ཡང་སྙིང་ན་གསུངས་ནས་ཕུར་པ་བསྒྲིལ་བས། གྱང་ཀུན་ཀྱང་རྨང་ནས་འགྱེལ་ཏེ། དེ་ནས་མཚན་ཡང་སྐྱི་གྱང་འགྱེལ་དུ་གྲགས། དེའི་སློབ་མ་ཁམས་པ་སྟོང་གསུམ་སྒོམ་ཆེན་མུ་ནེ་དང་། ཐག་གདོང་དཀར་གྱི་བཙུན་པ་ཤེས་རབ་འོད་གཉིས་ལས་མཆེད་དེ་ཤིན་ཏུ་མཐུ་ཆེ་བ་ཀྱི་ཕུར་དུ་གྲགས་པ་བྱུང་ནས། དེང་སང་ནི་གདམས་སྐོར་ཐར་བུ་ལས། ཡོངས་སུ་རྫོགས་པ་བཞུགས་པའི་བཀའ་ལུང་ཡོད་པ་མ་རྙེད་དོ། །ཡི་གེ་རྙིང་པ་ལས་ཐག་བཙུན་ཤེས་རབ་འོད་ཀྱི་སློབ་མ་ལྷ་རྗེ་གནུབས་ཆུང་ཡིན་པར་བཤད་པ་ལྟར་ན་གཟའ་གདོང་དམར་ནག་སྐོར་ཡོངས་ཀྱི་ལུགས་ལ་ཡོད་དམ་སྙམ་མོ། །སྤྱིར་ན། རླངས། རྔོག །མཁོན། རོག །གནུབས། སོ། །ཟུར། འགོས། དཔང་། རྒྱུས། འོ་བྲན་ལ་སོགས་པའི་རུས་ཆེན་རྣམས་ཀྱི་གདུང་རིགས་ལས། རྡོ་རྗེ་ཕུར་པའི་གྲུབ་པ་ཐོབ་པ་ནི་བོད་ཡུལ་འདིར་ཤིན་ཏུ་མང་ཞིང་བརྗོད་ཀྱིས་མི་ལང་ལ། གསར་མའི་སྔགས་རྣམས་མ་དར་གྱི་བར་དུ་བོད་དུ་ཡི་དམ་དང་བསྟན་སྲུང་གི་སྲོག་རྩ་ཡང་ཕུར་གྱིས་བཟུང་བ་ཡིན་པས། བརྒྱུད་པ་བྱིན་གྱིས་བརླབས་པའི་སྔགས་འཆང་དེ་རྣམས་ཀྱི་གདུང རིགས་ཤས་ཆེ་བ་ལས། གསར་མའི་སྐྱེས་ཆེན་རྣམས་ཀྱང་བྱོན་པ་ཡིན་ཏེ། བསྟན་པའི་བདག་པོ་ས་སྐྱ་བ་དང་། ཁྲོ་ཕུ་བ་དང་། ཕག་མོ་གྲུ་པ་ལ་སོགས་པ་ལྟ་བུ་སྟེ། ཇི་ལྟར་བྱུང་བའི་ཚུལ་ནི། སོ་སོའི་གདུང་རབས་རྣམས་སུ་གཟིགས་པར་མཛོད་ཅིག །བདག་ཅག་ཤེས་རབ་ཆུང་བ་རྣམས་ཀྱིས་བརྗོད་པར་མི་ནུས་སོ། ༈ །ད་ནི་རང་ལུགས་ལ་གྲགས་པ་རོང་ཟོམ་ལུགས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་ཕུར་པའི་ཆོས་འདི་རོང་ཟོམ་ལ་ཇི་ལྟར་བརྒྱུད་པ་ནི། སློབ་དཔོན་པདྨ། སྣ་ནམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག །དོན་ཨཱ་ཙརྱ་དཔལ་གྱི་མེ་ཏོག །སྒྲོ་རྡོ་རྗེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་བན་ཡོན་ཏན་རིན་ཆེན། རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་བར་དུ་བརྒྱུད་པ་ལས་འོངས་པ་ཡིན་ལ། ཁ་ཅིག་ནི། རོང་བན་ཡོན་ཏན་རིན་ཆེན་གྱིས་སློབ་དཔོན་པདྨ་དངོས་ལ་ཐུག །དེས་མི་ཡུལ་དུ་ལོ་སུམ་བརྒྱ་བཞུགས་ཏེ་མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱིས་ཀྱང་ལོ་ཕྱེད་དང་ཉིས་བརྒྱ་བཞུགས། དེའི་སྲས་རོང་ཟོམ་ཡིན་ལ། འདིས་ལོ་བརྒྱ་དང་བཅུ་དགུ་མི་ཡུལ་དུ་བཞུགས་ཏེ་སྐུ་བསྒྲེས་རྒུད་མི་མངའ་བའི་ངང་ནས་སྐུ་གཤེགས་པ་ཡིན་ཟེར། གང་ལྟར་ཡང་གྲུབ་ཐོབ་བར་མ་ཆད་པའི་བརྒྱུད་པ་ཡིན་ལ། འདི་འཁྲུངས་པའི་ཡུལ་ནི། བོད་རུ་བཞིའི་ནང་ནས་རུ་ལག་གཙང་སྨད་ཀྱི་སའི་ཆ། རོང་གི་སྣར་ལུང་པར་འཁྲུངས། སྐུ་གཞོན་ནུ་ནས་སྒྲ་ཚད་ལ་སོགས་པ་ཤེས་བྱ་ཐམས་ཅད་ལ་མཁས་ཤིང་གཞན་དག་དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་ཚར་བཅད་པས། ཁ་ཅིག་པཎྜི་ཏ་སྨྲྀ་ཏིའི་སྐྱེ་བ་ཡིན་ཟེར། ཁ་ཅིག་པཎྜི་ཏ་ཕྲ་ལ་རིང་མོའི་སྐྱེ་བ་ཡིན་ཟེར། ཕྱིས་ཇོ་བོ་རྗེ་དང་རོང་ཡུལ་ལྷར་མཇལ་རྩོད་པ་བྱས་པས། ཇོ་བོས་རོང་ཟོམ་མ་ཐུབ། དེར་ཇོ་བོའི་ཞལ་ནས། ཁྱོད་རྒྱ་གར་གྱི་ཨཱ་ཙརྱ་ནག་པོ་ཞབས་ཆེན་པོ་སྤྱོད་པ་བ་དེའི་སྐྱེ་བ་ཡིན་ཏེ། ཁོ་བོས་ཁྱོད་དང་ཆོས་ཀྱི་གཏམ་བྱ་བར་ག་ལ་ཐུབ་ཅེས་གསུངས། ངོ་མཚར་བའི་མཛད་པ་དང་ཆོ་འཕྲུལ་ལ་ཐོགས་པ་མེད་པས། སངས་རྒྱས་ཤཱཀྱ་ཐུབ་པའི་སྤྲུལ་པར་ཡང་གྲགས་ལ། ཕལ་ཆེར་མཐུན་པར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཞེས་པ་སྔགས་པ་བརྗོད་དོ། །འདིས་དགུང་ལོ་བཅུ་གཅིག་ལ་མཚན་ཉིད་གསན། བཅུ་གསུམ་ཡན་ཆད་ལ་གསན་པ་རྫོགས་ཏེ། མཁས་པའི་ཕུལ་དུ་ཕྱིན། བསླབ་པའི་ཤེས་བྱ་ཐམས་ཅད་ལ་ཡང་མ་རྨོངས། དཀའ་བའི་གནས་རྣམས་ཀྱང་ལན་རེ་ཉན་པས་མཁྱེན་པ་ཡིན་ཏེ། རྗེ་འདི་ཉིད་ཀྱི་ཞལ་ནས། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མ་ཐོས་པ་མེད་དོ། །བདག་ཐོས་པ་ཆེ་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་ཚར་རེ་ལས་མ་དགོས་སོ། །ཞེས་གསུངས། སྤྱིར་ན་དམ་པ་འདི་ཤེས་རབ་ཟབ་ལ་རྒྱ་ཆེ་བ་དྲི་མ་མེད་པ་དང་ལྡན་པས། རྒྱ་གར་གྱི་ཆོས་སུ་གཏོགས་པ་མདོ་རྒྱུད་བསྟན་བཅོས་སྔར་མ་གཟིགས་པ་དག་ལ་ཡང་ཚར་རེ་རེ་གཉིས་གཉིས་ཙམ་གཟིགས་པས་མཁྱེན་ནས་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་མི་བརྗེད་པའི་གཟུངས་ཐོབ་པ་ཡིན་ནོ། །གཞན་ཡང་ཙ་ན་ཀ་ལ་སོགས་པ་འཇིག་རྟེན་གྱི་བསྟན་བཅོས་དང ། ཚད་མ་དང་། སྒྲ་དང་། སྙན་ངག་དང་། རིག་བྱེད་ཀྱི་བསྟན་བཅོས་གཞན་གསུམ་དང་། ས་བརྟག་པ་ལ་སོགས་པའི་ཤེས་བྱ་ཕྲ་མོ་མཐའ་དག་ལ་ཡང་མཁས་ཤིང་། ཐུགས་རྗེ་ཆེན་པོ་མངའ་བས་ཆོས་ལ་མོས་པའི་མི་རྣམས་དང་། ཆོས་ཀྱི་གང་ཟག་དང་། རྡོ་རྗེ་ཐེག་པ་ལ་ཞུགས་པ་དག་གི་ལས་དང་དངོས་གྲུབ་སྒྲུབ་པར་འདོད་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་གདམས་པས་ནན་ཏན་དུ་ཕན་ཐོགས་པ་མཛད། མངོན་པར་ཤེས་པའི་ཆ་དང་ལྡན་ཞིང་སེམས་ཅན་འདུལ་བའི་དུས་དང་ཚོད་ལ་མཁས། འགྲོ་བ་ཕལ་པ་དང་ཆོས་ཀྱི་བློོ་བསྒྱུར་བ་རྣམས་ཚེ་འདི་དང་ཕྱི་མ་གཉིས་ཀ་བདེ་བ་ལ་འགོད་པའི་ཕྱིར་བསྟན་བཅོས་མང་དུ་བརྩམས་ཤིང་། དེ་ལྟ་བུས་ཕན་འདོགས་པ་ལ་དུས་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་བའི་སྐྱེ་བོ་ཕལ་པ་ལ་ཡང་སེར་སྣ་དང་གནོད་སེམས་སྤངས་ནས་ཐུགས་རྗེས་ཡུལ་དུ་མཛད་དེ་ཞི་བདེ་ལ་འགོད། སྡོམ་པ་དང་ཐུགས་དམ་ལ་སྲོག་ལྟར་གཅེས་སྤྲས་སུ་མཛད་ཅིང་། གཞན་དག་ཀྱང་དེ་ལ་སྦྱོར། ཆོས་རྩོམ་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་ལ་སོགས་པའི་རྩོལ་བ་མ་མཛད་ཀྱང་། ཆོས་ཕྱོགས་མེད་ལ་ཐོགས་རྡུགས་མེད་པའི་སྤོབས་པ་སྤྲོ་བ་ནས། བསྟན་བཅོས་མཛད་པ་དེ་དག་ཀྱང་ལུང་དང་རིག་པ་དང་མི་འགལ་ཞིང་སྒྲ་སྐྱོན་དང་དོན་སྐྱོན་རྣམ་པར་བྲལ་བས་གཞན་མཁས་པ་སུས་ཀྱང་རྩོད་མི་ནུས། སྒྲའི་ཚུལ་དང་སཾསྐྲྀ་ཏའི་སྐད་མ་བསླབ་པར་མཁྱེན། བྱིས་པའི་དུས་སུ་ཨ་ཙ་ར་བྱུང་ཚད་ལ་དགྱེས་ཤིང་དེ་དག་གི་སྐད་ལ་མཁས། བྱི་ཏོའི་པོ་ཏི་གཟིགས་པས་སྐད་དོད་ཀྱི་བག་ཆགས་སད་པ་ལྟར་གྱུར། ཐ་ན་དུད་འགྲོའི་སྐད་དང་བརྡ་ཡང་མཁྱེན། འཁྲུལ་པ་མི་མངའ་ཞིང་བྱིན་རླབས་ཆེ་བས། དེས་མཛད་པའི་གསང་སྔགས་ཀྱི་ཡིག་ཆ་རྣམས་ལ་སློབ་པའི་བརྒྱུད་དུ་བྱུང་བའི་གང་ཟག་རྣམས་ཀྱིས་ལུང་མ་ཐོབ་པར་ཡི་གེ་ལ་བྱུང་བ་བཞིན་དུ་བསྒྲུབ་པ་ལ་བྱིན་རླབས་དང་དངོས་གྲུབ་མ་བྱུང་བ་མེད། ལོ་ཙཱ་བ་ཆེན་པོ་དེ་ལ་དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་མང་པོས་བཏུད་པར་གྱུར་ཏེ། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་ཆོས་ཕྱོགས་མེད་ལ་མཁས་པ་ཞིག་གིས། ཐོག་མར་བོད་དུ་སྐྱེས་པའི་གང་ཟག་གིས་ཆོས་མང་པོ་བརྩམས་ཞེས་སྐུར་པ་བཏབ་བོ། །ཕྱིས་བླ་མ་རོང་ཟོམ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པོ་ཏི་དེ་མཐོང་བས་གུས་པ་ཆེན་པོ་སྐྱེས་ཏེ། ཟང་ཟིང་མང་པོས་མཉེས་པར་བྱས་ཏེ་ཉེས་པ་བཤགས་ནས་བདག་རྗེས་སུ་བཟུང་དུ་གསོལ་ཞེས་ཞུས་པས་གནང་སྟེ། འཇམ་དཔལ་གསང་རྒྱུད་ལ་སོགས་པ་ཆོས་མང་དུ་ཞུས་པས་གནང་། གཞན་ཡང་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང་། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་བཏུད་ཅིང་གསན་པར་གྱུར་ཏེ་གསན་པ་པོ་དེ་དག་གི་སློབ་བརྒྱུད་ཐམས་ཅད་ཀྱང་ཤིན་ཏུ་དད་ནས་བླ་མ་དམ་པར་འཛིན་ནོ། །གསང་རྒྱུད་ཀྱི་སྐབས་སུ་ཉིད་ཀྱི་ཞལ་ནས། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་ཡོད་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་ལ། གོ་རུབ་ཀྱིས་དེ་བཟུང་ནས་ཕྱིས་ཇོ་བོ་ཀྲྀཥྞ་པ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་ནས་དེ་ལ་གསན་པས། རོང་པ་ཆེན་པོས་གསུངས་པ་བཞིན་བྱུང་བས་ཤིན་ཏུ་མོས་ཏེ། ཀྲྀཥྞ་པ་ལས་བྱུང་བའི་དཔེ་གཅིག་རོང་པ་དེ་ཉིད་ལ་ཕུལ་ནས་ཡང་གསན་སྐད། གཞན་ཡང་རོང་པ་འདིས། པཎྜི་ཏ་མཉྫུ་ཤྲཱི་ཝ་རྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་པ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཨཱ་ཀ་ར་བྷ་དྲ་དང་། དེ་བཱ་ཀ་རི་ཙནྟྲ་དང་། ས་ར་མེ་ཤྭ་ར་དང་། ཨ་མོ་གྷ་བཛྲ་ལ་སོགས་པ་པཎྜི་ཏ་མང་པོ་བསྟེན་ནས། དེ་དག་གིས་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་དགྲ་རྒྱུད་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་ཕན་ཆེ་བར་བཏགས། པཎྜི་ཏ་ཀུན་གྱི་གསུང་ནས་ཀྱང་། དྷརྨ་བྷ་དྲ་ཁྱོད་ཀྱིས་ཆོས་མང་པོ་བརྩམས་ལ་འགྲོ་བ་རྣམས་སྐྱོབས་ཤིག །ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག་གི། སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་མང་པོ་རྩོམ་པ་ཡིན། ཁྱེད་ཅིའི་ཕྱིར་ཆོས་མི་བརྩམ་ཞེས་གསུངས། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་བདག་བསྟོད་ལ་སོགས་པའི་དྲི་མ་དང་བྲལ་ཅིང་། གཞན་གྱི་ཆོས་ལུགས་དང་སྤྱོད་པ་དམན་ཡང་དོན་དུ་འགྱུར་ན་མ་གཏོགས། ཕ་རོལ་ཁྱད་དུ་གསོད་པའི་གཏམ་ཡེ་མི་གསུང་། བྲག་གཟར་པོའི་ངོས་ལ་གཤེགས་པ་དང་། ནམ་མཁའ་ལ་འཕུར་བ་དང་། བྲག་ལ་ཕུར་པ་འདེབས་པ་ལ་སོགས་པའི་རྫུ་འཕྲུལ་དང་གྲུབ་རྟགས་ལ་ཐོགས་པ་མི་མངའ། མྱང་སྨད་དུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལ་གསང་སྔགས་རྙིང་མ་གསན་ཏེ་འདི་དགུང་ལོ་བཅུ་གཉིས་པའི་དུས་ཡིན། ལོ་བཅུ་གསུམ་པ་ལ་མཁས་པ་མདོ་སྟོན་སེང་གེ་རྒྱལ་མཚན་ལ་ཡང་གསན། མནལ་ལམ་དུ་གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་གསོལ་བ་རྨིས་པ་སློབ་དཔོན་ལ་ཞུས་པས། དེ་ཤིན་ཏུ་བཟང་། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན་ནོ། །དེ་གཉིས་ལ་ཁྱོད་ཀྱིས་འགྲེལ་པ་རེ་གྱིས་གསུངས་པས་འགྲེལ་པ་མཛད་དེ། བོད་དུ་ཡིག་ཆ་བྱུང་བ་ལ་བཟང་། དུས་ཕྱིས་བསྟན་བཅོས་མཛད་པ་ནི། བསླབ་པ་རིན་པོ་ཆེ་གསུམ་ལ་བསྟེན་པའི་ཆེད་དུ། གལ་ཆེ་བའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་དམ་ཚིག་མདོ་རྒྱས་མཛད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ་མཛད། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་མཛད། གཞན་ཡང་ངན་སོང་སྤྱོང་རྒྱུད། འཇིགས་བྱེད་དང་སྨྲ་སྒོ་ལ་སོགས་པ་ལ་ཡང་འགྲེལ་པ་མཛད་ཅིང་། བསྟན་བཅོས་གཞན་ཡང་མང་དུ་མཛད་དོ། །དེའི་དུས་སུ་ཤབ་ཀྱི་ཡང་ཁྱེད་བླ་མ། མར་པ་དོལ་བ། འོ་ཡུག་པ་མདའ་བསམ་གཏན། མདོའི་ཁྱུང་པོ་ཧཱུྃ་སྙིང་། སི་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། དཔང་ཀ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ཁྲིམས་ལ་སོགས་པ་བོད་རུ་བཞིའི་མཁས་པ་རྣམས་ཀྱིས་རྩོད་པར་བརྩམ་སྟེ། བོད་དུ་སྐྱེས་པའི་གང་ཟག་གིས་བསྟན་བཅོས་འདི་ཙམ་བརྩམ་པར་མི་རིགས་སོ་ཞེས་ཟེར་ཞིང་སུན་འབྱིན་དུ་སྐུ་དྲུང་དུ་འོངས་པས། གསུང་གླེང་མཛད་པ་ཙམ་གྱིས་རྩོད་པའི་སྤོབས་པ་བཅོམ། བསྟན་བཅོས་རེ་མཐོང་བས་ཤིན་ཏུ་མོས་ཏེ། ཐམས་ཅད་ཀྱིས་ཆོས་ཞུས། ཞབས་ཏོག་མཛད་དེ་གཏན་གྱི་སྐྱབས་གནས་སུ་འཛིན་པར་གྱུར་ཏོ། །དེ་ལྟར་རོང་ཟོམ་འདི་ནི་འཁྲུངས་པ་ཙམ་ཉིད་ནས་ངང་གིས་དགེ་བའི་ཀུན་སྤྱོད་ཅན་ལྷུན་གྱིས་གྲུབ་པས་ཤེས་རབ་ཆེ། འཇིག་རྟེན་ལུགས་ཀྱི་ཐུགས་དཀྱིལ་ཡང་ཤིན་ཏུ་ཆེ་ཞིང་རང་དང་དུས་མཚུངས་ཀྱི་མཁས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད། ཕྱི་ནང་གི་རིགས་པའི་གནས་མཐའ་དག་ལ་མཁས། ཁྱད་པར་སྒྲ་ཚད་ལ་མ་རྨོངས་པས། བོད་ཀྱི་སྐད་ལ་ཡང་། འདི་ནི་དོན་འདི་ཙམ་ཞིག་ལ་འཇུག་གོ་ཞེས་ཚིག་དོན་གྱི་ཁྱད་པར་ཕྲ་མོ་དག་ཀྱང་གཞན་ལས་ཆེས་ལྷག་པར་སྟོན་ནུས། མདོ་རྒྱུད་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་གི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་མཁས། ཐ་ན་འཇིག་རྟེན་པའི་འཚོ་ཚིགས་ཞིང་ལས། ཕྱུགས་སྐྱོང་བ། དཀར་ཤེ་སྒྲུབ་པ་སོགས་ལའང་མཁས་པས། དེ་དག་ཇི་ལྟར་སྒྲུབ་པའི་བསྟན་བཅོས་ཀྱང་མཛད། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཀྱང་ཆོས་ཞུས་ཞིང་བསྙེན་བཀུར། བཀའ་སྒྲུབ། ལྟ་བ་མཆོག་ཏུ་གྱུར། ཆོས་ཐམས་ཅད་དམ། བསྟན་པའི་བདག་པོར་གྱུར་པ་ཡིན་ཏེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆོས་ཐམས་ཅད་ཀྱང་མངའ། བཻ་རོ་ཙ་ནའི་ཆོས་ཐམས་ཅད་ཀྱང་། བཻ་རོས་གཡུ་སྒྲ་སྙིང་པོ། དེས་བླ་ཆེན་དགོངས་པ་རབ་གསལ། དེས་གྲུམ་ཤིང་སླག་ཅན་ནས་གནུབས་དཔལ་བརྟན། ཡ་ཟི་བོན་སྟོན། དེས་རོང་ཟོམ་ལ་བཤད་དེ། སེམས་ཕྱོགས་ཀྱི་བརྒྱུད་པ་ལུགས་གཅིག་ཀྱང་མངའ་སྟེ་བསྟན་པའི་བདག་པོར་གྱུར། འདན་ཀློང་ཐང་སྒྲོལ་མར་སྐུ་འཁྲུངས་པའི་སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་གདམས་པའི་བདག་པོ་ཡང་ཡིན་ཏེ། འདི་ལ་རྒྱ་གར་བདུན་བརྒྱུད་དང་རྒྱའི་ཧཱ་ཤང་བདུན་བརྒྱུད་ཀྱི་གདམས་པ་ཡོད་པ་ལས། ཨ་རོའི་དངོས་སློབ་ལྕོག་རོ་ཟངས་དཀར་མཛོད་ཁུར་དང་ཁམས་པ་ཡ་ཟི་བོན་སྟོན་གཉིས་ཀ་ལ་རོང་ཟོམ་གྱིས་གསན་ནོ། །དེ་ནས་བརྒྱུད་པ་ཚོ་ལ་རྫོགས་ཆེན་ཁམས་ལུགས་སུ་གྲགས། བི་མ་ལ་ནས་བརྒྱུད་པ་རྣམས་ཀྱང་མྱང་ཏིང་འཛིན་བཟང་པོ་དང་། རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མཱ་ར་ནས་བརྒྱུད་པ་དག་ཀྱང་། གཉགས་དང་རྨ་གཉིས་ཀས་ཁུ་བྱང་ཆུབ་འོད་དང་། ཁྱུང་པོ་དབྱིག་འོད་ལས་རིམ་པར་འོངས་ཏེ་རོང་ཟོམ་ལ་མངའ། མདོར་ན་འདིའི་མཁྱེན་པ་དང་ཡོན་ཏན་ནི་སུས་ཀྱང་བརྗོད་དུ་མི་ནུས་ཤིང་། བོད་གངས་ཅན་གྱི་རྒྱུད་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ལ། སྤྱིར་འདི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་མོད་ཀྱི། གྲུབ་པ་ཐོབ་པ་ནི་རྡོ་རྗེ་ཕུར་པའི་སྒོ་ནས་ཡིན་པས། ཕུར་པའི་བསྟན་བཅོས་ཀྱང་མང་དུ་མཛད་དེ། བརྒྱུད་པ་རྣམས་ཀྱང་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་པ་ཡིན་ལ། དེ་ཡང་སྲས་བརྒྱུད་དང་། སློབ་བརྒྱུད་གཉིས་ལས། གདུང་རབས་ཀྱི་ནི། དང་པོར་རོང་བན་དཔལ་གྱི་རིན་ཡོན་ཏན་རིན་ཆེན། མཆན། པོ་ཆེ། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས། དེའི་སྲས་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། སྒོམ་ཆེན་ཆོས་འཕགས་གཉིས། ཆོས་བཟང་གི་སྲས་གཟི་བརྗིད་འབར་དང་འབུམ་འབར་གཉིས། གཟི་བརྗིད་འབར་གྱི་སྲས་སྟོན་དར་དང་སྟོན་སྐྱབས་གཉིས། སྟོན་དར་ལ་སྲས་སྟོན་སེང་། སྟོན་སེང་གི་སྲས་ཇོ་སྲས་ར་སྤེ། འདིའི་སྲས་འབུམ་དཔལ། སྟོན་སྐྱབས་ཀྱི་སྲས་ཇོ་སྲས་འོད་ཟེར། དེའི་སྲས་སློབ་དཔོན་འབུམ་བསྟན། ཆོས་བཟང་གི་སྲས་གཉིས་པ་འབུམ་འབར་ལ་སྲས་ཆོས་ཀྱི་རྒྱལ་མཚན། ཇོ་བརྩེགས། ཇོ་བཟང་སོགས་ཁ་ཡར་བྱུང་། ཆོས་ཀྱི་རྒྱལ་མཚན་གྱི་སྲས་རུ་ཨཱ་ནནྡ་བཛྲ་སྟེ། རོང་པ་ཀུན་དགའ་ཟེར། དེའི་སྲས་སློབ་དཔོན་མེ་དཔུང་། དེའི་སྲས་ཆོས་ཀྱི་བཤེས་གཉེན་དང་། ཆོས་བཞད་གཉིས། རོང་པ་ཇོ་བཟང་གི་སྲས་སློབ་དཔོན་ཇོ་བཀྲ། དེའི་སྲས་དར་བཟང་། རྡོ་རྗེ་བརྟན་གཉིས། དར་བཟང་གི་སྲས་སློབ་དཔོན་གསེར་འོད། ཇོ་བོ་རྡོ་རྗེ་བརྟན་གྱི་སྲས་ཉི་མ་སེང་གེ། དེའི་སྲས་འོད་ཟེར་འབུམ་དང་འབུམ་རྒོད་གཉིས། རོང་སྒོམ་ཆེན་ཆོས་འཕགས་ཀྱི་སྲས་སློབ་དཔོན་སྟོན་གཡུང་། དེའི་སྲས་ཇོ་སྲས་ལྷ་བསྲུང་། དེའི་སྲས་སློབ་དཔོན་བྱམས་ཆོས་པ་ཆེན་པོ་དར་མ་བརྟན། དེའི་སྲས་སློབ་དཔོན་སྲ་བརྟན་རྡོ་རྗེ་ཡིན་ནོ། །དེང་སང་ནི་རོང་ཟོམ་གྱི་གདུང་བརྒྱུད་ཆད་ནས་མེད་ཀྱང་འབུམ་རྒོད་ཀྱི་དུས་སུ་རིན་སྤུངས་པའི་ཞལ་ངོ་ནམ་མཁའ་རྒྱལ་པོས་སྦྱིན་བདག་མཛད་དེ། སློབ་མ་མང་དུ་ཐོན། དེའི་ནང་ནས་མཆོག་ཏུ་གྱུར་པ་ཐང་ཁྲོམ་བཀའ་བཞི་པ་ཡིན་ཏེ། འདིས་འབུམ་རྒོད་གཤེགས་རྗེས། རོང་ཟོམ་ཆོས་ཀྱི་བཟང་པོའི་གདུང་འབུམ་དགོན་པ་དཀར་པོར་སྤྱན་དྲངས། ཕུར་པའི་ཆོས་སྐོར་གཉགས་ཀྱི་གདུང་བརྒྱུད་སྔགས་འཆང་སླེ་མ་བ་རྣམས་ལ་གསུངས་སོ། །གཉིས་པ་སློབ་བརྒྱུད་ནི། སྤྱིར་དམ་པ་འདི་ལ་དེ་དུས་ཀྱི་མཁས་གྲུབ་ཐམས་ཅད་ཀྱིས་ཞབས་ལ་གཏུགས་པ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་གོ་རུབ་ལོ་ཙཱ་བ། མར་པ་དོལ་པ་རྗེ། འགོས་ལ་སོགས་པ་ལོ་ཙཱ་བ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་པ་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་གཅིག་ཞ་མའི་མིང་པོ་རྗེ་མཁོན་བུ་བ་ལ་སོགས་པ་སྒོམ་ཆེན་གྲུབ་པ་ཐོབ་པ་བརྒྱ་དང་བརྒྱད་ཅུ། ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་སྟོན་པ་གདུགས་ཐོབ་པ་ལྔ་བརྒྱ་ལ་སོགས་པ་མཐའ་ཡས་ཏེ་བརྗོད་ཀྱིས་མི་ལང་བ་ལྟ་བུ་ལས། ཕུར་པའི་ཆོས་སྐོར་ཇི་ལྟར་བརྒྱུད་པ་ནི། རོང་ཟོམ་གྱིས་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག །ཡོལ་ལྕགས་གྲུབ་ཐོབ། རྒྱ་སྟོན་སྟོང་འབར། རྣལ་འབྱོར་གཞུང་པ། ཕོ་རོག་མདོ་སྡེ་མགོན། ཡོལ་ལྕགས་སངས་རྒྱས་ཉི་འབུམ། དོན་གྲུབ་གཞོན་ནུ། དཔྱལ་འཕགས་པ་དཔལ། དཔྱལ་ཀུན་དགའ་ཉི་མ། དཔྱལ་ཀུན་མཁྱེན་ཆོས་རྒྱལ། མཁན་པོ་རྒྱལ་མཆོག་བ། གུ་གེ་པཎ་ཆེན། གྲུབ་ཆེན་དཔལ་འབྱོར་བ། ལོ་ཆེན་བསོད་ནམས་རྒྱ་མཚོ། ཆག་ལོ་རིན་ཆེན་ཆོས་རྒྱལ། བླ་མ་དམ་པ་རྡོ་རྗེ་སེང་གེ། དེ་ལ་བདག་གིས་རོང་ཟོམ་གྱི་དབང་ལུང་རྫོགས་པར་ཞུས་སོ། ༈ །ཡང་ཕུར་པ་ལྷ་ནག་ཏུ་གྲགས་པ་ནི། སློབ་དཔོན་པདྨ་ཡབ་ཡུམ་ཡན་ཆད་སྤྱི་དང་འདྲ་ལ། དེ་ལ་འབྲེ་ཨ་ཙ་ར་ནུ་རུ། འདི་ནི་ཕུར་པའི་སྒོ་ནས་གྲུབ་པ་ཐོབ་སྟེ་ཚེའི་རིག་འཛིན་བརྙེས་པས་དེང་སང་གི་བར་དུ་འདས་གྲོངས་མེད་པར་བཞུགས་པ་ཡིན་ལ། ལང་ལབ་བྱང་ཆུབ་རྡོ་རྗེས་གྲུབ་པ་ཐོབ་ཚར་བའི་རྗེས་སུའང་འདི་དང་མཇལ་ནས། སྔར་ཐོབ་པའི་ཕུར་པའི་སྐོར་ལ་ཞུས་དག་བྱས་ནས་ཚར་གཅིག་ཞུས་པ་ཡིན་ཅིང་། ལོ་རྒྱུས་ལ་ལར། ངམ་འབྲེ་ཨ་ཙ་ར་ས་ལེ་ཡིན་པར་བྱས་འདུག་པ་ནི་མ་ངེས་པ་ཆེན་པོ་སྟེ། མཚོ་རྒྱལ་དང་ལང་ལབ་ཀྱི་བར་ན་མི་རབས་ལྔ་ཡོད་པ་མ་གོ་བ་ཡིན་ལ། གཏེར་མའི་ལོ་རྒྱུས་གཅིག་ན། ལང་ལབ་ལོ་བདུན་འགྲོ་བའི་བྱིས་པ་གཅིག་གིས། སློབ་དཔོན་ལྷོ་ནུབ་ཏུ་བྱོན་ཁར་ཞབས་ལ་གཏུགས་ཟེར་བ་སྣང་སྟེ། མ་ངེས་པའི་རང་བཟོ་ཁོ་ནའོ། །ཕྱིས་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས། སྨད་ལས་དྲག་པོ་སྒྲོལ་བའི་དབང་འདི་གསན་པར་བཞེད་ནས་བཙལ་བསམ་རྙེད་དེ། འཁོར་རྣམས་ལ་འདི་ལྟ་བུའི་དབང་ཐོབ་པ་འདུག་ན་སྤྲང་པོ་ཞིག་ལ་འདུག་ཀྱང་ཁྲིད་ཤོག །དེ་ལ་ཁོ་བོས་ཞུའོ་གསུངས་ནས་བཙལ་ཀྱང་མ་རྙེད། ཕྱིས་བལ་པོ་ནས་ཚོང་པའི་སྐད་ཆ་ལས། ཇོ་མོ་མཚོ་རྒྱལ་གྱི་སློབ་མ་ཨ་ཙ་ར་ནུ་ལོ་རྒྱུས་གཞན་ལས་བལ་པོའི་པཎྜི་ཏ་རཏྣ་ཤྲཱི་ཡིན་ཟེར། རུ་བྱ་བ་ཚེའི་རིག་འཛིན་ཐོབ་པ་ཞིག་ལ་ཕུར་པའི་ཆོས་རྫོགས་པར་ཞུས། བལ་པོ་ན་གསུང་གི་འདུག་ཟེར། དེར་བསྟན་པའི་ཁུར་ཆེན་པོར་དགོངས་ནས། འོ་ན་དེ་བལ་པོར་ཡོད་དམ་གསུངས་པས་མེད། བསིལ་བ་ཚལ་ལ་སོགས་པའི་གནས་རྣམས་སུ་མཁའ་འགྲོ་མ་རྣམས་ཀྱི་དོན་མཛད་པ་ཡིན་ཟེར། སྐབས་སུ་སྐབས་སུ་བྱོན་ནས་གདུལ་བྱ་སྐལ་བ་ཅན་རྣམས་ལ་ཆོས་བག་རེ་གསུང་བར་གདའ་ཟེར་བ་ལས། འོ་ན་དེ་བལ་པོར་བྱོན་ན་ང་ལ་སྐད་ཐེགས་པར་གྱིས་གསུངས་ཏེ་གནང་སྦྱིན་མང་པོ་གནང་། དེ་ནས་ལོ་འགའ་སོང་བ་དང་། བལ་པོ་ནས་ལན་བྱུང་། དེར་འཕགས་པ་རིན་པོ་ཆེ་ཆོས་དང་འཇིག་རྟེན་གྱི་ཐུགས་བྲེལ་གྱིས་གཡེངས་ནས་འབྱོན་མ་ཐུབ་ནས། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་ལ་གསེར་ལ་སོགས་པའི་དངོས་པོ་མང་པོ་བསྐུར་ནས་བརྫངས། དེ་ནས་ལོ་ཙཱ་བ་བོད་དུ་བྱོན་པ་དང་འཕགས་པ་རིན་པོ་ཆེས་དྲག་པོའི་སྒྲོལ་དབང་གསན་ཏེ། དེང་སང་གི་བར་དུ་མ་ནུབ་པ་འདི་ཡང་ཨ་ཙ་ར་ནུ་རུ་དང་འཕགས་པ་རིན་པོ་ཆེའི་དྲིན་ཡིན་ནོ། ༈ །ལྷ་ནག་གི་བརྒྱུད་པ་ནི། ཡ་འབྲོག་པ་གོ་རུབ་ཡང་དག་གིས་རྒྱུད་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ལ་བརྟེན་ནས་ལྷ་ཐམས་ཅད་ནག་པོར་མཛད་པ་ལས་བྱུང་བ་ཡིན་མོད་ཀྱང་། དེའི་གོང་གི་བརྒྱུད་པ་ནི། ཨ་ཙ་ར་ནུ་རུ། ལང་ལབ། སྣ་ནམ་ཚུལ་ཁྲིམས་ཤེས་རབ། ཁྱུང་པོ་འཆལ་ཆེན། འཆལ་ཆུང་། བློ་གྲོས་རྒྱལ་མཚན། གོ་རུབ་ཡང་དག །འགོས་ཡང་དག །འགོས་སྟོན་བྱང་འབར། ཁྱུང་པོ་སེང་གེ། ཁྱུང་པོ་ཁྲོ་བོ། གཉལ་སྟོན་གྲགས། སྐྱི་ཆོས་ཀྱི་སེང་གེ། རྒྱ་ཡེ་ཤེས་མགོན་པོ། དཔལ་ལྡན་རྡོ་རྗེ་རྒྱལ་མཚན། འདི་བཤད་འབུམ་རྡོ་རྗེ་དོན་གསལ་དང་། དབང་ཆོག་སྒྲུབ་སྐོར་ལ་སོགས་པ་ཡིག་སྣ་མང་དུ་མཛད། དེས་བླ་མ་ཚུལ་རྒྱལ་བ། རི་གདོང་པ་ཤེས་རབ་རྒྱལ་མཚན། སློབ་དཔོན་བསོད་ནམས་བཟང་པོ་དང་། སློབ་དཔོན་བཀྲ་ཤིས་རྒྱ་མཚོ། མཉམ་མེད་གཞོན་ནུ་དཔལ། སེམས་དཔལ་ཆེན་པོ་ནམ་མཁའི་མཚན་ཅན། བླ་མ་ཆེན་པོ་རྡོ་རྗེ་རྒྱལ་པོ། བླ་མ་རྡོ་རྗེ་སེདྒེ། དེ་ལ་བདག་གིས་ཞུས་སོ། ༈ །ཡང་གོ་རུབ་ནས་བརྒྱུད་པའི་ཕུར་པ་ལྷ་ནག་ནི། རྩེ་པ་སྒང་པ་དང། སྙེ་མདོ་པ་ལ་བབས་ཏེ་ཕྲིན་ལས་ཆེ་བར་བྱུང་ངོ་། ༈ །དེང་སང་གི་བར་དུ་བསྟན་པའི་བདག་པོ་དཔལ་ས་སྐྱ་པ་རྣམས་ཕྱག་ལེན་དུ་མཛད་པའི་ས་ཕུར་དུ་གྲགས་པ་ནི། དང་པོར་མཁོན་ཀླུ་དབང་སྲུང་བས་སློབ་དཔོན་པདྨ་དངོས་ལ་ཞུས་ནས་བསྒྲུབས་པས་གྲུབ་པ་ཐོབ་སྟེ་འདིའི་གཅུང་མཁོན་རྡོ་རྗེ་རིན་ཆེན་ནི་ཕུར་པ་ལ་བརྟེན་ནས་གྲུབ་པ་ཐོབ་ཅིང་། དེའི་སྲས་ཤེས་རབ་ཡོན་ཏན། དེ་ནས་སྲས་རིམ་བཞིན། གཙུག་གཏོར་ཤེས་རབ། དགེ་སྐྱབས། དགེ་མཐོང་། བལ་པོ། ཤཱཀྱ་བློ་གྲོས། མཁོན་རོག་ཤེས་རབ་ཚུལ་ཁྲིམས། འདིས་ནི་ལྷ་སྲིན་བྲན་དུ་འཁོར་ཞིང་། ཡི་དམ་མང་པོའི་ཞལ་གཟིགས། རྔ་ལ་ཞོན་ཏེ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རྫུ་འཕྲུལ་ཐོགས་མེད་དུ་སྟོན་ནུས་པ་ཡིན་ལ། འདི་ཡན་ཆད་དུ་ཕུར་པའི་གྲུབ་པ་ཐོབ་པ་ཤ་སྟག་བྱོན་ནོ། །མཁོན་རོག་འདིའི་གཅུང་པོ་དཀོན་མཆོག་རྒྱལ་པོ་ཡིན་ཏེ། འདིས་འགྲོ་བའི་ལུང་སྟོང་ཆེན་པོ་ཞིག་ལ་ལྟད་མོར་བྱོན་པས་སྔགས་པ་འགས། དབང་ཕྱུག་ཉེར་བརྒྱད་ཀྱི་འཆམས་བྱས་པས་ཁྲོམ་ཐོག་ཆོད། དེའི་ལོ་རྒྱུས་གཅེན་ལ་བསྙད་པས། ད་གསང་སྔགས་འཆོལ་བ་བྱ་བའི་དུས་བྱུང་བས་གྲུབ་ཐོབ་མི་འོང་། རང་རེ་ལ་ཡོད་པའི་དཔེ་ཆ་ལྷ་རྟེན་སྔགས་ཀྱི་ལག་ཆ་ཀུན་གཏེར་དུ་སྦོས། ང་ནི་རྒས། ཁྱོད་གཞོན་པ་ཡིན་པས། མང་དཀར་དུ་འབྲོག་མི་ལོ་ཙཱ་བ་ལ་གསང་སྔགས་གསར་མ་ཉོན་ཤོག་གསུངས་ནས་རྙིང་མ་ཀུན་གཏེར་དུ་སྦས། དེར་ཆོས་སྐྱོང་གི་ཆོ་འཕྲུལ་ཆེ་བས། ཕུར་པའི་མངོན་རྟོགས་སྐོར་བསྡུས་པ་གཅིག །ཡང་དག་གི་དཔེ་ཚན་གཅིག །སྲུང་མའི་གཏོར་ཆོག །སེང་ལྡེང་ཕུར་པ་དཀོར་ཆ་གཉིས། དཀར་མོ་ཉི་ཟླས་མཁོན་རོག་ལ་དངོས་སུ་བསྟན་པའི་སྒྲུབ་སྐོར་རྣམས་འདོན་དགོས་པ་བྱུང་སྟེ་གཅུང་ལ་གནང་། འདིའི་སྲས་ས་སྐྱ་པ་ཆེན་པོ་ཡིན་ལ། དེ་ནས་རྗེ་བཙུན་སྐུ་མཆེད་ས་སྐྱ་པཎྜི་ཏ་དང་། འཕགས་པ་རིན་པོ་ཆེ་ནས་རིམ་པར་བརྒྱུད་ནས་དེང་སང་གི་བར་དུ་དར་རྒྱས་ཆེ་ལ། བླ་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་བདག་གིས་ཀྱང་ལྡོང་སྟོན་གྱི་ཡིག་ཆའི་སྟེང་ནས་ས་ཕུར་གྱི་དབང་དང་། ཆོས་སྐོར་སྣ་འགའ་རེ་ཐོས་སོ། ༈ །ཡང་གསང་བའི་རྒྱུད་ཕུར་པ་ལ་བརྟེན་པ་མཐའ་དག་ནས་བཏུས་པ་ཕུན་སུམ་ཚོགས་པ་དང་། གསང་བའི་རྒྱུད་དྲུག་དང་། ཀཱི་ལ་ཡའི་ཏནྟྲ་བཅུ་གཉིས་ནས་བཏུས་པ་གཤམ་སྔོན་གྱི་སྐོར་དུ་གྲགས་པ། སྟོད་ལས་ཡང་དག་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་ཚུལ་དང་། སྨད་ལས་སྲས་མཆོག་ཕུར་པ་ལ་བརྟེན་ནས་དགྲ་བགེགས་སྒྲོལ་བའི་རིམ་པ་དང་པོར་བལ་ཡུལ་ཡང་ལེ་ཤོད་དུ་སློབ་དཔོན་རྣམས་པ་གསུམ་གྱིས་མཛད། བོད་ཡུལ་དུ་སློབ་དཔོན་པདྨས་བསྣམས་ནས་བྱོན་པ་དུས་དེར་སྤེལ་བའི་དུས་ལ་མ་བབས་ནས། བྱང་གི་བྱ་མང་མཚོའི་སའི་ཆར་གཏེར་དུ་སྦས་པ་དུས་ཕྱིས་གཏེར་སྟོན་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་གཏེར་ནས་བཏོན་ཏེ་དེང་སང་ལུང་རྒྱུན་ཡོད་ལ། ༈ པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་དེ་དར་བའི་ཚུལ་ནི་བོད་ཆོས་ཀྱིས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་གཤེགས་རྗེས། བཙུན་མོ་དམར་རྒྱན་བཟའ་མེ་ཏོག་དབང་ཆེ་ཞིང་སྤྱོད་པ་ངན་པས། སྔགས་ཀྱི་ལོ་ཙཱ་བ་ཀུན་ལ་སྡང་ཞིང་གཙེས་པ་དང་། ཀ་ཅོག་ཞང་གསུམ་དང་། བཻ་རོ་ཙ་ན་དང་། གཉགས་ལ་སོགས་པ་བསམ་ཡས་སུ་མ་བཞུགས་པར་བས་མཐའ་དང་། ཡུལ་གྱི་མཐའི་དབེན་པ་རྣམས་ན་བཞུགས་ལ། ཁྱད་པར་དུ་གཉགས་ཛྙཱ་ན་ཀུ་མཱ་ར་ཡར་འབྲོག་སྒང་དུ་བཞུགས་པའི་ཚེ། རང་གི་ཕ་སྤུན་པོ་གཉགས་དགེ་ལ་སྟོན་གྱིས་འདི་མུ་སྟེགས་ངན་སྔགས་མཁན་ཡིན་ནོ་ཞེས་ཡུལ་མི་ཀུན་ལ་སྒྲོག །བནྡྷ་ཟུང་གཅིག་བསྭེ་ཞོས་བྱུག་ནས་དམར་པོར་ཡོད་པ་དེ་གཉིས་བརྐུས་ནས། བནྡྷ་གྲི་རྩེས་འདྲུད་ཅིང་མི་རྣམས་ལ་སྟོན། འདིས་ཟོག་འདི་འདྲ་བྱེད་དོ་ཟེར་ཡ་ག་བསྒྲགས་སོ། །སློབ་དཔོན་བགྲོངས། དབེན་པ་བཤིག་པའི་གྲོས་བཤམས་པ་དང་། སློབ་དཔོན་གྱིས་དེ་དགོངས་ནས། གང་དུ་དགོངས་པ་མཛད་པའི་སར་རིན་པོ་ཆེ་གཏོར་ཞིང་བཞག་པས། མི་ཀུན་ན་རེ། སློབ་དཔོན་གང་ན་དགོངས་པ་མཛད་པའི་ཤུལ་ཀྱང་རིན་པོ་ཆེ་བྲུལ་ལོ། །ཁྱོད་ཀྱིས་དེ་མི་བདེན་ནོ་ཟེར་བ་ལ། ཁོ་ན་རེ། མི་བདེན་ན་འདི་རེད་ཟེར་ཞིང་ཡང་བནྡྷ་གྲི་རྩེས་འདྲུད་ཅིང་སྟོན་ནོ། །དེར་སློབ་དཔོན་ཡུལ་དེར་མ་ཆགས་ནས་གཡོག་པོ་གླལ་མི་འོག་བཙན་བྱ་བ་ཞིག་ཁྲིད་ནས་ཀོང་པོ་མཆིམས་ཡུལ་གྱི་གཏིང་དུ་བྱོན་པས། ལུང་སྟོང་གི་ཕུ་ན། ར་མ་བདུན་འདུག་པས། སློབ་དཔོན་གྱིས། ར་འདི་ཀུན་དེད་འགྲོ་གསུངས་པས། གཡོག་པོ་ན་རེ་འདི་ཀུན་གྱིས་ཅི་འཚལ། ར་ལ་བདག་པོ་མཆིས་བྱས་པས། སློབ་དཔོན་ན་རེ། ལུང་སྟོང་གི་ར་ལ་བདག་པོ་ག་ན་མཆིས། དེད་གསུངས་ནས་དེད་ཕྱིན་པས། ར་མཆིམས་བྱ་རོག་གི་ཡིན་པས། ཁོས་མཐོང་ནས་རྐུན་ཁག་བཙུགས། བདུན་འཇལ་འདོད་ཟེར། ར་ལ་བདུན་འཇལ་སྤྲད་ཙ་ན། མ་ཉན་པར་དབེན་པ་བཤིག །ལྕགས་ཀྱི་ཐོ་བ་ཐོགས་ནས་དེད་པས་སློབ་དཔོན་བྲོས་ཏེ་གཙུག་ལག་ཁང་དུ་ཆུད། སྒོ་བཅད་ཚར་ཙ་ན། སྒོའི་ཡ་ལྕིབས་ལ་ལྕགས་ཀྱི་ཐོ་བ་ཆེན་པོ་གཅིག་བརྒྱབ་སྟེ། བཙུན་ཆུང་གི་མགོ་ལ་ལྕགས་ཐོ་དེའུ་ཐོབ་ཟེར་རོ། །དེར་ཡང་བཞུགས་སུ་མ་ཆགས་ནས། བོད་ཡུལ་དབུས་སུ་བྱོན་པས། སློབ་དཔོན་རྟ་གཅིག་ཆིབས་ནས་མས་ནས་བྱོན་པ་དང་། འབྲོ་སྲས་ཆུང་ཤ་བ་གཅིག་དེད་ནས་ཡས་ནས་བྱུང་བ་དང་ཐུག་གིས་ཕྲད་པས། ཁོའི་རྟ་འདྲོགས། ཤ་བ་ཡང་ཤོར་བས་ཁོ་སླར་བྱུང་སྟེ། ཉམས་བན་འདིས་ང་ཡི་ཤ་བ་ཡང་ཤོར། རྟ་འདྲོགས། རྟ་བརྡབས་ཀྱང་འཚལ་ཟེར་ནས་དེད་དེ་གསོད་པར་ཆས་བ་ལ། བྲོས་པས་ཐར་ཙམ་བྱུང་། དུས་དེ་ཙ་ན་མངའ་བདག་གི་སྲས་ཆེ་བ་མུ་ནེ་བཙན་པོ་ལ། ཡུམ་དམར་རྒྱན་བཟས་དུག་བཏང་སྟེ་བགྲོངས། དེའི་འདད་ཀྱི་ཚོགས་དཔོན་ལ་སློབ་དཔོན་བི་མ་ལ་རྒྱ་ནག་ནས་སྤྱན་དྲངས་འདུག །དེར་བི་མ་ལའི་སྤྱན་སྔར་ཕྱིན་ནས་གསེར་ཕྱེ་ལོང་མོ་གང་ཕུལ། བི་མ་ལའི་ཞལ་ནས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་གསུངས་པ་ལ། ཡར་འབྲོག་སྒང་དུ་སྐྱིད་བགྱི་རུ། །དགེ་ལ་སྟོན་གྱི་མ་སྟེར་རོ། །མཆིམས་ཡུལ་གཏིང་དུ་སྐྱིད་བགྱི་རུ། །བྱ་རོག་དམྱལ་བས་མ་སྟེར་རོ། །བོད་ཡུལ་དབུས་སུ་སྐྱིད་བགྱི་རུ། །འབྲོ་སྲས་ཆུང་གིས་མ་སྟེར་རོ། །ཞེས་བརྙས་གླུ་ཕུལ་བས། བི་མ་ལས་བསྟན་པ་ནུབ་ཀྱིས་དོགས་ནས། ཕུར་པ་ཕུན་སུམ་ཚོགས་པ་དང་། གཤམ་སྔོན་མ་བུ་གཉིས་ཐུགས་ནས་ཕྱུང་སྟེ་གནང་། ལྷོ་བྲག་མཁར་ཆུ་སྣའི་བྲག་ཕུག་ཏུ་སེང་ལྡེང་ཕུར་པ་ཉི་ཤུ་རྩ་གཅིག་ལ་བརྟེན་ཏེ་བི་མ་ལ་དང་། གཉགས་ལོ་ཙཱ་བ་གཉིས་ཀས་བསྒྲུབས་པས་ཕུར་བུ་འཁྲོལ་བ་ལ་སོགས་པའི་མཚན་མ་བཟང་པོ་བྱུང་ནས། དེར་གཉགས་ཀྱིས་ཐོག་མར་བྱ་རོག་ལའོ་བྱས་ནས་ཕུར་པ་བསྒྲིལ་བས། སྟོང་ཁམས་ཀྱི་བྱ་རོག་ཐམས་ཅད་འུབ་འུབ་འདུས་བྱུང་། མ་ཡིན་ཏེ་མཆིམས་བྱ་རོག་ལའོ་བྱས་པས། མཆིམས་ཡུལ་སྟེང་གི་བྱ་རོག་ཟུང་ཞིག་བྱུང་། དེར་གཉགས་ཁྲོས་ནས་བྱ་རོག་གཅིག་ལ་བཏབ་པར་བརྩམས་པ་དང་། བྱ་རོག་ཚུབ་ལིང་གིས་ཤིའོ། །དེ་ནས་བི་མ་ལས་ད་སློང་ལ་ཐོང་བྱས་བས་བསླང་མ་ཐུབ། དེར་བི་མ་ལས་བྱེ་མ་གཅིག་བཏབ་སྟེ་བསླང་སྟེ་བཏང་། ད་ཕྱིན་ཆད་དེ་ཙུག་མ་བྱེད་སྡིག་ཆེའོ་གསུང་ནས། གནས་ལུང་གི་ཆོ་ག་ཡང་དེར་གནང་ངོ་། །དེ་ནས་མཆིམས་ལྷ་ཐན་ཚོ་གཡག་དཀར་པོ་གཅིག་ཏུ་བྱས་ནས་བྱུང་བ་ལ་ཡང་ཕུར་པ་བཏབ་ནས་བསྒྲལ། མཆིམས་བྱ་རོག་ཀྱང་དེར་བསྒྲལ། བླ་སྤྱང་རབ་ལ་བཏབ་པས་རབ་བསྐམས། འབྲིང་ལ་བཏབ་པས་འབྲིང་བསྐམས། ཐ་མ་ལ་བཏབ་པས་ཐ་མ་བསྐམས། བྲན་འཁོལ་དང་། འོག་རྟ་དང་། སྒོ་ཁྱི་དང་། གནག་གི་གཉེན་མཚམས་ཡན་ཆོད་ལ་བཏབ་པས་རབས་བཅད་དེ། དམ་སྲིའམ་སྐུ་དགྲ་རྣམ་པ་གཅིག་དེར་བཏུལ་ལོ། །དམ་སྲི་རྣམ་པ་གཅིག་ནི་ཕ་སྤུན་པོ་གཉགས་དགེ་ལ་སྟོན་ལ་བཏབ་པས་སློབ་དཔོན་གཉགས་ཉིད་སྙིང་རྗེ་སྐྱེས་ཤིང་ཆོས་ཉིད་ཀྱི་ཀློང་དུ་གྱུར་པས་ཡེ་མ་ཐེབས་ཏེ། ཕུར་བུའི་མཚན་དང་ལྡན་པ་གཅིག་རྙེད་ན་ཐེབས་ཏེ་འོང་གསུངས། དེར་ཚོལ་དུ་ཕྱིན་པས་དུས་དེ་ཙམ་ན་མགར་བ་ལ་སོག་པོ་ཟེར་བས། སོག་པོ་ཆེན་པོ་གཅིག་གིས་ཤ་གཅིག་དང་ཤིང་ཁུར་གཅིག་ཁུར། ར་གཅིག་ཁྲིད་པ་དང་འཕྲད། ཁྱོད་སུ་ཡིན་བྱས་པས། བདག་གི་རུས་ནི་ཁང་ལགས། མིང་ནི་སྟག་སྤྱན་ལགས་ཟེར། ཕྱི་བཞིན་དུ་འབྲང་སྟེ་ཕྱིན་པས། ཁོ་མགར་བྱེད་དོ། །དེར་ཁབ་ནག་བརྡུངས་གཉིས་མིད་པས། ཁོ་དད་པ་སྐྱེས། ཁྱོད་ཀྱིས་ཆོས་ནུས་སམ་གསུངས་པས་བཀའ་བསྩལ་ན་རྔོ་ཐོགས་ལགས་ཟེར། ནང་པར་བནྡེ་གཞན་གཅིག་མགར་ཚང་དུ་བྱུང་བ་ལ་སྐམ་པས་ཁབ་ཙག་བརྒྱབ་པས་ཨ་ཚ་ཟེར། མདང་དགོངས་ཀྱི་བེནྡེ་དེས་ནི། ཁབ་མིད་ནས་ཀྱང་གཏོར། ཁྱོད་ཨ་ཚ་ཟེར་བ་ཅི་ཉེས་ཟེར་རྒོད་དེ། བར་དེར་ཆུང་མ་ལ་རྔན་པ་བྱིན་ནས་ཁྱོ་ལ་གྲོས་ཐོབ་ཅིག་བྱས། དེ་ནས་ཁོ་ལ་བྱའམ་བགྱིས་པས། ཆུང་མ་ལ་འདྲིའོ་ཟེར་དྲིས་པས། ཆུང་མ་ན་རེ། ཆོས་མི་བྱ་བའི་ཙུག་ག་ན་འོང་། ཆོས་ནི་དམར་སྲང་ཁྲི་ཚོས་ཀྱང་མི་ཁུགས་ཟེར། དེར་ཆོས་སྒོར་ཞུགས་པ་ལ། ཡོ་བྱད་མེད་ཟེར་བ་ལ། ཡོ་བྱད་སློབ་དཔོན་གྱིས་ཕྱུང་ནས་ཆོས་བྱིན་པས། ཁོ་དད་པ་མཆོག་ཏུ་སྐྱེས་ཏེ་རབ་ཏུ་བྱུང་། མིང་ལྷ་དཔལ་གྱི་ཡེ་ཤེས་སུ་བཏགས། འདི་ཕུར་བུའི་མཚན་ཉིད་དང་ལྡན་པ་ནི། མིག་འབུར་གྱེན་དུ་འཁྱིལ་བ། སྣ་གྲུ་གསུམ། མགོ་བོ་རྒྱ་མདུད་དུ་འདྲིལ་བ། ལྕེ་ཟླ་གམ། རོ་སྟོད་ཟུར་བརྒྱད་དུ་འདུག་པ། རོ་སྨད་ཟུར་གསུམ་དུ་ཡོད་པ། ཅི་ལ་ཡང་ཐོགས་པ་མེད་པ་གཅིག་རྙེད། དེ་དང་མཐུན་པ་འོ་བྲན་དཔལ་གྱི་གཞོན་ནུ་ལ་ཡང་འདུག་པས། སྔར་གྱི་སློབ་མ་ཡང་ཡིན་པས་གཉིས་ཀ་ཁྲིད་དེ་འོང་ངོ་། །དེ་ནས་དཔོན་སློབ་གསུམ་གྱིས་བསྒྲུབ་པ་བྱས་ནས་བསྒྲལ། སླར་ཡང་སོག་པོ་དཔལ་ཡེས་གཉགས་དགེ་ལ་སྟོན་གྱི་གམ་དུ་སོང་ནས། ཁོ་ཤི་འདུག་པའི་སྙིང་བཏོན་ནས་སློབ་དཔོན་ལ་ཕུལ་སྟེ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཞེས་ཆེད་དུ་བརྗོད་དེ་གནས་སྤར། གཉགས་ལྷ་བྱ་རྨངས་ལྕགས་ཀྱི་བྱ་ཁྲ་གཅིག་ཏུ་བྱས་ཏེ་བྱུང་བ་ཡང་བསྒྲལ། བླ་སྤྱང་རབ་འབྲིང་ཐ་མ་གསུམ་ཀ་ལ་བཏབ་སྟེ་བསྐམས། བྲན་དང་འོག་རྟ་སྒོ་ཁྱི་གནག་གི་གཉེན་མཚམས་ཚུན་ཆད་བསྒྲལ་ཏེ། དམ་སྲིད་རྣམ་པ་གཅིག་དེར་བཏུལ་ལོ། །དེ་ནས་འབྲོ་སྲས་ཆུང་ནེའུ་ཐང་ན་རྟ་ཁྱུ་འཚོ་བ་ལས། རྣམ་ཤེས་ལིདྒ་ལ་བཀུག་ནས་ཕུར་པ་བཏབ་སྟེ་བསྒྲལ། འབྲོའི་ལྷ་སྤྱང་ཀི་སྔོན་པོ་གཅིག་ཏུ་བྱས་ཏེ་བྱུང་བ་ཡང་བསྒྲལ། བླ་སྤྱང་རབ་འབྲིང་ཐ་མ་གསུམ་ལ་བཏབ་པས་བསྐམས། བྲན་དང་འོག་རྟ་སྒོ་ཁྱི་གནག་གི་གཉེན་མཚམས་ཡན་ཆད་ལ་བཏབ་ནས་བསྒྲལ་ཏེ། དམ་སྲི་རྣམ་པ་གཅིག་དེར་བཏུལ་ལོ། །ཚུལ་འདི་ལ་ལོ་རྒྱུས་ལ་ལར། གཉགས་ཛྙཱ་ན་ཀུ་མཱ་ར་ལ་དགྲ་རྣམ་གསུམ་ལངས་པའི་དུས་སུ། འོ་བྲན་དཔལ་གྱི་གཞོན་ནུས་དཀོར་ནོར་དང་ཞིང་ཡུལ་ལ་སོགས་པ་ཕུལ། བརྟུལ་ཞུགས་དང་དཔལ་རྩལ་གྱིས་སློབ་དཔོན་གྱི་ཐུགས་བཟུང་། ཡབ་མཆེད་པོ་གཉགས་དགེ་ལ་སྟོན་དང་གཉགས་འཕགས་པ་སྨྱུག་ཞུ་ཅན་གཉིས་ཀྱིས། གཅེན་གཤེས་གཉེན་ལྷ་མཚོ་བཙོན་དུ་བཟུང་ནས། བཙོན་བསྲུང་མི་གཉིས་བཞག་པ་ལ། འོ་བྲན་གྱིས་བརྐུས་ནས་སློབ་དཔོན་ལ་ཕུལ་བས་མཉེས་ཏེ་ཕུར་པ་ཕུན་སུམ་ཚོགས་པ་དང་། གཤམ་སྔོན་ཅན་གཉིས་གནང་བ་ཡིན་ཟེར། ཡིན་པ་སྲིད་མོད། ལོ་རྒྱུས་འཐད་ལྡན་ལྟར་ན། བཙོན་དུ་བཟུང་བ་ནི་ཡུལ་ཉེ་འཁོར་གྱི་མདའ་དམར་ཞེས་པར། དམར་དང་ཕ་སྤུན་མི་ཤ་ཆགས་པ་ལ། ཆོས་རྒྱལ་བཞུགས་པས་གཉགས་ལ་རྩོད་མ་ནུས་པ་ལས་ཕྱིས་བཙུན་མོས་སྲས་དང་ལོ་ཙཱ་བ་རྣམས་དབུ་འཕང་སྨད་དུས། གཉགས་ཛྙཱ་ན་ཀུ་མཱ་ར་ཉིད་བཙོན་དུ་བཟུང་བ། སོག་པོ་དཔལ་ཡེས་སྲོག་ལ་མ་བལྟས་པས་བརྩོན་བསྲུང་མི་གཉིས་བཀུམ་ནས་སློབ་དཔོན་བརྩོན་ནས་བཏོན་པ་ཡིན་པས། གཅེན་ལྷ་མཚོ་བཙོན་དུ་བཅུག་པ་དང་། འདོན་པ་པོའོ་བྲན་དཔལ་གྱི་གཞོན་ནུ་ཡིན་ཞེས་པ་ནོར་བ་ཡིན་ལ། ཕུར་པ་ཕུན་སུམ་ཚོགས་པ་གཤམ་སྔོན་དང་བཅས་པའི་ཆོས་སྐོར་ཀྱང་འོ་བྲན་ཁོ་ན་ལ་ཡོད་པ་ལས། གཞན་ལ་མ་གྲགས་པ་མ་ཡིན་ཏེ། གཉགས་ལ་དཔལ་གྱི་སློབ་མ་བརྒྱད་བྱུང་བའི་བརྒྱད་ཀ་ལ་ཡོད་པར་ཕུར་པའི་ལོ་རྒྱུས་ཀྱི་ཡི་གེ་རྙིང་པ་དག་ན་གསལ་ལོ། །དཔལ་གྱི་སློབ་མ་བརྒྱད་ནི། གཉན་ཨཱ་ཙརྻ་དཔལ་དབྱངས། འབྲོག་མི་དཔལ་གྱི་ཡེ་ཤེས། མཁར་ཆེན་དཔལ་གྱི་དབང་ཕྱུག །ཐག་བཟང་དཔལ་གྱི་རྡོ་རྗེ། གྲ་དཔལ་གྱི་སྙིང་པོ། ཟླ་ལྕོག་དཔལ་གྱི་སེང་གེ། དར་རྗེ་དཔལ་གྱི་གྲགས་པ། ལྷ་ལུང་དཔལ་གྱི་རྡོ་རྗེ་རྣམས་ཡིན་ནོ། །འདི་རྣམས་ལས་ཁམས་དང་། ལྷོ་བྲག །མངའ་རིས་སུ་མཆེད་པ་གྲངས་ལས་འདས་པ་བྱུང་བར་བཤད། དེ་ཚོའི་ནང་ནས་འབྲོག་མི་རལ་པ་ཅན་གྱིས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་རྟེན་དགེ་སློང་ལ་བརྒྱུད་པས་ཕྲིན་ལས་ཆེ་བར་གྲགས་ཤིང་། འདི་དག་ནི་སློབ་བརྒྱུད་ཤས་ཆེའོ། །གདུང་བརྒྱུད་ཀྱིས་དར་རྒྱས་བྱུང་བ་ཡང་མང་ངོ་། །དེ་དག་ཏུ་མ་འདུས་པའི་མཆོག་གི་སློབ་མ་ནི། འོ་བྲན་དང་། སོག་པོ་དཔལ་ཡེ་དང་། གཉགས་ཀྱི་དབོན་བརྒྱུད་རྣམས་ཡིན་ཏེ་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ་བྱུང་ཞིང་། ཁྱད་པར་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་ནོ། །དེ་དག་ལས་ལུང་རྒྱུན་དབང་དང་འབྲེལ་བ་མ་ཆད་ཙམ་བདག་གིས་རྙེད་པ་ནི། འོ་བྲན་དཔལ་གྱི་གཞོན་ནུ་སྐུ་འདས་ནས་ཟླ་བ་ལྔ་དྲུག་ནས། སྲས་འོ་བྲན་པད་འབྱུང་འཁྲུངས། སྐུ་ནར་སོན་པ་ན། ཡབ་མེས་ཀྱི་ཕྱག་དཔེ་རྣམས་གཟིགས་པས་དད་དེ། ལུང་རྒྱུན་རྩད་བཅད་པས་རིང་མོ་ཞིག་ལོན་པ་ན། གྱེ་རེ་གཉན་རྩེའི་རི་ཁྲོད་ན་གནུབས་སྟོན་པདྨ་དབང་རྒྱལ་ལ་བཞུགས་ཟེར། དེ་མ་ཐག་བྱོན་ནས། གསེར་སྲང་བཅོ་བརྒྱད་ཀྱིས་སྣ་དྲངས་པའི་འབུལ་བ་མང་པོ་བྱས་ནས་ལོ་གཉིས་ལ་རྫོགས་པར་ཞུས། ཆིག་བརྒྱུད་བཀའ་རྒྱ་དང་། གསེར་གྱི་འབུལ་བ་མེད་པར་མི་སྟེར་བས། འོ་བྲན་གྱི་ཕུར་པ་གསེར་མགོ་ཅན་དུ་གྲགས་ཤིང་། གཞན་ཡང་གཤིན་རྗེའི་གཤེད་མཐེབ་རྒྱ་ཅན་གྱི་སྐོར་དང་། མདོ་སྒྱུ་སེམས་གསུམ་ལ་སོགས་པ་གནུབས་པ་ལས་བརྒྱུད་པར་འདོད་དོ། །དེ་ནས་སྲས་བློ་གྲོས་དབང་ཕྱུག་གིས་རང་གི་ཡབ་འོ་བྲན་པད་འབྱུང་ལ་ཡང་གསན། ཆོས་འཕྲོ་ཅུང་ཟད་མ་རྫོགས་པ་ལ་ཡབ་གཤེགས་པས་གནུབས་ཀྱི་སློབ་མ་གཉགས་པད་འབྱུང་གི་སྲས། གཉགས་པདྨ་རྒྱལ་པོ་ལ་རྫོགས་པར་གསན་ཏེ་བརྒྱུད་པ་གཉིས་ལྡན་དུ་བྱེད་དོ། །དེ་ནས་སྤྲུལ་སྐུ་རི་རབ་དམ་པའི་བར་དུ་འོ་བྲན་གྱི་གདུང་བརྒྱུད་རྣམས་ལ་བརྒྱུད་ཅིང་། རི་རབ་དམ་པས་རིན་པོ་ཆེ་དོན་གྲུབ་དཔལ་འབྱོར་བ་ལ་གནང་། དེ་ནས་རིམ་པར་བརྒྱུད་དེ། ཡོངས་འཛིན་དམ་པ་རྡོ་རྗེ་སེང་གེས་བདག་ལ་ཕུར་པ་ཕུན་སུམ་ཚོགས་པ་གཤམ་སྔོན་དང་བཅས་པ་ཐུགས་བརྩེ་བས་གནང་ངོ་། ༈ །དེ་ནས་ཕུར་པ་གཞན་ལ་མ་གྲགས་པ་ཇོ་བོ་ལང་ལབ་ཀྱི་ཁྱད་ཆོས་ཇི་ལྟར་བྱུང་བ་ནི། ལང་ལབ་ཀྱི་བླ་མ་ངམ་འབྲེ་ས་ལེ་ཡན་ཆད་ནི་གོང་དུ་བསྟན་ཟིན་ལ། ཇོ་བོ་ལང་ལབ་ནི་སྐུ་གཞོན་ནུ་ནས་ཕ་མ་གྲོངས། ཕ་སྤུན་རྣམས་ཀྱིས་ཕ་མའི་ཁ་ཆེམས་ལ་མ་ཉན་ཏེ། ལང་ལབ་མ་བུ་ལ་ཁང་པ་སྨིག་གུ་གང་དང་ཞིང་ཆུང་གཅིག་ལས་མ་བྱིན་པས། ངམ་འབྲེ་ས་ལེའི་ཐུགས་ཀྱིས་མ་བཟོད་དེ། ཁྱད་པར་འཕགས་པ་ཕུར་པའི་གདམས་པ་འདི་གནང་སྟེ། ལང་ལབ་ཀྱིས་སྒྲུབ་པ་བྱས་ཏེ་དགྲ་ཐམས་ཅད་ཚར་བཅད། སྙན་གྲགས་ཀྱི་ཕྱོགས་ཀུན་ཏུ་ཁྱབ་ཀྱང་སྦྱིན་འབྲས་ཆུང་བས་ཕོངས་ཏེ། འཁོར་རེ་ན་ལུག་རྫི་བྱེད་ཅིང་ཡོད་ཙ་ན། དེ་དུས་དགེ་བཤེས་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་སྐུ་བསོད་དང་། མཐུ་ཆེ་བས་བོད་ཀྱི་མི་ཆེ་དགུ་དང་། བླ་མ་སློབ་དཔོན་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་ཕྱག་དང་ཞེ་ས་བཀུར་སྟི་འབུལ་དགོས་པ་ཡིན་ལ། གལ་ཏེ་མ་བྱས་ན་གཤིན་རྗེའི་གཤེད་ཀྱི་ཏིང་ངེ་འཛིན་གྱིས་སྐད་ཅིག་ལ་སྒྲོལ་བ་ཡིན་ཏེ། ཁོང་ལ་ཞེ་ས་མ་བྱས་པས་མར་པའི་སྲས་དར་མ་མདོ་སྡེ་ལ་སོགས་པ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་བསྒྲལ། གཉན་ལོ་ཙཱ་བ་དར་མ་གྲགས་ལ་སོགས་པར་རང་མཉམ་གྱི་ལོ་ཙཱ་བ་བཅུ་གསུམ་ལ་སོགས་པ་མང་པོ་བསྒྲལ་བ་ཡིན་ཅིང་། ཁོང་དེ་ཙ་ན་གྲྭ་པ་ཁྲི་ཚོས་བསྐོར་ཏེ་འཁོར་རེ་རུ་ཆོས་འཁོར་ལ་བྱོན། འཁོར་རེ་བཙད་པོ་ལ་སོགས་པས་ཆོས་གཞིས་ཟླ་བ་བཞི་བཏེགས། དེ་དུས་རྭ་ལོ་ཙཱ་བ་ལ་ལང་ལབ་ཀྱི་ཕྱག་མ་བཙལ་བ་ལ། མི་བླུན་པ་གཅིག་ཡིན་འོང་དགོངས་པ་ལས། སླར་མི་རྣམས་ཀྱིས་ཁོང་སྐུ་མཐུ་ཆེ་ཞིང་ཕུར་པ་ལ་མཁས་པ་ཡིན་ཀྱང་། སྐུ་བསོད་ཆུང་བས་ད་ལྟ་གཞན་གྱི་ལུག་རྫི་བྱེད་དགོས་པ་ལགས་བྱས་པས། འོ་ན་ཁོ་ང་རྒྱལ་གྱིས་ཁོང་སྦོས་ནས་ང་ལ་ཕྱག་མི་བྱེད་པ་ཡིན་འོང་སྟེ། ཁོ་ལ་དོ་ནུབ་ཀྱི་ཚེ་ལས་མེད་ཀྱི་སྒུར་སྡོད་ཅིག་གསུངས། ཆོས་ཐུན་གྲོལ་བ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་གསོད་པའི་སྦྱོར་བ་བཞིའི་བཅའ་གཞི་མཛད་དེ། ཁྱད་པར་སྦྱིན་སྲེག་གི་སྐབས་སུ་རྭ་ལོ་ཙཱ་བ་ཉིད་རྡོ་རྗེ་འཇིགས་བྱེད་དངོས་ཀྱི་སྐུར་གྱུར་ནས། ལིདྒ་ལ་ལང་ལབ་དགུག་གཞུག་གི་བདེན་བརྡར་ལན་གསུམ་བྱས་ཏེ། དུས་དེར་ལང་ལབ་ནི་ལུག་འཚོ་བ་ཉིད་ལས་གཞན་ཅི་ཡང་མི་བྱེད་མོད་ཀྱི། དགུག་འདྲེན་དང་པོའི་དུས་དེར་དཀྱིལ་འཁོར་གྱི་མཐའ་བསྐོར་ན་གནས་པའི་རྩང་ཕུར་རྣམས་ཕྱུང་སྟེ། ཆར་དུ་བབས་ནས་ཐོ་ཕྱིའི་གྲྭ་པ་རྣམས་སྨས། བར་པ་ལ་ཟ་གསོད་དང་ཁྲོ་བོ་བཅུའི་ལྕགས་ཕུར་གྱི་ཆར་བབས་ནས་འཁོར་རྣམས་ཁྱིམ་ཀྱི་ཕུག་ཏུ་འབྲོས་དགོས་པ་བྱུང་། ཐ་མའི་ཚེ་ནམ་མཁའི་ཁམས་མེ་དཔུང་དང་འུར་སྒྲས་གང་སྟེ། དེར་སྟེང་དུ་བལྟས་པ་ན། རྡོ་རྗེ་གཞོན་ནུ་རི་དིལ་ཆད་པ་ཙམ་ལྕགས་བསྲེགས་ལས་གྲུབ་པ། སྟོད་ཁྲོ་བོ་སྨད་ཕུར་པ། ཐུགས་ཀ་ན་ཕུར་པ་དྲག་ཏུ་བསྒྲིལ་ཞིང་། ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ་གཅིག་རྭ་ལོ་ཙཱ་བའི་ཐོག་ཏུ་འབབ་ལ་ཁད། ཟ་ཟ་རྔམ་རྔམ་འཆའ་འཆའ་ལྟར་དུ་འདུག་པས་རབ་ཏུ་སྐྲག་སྟེ། དེ་ཉིད་དུ་བཟོད་པར་གསོལ། ལང་ལབ་ལ་གུས་འདུད་བྱེད་པར་དམ་བཅས་པ་དང་། ཆོ་འཕྲུལ་རྣམས་ཡལ་སོང་ངོ་། །དེ་ནས་དེའི་ནུབ་ལང་ལབ་སྤྱན་དྲངས་ཏེ། ཕྱག་དང་ཞེ་ས་བསྙེན་བཀུར་བ་དང་། བརྒྱ་འབུལ་བཟང་པོ་མཛད་དོ། །དུས་དེར་མི་རྣམས་ན་རེ། གཤིན་རྗེ་མཁན་པོ་ཕུར་པ་ལ་རྡུགས། ཞེས་པའི་གཏམ་ཡང་རྒྱ་ཆེར་གྲགས་སྐད། དེ་ལྟ་བུའི་སློབ་དཔོན་ལང་ལབ་འདི་བས་ལྷག་པའི་ཕུར་པའི་གྲུབ་ཐོབ་ནི་བོད་ཡུལ་འདིར་སུ་ཡང་མ་བྱུང་ལ། སློབ་མ་ཡང་ཁ་ཡར་བྱུང་ཞིང་། མཆོག་ཏུ་གྱུར་པ་ནི་བཞི་ཡིན་ཏེ། འཁོར་རེ་བརྒྱལ་ཐང་གི་སྣ་ནམ་ཤེས་རབ་ཚུལ་ཁྲིམས། བོད་རྒུའི་ཀྱི་ནག་གྱང་འགྱེལ། རོང་གི་སྤྲངས་ཕུར་བུ་མགོ། འོ་ཡུག་རོལ་པོའི་ཉང་ནག་དབང་གི་ཤེས་རབ་དང་བཞིའོ། །ཉང་ནག་གིས་བཀའ་བརྐུས། དབང་དང་གདམས་ངག་མེད་ཟེར་བ་ཡང་ཆགས་སྡང་གི་གཏམ་ཡིན་གྱི། ལོ་རྒྱུས་འོག་ཏུ་འཆད་དོ། །དེ་ལྟར་བྱིན་རླབས་དང་ཆོ་འཕྲུལ་ཕུན་སུམ་ཚོགས་པ་ཕུར་པའི་ཆོས་འདི་ལ་དང་པོ་ཉིད་ནས། བདག་ཅག་གི་བླ་མའི་བར་དུ་བྱིན་རླབས་ཀྱི་རྟགས་མཚན་ཟམ་མ་ཆད་པར་བྱུང་བ་ཡིན་ཏེ། དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དུ་ཙནྡན་གྱི་ནགས་ཚལ་ལ་མེ་ཤོར་ཏེ། ཞག་མང་པོར་མེ་མ་ཤི་ནས་ནགས་ཚལ་ཀུན་ཟད་དུ་ཉེ། སེམས་ཅན་མང་པོ་ཤི་ཞིང་ལ་ལ་ཤི་ལ་ཁད་པ་ལ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་གཅིག་བཏབ་པས། མེ་ཤི་སྟེ་ནགས་ཚལ་སྔར་ལས་ཕུན་སུམ་ཚོགས་པ་སྐྱེས། སེམས་ཅན་ཤི་བ་དང་ཤི་ལ་ཁད་པ་རྣམས་གསོས། ཙནྡན་ནགས་ལ་ཐེབས་ཟེར་ཡང་། འབྱུང་བ་མེ་ལ་ཐེབས་པ་ཡིན། སློབ་དཔོན་འདིའི་དབེན་ས་ནི་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག །སློབ་དཔོན་གྱི་གསང་མཚན་ནི་བདེ་བའི་མྱུ་གུའོ། །སློབ་དཔོན་བི་མ་ལ་མི་ཏྲས་ཆུ་བོ་གདྒཱ་ལ་ཐེབས་ཏེ། སློབ་དཔོན་གྱིས་ཆུ་བོ་གངྒའི་འགྲམ་དུ་སྒྲུབ་པ་མཛད་པས་དེའི་སྔགས་ཀྱི་ཟེར་ཕྱོགས་དེའི་ཀླུ་ཆེན་པོ་གཅིག་གིས་མ་བཟོད་ནས་ཕྱིའི་རྒྱ་མཚོ་ཆེན་པོ་གནམ་དུ་བཅོལ། སློབ་དཔོན་ལ་སྐྱིན་ཐང་དྲག་པོ་ཕབ། ཆུ་བོ་གདྒཱ་ལུད་དེ་ལུང་པར་མི་ཤོང་བར་བྱས་བྱུང་བ་ལས། སློབ་དཔོན་གྱིས་ཕུར་པ་སོར་བརྒྱད་པ་གཅིག་བཏབ་པས། གདྒཱ་ཡར་མར་དུ་ཆད་དེ་བར་དུ་ལམ་དོད་དེ་ཕྱིན་ཆོག་པ་བྱུང་། འདི་ནི་གདྒཱ་ལ་བཏབ་ཟེར་ཡང་། ཆུ་ལ་མ་ཡིན་ཏེ། ཀླུ་ལ་ཐེབས་པའོ། །བལ་བོ་ཤཱི་ལ་མཉྫུས་མཎྜ་ལའི་མཁར་གོང་ལ་ཐེབས་ཏེ། མཎྜ་ལའི་མཁར་གོང་ལ་བྲག་སྲིན་མོ་གདུག་པ་ཅན་ཅིག་གནས་པ་དེས་སློབ་དཔོན་གྱི་དགོངས་པ་ལ་བར་ཆོད་བརྩམས་པ་དང་། ཕུར་པ་བསྒྲིལ་བས་མཎྜ་ལའི་མཁར་གོང་གི་བྲག་ནས་ཙམ་སྲན་ཙམ་དུ་ཉིལ་ལོ། །འདི་ནི་བྲག་མཁར་གོང་ལ་ཐེབས་ཟེར་ཏེ། བྲག་སྲིན་མོ་ལ་ཐེབས་པའོ། །ལོ་རྒྱུས་གཞན་དག་ན་ནི། རྒྱ་གར་དུ་ཕྱི་ནང་གཉིས་མ་འཆམ་པ་ན་རྒྱལ་པོས། ཞག་གསུམ་ན་རྩོད་པ་གྱིས་ཤིག །སུ་རྒྱལ་བ་དང་རྫུ་འཕྲུལ་སུ་ཆེ་བ་དེའི་ཞབས་ནས་འདེགས་སོ་ཟེར། དེར་རྩོད་པའི་དུས་སུ་སློབ་དཔོན་གྱིས། བརྗོད་རྒྱུ་ཐམས་ཅད་ཐ་སྙད་མཐའ་ལ་གནས། །དོན་མ་མཐོང་བར་གྲོལ་བར་ག་ལ་འགྱུར། །མུ་སྟེགས་འཆལ་བའི་གཏམ་གྱིས་ཅི་ཞིག་བྱ། །ཆོས་ཀྱི་རྒྱལ་མཚན་ཆེན་པོ་འཛུགས་པར་བྱ། །ཞེས་གསུངས་ནས་ཕུར་པ་བསྒྲིལ་བས། མཎྜ་ལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་གཅིག་གི་རྒྱབ་ན་མཁར་གོང་གི་བྲག་ཆེན་པོ་གཅིག་ཡོད་པ་ལས། བྲག་དེ་ཉིལ་ཏེ་མུ་སྟེགས་ཀྱི་གྲོང་ཁྱེར་ཐམས་ཅད་བཅོམ། མུ་སྟེགས་རྣམས་ལ་ལ་ཁྲག་སྐྱུགས་ཏེ་ཤི། ལ་ལ་ལྕེ་གས། ལ་ལ་མིག་འབྲས་བྲུལ་ནས་ཐམས་ཅད་ཚར་བཅད་དེ། ནང་པ་སངས་རྒྱས་པའི་བསྟན་པ་དར་བར་བྱས་སོ། །མཁས་གང་མཐུ་ཡིས་བཅད་ཅེས་གྲགས། །ཞེས་འབྱུང་ངོ་། །བོད་ཡུལ་དུ་བྱུང་བ་ནི། ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་དབེན་པའོ་ཡུག་མཁར་བ་སྣ་རུ་མཛད་པའི་དུས་སུ། བྱང་ཕྱོགས་ཀྱི་བྱེ་མ་སྤྱང་ཀི་འདྲ་བ་ལ་ཐེབས། དེ་ཡང་བྱང་ཕྱོགས་ནས་ཡར་ལྡོང་སྟོང་གི་ཚོང་པ་མང་པོ་ཡོང་བ་ལས། ཚོང་དཔོན་ནམ་ཚོང་ལྷ་རྒྱལ་པོ་ཤེལ་གིང་གིས་བྱེད་བ་ལས། རྒྱལ་པོ་ཁྲོས་ཏེ། བྱང་སྤྱང་བཅུ་བཞིས་རྟ་བོང་རྣམས་ཉལ་གསོད། ཐ་མ་མི་ལ་ཟ་རུ་བྱུང་བ་ལས་ཚོང་པས་ལྷ་འདྲེའི་རྫུར་ཡིན་པར་ཤེས་ཏེ། ཡུལ་ན་བྱིན་རླབས་ཆེ་བ་སུ་ཡོད་དྲིས་པས། མཁར་བ་སྣ་ན་ཇོ་མོ་བཞུགས་ཟེར་ཏེ། དེར་ཇོ་མོའི་དྲུང་དུ་ཕྱིན་ནས་ཞུས་པས། ཇོ་མོས་དེ་རྣམས་བསྟན་པ་མཆོད་པའི་སྦྱིན་བདག་ཡིན་པར་མཁྱེན་ནས། སྤྱང་ཀི་རྣམས་ཀྱི་རྗེས་ས་ཁྱེར་ཤོག་གསུངས་པས། བྱེ་མ་ལ་རྗེས་ས་འདུག་པ་བླངས་ཏེ་ཕུལ་བས། ཇོ་མོས་རྗེས་ས་དང་། བག་ཕྱེ་ལ་གཟུགས་བཅུ་བཞི་བྱས་ནས་ཕུར་པ་བཏབ་པས། སྤྱང་ཀི་བཅུ་བཞི་པོ་དངོས་སུ་མཁར་བ་སྣའི་གཉའ་ན་མར་ལ་ཧྲིལ་ལི་ལི་འགྲིལ་ནས་ལྷུང་བྱུང་། སྤྱང་ཀི་ལ་ཐེབས་ཟེར་ཡང་། རྒྱལ་པོ་ཤེལ་གིང་ལ་ཐེབས་སོ། །ཇོ་མོའི་གསང་མཚན་ནི། བེའུ་ཤཱནྟིང་རྩལ་ཞེས་སོ། །འདིའི་སློབ་མ་མི་ནུབ་རྒྱལ་བའི་སྙིང་པོ་ཡིན་ཏེ། འདིས་ཇོ་མོ་ལ་དཀོར་ནོར་སྣ་རེ་ལ། ནོར་སྣ་ཁྲི་ཚོ་རེ་རི་བ་བདུན་ཕུལ། དར་གྱི་དགེ་ཚོའི་སྟེང་ནས་ཇོ་མོས་བཤད། མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་གླེགས་བམ་དུ་བྱས། དབེན་ས་གར་ཞ་མཁའ་འགྲོའི་གླིང་། འུ་ཤའི་རོང་། གསང་མཚན་མེ་དཔུང་རྩལ། བྱ་རོག་ལ་ཐེབས་ཏེ། དེ་ཡང་ཕྲེང་བ་ན་བཟའི་ཁར་བཞག་སྟེ་དབུ་སྐྲ་བསིལ་བས། བྱ་རོག་གིས་ཕྲེང་བ་ཁྱེར་བ་ལ་བརྟགས་པས་བྱ་རོག་བདུད་ནག་པོ་བཀྲག་མེད་ཀྱི་སྤྲུལ་པས་བར་ཆོད་བྱེད་པར་མཁྱེན་ནས། བྱ་རོག་གི་གྲིབ་མ་ལ་ཕུར་པ་བཏབ་པས། བྱ་རོག་ས་ལ་ལྷུང་ནས་ཤིའོ། །བྱ་རོག་ལ་ཐེབས་ཟེར་ཡང་། བདུད་ལ་ཐེབས་པའོ། །དེའི་སློབ་མ་ལོ་དཔལ་གྱི་བློ་གྲོས་ཡིན་ཏེ། དབེན་ས་སྤ་གྲོ་སྟག་ཚང་སེདྒེ་ཕུག །གསང་མཚན་རྡོ་རྗེ་གྲགས་པ་རྩལ། མོན་དམག་ལ་ཐེབས། དེ་ཡང་སློབ་དཔོན་མོན་ན་བཞུགས་དུས་དམག་གིས་དགོན་པ་བཤིག །ནོར་རྫས་ཁྱེར། དེ་ནས་དགོངས་རྒྱུད་རྩ་འགྲེལ་ཚོ་བསྣམས་ཏེ་སྤ་གྲོ་སྟག་ཚང་དུ་བྱོན། བསྙེན་པ་བྱས་པས་རྡོ་རྗེ་གཞོན་ནུ་ཞལ་གཟིགས། ལྷོའི་རྦའི་ཁྱིམ་ལ་དམིགས་ཕུར་བ་བཏབ་པས། དངོས་སུ་རྦའི་ཁྱིམ་ལ་ཕུར་པ་གཅུར་གཅུར་བྱུང་ནས་མོན་པ་རྣམས་ཀྱི་སྙིང་ལ་ཕུར་པ་རེ་ཐར་ཐར་ཟུག་ནས་ཀུན་བསྒྲལ་ལོ། །ལྷོའི་རྦ་ཁྱིམ་ལ་ཐེབས་ཟེར་ཡང་། མོན་པ་ལ་ཐེབས་སོ། །དེའི་སློབ་མ་ངམ་འབྲེ་ཀླུའི་རྒྱལ་མཚན། དབེན་ས་ཉང་སྟོད་སྲིན་མོ་རིའི་ཅོ་ཏོ། གསང་མཚན་བདུད་འདུལ་གྲགས་པ་རྩལ། དགྲ་ལ་བཏབ་པས་བགེགས་ལ་ཐེབས། ཡང་སློབ་དཔོན་འདིས་ཕུར་པ་གྲུབ་པས་དགྲ་བགེགས་གཉིས་ལ་ངང་ངམ་ཤུགས་ཀྱི་ཐེབས། ཉོན་མོངས་དུག་ལྔ་ལ་ཐེབས་ཏེ་ལྟ་སྒོམ་ཕུལ་དུ་ཕྱིན། བར་ཆོད་དགྲ་བགེགས་ཐམས་ཅད་བསྒྲལ་ནས་དགུང་ལོ་དགུ་བཅུ་རྩ་དགུ་ལ་སྐུ་འདས་ཏེ། པུར་སྦྱངས་པས་གདུང་རུས་ཅི་ཡང་མ་བྱུང་སྟེ། རྡོ་རྗེ་གཞོན་ནུའི་སྐུ་ཞལ་གསུམ་ཕྱག་དྲུག་པ་མཁྱུད་གང་བ་གཅིག་དང་། ཀཱི་ལ་ཡ་འབུར་དོད་ཅིག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པའི་རྟགས་སུ་བྱུང་ངོ་། །དེའི་སྲས་ངམ་འབྲེ་ས་ལེ་ཤེས་རབ་དབང་ཕྱུག་སྟེ། འདིས་བླ་མ་ལ་འབུལ་བ་ཆེན་པོ་བྱས་ཏེ། རྨ་གཙང་གི་གཙང་འགྲམ་དུ་ཞུས། དབེན་ས་གོང་མ་དང་གཅིག་ལ། གསང་མཚན་བགེགས་རིགས་འཇོམས་པ་རྩལ། དེས་བགེགས་ལ་བཏབ། དེ་ཡང་སྲིན་མོ་རིལ་སྒྲུབ་པ་ལ་བཞུགས་དུས། ནུབ་གཅིག་འོད་ཆེན་པོ་ཅིག་བྱུང་། འོད་དེ་ལ་ཕུར་པ་བཏབ་པས། ཐོ་རང་མི་དཀར་པོ་གཅིག་བྱུང་བ་ན་རེ། སློབ་དཔོན་གྱི་བཀའ་འཁོར་ལ་ངས་གནོད་པ་མི་བྱེད་ཀྱི། ངའི་ཕུར་པ་ཐོན་ཟེར། དེར་ཁོ་ལ་མནའ་བསྒག་ནས་ཕུར་པ་བཏོན་ནོ། །འོད་ལ་ཐེབས་ཟེར་ཡང་། རྒྱལ་པོ་ལ་ཐེབས་སོ། །བླ་མ་འདི་ནམ་མཁའ་ལ་འགྲོ་བ་དང་། ཆུ་ལ་མི་བྱིང་བ་ལ་སོགས་པ་དངོས་གྲུབ་དུ་མ་ལ་དབང་འབྱོར་བ་ཡིན་ནོ། །འདིའི་སློབ་མ་ལང་ལབ་བྱང་ཆུབ་རྡོ་རྗེ་ཡིན་ཏེ། རྨ་ཆུ་རབ་ཀྱི་ཕ་རོལ་སྐྱི་ཆུ་རབ་ཀྱི་ཚུ་རོལ་བྱེ་མ་ཡུག་མོར་ཞུས། ཕྱིས་གསེར་སྲང་བརྒྱད་ལས་བྱས་པའི་འཇམ་དཔལ་གྱི་སྐུ་གཅིག་ཕུལ། དེས་སྣ་དྲངས་ཏེ་ནོར་སྣ་བདུན་ཕུལ། ལང་ལབ་ཀྱི་དབེན་ས་འཁོར་རེའི་རྡོ་རྗེ་རྩེ་འདུས། གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ། འདིས་སྤྱིར་དགྲ་བགེགས་ཀུན་ལ་ཐེབས། ཁྱད་པར་རྐུན་མ་ལ་ཐེབས་ཏེ། ལང་ལབ་ཀྱི་ནོར་རྐུ་ལ་ཤོར་བ་ལས། རྐུ་མའི་རྗེས་ལ་ཕུར་པ་བཏབ་པས། འབྲི་གྲགས་པོ་བྱ་བ་ཞག་གསུམ་ན་ཤི་སྟེ། ཤུལ་མི་རྣམས་ཀྱིས་ནོར་བསྐྱལ་ལོ། །སློབ་དཔོན་འདིའི་སྒྲུབ་པ་མཛད་པ་ལ་ཕུར་པ་རྣམས་འཕར་བ་དང་། མཆོང་བ་དང་། མེ་དང་། དུ་བ་ལ་སོགས་པ་བྱུང་། ལྕགས་ཕུར་ཅིག་བྲག་གི་ངོས་ལ་བཏབ་པ་ལ་ཕྱུགས་རྫི་དང་ཤིང་འཐུ་བ་དག་གི་ལག་པ་འཇུས་ཏེ་སྤྱན་དྲངས་ལ་དབྱུག་པ་སོགས་རྩེད་མོ་བྱེད་པ་བྱུང་ངོ་། །འདི་ཡན་ཆོད་དུ་ཕུར་པ་ཆིག་བརྒྱུད་ཡིན་ནོ། །འདི་ལས་གོང་དུ་བསྟན་པ་དར་བའི་སློབ་མ་མང་དུ་བྱུང་ལ། སློབ་མའི་མཆོག་བཞི་ལས། སྣ་ནམ་ཚུལ་གྱིས་ཐུགས་ཟིན་པས། ཕྲིན་ལས་དང་ལག་ལེན་མན་ངག་ཏུ་དྲིལ་ནས་གནང་། རྒྱུད་འགྲེལ་ཆེ་བ་རྣམས་མ་གནང་ལ། རྩ་བའི་རྒྱུད་རྡོ་རྗེ་ཁྲོས་པའི་དུམ་བུ་གནང་། འདི་རྒྱུད་ཕྱི་མའི་ཕྱི་མ་ཡིན་ཟེར། མན་ངག་ཕྲིན་ལས་བཞིའི་དོན་འདི་ལ་གནང་བ་རྣམས་ཤིན་ཏུ་ཟབ་པར་བྱེད་དོ། །སྐྱི་གྱང་འགྱེལ་ནི། ཡུལ་མི་རྣམས་ཀྱིས་ནོར་ཕྱུགས་ཁང་ཞིང་ཐམས་ཅད་ཕྲོགས་པ་ལ་བརྟེན་ནས། ལང་ལབ་ཀྱི་རྩར་བྱོན་ནས་གདམས་པ་ཞུས་པས་ཟླ་བ་དགུ་ལྷ་བསྙེན་གྱིས་ལ། དེ་ནས་བསྭེ་ལྕགས་ཤེལ་གསུམ་ལ་ཟླ་བ་གཉིས་སྒྲུབས་ཤིག །དོན་འགྲུབ་ནས་འོང་གི་གསུངས། དེ་ལྟར་བསྒྲུབས་པས་ལུས་དྲོད་ཚད་དུ་ཕྱིན། དེ་ནས་གྱང་གི་དྲུང་ན་མི་མང་པོ་ཉི་མ་ལ་འདེ་ཞིང་འདུག་པས་ཐམས་ཅད་དགྲ་རུ་མ་གྱུར་པ་མ་འདུག་སྟེ། གོང་ཁུག་ནས་ཕུར་པ་ཕྱུངས་ཏེ། གྱང་ལ་བཏབ་པས། གྱང་འགྱེལ་བའི་ཐིབས་འོག་ཏུ་མི་ཀུན་ཤི་བས་སྐྱི་ནག་གྱང་འགྱེལ་དུ་གྲགས། གྱང་ལ་ཐེབས་ཟེར་ཡང་། དགྲ་ལ་ཐེབས། འདི་ཤེས་རབ་ཆེ་བས་རྒྱུད་འགྲེལ་མན་ངག་ཐམས་ཅད་གནང་ངོ་། །སྤྲངས་ཕུར་བུ་མགོ་ནི་སྔར་ནས་ཕུར་པ་མང་པོ་ཤེས། སློབ་མ་ཡང་མང་ངོ་། །འདི་ཀུན་ཁ་མཐུན་པར་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་གྱི་ཕུར་པ་ཇོ་བོ་ལང་ལབ་ལ་ཡོད་ཟེར་བས། ནས་བོང་ཁལ་དྲུག །ཤ་ཁོག་པ་དྲུག །སྣུམ་བན་གང་། ཆང་རྐྱལ་པ་གང་རྣམས་ཁྱེར་ཏེ་འཁོར་རེར་འོངས། དེར་ལང་ལབ་བཟའ་མི་གཉིས་ལ་སྲས་ནི་མི་མངའ། ནོར་རྫས་སྲབ་མོ་ལས་མེད་པས། ཁང་པའི་སྒོ་གླེགས་དང་ཤིང་ཆ་བཙོངས་ནས་ཟ་བ་ལས། སྤྲངས་ཕུར་བུ་མགོ་བོང་ཁལ་དེད་ནས་ཕྱི་སྒོ་མེད་པས་ཁང་པའི་ནང་དུ་ཙངས་ཀྱིས་བྱུང་བ་དང་། ལང་ལབ་ཀྱིས་ཇོ་བོ་སྔགས་པ་འདི་མགྲོན་ཁང་མ་ལགས་སྒོ་ནོར་བ་མ་ཡིན་ནམ་བྱས་པས་སྤྲངས་ན་རེ། མ་ལགས་འདི་ཁར་ཆོས་ཀྱི་བཀའ་དྲིན་ཞུར་མཆིས་ལགས། ཟེར་ནས་ཁལ་ཚོ་ཕོབ། ཞེས་ཕུལ། གཏམ་མཐུན་སྦྱོར་མང་པོ་བཏང་། དེ་ནུབ་མར་མེ་བཏེགས། ཆང་དང་ཤ་དྲངས། ནས་ཕུལ་ནས། ཕུར་པ་ཇོ་མོ་ལུགས་ཞུ་འཚལ་བྱས་པས། ད་འོ་ན་ཟླ་བ་ཕྱེད་ནས་ཤེས་པར་བྱ་གསུངས་ནས་གནང་སྟེ། དཔའ་བོ་གཅིག་པར་སྒྲུབ་པའི་དོན་ཟབ་ཏུ་གནང་ངོ་། །དེ་ནས་སྤྲངས་ཀྱིས་རོང་དུ་སློབ་མ་མང་དུ་བསྡུས། ཁོང་རང་གིས་ཕུར་པ་ཕྱི་རྒྱུད་མང་པོ་ཤེས་པས། དེ་ཚོ་ནས་བཏུས་ཀྱིན་སྒྲུབ་ཐབས་མང་དུ་བརྩམས། འདི་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་ཡིན། ལང་ལབ་བྱང་ཆུབ་རྡོ་རྗེའི་ཕྱག་ནས་འོངས་ཟེར་ཞིང་། སློབ་མ་རྣམས་ལ་སོ་སོར་མི་འདྲ་བ་མང་པོ་བསྟན་པས། ཕུར་པ་རྩ་དུམ་གྱི་ཆོས་སྐོར་འཆའ་མགོ་ཟུག །སོ་སོར་མི་འདྲ་བ་མང་བས་སྤྲངས་ཀྱི་སློབ་མ་རྣམས་ཀྱང་ངའི་འདི་ཇོ་མོ་ལུགས་ཡིན་ཟེར་ཞིང་། གཅིག་ལ་གཅིག་མི་མགུ། ད་ལྟར་ཇོ་མོ་ལུགས་ཀྱི་སྒྲུབ་ཐབས་མི་འདྲ་བ་མང་པོ་བྱུང་བ་ཡང་དེ་ཡིན། ཞེས་ལོ་རྒྱུས་སུ་འབྱུང་ངོ་། །བདག་གིས་ནི་སྤྲངས་ཀྱིས་བྱས་པའི་ཡིག་ཆ་མ་མཐོང་བས་འཐད་མི་འཐད་སྤྲོ་བར་མི་ནུས་སོ། ༈ །ད་ནི་སློབ་མ་བཞི་པ་ཉང་ནག་དབང་གི་ཤེས་རབ་ཀྱི་ལོ་རྒྱུས་བརྗོད་པར་བྱ་སྟེ། དེ་ཡང་ལང་ལབ་ཡབ་ཡུམ་གཉིས་ཟས་ནོར་གྱིས་ཕོངས་པར་ཡོད་པ་ལ། ཉང་ནག་གིས་འོ་ཡུག་རོལ་པོ་གོང་མར་སྤྱན་དྲངས་ནས་ཞབས་ཏོག་བྱས། དེར་ལོ་གསུམ་སོང་བ་དང་། ཇོ་མོ་དེ་ཁར་བཞག་ནས་སློབ་དཔོན་སྡོང་ཁ་སྨད་ན་མར་རྙེད་པ་ཚོལ་བར་བྱོན་ནས་ཟླ་བ་དགུའི་བར་དུ་མ་བྱོན། དེར་ཇོ་མོ་སྐྱོ་ཞིང་ཡིད་ཆད་ནས། ནང་མ་གཅིག་ཇོ་མོས་ཉང་ནག་བོས་ནས་སློབ་དཔོན་འདི་བས་སྙིང་ཐག་རིང་བར་མ་བྱུང་གི། ཁྱེད་རང་ཆོས་འདོད་ན་ངས་སྦྱིན་ནོ་ཟེར། འོ་ན་ད་བདག་དགའ་བྱས་པས། འོ་ན་སྒྲོ་བ་ནག་པོ་ཁ་ཕྱེས་ཤིག་ཟེར་ནས། སློབ་དཔོན་ལང་ལབ་ཀྱི་ལ་རྒྱ་ཡོད་པ་བཅག་ནས་ཁ་ཕྱེས། དབང་མ་ཐོབ་པ་ལ་དགོངས་རྒྱུད་བྲིས་པས། ཉང་ནག་ལ་བཀྲ་མི་ཤིས་པ་བྱུང་སྟེ། གནག་ཕྱུག་མང་པོ་ལ་གནག་ནད་བྱུང་སྟེ་ཕལ་ཆེར་ཤི། རྟ་ལ་རྩུག་བྱུང་། དེར་ཡི་གེ་འདྲི་འཕྲོ་བཅད། སློབ་དཔོན་གཤེགས་པའི་ཕྱོགས་ཀྱི་རི་མཐོ་སར་ཕྱིན་ཏེ་གཏོར་ཚོགས་མང་པོ་བཤམས་ནས་བཤགས་པ་བྱས། སློབ་དཔོན་སྤྱན་དྲངས་ནས་ནོར་རྫས་ཀྱི་ཕྱེད་འབུལ་བར་བྱས་པས། གནག་ནད་དང་བཀྲ་མི་ཤིས་པ་ཀུན་ཆད། སློབ་དཔོན་སྤྱན་འདྲེན་པ་བཏང་ངོ་། །དེར་སློབ་དཔོན་བྱོན་པ་དང་། སྔར་ཇོ་མོས་གསུངས་པ་ལ་སོགས་པའི་ལོ་རྒྱུས་བསྙད་པས། སློབ་དཔོན་ན་རེ་ཨེ་ཧེ་ཧེ་ལྷའི་ཁུག་མར་སྲིན་གྱི་ལག་པ་བཙངས་ཨང་གསུངས། དེར་གོང་གི་དམ་བཅས་པའི་ནོར་རྫས་ཚོ་ཕུལ་ནས་ཆོས་ཞུ་འཚལ་བྱས་པས་སློབ་དཔོན་ན་རེ། འོ་ན་སྔོན་ལ་ཁྱོད་ཕ་སྤད་དབང་ཅིག་ཐོབ་པ་བྱ་དགོས་གསུངས་ནས། ཡབ་ཡུམ་སྲས་ག སུམ་ལ་ཆོས་ཀྱི་དབང་རྫོགས་པར་བསྐུར་ཏེ། འདི་ལྟར་དབང་ཕྱི་ནང་གསང་གསུམ་བསྐུར་རོ། །དེར་སྲས་ཆེ་བ་དེ་སྔ་བུ་ཡིན་པས་ཡབ་དང་མ་ཡར་སྡང་ཞིང་དབང་ཆུང་བར་འདུག །བུ་ཆུང་བ་ནི་གཅེས་ཕྲུག་བྱེད་དེ་དེའི་མིང་ཚུལ་ལེ་ཟེར་བ་ཡིན། ཆེ་བ་ལ་གནང་དེ་ཟེར་སྟེ་འདི་རིག་པ་ཅན་སྔགས་ཀྱི་སྣོད་དང་ལྡན་པར་གཟིགས་ནས། ལང་ལབ་ཀྱིས་མིང་སྤོས་ནས། ཤཱཀྱ་རྒྱལ་མཚན་ཞེས་བཏགས། དེ་ནས་སློབ་དཔོན་ལང་ལབ་ཀྱི་ཞལ་ནས། ངེད་རྒས་འཁོགས་གཉིས་ཀྱིས་ནོར་འདི་ཚོའི་ཉ་ར་མི་ཡོང་བར་གདའ་ཡིས། འདི་ཚོ་ཁྱེད་རང་ཡབ་སྲས་མཛོད་ལ། ངེད་བཟའ་མི་གཉིས་མ་ཤི་བར་མི་སྡུག་པ་ཅིག་ཞུ་གསུངས། དེར་ཉང་ནག་དབང་གི་ཤེས་རབ་ཐུགས་མ་བདེ་སྟེ། སློབ་དཔོན་ཁྱད་པར་ཅན་འདི་ལ་གདུང་བརྒྱུད་གཅིག་བྱུང་ན་བསྟན་པ་དང་སེམས་ཅན་ལའང་ཕན། ངའི་བུ་ཚ་བརྒྱུད་རྣམས་ཀྱིས་ཕྱག་མཆོད་པ་འབུལ་ས་གཅིག་ཀྱང་དགོས་པར་འདུག་སྙམ་ནས། ཇོ་མོ་བསྒྲེས་མོ་ལོ་ལྔ་བཅུ་ང་བརྒྱད་ལོན་པ་དེ་ལ་རྒྱུ་མཚན་སྨྲས་ཏེ། ང་ལ་བསམ་མནོ་འདི་འདྲ་ཞིག་བདོག །ནོར་རྫས་འདི་ཚོའི་བདག་པོ་གཅིག་དགོས་པར་གདའ་བས་ཇོ་མོ་གཅིག་བླངས་ན་རུང་ངམ་བྱས་པས། ཇོ་མོས་དེ་ཤིན་ཏུ་ལེགས་སོ་གསུངས། དེ་ནས་སློབ་དཔོན་ལ་ཞུས་པས་མི་བྱེད་གསུངས། དེར་གོང་གི་རྒྱུ་མཚན་ཚོ་ཞིབ་ཏུ་བརྗོད་དེ། ཇོ་མོས་ནི་གནང་ལགས་བྱས་པས། རྒན་མོ་ལ་མི་དགའ་བ་མི་འདུག་གམ་གསུངས། ཇོ་མོ་དགོས་པ་གདའ་ལགས་ཞུས་པས། འོ་ན་བྱ་ཡང་བྱ་གསུངས། དེར་རུས་འོ་ཕྱ་བཟའ་ཡིན་པའི་བུ་མོ་གཅིག་བླངས་ནས་ཇོ་བོ་ལ་ཕུལ་བས་སྲས་གཉིས་བྱུང་སྟེ། ཆེ་བ་ལ་གྲགས་ཆུང་ཟེར། ནུ་བོ་ལ་གྲགས་པ་དབང་ཕྱུག་ཏུ་བཏགས། དེ་ཙ་ན་ཉང་ནག་དབང་གི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཁོང་དུ་ཆུད། བླ་མ་ཡབ་ཡུམ་གྱི་ཞབས་ཏོག་ཀྱང་འདི་ཉིད་ཁོ་ན་བཟང་བ་ཡིན་ནོ། །དེ་ནས་སྐབས་ཤིག་ཏུ་ཉང་ནག་གིས་ཤོག་བུ་མང་པོ་སྦྱར་ནས་ཡོད་པ་ལ། སློབ་དཔོན་ན་རེ། ཅི་འབྲི་བ་ལགས་གསུང་། རྒྱུད་འགྲེལ་ཞལ་བཤུ་བ་ལགས་བྱས་པས། སློབ་དཔོན་གྱི་ཞལ་ནས། བདག་ནི་ཉི་མ་རྒས་ཁ་འདྲ། ཆོས་ཀྱི་བདག་པོ་ཉིད་ལགས་ཀྱི། བླ་དཔེ་ཞལ་མ་བཤུ་བར་ཚགས་མཛོད་ཅིག་གསུངས། བླ་དཔེ་སྲས་གཉིས་ལ་དགོས་མོད་བྱས་པས། བྱིས་པ་གཉིས་གསང་སྔགས་ཀྱི་སྣོད་དུ་རུང་ཞིང་མཐར་ཕྱིན་པའི་ངེས་པ་མེད། དེ་ལྟར་བྱུང་ན་དེ་དུས་སུ་གདམས་པ་བྱིན་པས་ཆོག་མོད་གསུངས། བླ་དཔེ་པོ་ཏི་བསྭེ་གླེགས་ཅན་བྱ་བ། དགོངས་རྒྱུད་ཀྱི་གླེགས་ཤིང་ལ་བསྭེའི་ལྷ་མོ་བཞི་བྲིས་པའི་པུ་སྟི་གནང་ངོ་། །མི་ཀུན་ན་རེ། ཉང་རོ་འཁོར་རེ་རུ་ལང་ལབ་བྱང་ཆུབ་རྡོ་རྗེ་རབས་ཆད། འོ་ཡུག་ཕུ་རུ་སྲས་གཉིས་སྐྱེས། ཡ་མཚན་ཆེ་ཟེར། ཕྱིས་སྲས་གཉིས་པོ་ཆོས་པར་མ་སོང་། ཕྱུག་པོ་ཆེན་པོ་གཉིས་བྱུང་། གྲགས་ཆུང་ལ་བུ་གཉིས་ལས། ཆེ་བ་ཡོན་བདག་ལྡོང་རྩེ། འདིས་གསུང་རབ་མང་པོ་བཞེངས་སོ། །དེ་ལྟར་ཡིན་མོད་ཀྱི། ཇོ་མོས་ལ་རྒྱ་བཅག་པའི་གཏམ་འདི་ལ་བརྟེན་ཏེ། སྣ་ནམ་དང་། སྐྱི་ནག་དང་། སྤྲངས་གསུམ། ཉང་ནག་གིས་བཀའ་བརྐུས་ཟེར་ཏེ། ཕྱིས་ཉང་ནག་སྲས་ཀྱི་ཐུ་བོར་གྱུར་པ་ཡིན་ནོ། །བྱིན་རླབས་དང་ནུས་མཐུ་ཡང་ཕུལ་དུ་བྱུང་བའི་གཏམ་རྒྱུད་མང་ལ། དབེན་ས་ནི་འོ་ཡུག་སྒོ་མོའི་སྙམ་ས་སྙམ་གྱི་བྲག་ཕུག་ཟེར། རྒྱབ་སྙམ་བཟང་གི་བྲག་ཕུག་ཏུའོ། །གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ། སྙམ་བཟང་ཕུག་པར་སྒྲུབ་པ་མཛད་པས། ཕུར་པ་ནམ་མཁའ་ལ་ལྡིང་ནས་འོད་དང་སྒྲ་དང་བཅས་པ་བྱུང་། དགྲ་བགེགས་ཐམས་ཅད་བཏུལ་བ་ཡིན་ནོ། །འདིས་དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་ནས་འདའ་ཁར་སྲས་ཚུལ་ལེ་ལ་ཞལ་ཆེམས་གསུངས་པ། ཤཱཀྱ་རྒྱལ་མཚན་གྱིས་ནི་མན་ངག་ཐམས་ཅད་ཤེས། ཁོས་དཔེ་ཆ་ཀུན་ཁྱེར་འོང་ངོ་། །འོག་ཁང་གི་ཀ་གཞུའི་སྟེང་ན་པོ་ཏི་བསྭེ་གླེགས་ཅན་ཡོད་དེ། བུ་རང་ཚགས་གྱིས་ལ་སྦོས་ཤིག་གསུངས། དེ་འོག་ཁང་ན་ཤཱཀྱ་རྒྱལ་མཚན་ཡོད་པས་ཚོར་ཏེ། ཡི་ཆད་ནས་པོ་ཏི་བསྭེ་གླེགས་ཅན་ཡོད་པ་ཁྱེར་ནས་བྲོས་ཕྱིན། སྙེ་ཕུའི་གནས་བྱ་བ་ན་ཡབ་ཀྱི་སློབ་མ་གནང་ཧཱུྃ་ཀ་ར་བྱ་བ་ཞིག་ཡོད་པ་དེའི་སར་ཕྱིན་ཏེ་ཡབ་ནི་གྲོངས་སུ་ཆ་བ་ཡོད། ཚུལ་ལེ་ལ་ཞལ་ཆེམས་གསུངས་པས་ཡི་ཆད་པའི་ཚུལ་སྨྲས་པས། གནང་ཧཱུྃ་ཀ་ར་ཧ་ལས་ཏེ་སློབ་དཔོན་གྲོངས་སུ་ཆ་ན། པོ་ཏི་ཁྱེར་ནས་བྲོས་ན་དམ་ཚིག་ཉམས་ནས་འགྲོ་བས་ནངས་པར་རང་རེ་གཉིས་ཀ་འདོང་། ཆོས་ནུ་བོ་ལ་ཡང་སྦྱིན་དགོས་ཟེར། ནངས་པར་ཕྱིན་ཙ་ན་ཡབ་གྲོངས་ནས་འདུག །དེར་གནང་ཧཱུྃ་ཀ་རས་སྤུན་གཉིས་མཐུན་པར་བྱས་སོ། །དེ་ནས་དུས་རེ་ཞིག་ན་བཤགས་པ་མང་པོ་བྱས། ཚོགས་ཀྱི་འཁོར་ལོ་མང་པོ་བསྐོར། དེ་ནས་དབེན་ས་རུ་མཆེད་གཉིས་ཀྱིས་བསྙེན་སྒྲུབ་མཛད་པས། རྟགས་དང་མཚན་མ་མང་པོ་ནི་བྱུང་། ནུབ་ཅིག་མར་མེ་མི་གསལ། སྒྲ་སྙན་མང་པོ་གྲགས་པ་དང་། ཤཱཀྱ་རྒྱལ་མཚན་སྤྱན་མི་གསལ་བས། ཚུལ་ལེ་ལ་མར་མེ་དེ་འཆོས་དང་གསུངས། ཚུལ་ལེས་མར་མེ་འཆོས་པར་ཕྱིན་པས། སྒྲ་སྙན་མང་པོ་ཐོས་ཤིང་། དཀྱིལ་འཁོར་དུ་བཀོད་པའི་ལྷ་ཕུར་ཚོ་བྲོ་པ་དོ་རར་ཞུགས་པ་བཞིན་ཅོད་པན་ཟང་ཟིང་འཁྲབ་མེ་སྟག་ཕྲམ་ཕྲམ་འདུག་གོ། །གཅེན་ལ་འདི་ལྟར་གདའ་བྱས་པས། རུང་གསུངས་ནས་ཟངས་ནག་ཆེན་པོ་གཅིག་བསྣམས་ནས། ཕྱག་ཏུ་རྦ་མཁར་དངུལ་མགོ་བསྣམས་ནས་ས་ལ་བཙུགས་ཏེ། མཆེད་གཉིས་ཀྱིས་བསྟོད་པ་མཛད་དེ་དངོས་གྲུབ་བླངས་སོ། །དེ་ནས་རིང་ཞིག་ན། སློབ་དཔོན་ཤཱཀྱ་རྒྱལ་མཚན་གྱིས་ཚོང་པ་མང་པོའི་དཔོན་མཛད་དེ་ལྡོང་ཁ་ན་ཕར་བྱོན་པས། འདར་ནག་པོའི་རྟ་པ་ཉི་ཤུ་རྩ་གཅིག་གིས་ཚོང་པ་ཐམས་ཅད་བཅོམ། དེར་རྟིང་རིས་གཤེགས་ནས་གཟིགས་པས་ནོམ་པ་བགོ་བ་མཐོང་ནས་བེར་སྔོན་པོ་དེ་ཕུད་ནས། ལྷ་བོས་ཀླུ་བོས་ནས་བརྡབས་པས། མི་རྒན་གཅིག་གདོང་དུ་བྱུང་ནས་ལུང་པ་འདིའི་ས་གཉན་རྡོ་གཉན་དེ་ཚུགས་མ་བྱེད་ཟེར། གཉན་ས་ཁོ་ན་འདོང་མི་རུང་བ་ཁོ་ན་འདོང་གསུང་། དེའི་ནུབ་མོ་མི་ཉལ་ཙམ་པའི་དུས་ཚོད་ལ་ངུ་ཅོ་དིར་བ་གཅིག་བྱུང་ནས། རྟ་པ་གསུམ་ཤོར་སོང་། ནངས་པར་ཉན་ཙ་ན་ཚོང་དཔོན་གྱི་བུའི་མགོ་ལ་སློབ་དཔོན་གྱི་རྟ་ཡིས་འཕྲ་རྒྱབ་སྟེ་ཤི་རུ་ཆ་ཟེར་སྐད། དེར་སློབ་དཔོན་འཁོར་བཅས་ཀྱིས་ནུབ་མོ་བྲོས་ནས་ཕྱིན། ཕྱི་དེ་ལོ་དུས་ན་རྟ་པ་བཅུ་དགུ་ཤིའོ། །གཉིས་ཀྱིས་སློབ་དཔོན་ཅན་དུ་འོངས་ནས་འབངས་བྱས་སོ། །དེར་ཉང་ནག་བེར་སྔོན་ཅན་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། །དབེན་ས་སྙམ་སྙམ་བྲག་ཕུག །གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ། བརྡབས་པ་བེར་སྔོན་པོ་བརྡབས་པས། ཐེབས་པ་འདར་ནག་པོ་ལ་ཐེབས་སོ། །འདིའི་སློབ་མ་ལྷན་གྱི་སློབ་དཔོན་དྲག་པོ། དབེན་ས་ལྷན་གྱི་སྟག་ལུང་གྲོགས་པོ། གསང་མཚན་རྡོ་རྗེ་བདེ་ཆེན་རྩལ། ཐེབས་པ་ཞང་པོ་ཉང་ནད་ལ་ཐེབས། དེ་ཡང་གནུབས་ཡུལ་རོང་གི་སའི་ཆ་འགྲོགས་བྱ་བར་འཁྲུངས། མི་རྨང་པོ་ཉེ་རིས་མེད་པ་གཅིག་ཡིན། ཆུང་ངུ་ལ་ཕ་མ་ཤི་ནས། ཞང་པོ་ཉང་ནད་ཀྱིས་རིས་བནྡེ་འཕན་པོ་མང་པོ་ཡོད་པས་དེ་རྣམས་ཀྱི་ནོར་རྫས་ཐམས་ཅད་ཕྲོགས་ནས་སྤྲང་དུ་བཏང་ངོ་། །དེར་སློབ་དཔོན་ཤཱཀྱ་རྒྱལ་མཚན་དང་མཇལ། ལོ་བཅོ་བརྒྱད་ནས་སུམ་ཅུའི་བར་དུ་བླ་མའི་གནག་རྫིའུ་བྱས། བླ་མས་གསང་སྔགས་ཀྱི་སྣོད་དུ་རུང་བར་གཟིགས། ཤེས་རབ་ཆེ་བས་ཕྱུགས་སྐྱོང་རིན་ལ་མན་ངག་ཐམས་ཅད་གནང་། ཕྱག་བཞེས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན། དེར་བླ་མའི་ཞལ་ནས། ད་ནི་ངས་ཀྱང་ལོ་བརྒྱད་ཅུ་གྱ་ལྔ་ལོན། སྣང་བ་ཡལ་དུ་ཆ། རྒྱུད་འགྲེལ་འདི་ཚོ་ཞལ་བཤུས་གསུངས། དེར་སློབ་དཔོན་དྲག་པོ་ལ་ཡུལ་ན་ནོར་བག་ཙམ་ཡོད་པས་དེར་འབྲིའམ་ཞུས་པས། ལེགས་ཀྱི། འདིར་བུ་གཉིས་པོ་ཕྲག་དོག་སྐྱེས་པ་སྲིད་དོ་གསུངས། དེར་པུ་སྟི་ཀུན་གནང་ནས་ཡུལ་དུ་འབྲི་གིན་ཡོད་ཙ་ན། སློབ་དཔོན་གྱི་སྲས་ཆེ་བ་ཆོས་ཚུལ་བྱ་བ་བྱོན་ནས། ཨ་ཕོ་དྲག་པོ་ཡབ་ནི་གྲོངས་ནས་མེད། པོ་ཏི་བསྭེ་གླེགས་ཅན་ཡང་མི་འདུག །དེ་སུ་ལ་འདུག་པ་གཅིག་ལ་མགོ་སྐྱེལ་པ་ལ་ཟེར། སློབ་དཔོན་གྲོངས་པས་མི་དགའ། ཧ་ལས་པའི་སྟེང་དུ། པུ་སྟི་བསྭེ་གླེགས་ཅན་སུ་ལ་འདུག་པ་ལ་མགོ་སྐྱེལ་ཟེར་བས་ཡང་དང་ཡང་དུ་མ་དགའ། པུ་སྟི་ང་ལ་ཡོད་ཟེར་ནི་མ་ཕོད། དེར་བླ་དཔེ་སློབ་དཔོན་དྲག་པོ་ལ་ལུས་སོ། །དེ་ཙ་ན་བླ་མ་དྲག་པོའི་ཞང་པོ་ནོར་འཕྲོག་མི་ཀུན་གྱིས་སླར་ཡང་འདི་ཉང་ནག་བེར་སྔོན་ཅན་གྱི་མཐུས་བསྙེམས་པ་ཡིན་ནམ། ཁྱོད་ལ་ཟོ་ཞིག་ཅི་ནུས་པ་རེམས་ཤིག་ཟེར་ཁ་སྨྲས་བྱེད་དོ། །དེ་ནས་སློབ་དཔོན་གྱིས་ལྷན་དུ་བྱོན་ཏེ། བུད་མེད་གཅིག་ལ་ཡུལ་ཞིང་བསྟེན་ཐུབ་ཙམ་ཅིག་འདུག་པས། དེ་དང་ལྷན་དུ་བསྡད། དེར་ལྷན་གྱི་སྟག་ལུང་གྲོགས་པོར་དབེན་ས་བྱས་ཏེ་སྒྲུབ་པ་མཛད་པས་རྟགས་མཚན་མང་དུ་བྱུང་། ཞང་པོ་དྲེགས་པ་ཅན་དེ་ཀུན་གྱིས་བསྡུམས་བྱེད་དུ་མ་འདོད་པའི་ཁར། ཟླ་བ་གཅིག་ན་སློབ་དཔོན་དྲག་པོ་མཐུས་བཀྲོངས་ཀྱིས་བཏང་གིས་ཟེར། གཡས་རུ་གཙང་པོའི་འགྲམ་རྩ་ན་བྲག་ཕུག་ཡོད་པ་དེར་ཉང་ནད་བནྡེ་བཅུ་གསུམ་ཞུགས་ནས་མཐུ་བྱེད་དོ། །སློབ་དཔོན་གྱིས་ཀྱང་སྟག་ལུང་གྲོགས་པོར་དྲག་ལས་བྱས་པས། དེ་ནས་ཟླ་བ་གསུམ་ན་ཉང་ནད་བནྡེ་བཅུ་གསུམ་པོ་ལ་གློ་ཚད་ཐེབས་ནས་ཀུན་ཤིའོ། །ཕྱིས་འགྲོགས་ལུང་པར་ལྟད་མོ་ཆེན་པོ་གཅིག་བྱུང་བ་ལ་སློབ་དཔོན་དྲག་པོས་ཟང་ནག་ཆེན་པོ་ཞིག་གྱོན། དྲེའུ་གཅིག་ལ་ཆིབས། འཁོར་མང་པོས་བསྐོར་ཏེ་ལྟད་མོ་ལ་བྱོན་པས། ཞང་ནེ་མོ་ཀུན་གྱིས་ས་གཏོར་ཏེ། ཞང་མི་རྨང་པོ་ངན་པ་བྱུང་ངོ་ཟེར་ཞིང་འ་ཙི་འ་ཙི་ཟེར་བ་ལ། ཁྲོམ་པ་ཀུན་ན་རེ། འ་ཙི་བྱ་བ་ཁྱེད་རང་ཡིན་མོད། དང་པོ་ཡུལ་ཞིང་ཕྲོགས། བར་དུ་བསྡུམས་མི་བྱེད་པར་མཐུ་བྱེད། ཐ་མ་བནྡེ་བཅུ་གསུམ་པོ་སྲོག་དང་བྲལ་ནས་ཕུང་། འ་ཙི་བྱ་བ་ཁྱེད་རང་ཚོ་ཡིན་མོད་ཟེར་ཞིང་ཡ་ག་བསྒྲགས་སོ། །སློབ་དཔོན་དྲག་པོ་འདིས་དགོངས་རྒྱུད་སྐོར་ལ་མི་མཁྱེན་པ་མེད་ཅིང་། མཐུ་དང་སྐུ་བསོད་ཆེ་བས་དབུས་གཙང་གི་མཁས་བཙུན་ཐམས་ཅད་ཀྱིས་ཞབས་ལ་གཏུགས་སོ། །འདི་མར་པ་ལོ་ཙཱ་དང་དུས་མཚུངས་ཡིན། དེ་ཙ་ན་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ་སྲས་གཉིས་ཡོད་པའི་ཆེ་བ་སྣ་ནམ་འབྲེ་བན་ལ་སྐུ་དགྲ་གཅིག་བྱུང་ནས། དགྲ་དེ་དག་གི་མཐུ་བཟློག་པ་ལ་གནུབས་ཟམ་ནག་སྟོང་པའི་ཇོ་བོ་སྟག་རམ་སྤྱན་དྲངས་སོ། །ལན་གཅིག་སྣ་ནམ་འབྲེ་བན་དང་། གནུབས་སྟག་རམ་ཟམ་ཁ་གཅིག་ཏུ་མཇལ་བ་དང་། སྣ་ནམ་གྱིས་ཇོ་བོ་སྟག་རམ་ལ་ཕྱག་བྱས་ཏེ་དགེ་བཤེས་པ་མི་འདི་པས་བདག་ལ་མི་འཚམས་པའི་ལས་མང་པོ་བགྱིས་པས། ཐུགས་དམ་ལ་དགོངས་ལ་འདི་པའི་བསྲུང་བ་མི་མཛད་པར་ཞུ་བྱས་པས། གནུབས་སྟག་རམ་གྱི་ཞལ་ནས། ལང་ལབ་བྱང་ཆུབ་རྡོ་རྗེའི་ཕུར་ཐུང་རེས་སྦོས་པ། ངས་མཐུ་བཟློག་བྱེད་ཀྱི། ཅི་ནུས་རེམས་ཟེར། སྣ་ནམ་ཁྲོས་ནས་གོས་བརྡབས། ངས་མ་ཉེས་མ་ཡོ་བྱས་སོ། །དེ་ནས་དུས་བཏབ་སྟེ། གཉིས་ཀ་ཕུག་ཏུ་ཞུགས་པས། ཟླ་བ་གསུམ་ན་གནུབས་སྟག་རམ་ཁྲག་སྐྱུགས་ཏེ་ཤིའོ། །གཤིན་རྗེ་མཁན་པོ་ཕུར་པ་ལ་རྡུགས། བྱ་བ་དུས་དེར་ཡང་གྲགས་ལ། དེར་སྣ་ནམ་གྱིས་ཆང་མང་པོ་བཙོས་ཏེ། ཉང་རོའི་བནྡེ་ཕུར་པ་ཤེས་ཚད་སྤྱན་དྲངས་ཏེ་ཚོགས་འཁོར་བྱས་སོ། །གཏང་རག་ཆེན་པོ་བཏང་། གྲལ་དུ་གླུ་འདི་བླངས་སོ། །རྡོ་རྗེ་གཞོན་ནུའི་གཞུ་མོ་ལ། །འཁོར་ལོ་རྒྱས་འདེབས་རྒྱུད་ཀྱིས་བརྒྱུས། །ཁྲོ་བོ་ཕ་བཅུའི་མདའ་སྨྱུག་ལ། །ཁྲོ་མོ་མ་བཅུའི་སྒྲོ་ཡིས་སྒྲོན། །ཕུར་པ་སྲས་མཆོག་གི་མདེའུ་བཙུག །དམ་ཅན་རྣམ་གསུམ་གྱི་རྒྱུས་པས་དཀྲིས། །བསྭེ་ལྕགས་ཤེལ་གསུམ་གྱི་ངར་ཅིག་བླུད། །འཕང་ནི་ཟངས་ནག་གི་ཕྱོགས་སུ་འཕངས། །ཕོག་པ་ཇོ་བོ་སྟག་རམ་ལ་ཕོག །མདའ་ཚབས་མི་ཆུང་ཆེ་བར་གདའ། །ཞེས་གླུ་བླངས་སོ། །དེ་ནས་དར་ཆེས་པས་ཕུར་པ་རྩ་དུམ་འཆལ་ཆེས་ཏེ། ཉང་རོའི་རྒྱལ་ཁམས་ཙམ་དུ་ལད་དོ། །ཞེས་ཟེར་ཏེ། བདག་ཅག་ལ་ནི་ཆ་མེད་ལ། དེ་ཇི་ལྟར་ལད་འཆད་པ་ན་སྣ་ནམ་ཤེས་ཚུལ་གྱི་སློབ་མ་རྒྱ་སྟོན་སངས་རྒྱས་བྱ་བས། ཤངས་ཀྱི་ལུང་པར་ཕུར་པ་རྒྱུད་འགྲེལ་གཞན་བཀབ་ནས་རྩ་དུམ་ལ་བརྟེན་པའི་སྒྲུབ་ཐབས་མང་པོ་བརྩམས། ཇོ་མོ་མཁར་ཆེན་བཟའི་གདམས་ངག་ཅན་གྱིས་བལྟས་པ་ན་བསྲེས་ཀྱང་མི་འདྲེས་སྐད་དོ། །གདམས་ངག་དང་མི་ལྡན་པས་ནི་བསྲེས་པ་དང་བསླད་པ་མི་ཤེས། རྒྱ་སྟོན་སངས་རྒྱས་ཀྱི་སློབ་མ་རྒྱ་རྩགས་ཤེས་རབ་རྒྱལ་མཚན་གྱིས་ཀྱང་རྩ་དུམ་གྱི་སྒྲུབ་གཞུང་མང་པོ་བརྩམས། ཤངས་པ་དགོན་སྟོན་གྱིས་ཀྱང་བརྩམས། དེའི་སློབ་མ་སྒྲོ་སྟོན་དར་རྩུག་གིས་ཀྱང་སྒྲུབ་ཐབས་མང་དུ་བྱས། ལ་ལ་གསང་སྐོར་གྱིས་བསླད། ལ་ལ་མདོ་སྐོར་གྱིས་བསླད། དེ་དག་གི་སྒྲུབས་ཐབས་ཀྱི་མིང་ནི་མན་ངག་དྲུག་པ་དང་། མན་ངག་གསུམ་པ་དང་། རྨའི་ཁུག་ཆོས་དང་། བསྐྱེད་པ་སྐུའི་ཐེམས་ཡིག་དང་། ལས་བཞིའི་འཕྱོང་དྲུག་དང་། ཕུར་པ་གནུབས་ལུགས་དང་། དམེ་ཕུར་ནག་པོ་དང་། ཕུར་པ་འདུལ་བཞི་ལ་སོགས་པ་མཚམས་གྱི་རྣམ་གྲངས་མང་པོ་བཏགས་སྐད། དུས་དེར་ཙ་ན་ཇོ་བོ་སྟོན་པ་ཀུན་ན་རེ། ངའི་འདི་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་ཡིན། གཞན་མ་ཡིན་ཟེར་ཞིང་། གཅིག་ལ་གཅིག་མི་མགུ་སྐད། སྤྱིར་དང་པོར་སྤྲངས་ཕུར་བུ་མགོས་སྒྲུབ་གཞུང་མང་པོ་བརྩམས། བར་དུ་རྒྱ་སྟོན་སངས་རྒྱས་ལ་སོགས་པས་ཤངས་ལུང་བར་གཞུང་མང་པོ་བརྩམས། ཐ་མར་གང་ཟག་ཤེས་རབ་ཅན་རྣམས་ཀྱིས་ལེགས་སུ་རེ་བས་མང་པོ་བྱས་ནས་མིང་ཕུར་པ་རྩ་དུམ་དུ་བཏགས་ནས་མི་འདྲ་བ་གྲངས་ལས་འདས། བཀའ་དང་བརྒྱུད་པ་མན་ངག་མ་ཆད་པ་ཆོས་མ་བསླད་པ་མན་ངག་ཐོབ་པ་གཅིག་གིས་བལྟས་ན་འཆལ་བ་ཡིན་པར་ཤེས། བོད་དུ་བསྒྱུར་བའི་ཆོས་ལ་ཕུར་པ་རྩ་དུམ་འཆལ་ཆེ་སྐད། ཕུར་པ་རྩ་དུམ་ལྷད་མེད་ཡོད་པ་སློབ་དཔོན་དྲག་པོ་ཡིན། ཞེས་འབྱུང་ངོ་། །ཁོ་བོ་ནི། གོང་གི་དེ་དག་ལང་ལབ་ཀྱི་ཁྱད་ཆོས་ཇོ་མོ་མཁར་ཆེན་བཟའི་ཐུགས་ཏིག་འདི་མ་གྲགས་པ་ཡིན་གྱི། དེ་དག་གི་བརྒྱུད་པ་རྣམས་ལ་གང་ཟག་བཟང་པོ་ཤ་སྟག་བྱོན་པ་ཡིན་པས། རང་རང་གི་སྒྲུབ་གཞུང་དེ་དག་ལ་འཆལ་བའི་སྐྱོན་ཡོད་པར་མི་སེམས་ལ། ཡང་སྒྲུབ་ཐབས་ཁ་ཅིག་ནི་སྦྱོར་དངོས་རྗེས་གསུམ་མ་ཚང་བ་དང་། མ་འགྲེལ་བ་དང། ནོར་བ་ལ་སོགས་པ་ཁ་ཡར་སྣང་མོད་ཀྱི། དེང་སང་ནུབ་ནས་ཉམས་ལེན་བྱེད་པ་མི་འདུག་པས། ཞིབ་ཏུ་འབྲི་མ་དགོས་སོ། །སློབ་དཔོན་དྲག་པོ་ལ་སློབ་མ་མང་ཡང་། ཐུགས་ཀྱི་སྲས་སུ་གྱུར་པ་ནི་གཉིས་ཡིན་ཏེ། ཉང་རོ་རྒྱན་མཁར་གྱི་སེ་སྟོན་ཁྲི་རྒྱལ་དང་། ཉང་སྟོན་གྱི་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་གཉིས་སོ། །དེ་ལ་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་ནི། སྟོན་པ་ཆེན་པོ་གཅིག་ཡིན་པས། འཁོར་མང་པོས་བསྐོར་ཏེ་གདུགས་སྤུར་ཏེ་བྱོན་ཏེ། སློབ་དཔོན་དྲག་པོ་མཇལ་བས་མཁྱེན་པ་ལ་ཐུགས་མཉེས་ནས་རྒྱུད་འགྲེལ་ཐམས་ཅད་གནང་ཡང་སྟོན་པ་འདི་སྐུ་བསོད་ཆེ་བས་ལག་ལེན་མ་ལོབས་ཏེ་མི་མཁས། རྒྱུད་འགྲེལ་གྱི་བཤད་པ་ནི་མཁས་སོ། །ཕྱིས་ལག་ལེན་དང་མན་ངག་ཞུ་བསམ་སྟེ་བྱོན་ཙ་ན་སློབ་དཔོན་དྲག་པོ་ནི་གྲོངས་ནས་མི་བཞུགས། སློབ་དཔོན་གྱི་ཇོ་མོ་སྐྱིད་གུ་རང་གི་ཡུལ་དུ་སྤྱན་དྲངས་ནས་དབྱངས་ཚོ་ཚོད་ཙམ་བྱུང་། མན་ངག་གི་བརྒྱུད་པ་མ་ཟིན་ནོ། །ལྕེ་སྟོན་གྱི་སློབ་མ་སྐྱི་ཆུང་པ་ཤེས་རབ་གྲགས་པ་བྱ་བ་ཤེས་རབ་ཅན་ཞིག་གིས་དགོངས་རྒྱུད་བཅོས་ནས་ལ་སྟོད་དུ་མང་པོ་སྤེལ། འགོ་བ་བྱ་ཡེས་ཀྱང་རྒྱུད་ལ་བཅོས་སྐད། དེར་དགོངས་རྒྱུད་ལ་གཉིས་བྱུང་། ལྕེ་སྟོན་གྱིས་མན་ངག་མེད་པར་རྒྱུད་འགྲེལ་གཞན་གྱིས་བསླད་ནས་མང་དུ་བཤད་དོ། །སློབ་དཔོན་དྲག་པོའི་ཆོས་བརྒྱུད་ཟིན་པའི་སློབ་མ་ནི་སེ་སྟོན་ཁྲི་རྒྱལ་ཁོ་ན་ཡིན་ཏེ། རྒྱུ་འགྲེལ་མན་ངག་ཀུན་ལ་མཁས། དབེན་ས་རྒྱན་མཁར་གྱི་ངོ་དམར་བྲག་ཕུག །གསང་མཚན་རྡོ་རྗེ་གཏེར་སྒྲུབ་རྩལ། རྟགས་དང་མཚན་མ་ཕུལ་དུ་ཕྱིན། ཕུར་པ་དགྲ་བགེགས་གཉིས་ལ་ཐེབས་སོ། །འདིའི་སློབ་མ་ལྷ་རྗེ་ཕུར་སྟོན་རིང་མོ་ཡིན་ཏེ། ཞབས་ཏོག་གིས་བླ་མ་མཉེས་པ་མང་པོ་མཛད་དེ་གདམས་པ་མ་ལུས་པ་ཐོབ། སྐུ་གཞོན་ནུའི་ཚེ་སློབ་དཔོན་དྲག་པོ་ལ་ཡང་རྩ་བ་ཚར་གཉིས་ཞུས། དབེན་ས་ཁྲ་རིའི་རྡོ་རྗེ་གནམ་རྫོང་། གསང་མཚན་རྡོ་རྗེ་ལས་རབ་རྩལ། དགྲ་དང་བགེགས་ལ་ཐེབས། རྟགས་མཚན་མང་དུ་ཐོན། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྲས་ཡུམ་བཅུ་བདུན་བཞེངས་པ་ལ་སོགས་དགེ་བའི་ལས་རྒྱ་ཆེ་མཛད། ཁྲ་རི་གནམ་རྫོང་བྱ་བ་དེ་ལ་སྟོད་རྒྱལ་གྱི་རྩིབས་རིའི་བྱང་ནས། རྒྱངས་ཙམ་སོང་བའི་རི་ལ་བྲག་སེང་གེ་གནམ་དུ་མཆོང་བ་འདྲ་བ་གཅིག་ཡོད། དེའི་སྟེང་ན་རྫོང་བར་སྣང་ལ་ལིང་ངེ་འདྲ་བ་ཞིག་ཡོད། དེ་རུ་བསྒྲུབས་པས་རྟགས་དང་མཚན་མ་ཐོབ་བོ། །དེའི་སློབ་མ་རྒྱ་སྟོན་ནམ་མཁའ་རྒྱལ་པོས་ཁྲ་རི་གནམ་རྫོང་དུ་བླ་མ་མཉེས་པར་བྱས་ནས་གདམས་པ་མན་ངག་ཚང་བར་ཞུས་ཀྱང་དབང་མ་ཐོབ་པས། ཕྱིས་རང་གི་གཅེན་སྨྱོས་སྟོན་ཉི་མ་རྡོ་རྗེ་བྱ་བ་ལྷ་རྗེ་ཕུར་གྱི་ཐུགས་སྲས་ལ་ཞུས། དབེན་ས་དིང་རི་བྲག་ཉེའི་དབང་སྟེང་དགོན་བར་བླ་མ་སྨྱོས་དང་། རྒྱ་སྟོན་གཉིས་ཀས་བསྒྲུབས་པས་རྟགས་དང་མཚན་མ་མཐའ་རུ་ཕྱིན། གསང་མཚན་གཉིས་ཀ་མཐུན་པར་རྡོ་རྗེ་དྲག་པོ་རྩལ། དགྲ་བགེགས་གཉིས་ཀ་ལ་ཐེབས། དེ་ལྟར་གཉིས་ཀས་ལྷ་རྗེ་ཕུར་ལ་ཐུག་ཀྱང་དབང་བརྒྱུད་གཙོ་ཆེ་བས། ལྷ་རྗེ་སྨྱོས་སྟོན་ཉི་མ་རྡོ་རྗེ། རྒྱ་སྟོན་ནམ་མཁའ་རྒྱལ་པོ་ཞེས་འདོད་དོ། །ནམ་མཁའ་རྒྱལ་པོའི་སློབ་མ་རང་གི་སྲས་གཉིས་ལས། སྲས་ཆུང་བ་ཉི་མ་རྒྱལ་མཚན་པ་ལ་རྒྱུད་འགྲེལ་གདམས་ངག་ཚང་བར་གནང་། ཆུང་ངུ་ནས་ཡབ་ཀྱི་དྲུང་དུ་ཕྱག་ཕྱིར་ལག་ལེན་མང་པ་མཛད་པས་ལག་ལེན་དབྱངས་དང་བཅས་པ་ལ་ཤིན་ཏུ་མཁས། ཡབ་ཀྱིས་བསྙེན་སྒྲུབ་ལ་བཅུག་པས་རྟགས་དང་མཚན་མ་མང་པོ་བརྙེས། དགྲ་བགེགས་གཉིས་ཀ་ལ་ཐེབས། དངོས་གྲུབ་རླབས་ཅན་དུ་གྲགས་སོ། །དེའི་སློབ་མ་ཉང་བན་ཤུ་མངས་ལུང་པ་ཆེན་པོ་ཡིན་ཏེ། བླ་མ་ལ་དབང་དང་རྒྱུད་འགྲེལ་མན་ངག་ཚང་བར་ཞུས། དབེན་ས་རོང་རྒྱན་མཁར་གྱི་ཐོག་ཕུག །གསང་མཚན་རྡོ་རྗེ་དབང་འདུས་རྩལ། དགྲ་བགེགས་གཉིས་ལ་ཐེབས། དེའི་སློབ་མ་འཛམ་གླིང་པཎྜི་ཏ་ནག་པོ། འདི་ནི་མི་ཆེ་བས་ཉང་སྟོད་ཀྱི་བྱ་ཆོས་མཁར་པོ་ཆེ་ལ་སོགས་པ་མཁར་གསུམ་གྱི་བདག་པོར་གྱུར། རོང་དུ་རྨུ་བསམ་གླིང་གི་ལྷ་ཁང་བཞེངས། དབེན་ས་མོན་མོ་གཙུག་རུམ། གསང་མཚན་རྡོ་རྗེ་འདུས་པ་རྩལ་དང་། དགྲ་བགེགས་གཉིས་ལ་ཐེབས། ལྷ་འདྲེ་བྲན་དུ་འཁོལ་བ་ལ་སོགས་པའི་ཡོན་ཏན་མངའ་འོ། །དེའི་སློབ་མ་ཤངས་རྡོ་རྗེ་གླིང་པ་བླ་ཆེན་རྡོ་རྗེ་རིན་པོ་ཆེ་ཡིན་ཏེ། འདི་ནི་མཁས་བཙུན་བཟང་པོའི་ཡོན་ཏན་དུ་མ་དང་ལྡན། སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་འཕྲོ། བླ་མ་འཛམ་གླིང་པ་རང་གི་དགོན་པར་སྤྱན་དྲངས་ནས་དབང་དང་གདམས་པ་ཞུས། དབེན་ས་རྒོད་ཚང་བྲག །དགྲ་འདྲེ་གཉིས་ཀ་ལ་ཐེབས། དེའི་སློབ་མ་ཆུ་བར་ཉི་ཕུག་པ་ཆེན་པོ་ཡིན་ཏེ། དབེན་ས་བྲེལ་ཕུ་བསམ་གཏན་ཕུག །གསང་མཚན་རྡོ་རྗེ་ཐོག་འབེབས་རྩལ། དགྲ་ཕ་སྤུན་པོ་དང་། རྒྱལ་པོ་ལ་ཐེབས། དེའི་སློབ་མ་གཙང་ཉ་རི་བན་གྲོང་གི་སྟོན་པ་གསང་སྔགས་རྡོ་རྗེ་ཡིན་ཏེ། དུས་ཕྱིས་བྱོན་པའི་སྔགས་པ་ལ་མཁྱེན་པ་དང་ནུས་མཐུ་གཉིས་ཀ་ཆེ། སློབ་དཔོན་པདྨས་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་སྐྱེ་བར་ལུང་བསྟན། བོད་ལ་ཕན་པའི་རྟེན་འབྲེལ་མང་པོ་འདུག་པ། མངའ་རི་རྫོང་ཁའི་ཆོས་རྒྱལ་གྱི་གདུང་བརྒྱུད་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཏེ་སྣ་འགའ་རེ་ཡང་གྲུབ། རྫོང་ཁ་རྒྱལ་པོའི་སྐུ་རིམ་གྱི་ནུབ་རེའི་ཐུན་གཏོར་འཕངས་པའི་ཚེ་མེ་དངོས་སུ་འགྲོ་བ་སྐྱེ་བོ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་སོགས་མཐུའི་ནུས་པའི་གྲགས་པ་ཐོན། རྫོང་ཁར་ཡི་དམ་མང་པོའི་ཞལ་གཟིགས། འདིས་སྐུ་གཞོན་ནུའི་དུས་སུ་སྒྲོ་ཕུག་གི་དུས་སུ་དབེན་སར་ཕུར་པའི་སྒྲུབ་པ་ཞག་བདུན་མཛད་པས། རྡོ་རྗེ་གཞོན་ནུ་ཞལ་གཟིགས། ཕུར་པ་དགྲ་བགེགས་གཉིས་ཀ་ལ་ཐེབས་སོ། །དེ་ལ་མང་ཡུལ་སྐྱིད་གྲོང་གི་ཐུགས་རྗེ་ཆེན་པོ་དངོས་དང་མཚུངས་པ་འཕགས་པ་ཝ་ཏི་བཞུགས་པའི་ལྷ་ཁང་དུ། བདག་ཅག་གི་བླ་མ་དམ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་དེས་གསན་པ་ཡིན་ཏེ། འདི་ནི་ཆུ་ཕོ་རྟའི་ལོ་ལ་མི་ཉག་འགའ་དང་ཉེ་བའི་སར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལོན་པའི་ཚེ་ས་གཡོས་ཀྱི་འཇིགས་པས་ནང་མི་དང་གྲོང་པ་ཀུན་ཤི་བས་ཐུགས་སྐྱོ་སྟེ་དབུས་གཙང་དུ་ཆོས་ལ་བྱོན། དེར་ཡར་ཀླུགས་བཙན་ཐང་དུ་གོང་མ་གྲགས་པ་འབྱུང་གནས་པས་དམར་སྟོན་རྒྱལ་མཚན་འོད་ཟེར་སྤྱན་དྲངས་བཙན་ཐང་མ་མོ་ཆེར་གྲགས་པའི་ཆོས་འཁོར་བསྐོར་བ་དང་ཐུག་སྟེ་སྔགས་གསར་མའི་དབང་བཀའ་དང་། རྒྱུད་འབུམ་གྱི་ལུང་གསན། རྗེ་འགོས་ལོ་ཙཱ་བ་ལ་སྦྱོར་དྲུག་གི་ཁྲིད་གསན་པས་ཟླ་བ་དྲུག་བསྒོམས་པ་ལ་ཡོན་ཏན་ཐམས་ཅད་རྫོགས་པས་རྗེ་ཉིད་ཤིན་ཏུ་དགྱེས་ཏེ། ཁྱོད་ཆོས་འདི་ལ་བག་ཆགས་སད་པ་གཅིག་འདུག་གསུངས། སྐབས་དེར་རྡོ་རྗེའི་ཟམ་པ་གནང་བ་དང་ཐུག་པས་སྔགས་རྙིང་མའི་ཆོས་སྐོར་ལ་དད་པ་མཆི་མ་འཁྲུག་པ་ཙམ་སྐྱེས། ཆོས་ཐམས་ཅད་ཐོབ་པ་ཞིག་བྱ་དགོས་སྙམ་པ་ཤར། སུ་ལ་ཡོད་དྲིས་པས། དབུ་རུ་ན་ཞོགས་ཐར་པ་གླིང་བྱ་བ་ན་སངས་རྒྱས་དབོན་པོ་ལ་ཡོད་ཟེར། དེར་བྱོན་ཏེ་རྫོགས་པ་ཆེན་པོ་བཀའ་གཏེར་ཕལ་ཆེར་གསན། འབྲི་གུང་དུ་ཆོས་རྗེ་ཀུན་དགའ་རིན་ཆེན་ལ་འབྲི་གུང་པའི་སྐོར་ཡོངས་རྫོགས་གསན། ཆོས་རྗེའི་སྐུ་མདུན་དུ་གསང་ཕུ་བའི་ཀ་བཅུ་པ་བསྟན་གསལ་བྱ་བས། དགོང་གཅིག་ལ་དགག་པ་མང་པོ་བྱས་པ་ལ། ལན་བཏབ་པས། ཆོས་རྗེ་དང་བཀའ་བཅུ་པ་གཉིས་ཀ་དགྱེས། བཀའ་བཅུ་པ་ན་རེ། ཁམས་པ་ཁྱོད་འདི་འདྲའི་ཤེས་རབ་ཆེ་བ་ལ་མདོ་ཕྱོགས་བསླབ་ན་ས་སྐྱ་པཎྜི་ཏ་འདྲ་བ་ཞིག་ཡོང་བར་འདུག་ཟེར། དེར་བན་སྒར་པ་འཇམ་དཔལ་བཟང་པོ་འབྲི་གུང་དུ་བྱིན། ཁོང་ལ་པཎ་ཆེན་ནགས་རིན་གྱི་ཆོས་སྐོར་ཞུས། འབྲི་གུང་ཆོས་རྗེས། ཁྱེད་ལ་བཀའ་བརྒྱུད་ཀྱི་བསྟན་འཛིན་ཅིག་རེ་བས་སྟག་ལུང་དུ་སོང་གསུང་། བཀའ་ཤོག་དང་བཅས་བརྫངས། སྟག་ལུང་ངག་དབང་གྲགས་པ་ལ། བོ་དོང་པའི་ཆོས་བཀའ་ཙམ་ལས་བཀའ་བརྒྱུད་མ་ཐོབ་ཀྱང་། ལོ་བཞི་བཞུགས་ཏེ་ཐུགས་རྩིས་ཆེ། སླར་འབྲི་གུང་དུ་བྱོན་པ་ན་ཆོས་རྗེ་གཤེགས། དབོན་པོ་ཀུན་རིན་པ་རྟེན་བཞེངས་ཀྱི་འབུལ་སྡུད་ལ་མྱང་ལོང་ལ་བྱོན་སོང་འདུག་པས་ཡར་ཀླུངས་སུ་བྱོན། འོན་མཐིང་མ་བ་སྔགས་འཆང་གཡུ་འབྲུག་རྡོ་རྗེ་ལ་མདོ་དབང་དང་སེམས་ཕྱོགས་གསན། དེ་ནས་སྤ་གྲོ་སྟག་ཚང་དུ་ཀཿཐོག་པ་ཡེ་ཤེས་འབུམ་པ་ལ་རྒྱུད་འབུམ་གྱི་ལུང་དང་། བཀའ་མའི་ཆོས་བཀའ་མང་པོ་ཞུས། རཏྣ་གླིང་པའི་དྲི་ལན་མཛད་ཀྱིན་འདུག་པས་དེ་ཁྱེར་ནས་ལྷོ་བྲག་ཤར་དུ་རཏྣ་གླིང་པ་ལ་ཕུལ། ཁོང་གི་གཏེར་ཆོས་ཡོངས་རྫོགས་དང་། ཡང་དགོན་པའི་རི་ཆོས། ཕུར་པ་བཀའ་མ་ཁ་ཡར་ཐོབ། དེ་ནས་ལ་སྟོད་བྱང་དུ་བྱོན། རྒྱལ་མཁར་སེ་སྟོན་པ་ལ་ཞི་ཁྲོ་ཕུར་གསུམ་གྱི་སྐོར་དང་། མ་མོ་ལྷོ་འགྲིམས། བྱང་འགྲིམས། སྒང་ཤར་སོགས་མ་མོའི་རྒྱུད་ལུང་མང་པོ་དང་། ཚེ་བདག་བད་ལུགས། ཨུར་མོ་ཁ་ཐུན། གཤིན་རྗེ་གདོང་དྲུག་པ། གཤིན་རྗེ་དམར་པོ་ལ་སོགས་པ་ཁོང་ལ་བཞུགས་ཚད་ཀྱི་ཆོས་གསན་བས། པུ་སྟི་ཕྱེད་དང་སུམ་བརྒྱ་ཙམ་གྱི་དབང་ལུང་ཐོབ། བླ་མ་འདིས་ལྟོ་གོས་ཆོས་གསུམ་ཀ་གནང་། ལྷག་པར་བསྟན་པའི་ཁུར་ཆེ་བས་འདི་བས་ལྷག་པའི་བླ་མ་མེད་གསུངས། ལོ་རྒྱུས་གསུངས་པ་ནའང་སྤྱན་ཆབ་འབྱིན། དེ་ནས་བལ་པོ་དང་། གར་ཞ་དང་། ན་གར། ཀོ་ཊ་ལ་སོགས་པའང་གཟིགས་པར་བྱོན། ལ་སྟོད་ལྷོར་སྔགས་འཆང་ནམ་བཀྲས་པ་ལ་བཀའ་བརྒྱད་བཀའ་གཏེར་མི་གཅིག་པ་བདུན་དང་། རྫོགས་ཆེན་ཨ་རོའི་སྐོར་ཕལ་ཆེ་བ་དང་། ཁ་རག་སྐོར་གསུམ། ཕྱག་ཆེན་བརྡ་རྩ། དོ་ཧ་སྐོར་གསུམ། གྲུབ་སྙིང་ཨ་མ་ར་ཎ་སི་ཀ་རའི་སྐོར། དོ་ཧ་མཛོད་འཇམ་དབྱངས་རྡོ་རྗེའི་ཆོས་བསྐོར་ལ་སོགས་པ་མང་པོ་གསན། དེ་ནས་ཡར་ཀླུངས་སུ་བྱོན། ཁྲུས་ཁང་ལོ་ཙཱ་བ་ལ་རྔོག་དཀྱིལ་བདུན་གྱི་སྐོར་གསན། ཆག་ལོ་རིན་ཆེན་ཆོས་རྒྱལ་ལ་སྟེའུ་རའི་ཆོས་སྐོར་རྫོགས་པ་དང་། ཆོས་རྗེ་ནམ་བཀྲས་པ་ལ་བཀའ་གདམས་ཀྱི་སྐོར་མང་པོ་གསན། ཞྭ་དམར་བ་བཞི་པ་ལ་ཀརྨ་པའི་ཆོས་སྐོར་མཐའ་དག་དང་། ཡབ་ཏུ་བྱང་སེམས་ཆེན་པོ་ལ་ཞི་བྱེད་སྐོར། གཙང་སྨྱོན་ལ་རས་ཆུང་པའི་སྙན་བརྒྱུད་ལ་སོགས་པ་མང་པོ་དང་། ཟིང་པ་སྟག་མགོར་སངས་རྒྱས་རྒྱལ་མཚན་པ་ལ་ཀུན་མཁྱེན་ཀློང་ཆེན་པའི་ཆོས་སྐོར། དོལ་བ་སྒྲུབ་ཆེན་མ་ལ་གཅོད་ཡུལ་དང་། བླ་མ་དགོངས་འདུས་ལ་སོགས་པ་སངས་རྒྱས་གླིང་པའི་ཆོས་སྐོར་མ་ལུས་པ་དང་། བསམ་གཏན་གླིང་པ་ལ་ཁོང་རེའི་ཨ་ཏི་སྐོར་དང་། ས་སྐྱ་བཀའ་འབུམ། ལམ་འབྲས་ལ་སོགས་པ་མང་པོ་དང་། རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་བ་ལ་འབྲུག་ཕྱོགས་མཐའ་དག་ཐོབ་ཅིང། ཤངས་འབའ་ར་ནམ་མཁའ་རྒྱལ་མཚན་པ་ལ་སྟོད་འབྲུག་དང་འབའ་ཆོས་མཐའ་དག་དང་། འཇག་པ་ལ་ཤངས་པ་བཀའ་བརྒྱུད་སྐོར་དང་། སྐུ་དྲུང་ཉི་ཟླ་བ་ལ་ཀུན་སྐྱོང་གླིང་པའི་ཆོས་སྐོར་དང་། ངོར་དུ་ཆོས་རྗེ་འདྲེན་མཆོག་ལ་ལམ་འབྲས་དང་། དབང་མང་པོ་གསན། ཞྭ་ལུ་བ་དཀོན་མཆོག་བཟང་པོ་ལ་ཡོ་ག་དང་ཞྭ་ལུ་པའི་ཆོས་བཀའ་ཕལ་ཆེར་གསན། ཆོས་རྗེ་བྱང་ཆེན་པ་ལ་འཆིམས་ནས་བརྒྱུད་པའི་དབུ་མའི་ཁྲིད་སོགས་སྣར་ཐང་པའི་ཆོས་སྐོར་དང་། གཏུམ་ཤུལ་དུ་མངའ་བདག་གི་གདུང་དང་སློབ་བརྒྱུད་རྣམས་ལ་ཉང་ལུགས་ཀྱི་ཆོས་མང་པོ་དང་། གནས་རྙིང་བསམ་གཏན་སྒང་པ་ལ་ཆོས་དབང་རིན་པོ་ཆེའི་གཏེར་ཆོས་སོགས་མང་དུ་གསན་ཅིང་། མདོར་ན་བོད་དུ་དར་བའི་ཆོས་ལ་མ་གསན་པ་མེད་པ་ལྟ་བུ་ཡོད་ཀྱང་བདག་གིས་ཀྱང་བརྗོད་པར་མི་ནུས་སོ། །དེ་ནས་གྲ་ཐང་དུ་ཞྭ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན་པས། སྒྲ་སློབ་བམ། གསང་འདུས་རིམ་ལྔའི་ཁྲིད་ཞུ་གསུང་བ་ལ། རིམ་ལྔ་ཞུས་པས་རླུང་ལྔའི་ཁ་དོག་སོ་སོར་གཟིགས། མནལ་ལམ་བཟུང་ནས་ཞིང་ཁམས་མང་པོ་བསྒྲོད། བར་སྲིད་ཐོགས་མེད་དུ་གཟིགས། སློབ་མ་དང་ཡོན་བདག་དམ་ཚིག་གཙང་བ་རྣམས་ཀྱི་བདེ་སྡུག་མཁྱེན་པའི་མངོན་པར་ཤེས་པ་མངའ་བ་སོགས་ཡོན་ཏན་དུ་མ་བྱུང་བས། སྣ་འགའ་རེ་གསུངས་པ་ལ་བརྟེན་ནས་མི་ཀུན་གྱིས་ཀྱང་བསྙེན་བཀུར་དང་འབུལ་བ་རྒྱ་ཆེན་བྱས་ཤིང་། ཐུགས་དམ་བརྟགས་པ་ཞུ་བ་མང་བས་གཡེངས་པ་ལ་ཐུགས་སུན་ཞིང་། ཚེ་གཅིག་གིས་སངས་རྒྱས་བསྒྲུབ་པར་དགོངས་ནས་བྱ་བྲལ་ལ་བཞུགས་ཏེ། མོན་ཡུལ་དུ་བྲོས་ནས་འཚོ་བ་ངན་ངོན་ལ་བརྟེན་ཏེ་ཚེ་དང་སྒྲུབ་པ་མཉམ་པ་དང་། སྣོད་ལྡན་གྱི་སློབ་མ་བྱུང་ན་ཆོས་ཀྱི་སྦྱིན་པ་ལྷུག་པར་སྩོལ་བའི་དམ་བཅའ་མཛད། མཁར་ཆུར་ལོ་བདུན་སྒྲུབ་པ་མཛད་པས། ཞྭ་ལུ་ལོ་ཙཱ་བ་ལ་སྐུ་ཚེའི་བར་ཆད་དྲུག་ཅུ་རྩ་གཅིག་གི་དགུང་སྟེངས་སུ་འདུག་པ་དེ། ཉིད་ཀྱི་ཕུར་པའི་བསྙེན་སྒྲུབ་མཛད་ན། སླར་སུམ་ཅུའི་བར་ཕྱིར་ནུར་ཏེ་དགུང་ལོ་དགུ་ཅུ་རྩ་གཅིག་བཞེས་པར་འགྱུར་ཞེས། རེ་མ་ཏིས་ལུང་བསྟན་བྱུང་བ་ལ། དེའི་ནངས་པར་རང་དཀྱིལ་འཁོར་བཞེངས་ནས་ཟླ་བ་དགུ་སྒྲུབ་པ་ལ་བཞུགས། དེ་དུས་བསྙེན་ཕུར་གྱི་ཞལ་ནས་མེ་སྟག་འཕྲོ་འཕྲོ་བྱུང་བ་དང་། ང་ལ་དགྲ་ཅིག་ཡོད་ན་བསྒྲལ་ཆོག་པ་ལ་དགྲ་མེད་དགོངས་པ་བྱུང་། ཡང་སྒུ་ཆུལ་ལ་ཕྱུག་པོ་ལ་བསོད་སྙོམས་ཀྱི་ནས་བཅོལ་བ་མ་སྤྲད་པའི་ཁར། བླ་མ་ལ་དུག་བཏང་། ཡོན་བདག་ཀུན་དང་ཕྲ་མ་བཅུག་པ་དེ་ཐུགས་ཀྱིས་དྲན་པས་ཕུར་པ་ལྡེག་ལྡེག་པ་དང་། མེ་ལྷབ་ལྷབ། དུ་བ་སྔོ་ཕྱུར་ཕྱུར་བྱུང་། དེར་ངའི་བླ་མའི་སྐུ་ཚེ་འཐུད་ཡོད་དམ། ཕུར་པ་ནི་གྲུབ་བྱུང་དགོངས་ནས། ཐུག་སྡོར་གྱི་ཕག་ཤ་སྐམ་པོ་ཚལ་པ་གཅིག་ཡོད་པ་དེ་ཚོགས་འཁོར་བྱས། གཏོར་མ་རྒྱས་པར་བསྔོས་ནས། མནལ་ལམ་བརྟགས་པས། དཀྱིལ་འཁོར་གྱི་ནང་ནས་ཡིན་བསམ་པ་ལ། ཡང་རེ་སྒྲུབ་ཁང་ནས་ཡིན་བསམ་པའི་བུད་མེད་རྟ་པ་མང་པོས་ཤིང་གི་ཕུར་པ་དཀར་པོ་དང་། གྲོད་པ་མང་པོ་ཁུར་ནས་སྒུ་ཆུལ་གཞིས་ཀར་སོང་ནས་གྲོད་པ་ནས་ཁྲག་མང་པོ་གཏོར་བ་ཞིག་རྨིས། དེ་ནས་ཞྭ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན་ཙ་ན་འབུལ་བ་ཅང་མེད་ནས་སྐུ་ཕྲག་མྱུལ་བས་ཨ་རུ་ར་རློན་པ་སུམ་ཅུ་སོ་གཅིག་བྱུང་བ་བླ་མ་ལ་ཕུལ་བས། ཤིན་ཏུ་དགྱེས་ཏེ་ཕྱག་ཏུ་བཞེས། གཅིག་ཚུར་གནང་ནས་ང་རང་གི་ཁར་བཅུག་པ་རྨིས། གཉིད་སད་ཙ་ན། བླ་མའི་སྐུ་ཚེ་འཐུད་འདུག་སྟེ། ང་ལ་གཅིག་གནང་བ་དེས་ལོ་གཅིག་གིས་ཉུང་ངུ་སོང་བ་འདྲ་སྙམ་པ་བྱུང་སྟེ། ཕྱིས་དེ་ཀ་རང་བྱུང་སྟེ་དགུང་ལོ་དགུ་བཅུ་བཞུགས་པ་ཡིན། དེ་ནས་ཟླ་བ་གཅིག་ཙ་ན་སྒུ་ཆུལ་བ་ཚོ་ལ་བཤལ་རིམས་བྱུང་ནས་རང་རེ་ལ་སེམས་གནག་ཚད་ཤི། དུག་གཏོང་མི་ཕྱུག་པོ་ཚང་གི་གྲོང་རྐང་སྟོངས། ཕུར་པ་འདིས་ངའི་བླ་མའི་སྐུ་ཚེ་འཐུད་དེ། ང་ངན་སོང་དུ་དེའི་སྐྱུར། དེ་ནས་ཞི་ཁྲོ་དང་། གཙུག་དགུ་དང་། མི་འཁྲུངས་པ་དང་། ཀུན་རིག་དང་། གཙུག་གཏོར་དྲི་མེད་རྣམས་ཀྱི་སྒྲིབ་སྦྱོང་ལ་ལོ་རེ་རེ་སྟེ་ལོ་ལྔ་ལ་མཚམས་བསྡོམ། མི་ཆེ་ཆུང་ལྔ་བཅུ་ཙམ་ཤི་བ་འགྲོངས་ཨེ་ཡོད་ཡིན་ཏེ་སྐྱོན་ཆེ་གསུངས། སྤྱིར་བླ་མ་འདིའི་མཁས་བཙུན་བཟང་གསུམ། གྲུབ་པ་ཐོབ་ལུགས། ཐོས་བསམ་སྒོམ་གསུམ་ལ་ཐུགས་རྩོམ་མཛད་ལུགས་སོགས་ནི་སེམས་ཅན་གྱི་བློར་ཤོང་བ་དཀའ་ཞིང་ཡོན་ཏན་དེ་དག་གི་ཆ་ཤས་ཙམ་ཡང་བདག་ལྟ་བུས་བརྗོད་པར་མི་ནུས་ལ། རྣམ་ཐར་མདོ་ཙམ་ཞིག་འདྲི་བར་ཞུས་པས་མ་གནང་། ཕག་ཏུ་ཟིན་བྲིས་བཏབ་པ་ཞིག་ཡོད་པ་དེ་ཡང་མངོན་ཤེས་ཀྱིས་དགོངས་ནས་ལོང་ཤོག་གསུངས། དྲུང་དུ་ཕུལ་བས། ཁྱེད་རང་དང་དད་པ་ཆེ་སྟེ། དུས་ངན་གྱི་སེམས་ཅན་ཚོ་སྡིག་པ་གསོག་ལུགས་འདིས་ཆོག་པ་འདུག་པ་ལ། ང་ལ་བརྟེན་ནས་སྡིག་པ་ཐེབ་གསོག་ཏུ་མ་འཇུག །མ་དད་པ་སྐྱེས་ན་སྡུག་གེ་ཚོ་དམྱལ་བར་སྐྱེ། ང་ལ་ཡོན་ཏན་ཡོད་ཚུལ་སུ་ལ་ཡང་མ་ལབ་གསུངས་ནས་ཟིན་བྲིས་མེ་ལ་བཏབ། བཀའ་རྒྱ་དམ་པས་བརྗོད་དུ་ཡང་མེད་ལ། ཕྱིས་སྐུ་ཐིམ་པར་ཉེ་བ་ན། ད་ལོའི་འབྲུམ་ནད་འདི་ལ་ང་ཐག་རིང་གཅིག་ལ་བྲོས་འགྲོ་གསུངས་ནས། སྐབས་ཤིག་ཏུ་གར་སོང་ཆ་མེད་དུ་སོང་། དེ་ནས་མེ་ཏོག་གི་ཆར་དང་། ནམ་མཁའ་ལ་འཇའ་དང་ས་གཡོ་བ་དང་ཉི་མ་བདུན་བསྟུད་མར་བྱུང་། ཤར་ཕྱོགས་སུ་སྒྲ་ཆེན་པོ་གྲགས་པ་སོགས་ཀྱི་ལྟས་ལ་བརྟེན་ནས། སློབ་མ་རེ་གཉིས་དང་ཡོན་བདག་ཆོས་ཉམས་ལྡན་པ་དག་ནི་སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སམ་ཞེས་ཟེར་རོ། །དེ་ལྟར་ཡོངས་འཛིན་དམ་པ་ནི་དགུང་ལོ་ཇི་ཙམ་བཞེས་ཞེས་ཞུས་པ་ན། བརྒྱ་ཅུ་རྩ་ལྔ་ཙམ་ཨ་མི་ལོན། ད་རྒས་ནས་བརྗེད་དེ་མི་གདའ། ཞེས་ཐམས་ཅད་ལ་གསུངས་པ་ཞིག་ཡིན་མོད་ཀྱི། གོང་མ་གྲགས་འབྱུང་། རྗེ་འགོས་ལོ། །དམར་སྟོན་སོགས་ཀྱི་དྲུང་དུ་ཆོས་གསན་པ་དང་ཐོག་མཚུངས་པ་ཡིན་པས། མི་ཡུལ་དུ་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་པ་འདྲ་ཞིང་། ཡོན་ཏན་གཞན་རྣམས་སྨྲ་རུ་མེད་ཀྱང་། རྡོ་རྗེ་ཕུར་པ་ལ་བརྟེན་ནས་དངོས་གྲུབ་བརྙེས་ཚུལ་ཕུར་པ་བརྒྱུད་པའི་ལོ་རྒྱུས་འདིར་མེད་ན་མི་རུང་བས་ཅུང་ཟད་བྲིས་པ་ལ་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་རྒྱལ་མཁའ་འགྲོའི་ཚོགས་དང་བཅས་པས་གནང་བ་བསྩལ་ཏེ་བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་གེགས་སུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་ལྷ་མཆོག་ཕུར་པའི་སྒོར་ཞུགས་པས། །རིག་འཛིན་གྲུབ་ཐོབ་རིམ་པར་བྱོན་པའི་ཚུལ། །རྒྱ་བལ་བོད་དུ་བགྲང་གིས་མི་ལང་ལ། །སྔོན་བྱུང་ལོ་རྒྱུས་ཇི་བཞིན་འཆད་ནུས་པའི། །བློ་གྲོས་སྤོབས་པ་བདག་ལ་མ་མཆིས་མོད། །དེ་ལྟ་ན་ཡང་རང་གིས་ཐོས་པ་ཙམ། །ཡི་གེའི་ལམ་དུ་གསལ་བར་མ་བྱས་ན། །དེང་སང་རྒྱུད་གཞུང་མཁྱེན་པ་སྨོས་ཅི་དགོས། །གཏམ་ཙམ་རྣ་བར་སྒྲོག་པ་མི་སྣང་བས། །ནུབ་པར་འཕངས་ནས་དགེ་བའི་སེམས་ཀྱིས་བཀོད། །ནོངས་ན་བླ་མ་ལྷ་ལ་བཟོད་པར་གསོལ། །ཨེ་མ་རྒྱལ་བའི་བསྟན་པ་རིན་པོ་ཆེ། །སྔོན་ཆད་བོད་འདིར་དར་ལ་རྒྱ་ཆེ་ཞིང་། །བསྟན་འཛིན་མཁས་གྲུབ་ཚད་མར་གྱུར་པ་དང་། །ཉམས་ལེན་མཛད་པའི་གང་ཟག་བསམ་མི་ཁྱབ། །དེང་སང་དུས་ན་ནམ་ལངས་སྐར་མ་བཞིན། །བསྟན་ལ་ཕན་པ་ཐམས་ཅད་ཞིང་གཞན་གཤེགས། །གསང་སྔགས་འཛིན་པར་འདོད་པ་འགའ་ཞིག་ཀྱང་། །འཕྲལ་དགོས་ཟ་ཆོག་སློབ་པར་མི་ནུས་ན། །རྒྱ་ཆེན་རྒྱུད་འགྲེལ་ལག་ལེན་ལྟ་ཅི་སྨོས། །མིང་དང་རྟགས་ཙམ་འཛིན་པ་ཉིད་དུ་གྱུར། །ཐོས་བསམ་སྒྲོ་འདོགས་གཅོད་པའི་བློ་མེད་ཅིང་། །བསྙེན་སྒྲུབ་མཐའ་རུ་འདོན་པའི་འདུན་པ་བྲལ། །བཟང་བརྫུ་འུག་པ་སྦོས་པ་ལྟར་འགྱིང་བའི། །གང་ཟག་མཐོང་བས་རང་སེམས་ལྷག་པར་སྐྱོ། །ཕྱི་ཚུལ་བཟང་པོའི་གོས་ཀྱིས་རྣམ་སྤུད་ཅིང་། །ནང་དུ་ཁྱིམ་པའི་སེམས་དང་མི་འབྲལ་ལ། །བསྟན་དང་འགྲོ་བའི་དོན་ལ་རྒྱབ་ཀྱིས་ཕྱོགས། །འདི་འདྲའི་བསྟན་འཛིན་མཐོང་ཚེ་སྙིང་ནས་སྐྱོ། །འཛུམ་པའི་ཞལ་ནས་བསྟན་པ་སྤེལ་ཞེས་ལོ། །ཁ་བགྲད་མིག་ཚུམས་སེམས་ཅན་སྙིང་རྗེ་སྐད། །ཞེ་ནས་ལག་ལེན་རང་གི་བསྙེན་བཀུར་བསྒྲུབ། །བསྟན་འགྲོའི་བྱ་བ་བཤོལ་འདི་སྙིང་ནས་སྐྱོ། །མང་པོས་བཀུར་བའི་ཟས་ནོར་གྱིས་ཅི་བྱ། །རང་གི་སེམས་ལ་རང་གིས་མི་ཁྲེལ་བའི། །སློབ་གཉེར་བསྙེན་སྒྲུབ་ལམ་རྟགས་ཐོན་ཙམ་རེ། །མེད་ན་རང་ལ་རང་གིས་མ་བསླུས་སམ། །བདག་ནི་འདོད་པའི་ལྷ་ཡི་བདུད་དབང་གིས། །ཉིན་མཚན་དལ་མེད་གྲོང་ཆོག་བོན་ལྟར་རྒྱུག །དཀོར་གྱི་ཕུང་པོས་ཤེས་རྒྱུད་སྒྲིབ་པས་ནོན། །ཡོན་ཏན་གསར་དུ་སྐྱེ་བ་ལྟ་ཅི་ཞིག །སྔར་ཤེས་སྐྱབས་འགྲོ་ཙམ་ཡང་བརྗེད་དེ་ཐལ། །དལ་འབྱོར་དོན་མེད་རྣམ་གཡེངས་དབང་དུ་སོང་། །འདི་འདྲས་འགྲོ་ལ་ཕན་པ་མི་འགྲུབ་པས། །ད་ནི་དབེན་པར་དོན་གཉིས་བསྒྲུབ་པར་སྨོན། །འདི་ལྟར་སྣོད་བཅུད་ཉམས་པའི་དུས་དབང་གིས། །སངས་རྒྱས་བསྟན་དང་སྐྱེ་རྒུའི་བདེ་སྐྱིད་རྣམས། །རང་དང་གཞན་གྱི་སྤྱོད་ཚུལ་མཐའ་དག་ལ། །བསམ་བཞིན་བསམ་བཞིན་སྐྱོ་བ་གཏིང་ནས་སྐྱེས། །ད་ནི་གཞན་སྐྱོན་སེམས་བརྗོད་ཉེས་དམིགས་ཆེ། །རང་སྐྱོན་འདོན་པ་དམ་པའི་སྤྱོད་པ་ལགས། །དེ་ཕྱིར་རང་དྲིན་རང་ལ་ཆེ་བའི་ཐབས། །ལེགས་ཉེས་ཡིན་མིན་ཁ་འཁྱམས་མི་སྨྲ་བར། །ཐོས་བསམ་སྒོམ་གསུམ་བརྩོན་པའི་ལམ་ཞུགས་ཏེ། །རིང་པོར་མི་ཐོགས་རང་བཙན་ཟིན་པར་སྨོན། །རང་དོན་བསླུ་བའི་གཞན་དོན་ལྟར་སྣང་འདིས། །སྔར་ཡང་དོན་མེད་བྱ་བ་མང་དུ་བྱས། །ད་ནི་སོལ་བ་འབད་དེ་མི་བཀྲུ་བར། །སྐལ་ལྡན་སྲིད་ན་དེ་དོན་བྱེད་པར་སྨོན། །ཡུན་རིང་སྲིད་པར་འགྲོ་དོན་བརྩོན་པ་དང་། །ཁྱད་པར་དམ་ཆོས་ཉམས་པ་དེ་གསོ་བའི། །ལུགས་འདི་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ལགས། །དེ་ཕྱིར་ཆོས་རྣམས་ཅི་ནུས་སྤེལ་བར་སྨོན། །དེས་ན་མདོ་རྒྱུད་མན་ངག་རྒྱ་མཚོ་དང་། །ཁྱད་པར་ལམ་བཟང་རྡོ་རྗེ་ཕུར་པའི་གཞུང་། །མ་ལུས་མི་ནུབ་གསལ་བར་སྟོན་ནུས་པར། །སྐྱེ་བ་འདི་དང་བརྒྱུད་མར་འགྱུར་བར་སྨོན། །འོན་ཀྱང་དམན་པ་བདག་འདྲའི་སྤྱོད་ཚུལ་གྱིས། །རྒྱ་ཆེན་ལམ་བཟང་སྣང་བར་མ་ནུས་ན། །དེ་སླད་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཡིས། །འགྲོ་ཀུན་སྔགས་ཀྱི་སྣོད་དུ་འགྱུར་བར་ཤོག །ཀུན་ཀྱང་མང་དུ་ཐོས་པའི་མཐར་སོན་ཏེ། །བསམ་པས་དོན་རིག་སྒོམ་པས་དངོས་གྲུབ་ཐོབ། །རིག་འཛིན་རྣམ་བཞི་རིམ་གྱིས་མངོན་འགྱུར་ཏེ། །སྐྱོབ་པ་པདྨ་རྒྱལ་པོ་དེ་མཚུངས་ཤོག །མར་གྱུར་དྲིན་ཅན་མཐའ་ཡས་སེམས་ཅན་རྣམས། །ལས་དང་དུས་ཀྱི་སྦྱོར་བ་ལས་བྱུང་བའི། །མི་མཐུན་རྒུད་པ་མཐའ་དག་ཉེར་ཞི་ནས། །བསྐལ་པ་རྫོགས་ལྡན་བཞིན་དུ་བདེ་བར་ཤོག །རྡོ་རྗེ་ཕུར་པའི་ཆོས་ཚུལ་ཉི་འོད་ཀྱིས། །བསྟན་དགྲ་མུན་ཚོགས་མཐའ་དག་དྲུང་ཕྱུང་སྟེ། །སྲིད་པ་བདུན་གྱི་སྦྱོར་བ་ལས་གྱུར་པ། །ཆོས་ཀྱི་བར་ཆད་མ་ལུས་ཞི་བར་ཤོག །རྟ་གདོང་ཀུན་ནས་ཚ་བའི་མེ་དང་ནི། །གང་གཱའི་ཀླུང་དང་པཀྵུའི་རྒྱུན་བཞིན་དུ། །རྒྱུན་མི་ཆད་པ་སྲིད་པ་ཇི་སྲིད་བར། །དམ་པའི་ཆོས་ནི་མི་ནུབ་དར་བར་ཤོག །ཐུབ་དབང་བསྟན་པའི་གཞི་མ་དགེ་འདུན་ཏེ། །དེ་ཡང་བདག་རྐྱེན་བྱེད་ལ་རག་ལུས་པས། །གང་ཞིག་བསྟན་པ་མཆོད་པའི་སྦྱིན་བདག་ཡང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །འདིས་མཚོ ན་བདག་གིས་ཇི་སྲིད་སངས་རྒྱས་པར། །དགེ་ཚོགས་ཇི་སྙེད་གང་ཞིག་ཐོབ་གྱུར་པ། །ཤེལ་དང་ཟླ་བ་ཀུནྡ་ལྟར་དཀར་བ། །དེས་ནི་འགྲོ་འདིས་ཕུར་པ་འགྲུབ་གྱུར་ཅིག །དཔལ་ལྡན་རྡོ་རྗེ་ཕུར་པའི་ཆོས་ཀྱི་བྱུང་ཚུལ་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ། རང་དང་སྐལ་བ་མཉམ་པ་རྣམས་ཀྱི་བརྗེད་བྱང་དུ། ཤཱཀྱའི་བཙུན་པ་ནམ་མཁར་སྤྱོད་པ་ཞེས་བྱ་བས་ས་མོ་བྱའི་ལོ་དབོའི་ཉ་བའི་གང་བ་དང་པོའི་ཚེས་ལ་རྫོགས་པར་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། འགྲོ་བ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་དུས་ཀུན་ཏུ་སྤྱོད་པར་གྱུར་ཅིག། །།


previousདཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་ངོ་མཚར་རྒྱ་མཚོའི་རྦ་རླབས།next