Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གཉིས་པ།


   
   
   
   
   
དཔལ་རྡོ་རྗེ་ཕུར་པའི་ཊཱི་ཀ་ཉི་མའི་འོད་ཟེར། སྙེ་མོ་ཇོ་སྲས་བསོད་ནམས་དཔལ།
   
   
   
   
   


 
previousདཔལ་རྡོ་རྗེ་ཕུར་པའི་ཊཱི་ཀ་ཉི་མའི་འོད་ཟེར། སྙེ་མོ་ཇོ་སྲས་བསོད་ནམས་དཔལ།next

དཔལ་རྡོ་རྗེ་ཕུར་པའི་ཊཱི་ཀ་ཉི་མའི་འོད་ཟེར། སྙེ་མོ་ཇོ་སྲས་བསོད་ནམས་དཔལ།

དཔལ་རྡོ་རྗེ་ཕུར་པའི་ཊཱི་ཀ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །གང་གི་སྟོང་ཉིད་དབྱིངས་སུ་བདུད་བཞིའི་དཔུང་རྣམས་བཅོམ་ཞིང་སྒེག་སོགས་བདེ་བའི་གར་ལྡན་སྲིད་ཞིའི་མཐའ་ལས་འདས། །ཡང་དག་བདག་གཞན་དཔལ་གྱུར་ཉོན་མོངས་ཁྲག་འཐུང་རྡོ་རྗེའི་སྐུ་ནི་དུས་གསུམ་འགྱུར་མེད་གཞོན་ནུའི་ཚུལ། །ཤེས་རབ་རྒྱས་འདེབས་ཡུམ་དང་མཉམ་སྦྱོར་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་བླ་མར་བཅས་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་འོ་མའི་རྒྱ་མཚོ་རྣམས་ལས་མངོན་པར་རྟོགས་པ་དྲི་མེད་མར་གྱི་སྙིང་པོ་བྲི། །འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ལས་ཀྱི་རིགས་གདུལ་བྱ་གདུག་པ་ཅན་འཇིགས་པར་བྱེད་པ་དཔལ་ལྡན་ཁྲག་འཐུང་གི་སྐུར་སྣང་བ་ཧེ་རུ་ཀ་ལས་ཀྱི་རྒྱལ་པོ་ཞེས་ཀྱང་བྱ། དེ་བཞིན་གཤེགས་པ་མ་ལུས་པའི་ཐུགས་ཡེ་ཤེས་ཀྱི་སྣང་བས་གདུལ་བར་བྱ་བའི་དོན་རྟག་པར་རྒྱུན་མི་ཆད་པར་མཛད་པས་ཕྲིན་ལས་རྡོ་རྗེ་གཞོན་ནུ་ཞེས་ཀྱང་བྱ། ཚེགས་ཆུང་དུས་དོན་ཆེན་པོ་ལ་སྦྱོར་བ་ཞལ་གྱི་གདམས་པ་མངོན་པར་རྟོགས་པའི་ཁྲིགས་མ་ནོར་བར་བསྟན་པས་མན་ངག་རྩ་དུམ་འཁྲུགས་སྡེབས་ཞེས་བྱ་བ་འདི་ནི། ༈ དང་པོ་རྒྱུད་ཡིན་པའི་ཕྱིར་ཕུན་སུམ་རྒྱུད་ཀྱི་མཚན་ཉིད་ནི་འབྲེལ་ཞིང་རྒྱུན་ཆགས་ལ་དངོས་གྲུབ་སྒྲུབ་པའི་ཡན་ལག་མ་ཚང་བ་མེད་ཅིང་ཕུམ་སུམ་ཚོགས་པ་ལྔ་དང་ལྡན་པ་སྟེ། རྡོ་རྗེ་རྩེ་མོ་ལས། འབྲེལ་དང་མ་ཚང་མེད་ཕྱིར་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །ཚོགས་པ་ལྔའི་སྒོ་ནས་བཤད་ན། སྟོན་པ་ཕུན་སུམ་ཚོགས་པ་ནི་སྤངས་རྟོགས་ཕུན་སུམ་ཚོགས་པ་ལས་བྱུང་བའི་གཟུགས་ཀྱི་སྐུ་རིགས་གཉིས་བསྡུས་ཀྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྟེ། ༈ འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ལས། གདུལ་བར་བྱ་བ་གདུག་པ་ཅན་གྱི་འཁོར་ནི། ལྷ་ཆེན་པོ་ཕྱོགས་སྐྱོང་དང་བཅས་པ་སྟེ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། ཞེས་སོ། །འདུལ་བྱེད་གཉན་པོའི་འཁོར་ནི། ཁྲོ་བོ་ཁྲོ་མོ་ཟ་བྱེད་གསོད་བྱེད་སྒོ་མ་དམ་ཅན་དང་བཅས་པ་རྣམས་ཏེ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། ཞེས་སོ། ༈ །དུས་ཕུན་སུམ་ཚོགས་པ་ནི། གང་གི་ཚེ་གདུལ་བྱ་འདུལ་བའི་དུས་ལ་བབས་པ་གང་ཡིན་པ་སྟེ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་སོ། །གལ་ཏེ་རྒྱུད་ཡིན་ན། དངོས་པོ་བདུན་ཇི་ལྟར་ཚང་ཞེ་ན། དེ་ཁོ་ན་ཉིད་རྟོགས་པ་ལྟ་བ་ནི། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། ཞེས་དང་། སྤྱོད་པ་ནི། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །དཀྱིལ་འཁོར་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །དབང་ནི། དབང་དང་དངོས་གྲུབ་འདིར་སྩོལ་ཅིག །དམ་ཚིག་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཕྲིན་ལས་ནི། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །སྒྲུབ་པ་ནི། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །ཞེས་པས་བསྟན་ཏོ། ༈ །གཉིས་པ་ལུང་ཡིན་པའི་ཕྱིར། སྤྱིར་ལུང་ལུང་གི་མཚན་ཉིད་ནི། མདོ་རྒྱུད་ལས་ཚིག་དུམ་བུར་ཕྱུངས་པ་ནི་དྲངས་པས་ཏེ། མདོ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པས་རྫུན་གྱི་ངག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་སོ། །གཉིས་ཀྱི་སྒོ་ནས་བཤད་ན། སྤྱིར་ལུང་ལ་གཉིས་ཏེ། གཏན་ལ་འབེབས་པའི་ལུང་དང་། མངོན་དུ་ཕྱུང་བའི་ལུང་ལས། འདི་ནི་ཕྱི་མའོ། །དེ་ལའང་དྲང་བ་མཚན་ཉིད་ཀྱི་ལུང་དང་། །ངེས་པ་སྔགས་ཀྱི་ལུང་གཉིས་ལས། འདི་ནི་ངེས་པ་སྔགས་ཀྱི་ལུང་ངོ་། །དེ་ལའང་གཞི་གནས་སྦྱོར་བའི་ལུང་། མཐུན་འཇུག་སྤྱོད་པའི་ལུང་། བྱ་བྲལ་རྫོགས་པའི་ལུང་། རྣམ་གྲོལ་རིག་པའི་ལུང་དང་བཞི་ལས། འདི་ནི་ཕྱི་མ་རྣམ་གྲོལ་རིག་པའི་ལུང་ཞེས་བྱའོ། ༈ །གསུམ་པ་མན་ངག་ཡིན་པའི་མན་ངག་གི་མཚན་ཉིད་ནི། ཚེགས་ཆུང་ངུས་རྟོགས་ཤིང་ཐོབ་པར་དཀའ་བའི་འབྲས་བུ་འགྲུབ་པར་འགྱུར་བ་སྟེ། ཐབས་ཆེ་ཚེགས་ཆུང་དོན་དཔག་མེད། །བྱ་སླ་དཔགས་དཀའ་མན་ངག་གོ། །ཞེས་སོ། །ཕྱིར་དགོས་དོན་རྣམ་པ་བཞིའི་སྒོ་ནས་བཤད། སློབ་དཔོན་གྱི་ཆེ་བའི་ཡོན་ཏན་དང་དེ་ལས་བརྒྱུད་པའི་མན་ངག་ལ་ཡིད་ཆེས་པར་བསྟན་པ་དང་། རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པས་ཁུངས་ལ་ཡིད་ཆེས་པར་བསྟན་པ་དང་། དགོས་འགྲེལ་ཁྱད་པར་ཅན་གྱིས་སྒྲུབ་པ་ལ་བརྩོན་པར་བསྟན་པ་དང་། ས་གཅོད་ཀྱི་དབྱེ་བས་དོན་གྱི་དམིགས་བཟུང་བ་བསྟན་པའོ། ༈ །དང་པོ་ལ་བཞི་སྟེ། སློབ་དཔོན་གང་གིས་མཛད་པ་དང་། །དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་དང་། དེ་ལས་བརྒྱུད་པའི་རིམ་པ་དང་། །ཡིད་ཆེས་པའི་ཚུལ་ལོ། ༈ །དང་པོ་འདི་མཛད་པའི་མཁན་པོ་ནི། དངོས་ཅག་བོད་ཀྱིས་མ་ཡིན་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་པས་མཛད་པའོ། །གཉིས་པ་དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་ལ་དྲུག་སྟེ། སྐྱེ་ས་ཡུལ་གྱི་ཁྱད་པར་དང་། །སྐྱེ་བརྒྱུད་རིགས་ཀྱི་ཁྱད་པར་དང་། །རྟེན་སྐྱེ་གནས་ཀྱི་ཁྱད་པར་དང་། །སྦྱངས་པ་ལ་ཡོན་ཏན་གྱི་ཁྱད་པར་དང་། །བརྙེས་པ་དངོས་གྲུབ་ཀྱི་ཁྱད་པར་དང་། །ཕྲིན་ལས་ནུས་མཐུའི་ཁྱད་པར་ལས། ༈ །དང་པོ་སྐྱེ་ས་ཡུལ་གྱི་ཁྱད་པར་ནི། དཔལ་ཧེ་རུ་ཀའི་གནས་བཅུའི་དབུས། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་གཙོ་བོ། རིག་པ་འཛིན་པའི་གསང་མཛོད། །དཔལ་ཨོ་རྒྱན་གྱི་ཡུལ། དྷ་ན་ཀོ་ཥའི་གླིང་ལས། ཕོ་བྲང་ཐོར་ཅོག་ཅན་ཞེས་བྱའོ། ༈ །སྐྱེ་རྒྱུད་རིགས་ཀྱི་ཁྱད་པར་ནི། རང་བཞིན་དང་སྤྱོད་པ་གཉིས་ཆར་གྱིས་མ་སྨད་པ་རྒྱལ་རིགས་ཨིནྡྲའི་རྒྱུད་ལས། སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཀའ་ཁྲིམས་དང་ཆོས་ཁྲིམས་ཀྱིས་ལེགས་པར་བསྟོད་པའི་ཡབ་རྒྱལ་པོ་ག་ཤ་ཞེས་བྱའོ། ༈ །རྟེན་སྐྱེ་གནས་ཀྱི་ཁྱད་པར་ནི། མངལ་གྱི་དྲི་མས་གོས་པ་མེད་པར་མེ་ཏོག་པདྨ་ལ་བརྫུས་ནས་སྐྱེས་པ་སྟེ། དེ་ནས་ཕོ་བྲང་ཐོར་ཅོག་ཅན་ནས་ལྷོ་ཕྱོགས་རྒྱུད་ཧ་ཅང་མི་རིང་བ་ཞིག་ན་མཚོ་མདངས་ལྡན་དྲི་མ་མེད་པ་ཞེས་བྱ་བ་ཞིག་ཡོད་པ་དེར། རྒྱལ་པོ་ཉིད་ཀྱི་ཕྱི་འཁོར་བ་རིགས་ངན་འགའ་ཞིག་གིས་ཉ་དང་དུང་ལ་སོགས་པ་བཤོར་དུ་ཕྱིན་པ་ལས། དུས་ལན་གཅིག་གི་ཚེ། མཚོ་དེའི་དཀྱིལ་ན་པདྨའི་སྡོང་པོ་ཞིག་ལ་ཁྱེའུ་བཟང་སྡུག་ལ་འོད་ཆགས་པ་ལོ་བརྒྱད་པའི་ཚོད་ཙམ་རྒྱན་དང་ཆ་ལུགས་ཕུན་སུམ་ཚོགས་པ་ཞིག་དགའ་བཞིན་དུ་རྩེ་ཞིང་འདུག་པ་མཐོང་ནས། དེ་རྒྱལ་པོའི་སྲས་བྱ་བ་འོས་པར་ཤེས་ནའང་། རྒྱལ་པོ་ཉིད་ལ་མ་དྲིས་ན་བཀའ་ཁྲིམས་དང་འགལ་དོགས་ནས་སླར་ལོག་ནས་ཞུས་པས། རྒྱལ་པོའི་ཞལ་སྔ་ནས་མདང་གི་རྨི་ལམ་དང་སྦྱར་ན་ངའི་རྒྱལ་སྲིད་ལེགས་པར་ཟིན་ཅིང་། ང་ཉིད་དམུས་ལོང་དུ་གནས་པའི་སྤྱན་ཡང་ཕྱེད་ཀྱི། །ཁྱེའུ་དང་པདྨའི་སྡོང་པོ་གཉིས་ཀ་ཁྱེར་ཤོག་ཅིག་གསུངས་ནས་འོངས་ཏེ། པདྨའི་སྡོང་པོ་དེ་གསོལ་བས་སྤྱན་ལེགས་པར་ཕྱེད་པར་གྱུར། ཁྱེའུ་ལ་སྲས་མཛད་དེ་མིང་ཡང་རྒྱལ་པོ་ཐང་བཟང་མཚན་བྱ་བར་བཏགས་སོ། །དེའི་ཚེ་དེ་ལ་གཅེས་པར་འཛིན་པའི་སྒོ་ནས་ཕྱི་རོལ་དུ་འགྲོར་མི་སྟེར་ཞིང་། རྒྱལ་པོ་ཉིད་དྲེགས་ཆོས་ཆེ་ཞིང་རྩེད་མོ་ལ་དགའ་བས། ཕྱག་ཆ་ཁ་ཊྭཱཾ་ཀ་དང་ཌཱ་མ་རུ་གཅིག་ཐོགས་ཏེ། ཕོ་བྲང་སོ་ཕག་གི་མཁར་རྩེ་མང་དུ་གནས་པའི་གཅིག་ནས་གཅིག་ཏུ་མཆོང་ཞིང་རྩེ་བའི་བར་དུ་ཕྱག་ཆ་ཁ་ཊྭཾ་ཀ་ཤོར་ཏེ། རྒྱལ་པོའི་ནང་བློན་པ་རྣམས་ལས་དབང་ཆེ་ཞིང་ཁྲིམས་ལ་མཁས་པ་ཀ་མ་ཏི་ཞེས་བྱ་བའི་བུ་གཅིག་ཕོ་བྲང་གི་འདབས་ན་གནས་པའི་མགོ་ལ་ཕོག་སྟེ་དེ་ཉིད་ཤི་བར་གྱུར་ཏོ། །དེ་ལ་བློན་པོ་རྣམས་ཀྱིས་བཀའ་ཁྲིམས་དང་མཐུན་པའི་ཆད་པ་གཅོད་དགོས་གླེང་སྟེ། རབ་གསལ་ཤིང་གི་རྩེ་ལ་བསད་པར་རིགས་ནའང་རྒྱལ་བུ་ཡིན་པས་ཆད་པ་ཐ་ཆུང་སྤྱུགས་པར་བྱས་ཏེ། ཡབ་རྒྱལ་པོའི་སྙན་དུ་གསོལ་ནས། །རྒྱལ་བུ་ལ་ཐུགས་བརྩེ་ཡང་བཀའ་ཁྲིམས་གཉན་པའི་སྟོབས་ཀྱིས་རྒྱལ་བུའི་ལག་ནས་བཟུང་སྟེ། འདི་སྐད་དུ། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས། །སྲས་ཀྱིས་ཕོངས་ནས་རྒྱལ་བུ་ཁྱོད་བཙལ་ཡང་། །ལས་ཀྱི་དབང་གིས་གྲོགས་པོ་ཕུག་པར་སོང་། །བློན་པོ་རྣམས་ཀྱིས་བཀའ་ཁྲིམས་དང་སྦྱར་ནས། །བསྡད་པའི་དབང་མེད་ཁྱོད་རང་གང་བདེར་སོང་། །ཞེས་གསུངས་ནས་སྙིང་གཏུགས་ཏེ་བཤུམས་པ་ལས། རྒྱལ་བུས་ཀྱང་། འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཀྱང་། །ལྔ་ཕུང་ཙམ་གྱིས་བསྡུས་པའི་ཕུང་པོ་འདི། །ཐང་ཅིག་ཙམ་དུ་རྒྱལ་སྲིད་བཟུང་སྙམ་པས། །བསྡད་པའི་དབང་མེད་ད་ནི་གང་བདེར་འགྲོ། །ཞེས་བྱ་སྟེ། ཡབ་ཀྱི་ཞབས་སྤྱི་བོར་བླངས་ཏེ་ཕྱག་འཚལ་ནས་ནུབ་ཕྱོགས་ཨུ་རྒྱན་གྱི་ཕོ་བྲང་ནས་ཕྱིར་བྱུང་སྟེ། ལྷོ་ཕྱོགས་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བར་ཕྱིན་ཏེ། ཡུལ་དེའི་ལུགས་ཀྱིས་མི་ཤི་བའི་རོ་གང་དག་རོ་གོས་དར་ཡུག་རེ་དང་རོ་ཟས་འབྲས་ཁལ་རེ་དང་བཅས་ཏེ་དུར་ཁྲོད་དུ་སྐྱེལ་བ་ལས། རོ་ཟས་ཟ་ཞིང་རོ་གོས་གྱོན་ཏེ་བསྡད་པས་ཅུང་ཟད་འཚོ་བར་གྱུར་ནའང་། ལན་གཅིག་ཡུལ་དེར་མུ་གེ་ཆེན་པོ་བྱུང་སྟེ། རོ་ཟས་སྐྱེལ་བ་མེད་པས་དུར་ཁྲོད་ཀྱི་རོ་རྣམས་ཟོས་པས་རང་བཞིན་གྱི་ནུས་པས། དུར་ཁྲོད་ན་གནས་པའི་འཇིག་རྟེན་གྱི་མཁའ་འགྲོ་མི་སྲུན་བྱ་གཅན་གསོད་པ་ཅན་གྱི་ཚོགས་དང་བཅས་པ་རྣམས་དབང་དུ་འདུས་སོ། །དེའི་ཕྱག་ཆ་མདའ་ལྔ་དང་གཞུ་གཅིག་ཀྱང་ཐོགས་ཏེ། དུར་ཁྲོད་དེར་ཕོ་བྱུང་བསད། མོ་བྱུང་ཐམས་ཅད་ལ་ལོག་པར་སྤྱད་པས་མིང་ཡང་སྲིན་པོ་ཤཱནྟ་རཀྵི་ཏ་ཞེས་གྲགས་སོ། །དེ་འདུལ་དགོས་པར་གྲོས་འཆམས་ཏེ་ཡུལ་དེའི་རྒྱལ་པོ་ཏྲི་དར་མ་ཞེས་བྱ་བ་འཕོངས་ཀྱི་སྒྱུ་རྩལ་ལ་ཤིན་ཏུ་མཁས་པ་དགྲར་མཚོན་ཆ་མི་ཚོར་བར་འཕོག་པ་ཞིག་ཡོད་པ་དེ་ལུང་པའི་མདོར་བསྒུག་ཏུ་བཅུག་ཅིང་། ཡུལ་གྱི་མི་རྣམས་ཀྱིས་རི་བཤུས་ཏེ་ལིང་བཏབ་པ་ན། སྲིན་པོ་འཁོར་དང་བཅས་པས་ཀྱང་ལུང་པའི་མདོར་འོངས་ཏེ། རྒྱལ་བུ་མི་མ་ཡིན་གྱི་ཟིལ་གྱིས་གནོན་ནས་སྲིན་པོ་མི་ལྔ་སྟེ་ལྕགས་ཀྱི་མདའ་ཞིག་རྒྱལ་པོའི་སྨིན་མཚམས་སུ་བརྒྱབས་ཏེ་ལྟག་ཁུང་དུ་ཕྱུངས་ནས་མ་ཐུབ་པར་ཤོར་བས་བདུད་ཤོར་བ་གཞོན་ནུ་ཞེས་ཀྱང་གྲགས་སོ། །དེས་རང་བཞིན་གྱིས་རིགས་སད་པའི་རྐྱེན་བྱས་ཏེ། འཁོར་བའི་ཆོས་དང་རང་གི་ལས་ལ་ཡིད་སུན་པའི་སྐྱོ་བ་དྲག་པོ་སྐྱེས་ནས་ཡང་དག་པའི་ཆོས་ཤིག་བྱ་བར་སེམས་པར་གྱུར་ཏོ། ༈ །སྦྱངས་བ་ཡོན་ཏན་གྱི་ཁྱད་པར་ནི། དེ་ཉིད་ཀྱི་ཚེ་རྒྱ་གར་ཤར་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས། བྲག་དམར་བྱ་ཁྱུང་ཅན་ཞེས་བྱ་བ་ན་རྣལ་འབྱོར་གྱི་རྒྱུད་ལ་དངོས་གྲུབ་བརྙེས་པའི་སློབ་དཔོན་པྲ་བྷ་ཧ་སྟི་རྩལ་ཞེས་བྱ་བ་བཞུགས་པ་ལ་ལུས་ཀྱི་འཁོར་གསུམ་ཕུལ་ཏེ་རབ་ཏུ་བྱུང་ནས། ཡོངས་སུ་རྫོགས་པའི་དགེ་སློང་དུ་གྱུར་པའི་མཚན་ནི་ཤཱཀྱ་སེང་གེ་ཞེས་བྱ་བར་བཏགས་སོ། །དེའི་ཚེ་མཆེད་པོ་ཤཱཀྱ་པྲ་བྷ་ཞེས་བྱ་བ་དང་། ཤཱཀྱ་མི་ཏྲ་ཞེས་བྱ་བ་གཉིས་དང་ལྷན་ཅིག་ཏུ་བསྙེན་པར་རྫོགས་པར་མཛད་དེ་རྣལ་འབྱོར་གྱི་རྒྱུད་ཀྱི་སྒོར་ཞུགས་ནས། དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཚར་གཅིག་གསན་ཏེ་ཚིམ་མམ་ཞེས་བྱ་བ་ན། གཉིས་པོས་ནི་ཚིམ་ཞེས་ཟེར་ནས་སོང་ལ། དགེ་སློང་ཤཱཀྱ་སེང་གེ་ནི་བློན་པོའི་བུ་ལག་ཏུ་ལྷུང་བས་ཐུགས་མ་བདེ་ནས་བདག་ནི་མ་ཚིམ་ཞེས་བྱས་ཏེ་ཚར་བདུན་གསན་པས་རྣལ་འབྱོར་ཕྱི་རྡོ་རྗེ་དབྱིངས་ཀྱི་ལྷ་སུམ་ཅུ་རྩ་བདུན་གྱི་ཞལ་གཟིགས་ཤིང་། རྣལ་འབྱོར་ཕྱི་པའི་རྒྱུད་ཀྱི་སྒོ་ནས་ལྷག་པའི་ལྷས་རྗེས་སུ་བཟུང་སྟེ། ཐུན་མོང་དངོས་གྲུབ་ཀྱང་ཅི་རིགས་པ་ཐོབ་མོད་ཀྱི། ད་ནི་རྣལ་འབྱོར་ཆེན་པོ་ནང་གི་སྒོར་ཞུགས་ཏེ་ཚེ་ལ་དབང་བའི་མཆོག་གི་དངོས་གྲུབ་ཅིག་སྒྲུབ་དགོས་དགོངས་ཏེ། རྨེ་ཁྲོད་ཀྱི་དུར་ཁྲོད་ན་ཡབ་རྒྱལ་པོ་ལ་གསུམ། ཡུམ་སྐྲའི་ལྭ་བ་ཅན་གྱི་སྲས་ཀུ་ཀུ་རཱ་ཛ་ཞེས་བྱ་བ། ཉིན་བཞིན་ཁྱི་མོ་ལྔ་བརྒྱར་སྤྲུལ་ཏེ་དམ་པའི་ཆོས་ཁྱིའི་སྐད་དུ་འཆད་ཅིང་། མཚན་བཞིན་ལྷ་མོ་ལྔ་བརྒྱར་སྤྲུལ་ཏེ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པ། བྱང་ཆུབ་སེམས་དཔའ་རིན་ཆེན་མང་གི་སྤྲུལ་པར་གྲགས་པ་ཞིག་བཞུགས་པ་ལ་ཞུར་ཕྱིན་པས། ངས་ཁྱོད་འདུལ་བའི་དུས་ལ་བབས་སམ་མ་བབས་ཡི་དམ་གྱི་ལྷ་ལ་དྲི་ཡི་གསུངས་ནས་ཅུང་ཞིག་དགོངས་པ་མཛད་ཅིང་སྣང་བ་ལས། ངས་ཁྱོད་འདུལ་བའི་དུས་ལ་མ་བབས་པར་འདུག་པས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཞེས་བྱ་བ་ན་སྨད་འཚོང་མ་ར་ནི་ལས་རབ་ཏུ་བྱུང་བ་དགེ་སློང་མ་ཀུན་དགའ་མོ་ཞེས་བྱ་ཞིང་། རྣལ་འབྱོར་མ་དྲི་མེད་མ་ཞེས་ཀྱང་བྱ་བ་ལྷ་མོ་སངས་རྒྱས་སྤྱན་གྱི་སྤྲུལ་པར་གྲགས་པ། རྣལ་འབྱོར་ཆེན་པོ་ཕྱི་ནང་གསང་བའི་དབང་དང་གདམས་ངག་ལ་མཁས་པ་ཞིག་ཡོད་ཀྱི། དེར་ཞུས་ཤིག་གསུངས་ནས། ཨོ་རྒྱན་གྱི་ཡུལ་དུ་སློབ་དཔོན་མ་ཀུན་དགའ་མོའི་སར་བྱོན་ཏེ། གཡོག་མོ་ཆུ་ལེན་མ་ཞིག་མཁན་མོ་ལ་འཕྲད་ཀྱིས་དང་། ཞེས་ཕྲིན་བཅོལ་བ་ན། སློབ་དཔོན་མ་སངས་རྒྱས་དང་འདྲ་བ་ཞིག་ལ་མཁན་མོ་ཞེས་ངག་འཁྱལ་བ་འདི་སུ་ཡིན་སྙམ་དུ་ཕྲིན་མི་བྱ་དགོས་སྙམ་དུ་སེམས་པ་སློབ་དཔོན་གྱིས་རིག་སྟེ། ཏིང་ངེ་འཛིན་གྱིས་མོའི་བུམ་པ་བུམ་སྟེགས་དང་སྦྱར་བས་མོ་མ་ལངས་པ་ན། མོ་ན་རེ། ཁྱོད་ཀྱང་རྫུ་འཕྲུལ་ཅན་ཅིག་འདུག་སྟེ། ང་ལའང་འདི་ལྟ་བུ་ཡོད་ཟེར་ནས་མཆན་ཁུང་ནས་གསེར་གྱི་གྲི་གུག་ཅིག་ཕྱུངས་ནས་རང་གི་ཁོག་པ་གཤགས་ཏེ་བསྟན་པའི་ནང་ནས་ཡོ་ག་རྡོ་རྗེ་དབྱིངས་ཀྱི་ལྷ་སུམ་ཅུ་རྩ་བདུན་རོམ་མེ་བཞུགས་ནས་སྣང་ངོ་། །དེ་ཉིད་ཀྱི་ཚེ་སློབ་དཔོན་མ་ཀུན་དགའ་མོས་མཁྱེན་ཏེ་ཕྱིར་བྱོན་ཏེ་མདུན་བསུས་ནས་སློབ་དཔོན་ཡི་གེ་ཧཱུཾ་གཅིག་ཏུ་བྱས་ཏེ། ཞལ་དུ་མིད་ཅིང་འཁོར་ལོ་བཞིར་རིམ་པར་བརྒྱུད་དེ་པདྨོར་ཕྱུངས་ནས་ནང་དང་གསང་བའི་དབང་ཡོངས་སུ་རྫོགས་པ་མཛད་དེ། སླར་བྲང་ཁང་དུ་ཁྲིད་ནས་གཞན་རྗེས་སུ་བཟུང་བའི་ཕྱིར་ཕྱིའི་དབང་ཡང་ཡོངས་སུ་རྫོགས་པ་བསྐུར་ཏེ། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་གདམས་ངག་དང་བཅས་པ་མ་ལུས་པ་གནང་ངོ་། །གཞན་ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་སྐུའི་རྒྱུད་སྒྲུབ་ཐབས་དང་བཅས་པ་ཞུས་ཤིང་། ངག་གི་དབང་ཕྱུག་ལ་པདྨ་གསུང་གི་རྒྱུད་གདམས་པ་དང་བཅས་པ། ཧཱུྃ་ཀ་ར་ལ་ཡང་དག་ཐུགས་ཀྱི་རྒྱུད་གདམས་པ་དང་བཅས་པ། དྷ་ན་སཾ་སྐྲྀ་ཏ་ལ་ཕུར་པ་ཕྲིན་ལས་ཀྱི་རྒྱུད་གདམས་པ་དང་བཅས་པ། རཾ་བུ་གུ་ཧྱ་དེ་བ་ཙནྡྲ་ལ་སྲིད་པ་མ་མོའི་རྒྱུད་གདམས་པ་དང་བཅས་པ། ཤྲཱི་སིདྷ་ལ་མན་ངག་རྫོགས་པ་ཆེན་པོ་མཐའ་དག་ཞུས་ཏེ། གང་གསན་པ་དག་ཚེགས་མེད་དུ་མཁྱེན་པར་གྱུར་པས་བློ་ལྡན་མཆོག་སྲེད་རྩལ་ཞེས་བྱ་བར་གྲགས་སོ། །དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་མུ་སྟེགས་ཀྱི་སྟོན་པ་དྲུག་ཚར་བཅད་ཅིང་ནང་པའི་བསྟན་པ་ལ་བཙུད་པས་འཕགས་པ་སེང་གེ་སྒྲ་སྒྲོགས་ཞེས་ཀྱང་གྲགས་སོ། ༈ །བརྙེས་པ་དངོས་གྲུབ་ཀྱི་ཁྱད་པར་ནི། དེའི་རྗེས་སུ་ཚེ་ལ་དབང་བའི་རིག་འཛིན་བསྒྲུབ་པར་དགོངས་ནས། སྒྲུབ་པའི་གྲོགས་མཚན་ཉིད་དང་ལྡན་པ་ཞིག་བཙལ་བར་བསམ་པ་ལ། ཟ་ཧོར་གྱི་རྒྱལ་པོ་དཔལ་འཛིན་གྱི་བུ་མོ་མནྡ་ར་ཞེས་བྱ་བ། བུ་མོ་པདྨ་ཅན་གྱི་རིགས་མཚན་དང་ལྡན་པ་ཞིག་རྙེད་དེ། སྒྲུབ་པའི་གནས་བྲག་ཕུག་མཱ་ར་ཏི་ཀ་ཞེས་བྱ་བ། སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་ཞིང་། ཕུག་རིན་པོ་ཆེ་ཡུལ་བརྒྱད་པ་ལྟར་མཛེས་པར་གྱུར་པ་དུས་གསུམ་དུ་མེ་ཏོག་གི་ཆར་འབབ་ཅིང་། རིགས་གསུམ་མགོན་པོས་བྱིིན་གྱིས་བརླབས་པའི་གནས་དེར་ཡོ་བྱད་ལྔ་ལ་བརྟེན་ནས་བསྒྲུབས་པས་ཆོས་ཉིད་ཀྱི་བདེན་པ་མཐོང་ཞིང་། ཚེ་ལ་དབང་བའི་རིག་འཛིན་གྲུབ་སྟེ་སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་ནས་ཟ་ཧོར་གྱི་རྒྱལ་པོ་ལ་བུ་མོ་གཏོད་དུ་ཕྱིན་པས། མཐའ་མི་ངན་པ་འདིས་ང་ཡི་བུ་མོ་བསླད་ཅིང་ཆུད་གསན་པས་འདི་ལ་ཆབ་གསོལ་དགོས་ཞེས་ཟེར་ནས། ཡུལ་གྱི་མི་རྣམས་ཀྱིས་ཙནྡན་གྱི་ཤིང་མགལ་པ་རེ་དང་ཏིལ་མར་ཕུལ་རེ་བསྡུས་ཏེ། ལུང་པའི་མདོར་ཤིང་ཁུར་ལྔ་བརྒྱའི་དབུས་སུ་བསྲེགས་པ་ལས། དུས་གཞན་གྱི་ཚེ་ཞག་གསུམ་ན་དུ་བ་ཆད་པ་ཡིན་པ། དུས་དེའི་ཚེ་ཞག་དགུའི་བར་དུ་དུ་བ་ཆད་དུ་མ་བཏུབ་པ་ལས། རྒྱལ་པོ་ཡ་མཚན་སྐྱེས་ཏེ་གཟིགས་སུ་བྱོན་པ་ན། སློབ་དཔོན་མེའི་གནོད་པས་བསྙེལ་བ་མེད་པའི་སྟེང་དུ་ཞིང་ཞོ་གཅིག་མལ་ཙམ་ཞིག་མཚོར་གྱུར་པའི་དབུས་ན། སོལ་བའི་གུར་ཆེན་པོ་ཞིག་གི་འོག་ན་པདྨའི་སྡོང་པོ་ལ་སྐུ་ལྟེ་བ་ཡན་ཆད་ཐོན་ཏེ་ཐོད་པའི་ཕྲེང་བས་སྐུ་ལ་མ་རེག་ཙམ་དུ་ག་ཤལ་མཛད་ནས། ཕྱག་མཚན་ཡང་པདྨའི་སྡོང་པོ་ལ་རྩེ་ཞིང་སྐུ་དྲང་དྲང་བསིལ་བསིལ་ལྟར་བཞུགས་པ་མཐོང་ནས་ངོ་མཚར་དུ་གྱུར་ནས་བསྟོད་པ་ནི། ཨེ་མ་ཧོཿ སྐུ་ནི་མི་གཡོ་ཀུན་ཏུ་བཟང་པོའི་སྐུ། །གསུང་ནི་མི་གཡོ་མཉམ་ཉིད་རོལ་པའི་གསུང་། །ཐུགས་ནི་མི་གཡོ་སྨྲ་བསམ་ཡུལ་ལས་འདས། །སྐུ་གསུང་ཐུགས་ལྡན་རྡོ་རྗེ་རྒྱལ་ལ་བསྟོད། །ཅེས་བྱས་ཏེ། མཚོ་ལས་སྐྱེས་ཤིང་འབྱུང་བ་མེའི་གནོད་པས་ཚུགས་པར་མ་གྱུར་པས། མཚོ་སྐྱེས་རྡོ་རྗེ་ཞེས་བཏགས་སོ། །གཞན་ཡང་དེའི་ཚེ་རྒྱ་གར་གྲོང་ཁྱེར་ཤར་ཕྱོགས་པ་རྣམས་ཀྱིས་པདྨ་ལས་བྱུང་ཞིང་པདྨ་བསྣམས་པས་པདྨ་འབྱུང་གནས་སུ་བཏགས་སོ། །ལྷོ་ཕྱོགས་པ་རྣམས་ཀྱིས་པདྨ་ལས་བྱུང་ཞིང་ཐོད་ཕྲེང་བསྣམས་པར་མཛད་པས་པདྨ་ཐོད་ཕྲེང་རྩལ་དུ་བཏགས་སོ། །ནུབ་ཕྱོགས་པ་རྣམས་ཀྱིས་པདྨ་ལས་བྱུང་ཞིང་སྟོང་ཉིད་ནམ་མཁའི་ཆོས་གོས་དང་ལྡན་པས་ན་པདྨ་སཾ་བྷ་ཝར་བཏགས་སོ། །བྱང་ཕྱོགས་པ་རྣམས་ཀྱིས་པདྨ་ལས་བྱུང་ཞིང་དེ་ཉིད་ལ་མངའ་མཛད་པས་ན་པདྨ་རྒྱལ་པོ་ཞེས་བྱ་བར་བཏགས་སོ། །དེ་ནས་སླར་ཡང་རྒྱ་གར་ལྷོ་ཕྱོགས་སུ་བྱོན་ཏེ་ཕོ་བསད་མོ་ལ་སྤྱད་པའི་སྡིག་པ་སྦྱངས་དགོས་སྙམ་དུ་དགོངས་ཏེ་ཡུལ་ཕྱོགས་དེ་ན་དགེ་བ་ལ་འཛུད་པའི་ཆོས་འཆད་ཅིང་བཞུགས་པ་ན། དེའི་ཚེ་ར་རྫི་ལོ་རབ་ཏུ་རྒས་པ་མིག་ཀོས་མཁུར་ཚོས་ནོན་པ་ཞིག་གིས་སྐད་ངོ་ཤེས་ཏེ། འདི་ནི་སྔོན་གྱི་སྲིན་པོ་ཤཱནྟ་རཀྵི་ཏའི་སྐད་འདྲ་ན། ངའི་མིག་ལ་སྐས་ཤིང་ཚུགས་དང་ཟེར་ནས་སྐས་ཤིང་བཙུགས་ནས་བལྟས་པས་ངོ་ལེགས་པར་ཤེས་ཏེ། ཡུལ་གྱི་རྒྱལ་པོ་ལ་བཟློས་པ་ན་ཡང་སྔར་བཞིན་བསྲེགས་པ་ལས་མ་ཚིག་པས་ཡ་མཚན་སྐྱེས་ཏེ་བསྟོད་པ་ཡང་སྔར་བཞིན་བྱས་སོ། །དེ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞིག་བསྒྲུབ་པར་དགོངས་ཏེ་རྒྱ་དང་བལ་ཡུལ་གྱི་མཚམས་ཨ་སུ་རའི་བྲག་ཕུག་ཅེས་བྱ་བར་དཔལ་ཡང་དག་ལྷ་དགུ་མངོན་དུ་ཕྱུང་བའི་སྒྲུབ་པ་མཛད་པ་ན། ནག་པོའི་ཕྱོགས་ལ་དགའ་བའི་ལྷ་འདྲེ་གདུག་པ་ཅན་གནོད་སྦྱིན་རྒོད་མ་ཁ། བྱི་ཁུང་གློག་མ་སྲིན། ཀླུ་རྒྱལ་འཁྱམས་པོ་དང་གསུམ་གྱིས་བར་ཆད་བརྩམས་ཏེ། ནམ་མཁའ་ལས་ཆར་མ་ཕེབས་ཤིང་རྩི་ཤིང་དང་ནགས་ཚལ་ཀུན་བསྐམས་ཏེ། རྩྭ་ལས་ཀྱང་མེ་བྱུང་ལ། མི་ནད་དང་ཕྱུགས་ནད་སྤྲིན་ཚོགས་པ་ལྟར་བྱུང་ནས། སློབ་དཔོན་གྱིས་བལ་པོ་ཇི་ལ་ཇི་ཟ་དང་། བལ་མོ་ཀུན་ཞི་ཞེས་བྱ་བའི་སློབ་མ་གཉིས་ལ་གསེར་ཕྱེ་མང་དུ་བསྐུར་ནས། རྒྱ་གར་དབུས་འགྱུར་གྱི་རྒྱལ་པོ་དང་པཎྜི་རྣམས་ཀྱི་སར་བཏང་སྟེ། ང་བྱང་ཆུབ་སྒྲུབ་པ་ལ་བགེགས་ཀྱི་བར་ཆད་བྱུང་བས་རྡོ་རྗེ་གདན་གྱི་འོག་ན་ཕུར་པ་བིདྱོཏྟ་མ་ལ་འབུམ་སྟེ་སྦས་ཡོད་པའི་ནང་ནས་དགྲ་བགེགས་བསྒྲལ་བའི་ལས་མཐའ་ཞིག་བརྫང་བར་ཞུ་ཞེས་བསྲིངས་པས། ཕུར་པའི་རྒྱུད་ཀྱི་དཔེ་མི་ཁུར་ཐེག་ཚད་གཉིས་བསྐུར་ནས་བྱུང་ངོ་། །དེ་བྱུང་བ་ཙམ་གྱིས་དམ་སྲི་གསུམ་པོ་ཡང་རང་ཤུགས་ཀྱིས་ཐུལ་ཏེ་ནམ་མཁའ་ལས་ཆར་བབས་ཤིང་། རྩི་ཤིང་དང་ནགས་ཚལ་བསྐམས་པ་ཀུན་ལོ་འབྲས་སྔ་མ་ལྟར་སོར་ཆུད་དེ། ལོ་ཕྱུགས་རབ་ཏུ་འཕེལ་ཞིང་རྒྱས་ནས་མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཏེ། སློབ་དཔོན་གྱིས་ཀྱང་ལྷ་དགུའི་ཞལ་གཟིགས་ཤིང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ་མི་གཡོ་བ་བརྒྱད་པའི་ས་ལ་ལེགས་པར་གནས་པར་གྱུར་ཏོ། །དེའི་ཚེ་རྡོ་རྗེ་ཕུར་པ་རྩ་བ་སྡེ་ལྔ་ཞེས་བྱ་སྟེ། བིདྱོཏྟ་མ་ལ་དོན་གྱི་དགོངས་པ། སྒོམ་པ་ཕུན་སུམ་ཚོགས་པའི་མན་ངག །ཕྲིན་ལས་རྡོ་རྗེ་གཞོན་ནུ། རྩ་བ་འཁྲུགས་སྡེབས་ལས་གསང་ཐུགས་གསང་གཉིས་དང་བཅས་པ་མཛད་ནས། རྒྱ་གར་གྱི་པཎྜི་ཏ་རྣམས་ལ་གཟིགས་སུ་ཕུལ་བས་ཤིན་ཏུ་མཉེས་ཏེ། སྒྲ་ཚད་ཀྱིས་གཏན་ལ་ཕེབས། ལུང་རིགས་དང་མི་འགལ་ལ་ཉམས་སུ་བླངས་བདེ་བས་ཤིན་ཏུའང་ལེགས་སོ་ཞེས་ཀུན་གྱིས་བསྔགས་ཏེ། རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་མཆོད་པ་བྱས་སྐད་དོ། ༈ །ཕྲིན་ལས་ནུས་མཐུའི་ཁྱད་པར་ནི། སློབ་དཔོན་དེ་ཉིད་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་སུ་བལྟ་བ་དང་། ཏིང་ངེ་འཛིན་རྩལ་རྫོགས་པས་འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་མ་ལུས་པ་དབང་དུ་འདུས་ཤིང་བྲན་དུ་འཁོལ་བར་གྱུར་ཏེ། དེའི་ཚེ་ལོ་རྒྱུས་ཁ་ཅིག་ནས་སླར་རྒྱ་གར་དུ་བྱོན་ནས་བཞུགས་པ་ན་བོད་ཀྱི་བཙན་པོའི་རྨང་ལམ་དུ་བྱུང་ནས་སྤྱན་དྲངས་སོ་ཡང་སྐད། དཔལ་ལྷ་རི་བའི་བཞེད་ཀྱིས་སྔར་གྱི་གནས་དེ་ཉིད་དང་ཐག་མི་རིང་བ་ཞིག་ན་ཡང་ལེ་ཤོད་ཀྱི་བྲག་ཕུག་ཅེས་བྱ་བ་ཞིག་ཡོད་པ་དེར། རྡོ་རྗེ་ཕུར་པའི་བསྙེན་པའི་དཀྱིལ་འཁོར་རྩིབས་བརྒྱད་པ་ཞིག་བཞེངས་ཏེ་ཐུགས་དམ་མཛད་པ་ན། སྲོད་ལ་ཤྭ་ན་མ་མཆེད་བཞི་བྱུང་ནས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་ཤིང་། ཤྭ་ན་མུ་ཁའི་དུས་ལ་བབ། །ཞེས་པའི་བསྐུལ་དང་། ཀ་ཏཾ་ཀ་ཡེ་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་ལ། ནམ་གྱི་གུང་ལ་རེ་མ་ཏི་མཆེད་བཞི་བྱུང་སྟེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་ཤིང་། བདག་ཉིད་ཆེན་མོའི་དུས་ལ་བབ། །ཞེས་པའི་བསྐུལ་དང་། ཛ་ཡེ་བི་ཛ་ཡེ་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་ཅིང་། ཐོ་རེངས་སྐྱེས་བུ་གིང་གསུམ་བྱུང་ནས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་ནས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཞེས་པའི་བསྐུལ་དང་། མཱ་ར་སེ་ན་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་པར་མཛད་དོ། །དེ་ནས་ཀྱང་ཆུ་མིག་རིས་ཀྱི་འགྲམ་བལ་མོ་ཚ་བའི་རོང་ཞེས་བྱ་བ་མེ་ཏོག་དགུན་ཡང་མི་སྐམ་པའི་ཚལ་དེར་བྱོན་ཏེ་སྲོད་ལ་དགོངས་པ་ཅུང་ཟད་ཅིག་མཛད་པ་ན། སྐུ་ཉམས་སུ་ལྕི་ཐིབ་བེ་བ་ཞིག་བྱུང་སྟེ་སྤྱན་སྔར་ཡང་རིབ་རིབ་པ་ཞིག་བྱུང་ནས། ཕྱག་གི་བཟུང་སྟེ་དབུ་ཞྭའི་ནང་དུ་བསྩལ་ཞིང་རྡོ་རྗེ་ཕུར་པས་རྒྱས་བཏབ་སྟེ་སྔས་འོག་ཏུ་བཅུག་ནས་ནངས་པར་གུང་སང་ཙམ་ན་གཟིགས་ཙ་ན། བུད་མེད་འཇིགས་སུ་རུང་བ་ནམ་མཁའི་མཐོངས་སུ་སླེབ་པ་བཞི་བྱུང་སྟེ། སློབ་དཔོན་གྱིས་མཁྱེན་བཞིན་དུ་ཁྱེད་ཅག་སུ་ཡིན་གསུངས་པ་ན། བདག་ཅག་ནི་བསེ་མོ་མཆེད་བཞི་ཞེས་ཀྱང་བྱ། ནམ་ཟླ་དུས་བཞིའི་རྒྱལ་མོ་ཞེས་ཀྱང་བྱ། །སྔོན་ཡང་མི་ཕྱུགས་ཀྱི་སྲོག་ལ་དབང་བར་བྱས། ད་ཡང་དེ་ལྟར་དུ་དབང་བསྐུར་དུ་གསོལ། །ཞེས་ཟེར་ཏེ་སོ་སོའི་སྲོག་སྙིང་ཕུལ་བས། སློབ་དཔོན་གྱིས་དེ་ལྟར་དབང་མ་བསྐུར་ཏེ། །ཕུར་པའི་སྲུང་མ་གྱིས་ཤིག་པར་དམ་སྩལ་ཏེ། དར་ནག་གི་ཅོད་པན་རེ་རེ་མགོ་ལ་བཏགས། ཞིང་གི་ཕུར་པ་རེ་རེ་ལག་ཏུ་བསྐུར། །དབང་གི་བསེ་ཁྲབ་རེ་རེ་ལུས་ལ་བཀོད། །བསྐྱོད་པའི་ཕོ་རྟ་རེ་རེ་འོག་ཏུ་བསྐྱོན། རྟེན་གྱི་མཚོ་བཞི་གནས་སུ་བྱིན། ཤུ་ལེན་ཏ་རི་ལ་སོགས་པའི་གསང་མཚན་རེ་རེ་ཡང་སོ་སོར་བཏགས་ཤིང་། ས་བདག་ཆེན་མོའི་དུས་ལ་བབ། །ཞེས་པའི་བསྐུལ་དང་། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་པ་ཡིན་ནོ། །དེའི་ཚེ་བོད་ཡུལ་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་བྱ་བས་ཐུགས་དམ་གྱི་གཙུག་ལག་ཁང་ཞིག་བཞེངས་པར་བཞེད་དེ། འཁོར་འབངས་རྣམས་བསགས་ནས་འདམ་ག་བཞི་བོར་བ་ནི། ཁོ་བོ་ཅག་ཡབ་མེས་ཀྱི་རྗེས་སུ་འདུས་བྱས་ཀྱི་དགེ་བའི་རྩ་བ་རྣམས་ཀྱི་ཁྱད་པར་དུ་གྱུར་པའི་ཕྱག་བཞེས་ཆེན་པོ་ཞིག་ལ་འཇུག་པར་ངེས་པས། ཁྱེད་རྣམས་ཀྱིས་ཀྱང་ངས་ཇི་ལྟར་བསྒོ་བའི་བྱ་བ་ཡལ་བར་འདོར་དུ་མེད་པར་བསྒྲུབ་དགོས་ཀྱི། ཡང་ན་གཙང་ཆབ་ཟངས་ཀྱི་སྦུབས་སུ་གཞུག་གམ། དགེ་རྒྱས་བྱེ་མ་གླིང་གསེར་ཕྱེས་འགེངས་སམ། ཧས་པོ་རིའི་རྩེ་ལ་ཤེལ་གྱི་མཆོད་རྟེན་ཞང་པོ་རྒྱ་ཡུལ་མཐོང་བ་ཞིག་བཞེངས་སམ། ཐུགས་དམ་གྱི་གཙུག་ལག་ཁང་བྲེ་ཞབས་ཙམ་ཞིག་བཞེངས་པ་རྣམས་ལ་གང་ལ་དགའ་ཞེས་བཀའ་སྩལ་པ་ན། གཅིག་ཏུ་ཆོས་ལ་མི་དགའ་བའི་བློན་པོ་ཆེན་པོ་ངམ་རྟ་ར་ཀླུ་གོང་ཞེས་བྱ་བ་ན་རེ། ཀྱེ་རྒྱལ་པོ་ཆེན་པོ། ཐུགས་ནོངས་སམ། འོན་ཏེ་གདོན་གྱིས་བརླམས་པའང་སྲིད་དེ། གཙང་ཆབ་ཟངས་ཀྱི་སྦུབས་སུ་འཇུག་པ་ལ་ཟངས་ཁལ་གཅིག་ཙམ་ཡང་དཀོན་པ་མིན་ནམ། ཧས་པོ་རིའི་རྩེ་ལ་ཤེལ་གྱི་མཆོད་རྟེན་ཞང་པོ་རྒྱ་ཡུལ་མཐོང་བ་གཅིག་བཞེངས་པ་བས། ཤེལ་ཕྲེང་བརྒྱ་རྩ་ཙམ་ཡང་རྙེད་པར་ཤིན་ཏུ་དཀའ་སྟེ། རྒྱལ་པོའི་ཐུགས་དགོངས་བསྒྲུབ་པར་མི་ནུས་སོ། །ཞེས་ཟེར་བས། དེ་བྱང་མཐོ་ཡོར་ནག་པོར་ཐབས་ཀྱིས་རྟ་རྫི་ལ་བཤུགས་ཏེ་བཏང་བའི་ཤུལ་དུ། གཅིག་ཏུ་ཆོས་ལ་དགའ་བའི་བློན་པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་ལ་སོགས་པའི་མཆིད་ནས། ཕྱག་བཞེས་སྔ་མ་གསུམ་པོ་ནི་བསྒྲུབ་པར་མི་ནུས་པ་བདེན་མོད་ཀྱི། འོན་ཀྱང་རྒྱལ་པོ་སྨྲ་བ་ལན་གཅིག་ཡིན་པས་བཀའ་ཐམས་ཅད་བཀག་པར་མི་འོས་པས་ཐུགས་དམ་གྱི་གཙུག་ལག་ཁང་བྲེ་མལ་ཙམ་ཞིག་བཞེངས་པ་འཐད་དོ་ཞེས་གླེང་སྟེ་བཞེངས་པ་ན། བོད་ཀྱི་ཆོས་ལ་སྡང་བའི་ལྷ་འདྲེ་གདུག་པ་ཅན་གྱིས་དབང་བྱས་ཏེ་གནས་པས་ཉིིན་མོ་མིས་བརྩིགས་པ་ཐམས་ཅད་ལྷ་འདྲེ་གདུག་པ་ཅན་གྱིས་བཤིག་ནས་བརྩིག་ཏུ་མ་སྟེར་བ་ན། བོ་དྷི་ས་ཏྭ་ལ་སོགས་པའི་མཁས་བཙུན་མང་དུ་སྤྱན་དྲངས་ཀྱང་མ་ཐུལ་བས་རྒྱལ་པོ་ཉིད་ཐུགས་ཤིན་ཏུ་གཡེར་བར་གྱུར་ཏེ། སློབ་དཔོན་བོ་དྷི་ས་ཏྭ་དབེན་གནས་མཆིམས་ཕུ་ན་ཐུགས་དམ་མཛད་ཅིང་བཞུགས་པའི་དྲུང་དུ་བྱོན་ཏེ། རྒུན་སྐྱེམས་ཕྲ་མེན་གྱི་སྣོད་བཀང་བ་ནི་ཞལ་དུ་དྲངས། ཁ་གསེར་ཁ་གཡུ་མགུལ་དུ་བཏགས། ཕྱག་དབུ་ཐོད་བུད་བུད་བཙལ་ཏེ། སློབ་དཔོན་ཆེན་པོ་ལགས། བདག་ཡོན་བདག་བསམ་པ་མ་དག་པ་ཡིན་ནམ། ཁྱེད་སློབ་དཔོན་གྱི་བྱིན་རླབས་ཆུང་བ་ཡིན་མ་འཚལ་ཏེ་ངའི་ཐུགས་དམ་གྱི་གཙུག་ལག་ཁང་ནི་འགྲུབ་འགྲུབ་མི་འདྲའོ་ཞེས་གསོལ་བ་དང་། སློབ་དཔོན་གྱི་ཞལ་ནས། དེ་ནི་ཁྱེད་ཡོན་བདག་བསམ་པ་མ་དག་པ་མིན་གྱི། ང་མཆོད་གནས་བྱིན་རླབས་ཆུང་བས་ལན་པ་ཡིན་ཏེ། ཁོ་བོ་ཅག་ཕྱི་ནང་གི་སྡེ་སྣོད་ལ་མ་རྨོངས་ཀྱང་ལྷ་སྲིན་དམ་ལ་མ་ཐོགས་པས་ཉེས་སོ། །འོན་ཀྱང་རྒྱལ་པོའི་ཐུགས་དགོངས་བསྒྲུབ་པའི་ཐབས་ནི་ཡོད་ལ། དེ་ནི་རྒྱ་དང་བལ་ཡུལ་གྱི་མཚམས་ན་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཞེས་བྱ་བ་ཚེ་ལ་དབང་བའི་རིག་འཛིན་ལ་གནས་ཤིང་། རིག་པ་རྩལ་གྱི་དབང་བརྙེས་པ། །ལྷ་མ་སྲིན་བྲན་བཞིན་དུ་ཁོལ་བ་ཞིག་ཡོད་དེ། དེ་སྤྱན་དྲངས་ན་ཐུལ་ནས་འོང་གསུངས། དེ་ནི་ཡུལ་ཐག་རིང་ཞིང་བདག་གི་ཡོ་བྱད་ཀྱང་ཟད་དེ་ཞུ་རྟེན་ཡང་མེད་པས་གདན་མི་དྲངས་ཏེ་འོང་ཞེས་གསོལ་བ་ན། སླར་ཡང་སློབ་དཔོན་གྱི་ཞལ་ནས། །འོ་ཅག་རྣམས་སྨོན་ལམ་གྱི་འབྲེལ་པ་ཡོད་པས་གདན་འདྲོངས་པར་ངེས་ཏེ། འབྲེལ་པ་ཇི་ལྟར་ཡོད་ན་ཐུགས་རྗེའི་བདག་ཉིད་འཕགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་ཨ་མི་ཏ་བྷ་འོད་དཔག་མེད་ཀྱི་ཞབས་དྲུང་དུ། ཁམས་གསུམ་འཁོར་བ་མ་སྟོངས་ཀྱི་བར་དུ་བདག་འཚང་མི་རྒྱ་བར་དམ་བཅས་ཏེ། འགྲོ་བ་དཔག་ཏུ་མེད་པ་མྱ་ངན་ལས་འདས་པའི་སར་བསྒྲལ་ནས། ད་ནི་འཁོར་བའི་སེམས་ཅན་གཅིག་ཀྱང་མ་ལུས་ཏེ་འོང་བསམ་ནས་འཁོར་བའི་དབྱིངས་ལ་གཟིགས་པ་ན། ཅུང་ཟད་བྲི་བའང་མངོན་པར་མི་འདུག་པས་ཐུགས་མུག་ནས་སྤྱན་ཆབ་སིལ་གྱིས་བྱུང་བ་དེ་ཕྱག་གཉིས་ཀྱི་སྲིན་ལག་གིས་བླངས་ཏེ་མདུན་གྱི་བར་སྣང་ལ་འཐོར་བར་བྱས་ནས། འདི་གཉིས་ལ་བརྟེན་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་ནུས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའི་མཐུས། མཆིལ་མའི་ཐིགས་པ་དེ་གཉིས་སུམ་ཅུ་རྩ་གསུམ་གྱི་གནས་སུ་བརྒྱ་བྱིན་གྱི་བུ་མོ་གངྒ་དང་གང་ཆུང་མར་གྱུར་ཏེ། ནུ་མོས་ཕུ་མོའི་ལྡུམ་ར་ནས་མེ་ཏོག་ཞིག་བརྐུས་པས་ལྷའི་འདུལ་ཁྲིམས་ཉམས་ཏེ་མིའི་ཡུལ་དུ་བྱ་རྫི་མོ་གསལ་བྱེད་ཀྱི་བུ་མོ་བདེ་མཆོག་གསལ་བྱ་བར་སྐྱེས་སོ། །དེས་མཆོད་རྟེན་ཆེན་པོ་བྱར་རུང་ཁ་ཤོར་བྱ་བ་ངོས་རེ་རེ་ལ་འདོམ་ལྔ་བརྒྱ་ལྔ་བརྒྱ་པ་ཞིག་བརྩིགས་པ་ལས། བྲེ་དང་སྲོག་ཤིང་མ་འབྱོངས་པར་མ་ཉིད་ཚེའི་དུས་བྱས་ཏེ་དམ་ཚིག་ལྷ་མོ་པྲ་མོ་ཧཱ་བྱ་བར་སངས་རྒྱས་སོ། །དེའི་དུས་ན་མོ་ལ་མིའི་ཡུལ་ན་རིགས་ངན་བཞི་དང་བཤོས་པའི་བུ་བཞི་ཡོད་དེ། རྟ་རྫི། ཕག་རྫི། ཁྱི་རྫི། བྱ་རྫི་དང་བཤོས་པའོ། །བུ་བཞིས་ཀྱང་མའི་དགེ་བའི་ལས་འཕྲོ་བླངས་ཏེ་མཆོད་རྟེན་གྱི་བྲེ་དང་སྲོག་ཤིང་བཙུགས་ནས། རབ་གནས་བྱས་ཏེ་སོ་སོ་ནས་སྨོན་ལམ་བཏབ་པ་ནི། ནང་གི་ཆེ་ཤོས་ན་རེ། བདག་གི་མའི་དགེ་བའི་ལས་འཕྲོ་ལེགས་པར་བླང་བའི་མཐུས། སྐྱེ་བ་ཕྱི་མ་ལ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ཆོས་སྐྱོང་བའི་རྒྱལ་པོ་ཞིག་ཏུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ནི་རྒྱལ་པོ་ཉིད་ཡིན་ཞིང་། དེའི་འོག་མས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་དགེ་སློང་སྡེ་སྣོད་འཛིན་པ་ཞིག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ནི་བོ་དྷི་ས་ཏྭ་བདག་ཡིན་ལ། དེའི་འོག་མས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་བྱེད་པའི་རིག་འཛིན་སྔགས་འཆང་དགོངས་རྒྱུད་དག་པ་ལྷ་མ་སྲིན་བྲན་བཞིན་དུ་ཁོལ་བ་ཞིག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ནི་པདྨ་འབྱུང་གནས་སོ། །ཐ་ཆུང་ན་རེ། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བསྲུང་བར་མཛད་པའི་ཕུ་བོ་གསུམ་གྱི་ཕྲིན་ལས་ཕྱོགས་གཅིག་པར་སྒྲུབ་པའི་ཕྲིན་ལས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ནི་ཆོས་བློན་ཆེན་པོ་རྦ་ཁྲི་གཞེར་སཾ་ཤི་སྟེ། དེ་ཕོ་ཉར་བརྫང་བར་གྱིས་ཤིག །ཅེས་གསུངས་སོ། །དེ་སྐད་གསུངས་པ་བཞིན་གཡོག་དང་བཅས་པ་ལ་བྱ་དགའ་ཆེར་སྩལ་ཏེ། གསེར་ཕྱེ་མང་དུ་བསྐུར་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྒྱ་དང་བལ་ཡུལ་མཚམས་ནས་བཞུགས་པ་སྤྱན་འདྲེན་དུ་བརྫངས་པ་ན། སློབ་དཔོན་གྱི་ཐུགས་ཀྱིས་མཁྱེན་ཏེ། །ཕོ་ཉ་བ་ལ་ཐུགས་བརྩེ་བས་དགོངས་ནས་བྱོན་པ་དང་ལམ་ཁར་མཇལ་ཏེ་མང་ཡུལ་དུ་སླེབ་པ་ན། བོད་ཀྱི་ལྷ་འདྲེ་རྣམས་ལས་ཆོས་ལ་དཀར་བ་དགྲ་ལྷའི་རྒྱལ་པོ་པཱུ་ཙ་མེ་གྷ་ཞེས་ཀྱང་བྱ། འོ་ཡུག་གཙང་བཙན་ཞེས་ཀྱང་བྱ། དགེ་བསྙེན་རྡོ་རྗེ་ལེགས་པ་ཞེས་ཀྱང་བྱ་བ་མཆེད་སུམ་བརྒྱ་དྲུག་ཅུ་དང་བཅས་པས་མདུན་བསུས་ཏེ་ཕྱག་བྱས་ཤིང་དམ་ལ་བཏགས་སོ། །དེ་ནས་དཔལ་ཐང་ལ་བྱོན་པ་བོད་ཀྱི་ལྷ་འདྲེ་མོ་རིགས་ལས་ཆོས་ལ་གནག་ཅིང་མཐུ་རྩལ་ཆེ་བ་བདུད་མོ་བཞི། གནོད་སྦྱིན་མོ་བཞི། སྨན་མོ་བཞི་སྟེ་བརྟན་མ་བཅུ་གཉིས་ཀྱིས་བར་ཆད་བྱས་ནས་གནམ་ལྕགས་ཀྱི་ཐོག་ཕབ་པ་ལས། སློབ་དཔོན་གྱི་དབུ་ཞྭའི་ཐོག་ཏུ་སོལ་དུམ་བཅུ་གཉིས་སུ་གྱུར་པ་ན། གཞན་བཅུ་གཅིག་བྲེད་ནས་དམ་ལ་བཏགས་ཤིང་། མཐུ་ཆེ་ཤོས་གཅིག་ནི་མ་ཐུལ་ཏེ། སློབ་དཔོན་གྱིས་འུ་ཡུག་བཞི་སྒྲོམ་གྱི་རོང་ལ་བྱོན་པ་ན། མོས་རི་གཡས་གཡོན་གཉིས་ལག་པ་གཉིས་ཀྱིས་བླངས་ཏེ། ཕན་ཚུན་འཕངས་ཏེ་བཅར་བར་བརྩམ་པ་ན། །སློབ་དཔོན་ཉིད་སྟེང་དུ་ཡེར་གྱིིས་བྱོན་པས་མོ་བྲེད་དེ་བྱང་གི་གནམ་མཚོ་ལ་བྲོས་པ་ན། སློབ་དཔོན་གྱིས་རྡོ་རྗེ་སྔགས་བསྔགས་པ་ཞིག་མཚོ་ནང་དུ་འཕངས་ཏེ་བཏང་བས། མཚོ་ཁོལ་ཏེ་ཚ་བའི་རྦལ་གྱིས་ཤ་རུས་དཀར་ཟང་གིས་ཕྱེ་ནས་བྱུང་སྟེ། སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ། །བར་ཆད་མི་བགྱི་དགོངས་པ་ཡུད་ཙམ་ཀློད། །ཅེས་ཟེར་ཞིང་། ཞབས་སྤྱི་བོར་བླངས་ཏེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་ཤིང་གསང་མཚན་ནི་ཤ་མེད་གངས་དཀར་རྡོ་རྗེ་ཀུན་ཏུ་བཟང་ཞེས་བྱའོ། །དེ་ནས་བྱང་ལམ་གྲིམས་ནས་བྱོན་ཏེ། བྱང་སྣ་བརྒྱད་ཀྱི་ཇག་པས་ཆིབས་མུག་རོ་འགྲམ་ནག་ཁྱེར་བ་ལ། གཟའི་གདོང་མོ་བཞི་བྲན་དུ་བཀོལ་ཏེ་སེར་བ་རྟ་མགོ་ཙམ་ཕབ། གཉན་ཆེན་ཐང་ལྷའི་གང་འདབས་སུ་དར་དཀར་གྱི་སྦྲ་ཞིག་ཕུབ་སྟེ་ཞག་འགའ་བསྙེལ་གསོ་བར་བཞེད་པའི་ནུབ་མོ་གཉན་ཆེན་ཐང་ལྷས་བར་ཆད་བྱས་ཏེ། མཚན་རིང་གནམ་ལྕགས་ཀྱི་ཐོག་ཕབ་པ་ན། སློབ་དཔོན་གྱིས་དར་དཀར་གྱི་སྦྲའུ་དེ་རྡོ་རྗེའི་གུར་ཞིག་ཏུ་དམིགས་པ་མཛད་པས་ཐོག་ཐམས་ཅད་འདྲེད་དེ། ཉེ་ལམ་ན་མཚོ་ཆུང་ཞིག་ཡོད་པའི་ནང་དུ་རིབ་རིབ་སོང་། ནངས་པར་གུང་སངས་ནས་གཟིགས་པ་ན། མཚོ་ནང་ཡོད་པའི་སྲོག་ཆགས་ཐམས་ཅད་ཐོག་གི་རྦལ་གྱིས་ཤི་ནས་མཚོ་དམར་ཉོག་ལ་སོང་སྟེ་འདུག་པའི་དོན་དུ་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཞིག་བཞེངས་ཏེ། མཚོའི་ནང་དུ་ཤི་བའི་སྲོག་ཆགས་རྣམས་ཀྱི་དོན་མཛད་ཅིང་། ཐང་ལྷ་ལ་ཐུགས་ཆེར་ཁྲོས་ཏེ། མཐུ་རྩལ་ཅན་གཅིག་འདུག་གི་གསུངས་ནས་ཉིད་ཀྱི་སྡིགས་མཛུབ་ཀྱི་རྩེ་ལས་མེ་སྤར་ཏེ་གངས་རྩེ་ནས་བཞུ་བ་ན། ཐང་ལྷ་བྲེད་དེ་ཁྱེའུ་ཆུང་གཡུའི་ཟུར་ཕུད་ཅན་ཅིག་ཏུ་བྱས་ནས། མགོ་སློབ་དཔོན་གྱི་པང་དུ་བཞག །རྐང་པ་ཁམས་ཀྱི་གཡར་མོ་ཐང་དུ་བརྐྱངས་ཏེ། སློབ་དཔོན་ཆེན་པོ་ལགས། བདག་སུ་ཡིན་མཁྱེན་ནམ་ཟེར་བ་ལ། མཁྱེན་བཞིན་དུ་ཁྱོད་སུ་ཡིན་ཆ་མ་མཆིས་སོ་གསུངས་པ་དང་། ཁོ་ན་རེ། བདག་ནི་གཉན་ཆེན་པོ་ཐང་ལྷ་ཡར་ཞུར་ཞེས་ཀྱང་བྱ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་ཀྱང་བྱ་སྟེ། བོད་ཡུལ་འདི་ན་གཅིག་ཏུ་ཆོས་ལ་གནག་པའི་ཕོ་བདུད་མ་ལུས་པའི་དཔོན་ཡིན་ཏེ། ཁྲིམས་ལེན་གདུགས་ཚོད་ལ་གཤེགས་པར་ཞུ་ཞེས་རང་གི་གནས་སུ་སྤྱན་དྲངས་ཏེ་བསྙེན་བཀུར་བྱས་སོ། །དེའི་ཚེ་ཁྱོད་ཕོ་བདུད་ཐམས་ཅད་ཀྱི་དཔོན་ཡིན་ན། ཕོ་བདུད་གང་ལ་གནས་པ་རྣམས་ངའི་མདུན་འདིར་སྡུས་ཤིག་ཅེས་བཀའ་སྩལ་པས། ཁོ་ཉིད་ཀྱིས་སྤྱུགས་པ་ལན་གསུམ་གྱིས་བསྡུས་པ་ན། དང་པོ་བོད་ཡུལ་ན་མཐུ་ཆེ་བ་རྩལ་དྲག་པའི་རྒྱལ་པོ་བཞི། སྡེ་དཔོན་བཞི། དམག་དཔོན་བཞི། བདུད་པོ་བཞི། ལས་མཁན་ལྔ་སྟེ། ཉི་ཤུ་རྩ་གཅིག་སྤུངས་ཀྱིས་བྱུང་། ལན་གཉིས་པས་དེའི་འོག་ན་མཐུ་ཆེ་བའི་ཕོ་བདུད་རྣམས་འདུས། ལན་གསུམ་པས་བོད་ཀྱི་ལྷ་འདྲེ་ཕོ་བདུད་མ་ལུས་པ་རྣམས་གནམ་ས་བར་མཚམས་མེད་པར་གང་བ་ཙམ་ཞིག་འདུས་པ་ལས། གཞན་བདག་མ་ལུས་པ་བཀྱེ་སྟེ། དགེ་བསྙེན་ཉི་ཤུ་རྩ་གཅིག་དམ་ལ་བཏགས་ཤིང་སྲོག་སྙིང་ཕུལ་ཏེ་རྡོ་རྗེ་ཕུར་པའི་སྲུང་མར་ཁས་བླངས་སོ། །དེ་ནས་ཀླུང་དཔེ་ཞིག་ལ་ཀླུང་གཙང་རོང་ལ་བྱོན་ནས་ཞེས་སྣང་། ཤོད་རོང་ལ་བྱོན་ཏེ། ཀ་དོང་པོ་ཆེར་ཉི་ཚེ་བའི་སེམས་ཅན་དམྱལ་བ་མང་པོའི་དོན་མཛད། དེ་ནས་ཟུར་ཕུག་རྐྱང་བུའི་ཚལ་དུ་ཟ་འོག་གི་གུར་གཅིག་ཕུབ་ནས་ཞག་བདུན་གྱི་བར་དུ་དགོངས་པ་ལ་བཞུགས་ཏེ་བོད་ཀྱི་ལྷ་འདྲེ་མ་ལུས་པ་དམ་ལ་བཏགས་སོ། །དེའི་རྗེས་སུ་ཕོ་ཉ་བ་རྣམས་ཀྱིས་རྒྱལ་པོའི་སྤྱན་སྔར་ཕྱིན་ཏེ། ཇི་ལྟར་བསྒོ་བའི་བཀའ་ལེགས་པར་གྲུབ་སྟེ་སློབ་དཔོན་ནི་ཟུར་ཕུག་རྐྱང་བུའི་ཚལ་ན་བཞུགས་སོ་ཞེས་གསོལ་བ་དང་། དགྱེས་ཤིང་ཡི་རང་བར་གྱུར་ཏེ། །མཆོད་པའི་ཡོ་བྱད་རྣམས་དང་རོལ་མོ་སྣ་ཚོགས་ཀྱིས་མདུན་བསུས་ནས་ཕོ་བྲང་བསམ་ཡས་འོམ་བུའི་ཚལ་དུ་གདན་དྲངས་པ་ན། མངའ་བདག་རྒྱལ་པོ་དང་། སློབ་དཔོན་གཉིས་ཕྱག་ལ་མ་འཆམས་ཏེ། རྒྱལ་པོ་ན་ཏེ། ང་འདྲ་མགོ་ནག་གི་རྗེ། བདུད་རྔོག་ཆགས་ཀྱི་རྐྱེན། བྱང་ཆུབ་སེམས་དཔའི་གདུང་བརྒྱུད་ཡིན་པས་ང་ལ་ཕྱག་འཚལ་དགོས་ཞེས་ཟེར། སློབ་དཔོན་གྱི་ཞལ་ནས། བདག་རིག་འཛིན་སྔགས་འཆང་དགོངས་པ་ཡང་དག་པའི་ལམ་ལ་གནས་ཤིང་། ལྷ་མ་སྲིན་བྲན་བཞིན་ཁོལ་བ་ཡིན་པས་ང་ལ་ཕྱག་འཚལ་དགོས་ཞེས་གསུངས་པ་ན། རྒྱལ་པོས་མ་ཉན་ཏེ། སློབ་དཔོན་གྱིས་རྒྱལ་པོའི་ཐུགས་དམ་རྟེན་རྣམ་པར་སྣང་མཛད་ཀྱི་རྡོ་སྐུ་རང་བྱུང་ཞིག་བཞུགས་པས། རྣམ་པར་སྣང་མཛད་གཟུགས་ཀྱི་ལྷ། །ཡེ་ཤེས་ལྷ་ཡིས་ཕྱག་བགྱིད་དོ། །གསུངས་ཏེ། དབུ་དུན་མཛད་པས། རྣམ་པར་སྣང་མཛད་ཆོ་ལོ་ཙམ་དུ་གས་པར་གྱུར་པ་ན། རྒྱལ་པོ་འཁོར་དང་བཅས་པ་བྲེད་ཅིང་ཧ་ལས་པར་གྱུར་ཏེ། འདིས་ནི་བོད་ཁམས་ཐམས་ཅད་ཕུང་བར་བྱེད་པ་ཞིག་འོང་བར་འདུག་གོ་ཟེར་རོ། །སླར་ཡང་སློབ་དཔོན་གྱིས་རྣམ་པར་སྣང་མཛད་ཀྱི་སྤྱི་བོར་ཕྱག་རེག་པ་ཞིག་མཛད་པས། རྣམ་པར་སྣང་མཛད་གཟུགས་ཀྱི་ལྷ། །ཡེ་ཤེས་ལྷ་ཡིས་དབང་བསྐུར་རོ། །ཞེས་གསུངས་པས་སྔ་མ་བཞིན་དུ་སྲུབ་མེད་པར་གྱུར་པ་ན། འདིས་བོད་ཁམས་ཐམས་ཅད་འཚེངས་པ་ཞིག་འོང་བར་འདུག་གོ་ཟེར། འོན་ཀྱང་སླར་ལ་གས་ཀྱི་དོགས་ནས་རྒྱལ་པོ་ཉིད་ཀྱི་སྐུ་ལས་གསེར་གྱི་སྐུ་རགས་བཀྲོལ་ཏེ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་གསེར་གྱི་འཁྱུད་མོས་ལེགས་པར་བསྡམས་ཏེ། ད་ལྟ་དབུ་རྩེ་འོག་ཁང་གི་བྱང་ཆུབ་ཆེན་པོའི་ཐུགས་ཀ་ན་བཞུགས་སོ། །དེའི་ཚེ་བློན་འབངས་རྣམས་ཀྱིས་གཟུ་བྱས་ཏེ། སློབ་དཔོན་གྱི་སྔོན་དུ་ཞེ་ས་འདྲེན་ཅིང་། རྒྱལ་པོས་ཕྱག་འཚལ་བར་མཛད་དེ། ད་ལྟ་བཙད་པོ་དང་དགེ་བའི་བཤེས་གཉེན་གྱི་ཕྱག་དང་ཞེ་ས་མཛད་པའི་སྲོལ་ཡང་དེ་ཉིད་ནས་བྱུང་བའོ། །དེ་ནས་སློབ་དཔོན་བྱོན་པ་ཙམ་གྱིས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་གདུག་རྩུབ་ཞི་ཞིང་དབང་དུ་འདུས་པར་གྱུར་ཏེ། ཁྱད་པར་དུ་གཙུག་ལག་ཁང་ལ་དགོས་པའི་ཡོ་བྱད་གསེར་རྣམས་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད་དང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་གཉིས་སློབ་དཔོན་གྱིས་གྲོགས་པོ་བྱེད་དུ་བཅུག་སྟེ། གསེར་བྲེ་ཁལ་དགུ་བཅུ་སྐྱེས་སུ་བྱིན། གཞན་ཡང་ལྕགས་རྣམས་ནི་གཟའི་རྒྱལ་པོ་རཱ་ཧུ་ལས་བྱིན། ཤིང་རྣམས་ནི་མིའམ་ཅིའི་རྒྱལ་པོ་ལྗོན་པས་བྱིན། དེ་མ་ཡིན་པ་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱིས་ཀྱང་རང་རང་གི་ཅི་འབྱོར་པའི་ཡོ་བྱད་ཀྱིས། དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཉིན་མོ་མིས་བརྩིགས་པ་ལས་ནུབ་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་གྱུར་ཏེ། དབུ་རྩེ་རིམ་གསུམ། འཁོར་ཁང་རིམ་པ་གསུམ་དང་བཅས་པའི་ཀ་བ་བརྒྱད་ཅུ་རྩ་གཉིས་ཀྱིས་བཏེགས་ཤིང་། རྣམ་པར་ཐར་པའི་སྒོ་སུམ་ཅུ་སོ་དྲུག །བཤའ་རྩེ་བཞི་བཅུ་རྩ་གཉིས་དང་བཅས་པས་མཛེས་པ་དང་། རྩ་བའི་ལྷ་ལྡེར་ཚོ་བདུན་ཅུ་རྩ་གཉིས། ཞིང་ཁམས་ཀྱི་རི་མོ་མཐའ་ཡས་པ་དང་བཅས་པའི་ཕྱི་རོལ་ན། གླིང་ཆེན་པོ་བཞི། གླིང་ཕྲན་བརྒྱད་དང་བཅས་པའི་ལྷ་ཁང་། ཡཀྴ་ལྟག་འོག་ཉི་ཟླའི་ཚུལ་དུ་བྱས་པ། ཕྱོགས་བཞིར་མགོན་ཁང་བཞི། མཚམས་བཞིར་མཆོད་རྟེན་བཞི། ལྕགས་རི་མུ་ཁྱུད་ཀྱི་ནང་ན་གང་ཟག་གི་ལྷ་བདུན། རིན་པོ་ཆེའི་གཏེར་ཆེན་པོས་བརྒྱན་པ། དབྱིབས་ལེགས་པ་ཁོད་སྙོམས་པ། གཞན་གྱི་དཔེ་མེད་པ་ཞིག་རིང་པོར་མ་ལོན་པར་འབྱོངས་པར་གྱུར་ཏེ། རྒྱལ་པོའི་ཐུགས་ཀྱི་དགོངས་པ་འགྲུབ་པར་གྱུར་ཏོ། །དེ་ལྟར་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པའི་ལྷ་ཁང་སོ་སོའི་བྱེད་པ་ནི། ཤར་གླིང་གསུམ་ལས་རིམ་པ་བཞིན། བརྡ་སྦྱོར་ཚང་མང་གླིང་དུ་ལོ་པཎ་རྣམས་ཀྱི་འཚོ་བ་སྦྱོར། མཁྱེན་རབ་འཇམ་དཔལ་གླིང་དུ་ཆོས་འཆད། རྣམ་དག་ཁྲིམས་ཀྱི་གླིང་དུ་སྡོམ་པ་འབོགས་སོ། །ལྷོའི་གླིང་གསུམ་ལས། བདུད་འདུལ་སྔགས་པའི་གླིང་དུ་དབང་བསྐུར། ཐུགས་རྗེ་རྒྱུན་འབྱུང་གི་གླིང་དུ་སྐྱབས་འགྲོ་བྱེད། སྒྲ་བསྒྱུར་རྒྱ་གར་གླིང་དུ་ཆོས་བསྒྱུར་རོ། །ནུབ་ཀྱི་གླིང་གསུམ་ལས། རྣམ་སྣང་བཻ་ཙའི་གླིང་དུ་ཐེག་པའི་རིམ་པ་ཤན་འབྱེད། དགའ་ལྡན་བྱམས་པའི་གླིང་དུ་ཆོས་ཀྱི་བགྲོ་བ་བྱེད། མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་ལ་མཉམ་པར་འཇོག་གོ། །བྱང་གི་གླིང་གསུམ་ལས། སྣ་ཚོགས་ནོར་བུའི་གླིང་དུ་བཀའ་མི་ནུབ་པའི་རྒྱལ་མཚན་འཛུགས། བྱང་ཆུབ་གླིང་དུ་ཐེག་པ་ཆེན་པོར་སེམས་བསྐྱེད། དཀོར་མཛོད་གླིང་དུ་རྒྱལ་པོའི་དཀོར་རྣམས་བླུགས་པར་བྱེད་དོ། །གཞན་ཡང་ཇོ་མོ་གསུམ་གྱིས་རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར་གཙུག་ལག་ཁང་རེ་རེ་བཞེངས་ཏེ། ཚེ་སྤོང་བཟའ་དམར་རྒྱན་གྱིས་ཁམས་གསུམ་མི་བཟློག་སྒྲོལ་མའི་གཙུག་ལག་ཁང་། ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་དབུ་ཚལ་རིན་པོ་ཆེའི་གཙུག་ལག་ཁང་། འབྲོ་བཟའ་བྱང་ཆུབ་ཀྱིས་དགེ་བ་མཐའ་ཡས་ཀྱི་གཙུག་ལག་ཁང་བཞེངས་སོ། །དེ་ནས་བསམ་ཡས་ཀྱི་མངའ་གསོལ་མཛད་པར་བཞེད་ནས། སློབ་དཔོན་གྱིས་རྒྱལ་པོ་ལ་མཆོད་པའི་ཡོ་བྱད་ཤོམས་ཤིག་པར་བཀའ་སྩལ་བ་ན་རྒྱལ་པོ་ཐུགས་མ་བདེ་བར་གྱུར་ཏེ། གལ་ཏེ་མཆོད་པའི་ཡོ་བྱད་རྣམས་ཕྱོགས་གཅིག་ཏུ་བཤམས་ན་ནི་གླིང་ཕྲན་ལ་སོགས་པ་ཕྱོགས་གཞན་གྱི་ལྷ་རྣམས་ཀྱིས་མི་གཟིགས་ཤིང་། སོ་སོར་བཤམས་ནའང་། མཆོད་པའི་ཡོ་བྱད་དང་བཀོད་པ་ཅ་ཆ་བྲུ་ལུར་སོང་གི་དོགས་པ་ལས། སློབ་དཔོན་གྱི་ཞལ་ནས། རྒྱལ་པོ་ཆེན་པོ་ཐུགས་གཡེལ་མི་འཚལ་གྱི། མཆོད་པ་ཀུན་དབུ་རྩེ་དཀར་ཞལ་གྱི་ཐང་ལ་ཤོམས་མཛོད་ཅེས་གསུངས་ཏེ་བཤམས་པ་དང་། སློབ་དཔོན་གྱིས་དགོངས་པ་མཛད་པ་ན། གཙུག་ལག་ཁག་འོག་ཁང་དང་གླིང་ཕྲན་གྱི་ལྷ་རྣམས་ནི་མི་སོ་སོ་ནས་ལྟད་མོའི་ཁྲོམ་དུ་ཚོགས་པ་ལྟར་དཀར་ཞལ་གྱི་ཐང་ལ་བྱོན། བར་ཁང་དང་སྟེང་ཁང་གི་ལྷ་རྣམས་མི་ལྟད་མོ་ལྟ་བ་བཞིན་དུ་གཙུག་ལག་ཁང་གི་རྩེར་སྤུངས་ཀྱིས་བྱོན། གྱང་རིས་རྣམས་གོས་ལྟོ་སྦྱར་ཕྱི་ནང་ལོག་པ་བཞིན་དུ་ལྷ་ཁང་རྣམས་ཀྱི་ཕྱི་ལོགས་ལ་བཀྲ་ལམ་གྱིས་བྱོན་ཏེ། རབ་ཏུ་གནས་པར་མཛད་པ་ན། དབུས་ཀྱི་གཙོ་བོ་བྱང་ཆུབ་ཆེན་པོ་ཞལ་འཛུམ་པ་དང་བཅས་པའི་འོད་བྱུང་། སྒོ་སྲུང་ཁྲོ་བོའི་རྒྱབ་ཡོལ་ལས་མེ་འབར་བ་ཀུན་གྱིས་མཐོང་། ཨཱརྻ་པ་ལོའི་གླིང་གི་རྟ་མགྲིན་གྱིས་རྟ་སྐད་ཐེང་གསུམ་བཏོན་པ་འཛམ་གླིང་སུམ་གཉིས་ཀྱིས་ཐོས། །མཆོད་རྟེན་དཀར་པོའི་སྲོག་ཤིང་མཐོན་ཀའི་འཁོར་ལོ་བཅུ་གསུམ་རྒྱལ་པོ་ཆེན་པོ་བཞིས་མངོན་སུམ་དུ་བཙུགས་སོ། །དེའི་རྗེས་སུ་བརྒྱུད་པའི་རིམ་པ་ཡང་། རྒྱལ་པོ་ཉིད་དང་མཆིམས་ཤཱཀྱ་པྲ་བྷ། སྣ་ནམ་རྡོ་རྗེ་བདུད་འཇོམས། ཤུད་བུ་དཔལ་གྱི་སེང་གེ། མཁར་ཆེན་མཚོ་རྒྱལ། ཡུམ་དཔལ་གྱི་མཆོད་གནས་མ་ལ་སོགས་པ་རྣམས་ལ་སློབ་དཔོན་གྱིས་དབང་བསྐུར་ཏེ། སྤྱིར་ཆོས་མང་དུ་གསུངས་ཤིང་། ཁྱད་པར་པདྨའི་ཆོས་དྲུག་ཅེས་པ། སྙིང་ཞགས་གཉིས། པད་ཕུར་གཉིས། མ་གཤིན་གཉིས་ཏེ། དྲུག་པོ་དེ་སྒྲུབ་ཐབས་ཕྲ་མོ་དང་བཅས་པ། དགེ་སློང་ནམ་མཁའི་སྙིང་པོས་ལོ་ཙཱ་བྱས་ཏེ་གསུང་། དེ་ལས་ཀྱང་རྡོ་རྗེ་ཕུར་པའི་རྒྱུད་སྒྲུབ་ཐབས་དང་བཅས་པ་རྒྱ་ཆེར་གསུངས་ཏེ། མཆིམས་སྣ་ནམ་ཤུད་བུ་གསུམ་གྱིས་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་བསྒྲུབས་པས། རྡོ་རྗེ་ཕུར་པའི་ལུང་དྲོད་ཚད་ཕུལ་དུ་བྱུང་སྟེ། མཆིམས་ཤཱཀྱ་པྲ་བྷས་འོན་ཅང་རྡོའི་བྲག་ལ་བཏབ་པས་བྲག་ཆོ་ལོ་ཙམ་དུ་གྲུམ་པར་གྱུར། སྣ་ནམ་གྱིས་ཡར་གཙང་གི་གཙང་ཆུ་འདོམ་པའི་ཆུ་ལ་བཏབ་པས་ཕུར་པ་མ་བཏོན་གྱི་བར་དུ་ཆུ་འབབ་མ་ནུས། ཤུད་བུ་དཔལ་གྱི་སེང་གེས་ལྷ་སའི་ཟང་ཡག་ལ་བཏབ་པས་སྤང་ལ་མེ་འབར། མེ་ཤི་མ་ཐག་ཏུ་རྩྭ་སྐྱེས། ཞེས་ལ་ལ་ཟེར་རོ། །དེ་ལྟར་སློབ་དཔོན་གྱིས་མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར་ལོ་བཞི་བཅུ་རྩ་གཉིས་ཀྱི་བར་དུ་བཞུགས་ནས། མཆིམས་ཕུ་སྒེ་འུར་གཞི་བྱས་པའི་བོད་ཀྱི་དབེན་གནས་ཆེན་པོ་བརྒྱད་དེ། ཤར་ངམ་ཤོད་ཕུག་མོ་ཆེ། ཤར་ལྷོ་ལྷོ་བྲག་མཁར་ཆུ། ལྷོ་མུ་ཏིག་ཤེལ་གྱི་སྤ་མ་གོང་། ལྷོ་ནུབ་སྤ་གྲོ་སྟག་ཚང་སེང་གེ་ཕུག །ནུབ་དཔལ་གྱི་ཆུ་བོ་རི། ནུབ་བྱང་སྒྲགས་ཀྱི་ཡང་རྫོང་། བྱང་སྨྲྀ་ཏི་ཆུ་མིག་ཅན། བྱང་ཤར་གཏི་སྒྲོ་ཤེལ་ཕུག་གོ། །དེ་ལྟར་ཆུང་ངུ་བརྒྱའོ། །བརྒྱ་རྩ་བརྒྱད་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ། མ་འོངས་སྒྲུབ་པ་པོ་རྣམས་འཚོ་བའི་གཏེར་ཁ་ཡང་མང་དུ་སྦས་ནས། ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་པའི་ཚེ། ཇོ་མོ་གསུམ་གྱིས་རྒྱ་དང་བལ་ཡུལ་གྱི་མཚམས། ཨ་སུ་རའི་བྲག་ཕུག་ཚུན་ཆད་སྐྱེལ་ཆུང་བྱས་ཏེ། སྐུ་རྗེས་སུ་འབྲང་བར་ཞུས་པས། ཁྱེད་རྣམས་ཀྱིས་མི་མ་ཡིན་གྱི་གཟི་མི་བཟོད་དེ་སྲོག་གི་བར་ཆད་དུ་འགྲོ་བས་འདི་ནས་ལོག་ཅིག་གསུངས་ནས་ཡུན་རིང་དུ་མཉེས་པར་བྱས་པའི་དྲིན་ལན་དུ། རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཐུགས་ཀ་ནས་སྤྲུལ་ཏེ། མངོན་སུམ་དུ་སྣང་བར་མཛད་ནས་ཁྱེད་རྣམས་ཡི་དམ་གྱི་ལྷ་ལ་དབང་ཞུའམ། ང་ལ་དབང་ཞུ། ཞེས་གསུངས་པ་ན། ཅོག་རོ་བཟའ་ན་རེ། སློབ་དཔོན་ལས་ངོ་མཚར་ཆེ་བ་མ་མཆིས་ཀྱང་། བདག་གཞན་ལ་བཤད་པ་ཡ་མཚན་པས། ཡི་དམ་གྱི་ལྷ་ལ་དབང་ཞུ་ཞེས་ཟེར། མཁར་ཆེན་བཟའ་ན་རེ། ཡི་དམ་གྱི་ལྷ་ལས་ཁྱད་པར་ཆེ་བ་མ་མཆིས་ཀྱང་། བདག་དང་བརྡ་མི་འཕྲད་པས་སློབ་དཔོན་ཉིད་ལ་ཞུ་ཞེས་ཟེར། ཨ་ཙ་ར་གསལ་ལེ་ན་རེ། གང་ལེགས་ཆ་མེད་པས་གང་ལེགས་པ་ཞིག་ལ་ཞུ་ཟེར་རོ། །དེ་ཉིད་དུ་སློབ་དཔོན་གྱིས་ལྷ་ཚོགས་རྣམས་ཐུགས་ཀར་བསྡུས་ནས། ཅོག་རོ་བཟའ་ལ་མ་མཉེས་ཏེ་ཕྱི་བོན་ཚུལ་དུ་གྱེར་དང་བཅོལ་བསྐུལ་ཙམ་ལ་བརྟེན་ཏེ་བཤད། མཁར་ཆེན་བཟའ་ལ་མཉེས་ཏེ། ཟབ་མོའི་དབང་དང་གདམས་པ་མ་ལུས་པ་རྫོགས་པར་གནང་སྟེ། ཁྱོད་ཀྱིས་གསལ་ལེ་སྨིན་པར་གྱིས་ཤིག་གསུངས་ནས་གསལ་ལེ་མཁར་ཆེན་བཟའ་ལ་གཏད་དོ། །དེའི་དུས་སུ་མཁར་ཆེན་བཟས་སློབ་དཔོན་ལ་ཞུ་དོན་བཞི་ཕུལ་ཏེ། བདག་ཅག་བུད་མེད་འདྲ་བ་ཉོན་མོངས་པ་ཆེ་བས་ཉོན་མོངས་པ་ཐུལ་བའི་ཆོས་ཤིག་ཞུ་འཚལ། བདག་ཅག་བུད་མེད་འདྲ་བ་དགྲ་མང་བས། །མཐུ་ཆེ་བའི་ཆོས་ཤིག་ཞུ་འཚལ། བདག་ཅག་བུད་མེད་འདྲ་བ་ཤེས་རབ་ཆུང་བས། ཚིག་ཉུང་ལ་དོན་དྲིལ་བའི་ཆོས་ཤིག་ཞུ་འཚལ། བདག་ཅག་བུད་མེད་འདྲ་བ་ངང་ཐུང་བས། སྒྲུབ་ཐག་ཉེ་བའི་ཆོས་ཤིག་ཞུ་འཚལ། ཞེས་ཞུས་པས། ཐུགས་ཟིན་གྱི་ཤེས་རབ་མ་ཡིན་པས། སློབ་དཔོན་ཉིད་ཀྱིས་ཞལ་གཟིགས་ཟབ་མོ་ཐུགས་ཀྱི་སྒྲུབ་པ། རྩ་གསུམ་གདམས་ངག་ཅན་འདི་གསུངས་ཏེ། ལྷོ་ནུབ་སྲིན་པོའི་ཡུལ་དུ་མི་སྣང་བར་བཤེགས་སོ། །ཇོ་མོ་མཁར་ཆེན་བཟའ་ཉིད་ནི་དགུང་ལོ་སུམ་བརྒྱ་བཞེས་ཤིང་། ཆོས་འདིའི་གྲུབ་རྟགས་ཀྱང་ཕུལ་དུ་ཕྱིན་ཏེ། དང་པོ་བསྙེན་པ་ལ་འཇུག་པའི་དུས་ཉིད་ནས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་བྲིས་སྐུ་བཞད་ཅིང་འོད་བྱུང་བ་དང་། མར་མེ་རང་འབར་བ་དང་། གཏོར་མ་ཞག་ཏུ་ཁོལ་བ་དང་། ཕུར་བུ་རྩེ་འཕྱོང་བྱེད་པ་ལ་སོགས་པའི་རྟགས་དང་མཚན་མ་བཟང་པོ་བྱུང་ཞིང་། ཁྱད་པར་དུ་བསྙེན་ཕུར་ཞིག་ཡོད་པ་དེ། །དཀྱིལ་འཁོར་གྱི་སྟེང་ནས་ཡར་ནས་སོང་བ་དེ་གར་སོང་བལྟས་པས། སྒྲུབ་ཁང་གི་རྒྱབ་ན་སྐྱེར་ཕུང་ཆེན་པོ་ཞིག་ཡོད་པའི་རྩེ་མོར་བཏབ་སྟེ་དར་གྱི་ཅོད་པན་སྤུ་རེ་སྣང་བ། དེ་བཏོན་མ་ཐག་ཏུ་སྐྱེར་ཕུང་བསྐམས་ཤིང་། དེ་ལ་ཆགས་པའི་འདྲེ་ཕ་མིང་མི་བདོ་གཞོན་དར་ལ་བརླག་ཅིང་འཆི་བའི་དམ་སྲི་མཐུ་མོ་ཆེ་ཞིག་ཡོད་པ་གཅིག་ལེགས་པར་ཐུལ་ཏེ། མི་རྒྱུད་ཀྱང་ཆེར་འཕེལ་བར་གྱུར་སྐད་དོ། །དེ་ནས་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱི་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་བརྒྱུད་ལུགས་གསུམ་སྟེ། ཕྱི་བརྒྱུད་ནི། མཁར་ཆེན་བཟས་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་གནང་། དེས་མི་ནུབ་རྒྱལ་བའི་སྙིང་པོ་ལ། དེས་ངམ་འབྲེ་ཀླུའི་རྒྱལ་མཚན་ལ། དེས་སྲས་ཨ་ཙར་གསལ་ལེ་ལ། དེས་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་བརྒྱུད་དེ། ཇོ་བོ་དེ་ནི་ཡུལ་ཉང་སྟོད་ཁོར་རེ་བ། ཡོ་བྱད་ཕྱུག་པ་ཞིག་ཡིན་པ་ལ། ཕ་སྤུན་མི་བདོ་ལ་ནོར་མེད་པ་ཚན་གཅིག་གིས་གཅུན་ནས་ཡོད་པ་ལས། སློབ་དཔོན་གཅིག་ལ་ཕུར་པ་རྣམ་གསུམ་སྐོར་གྱི་མན་ངག་ཞུས་ཏེ། ཡུན་རིང་བར་སྒྲུབ་པ་བྱས་ཀྱང་རྟགས་མ་བྱུང་ནས། ནུབ་གཅིག་རྨི་ལམ་ན་ནགས་ཚལ་ཆེན་པོ་ཞིག་ཏུ་ཞུགས་ནས་ཤིང་གཅོད་པ་འདུག་པ་ན། སྟྭ་རེ་རྟུལ་པོ་ཞིག་གིས་ཤིང་སྡོང་ཆེན་པོ་གཅིག་ལ་མི་ཆོད་བཞིན་དུ་རྡེག་ཅིང་འདུག་པའི་ཚེ། སྔགས་པ་གཞོན་ནུ་ཞིག་གིས། ཁྱོད་ཀྱིས་དེས་མི་ཡོང་འདིས་ཆོད་ཅིག་གསུངས་ནས་སྟྭ་གྲི་རྣོན་པོ་ཞིག་གཏད་པ་དེ་ཐོགས་ནས་ཤིང་ལ་བཏབ་ཚད་དེ་ལ་ཐག་ཏུ་ཆོད་པ་ཞིག་རྨིས་པ་དང་གཉིད་སད་དེ། ཡུན་རིང་དུ་སྒྲུབ་པ་བྱས་ཀྱང་རྟགས་མེད་པས་སྐྱོ་བ་སྐྱེས་ཏེ་མཚམས་བཏོན་ནས་ལམ་ཁ་ཞིག་ཏུ་བསྡད་པ་ན། ཉི་མ་ཕྱི་དྲོའི་དུས་ཞིག་གི་ཚེ། མདང་རྨི་ལམ་དུ་བྱུང་བ་དེ་ཁོ་ན་འདྲ་བའི་སྔགས་ཆུང་གཞོན་ནུ་ཕྱིང་ཁུག་རྒྱབ་ཏུ་ཁུར་བ་ཞིག་དང་འཕྲད་དེ། ཅི་ཤེས་དྲིས་པས། རྡོ་རྗེ་ཕུར་པ་རྩ་དུམ་གདམས་ངག་ཅན་གྱི་ལུགས་བྱ་བ་ཤེས་ཟེར། སྔར་བས་ཟབ་པ་ཞིག་ཡོད་པར་སྲིད་སྙམ་ནས། ནང་དུ་ཁྲིད་ནས་ཞུས་ཏེ་སྒྲུབ་པ་བྱས་པ་ན་ཞག་ཉི་ཤུ་རྩ་གཅིག་ལས་མ་ཐོགས་པར་ཕ་སྤུན་རྣམས་བག་སྟོན་ལ་ཚོགས་པའི་ཁང་པ་རྡིབ་ནས་དུས་གཅིག་ལ་ཤི་སྟེ་མཐུའི་གྲགས་པ་ཆེན་པོ་ཐོབ་སྐད། སྔགས་ཆུང་དེ་ཨ་ཙར་གསལ་ལེ་བྱ་བ་དེ་ཡིན་པར་འདུག་གོ། །ནང་བརྒྱུད་ནི། མཁར་ཆེན་བཟས་ཨ་ཙ་ར་གསལ་ལེ་ལ། །དེས་ལང་ལབ་བྱང་ཆུབ་རྡོ་རྗེ་ལའོ། །གསང་བརྒྱུད་ནི། ཇོ་མོ་མཁར་ཆེན་བཟའ་ཉིད་ཀྱིས་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་གནང་སྟེ། དགུང་ལོ་སུམ་བརྒྱ་བཞེས་པས་སོ། །ལང་ལབ་བྱང་ཆུབ་རྡོ་རྗེ་ལ་ཐུགས་ཀྱི་སྲས་བཞི་སྟེ། ཉང་སྨད་ཀྱི་ཉར་བེར་སྔོན་ཅན་བཀའ་རྐུན་ཡིན་པས་ཡིག་ཆུང་ཅན་གནང་། སྐྱིན་མཁར་གྱི་སྐྱི་ནག་གྱང་འགྱེལ་མཐུ་འདོད་པས་ངན་སྔགས་ནོར་བུ་ལུགས་སུ་གནང་། ཉང་སྟོད་ཀྱི་སྲས་ཕུར་བུའི་མགོ་ཅན་ཤེས་རབ་ཆུང་ལ་མཉེས་པ་ཆེ་བས་མཆན་ཏིག་ཅན་གནང་། ཤངས་ཀྱི་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ནི་བློ་རྣོ་ལ་མཉེས་པ་ཆེ་བས་རྩ་དུམ་གདམས་ངག་ཅན་གྱི་ལུགས་འདི་གནང་ངོ་། ཉང་བེར་སྔོན་ཅན་བཀའ་རྐུན་ཡིན་པའི་ལོ་རྒྱུས་ནི། དང་པོ་ནས་ཡུན་རིང་དུ་བསྟེན་པ་ཞིག་ཡིན་ཀྱང་མི་གཞི་ལ་མ་མཉེས་ནས་གདམས་པ་ཟབ་ཤོས་འདི་ཁོ་ན་ཡུན་རིང་དུ་མ་གནང་སྐད། དུས་ཕྱིས་ཤིག་ཁོར་རེར་མུ་གེ་ཆེན་པོ་ཞིག་བྱུང་བ་ན། ཉང་བེར་སྔོན་ཅན་ཡོ་བྱད་ཆེ་བས། ཇོ་བོ་ལང་ལབ་ཉང་སྨད་དུ་སྤྱན་དྲངས་པ་ན། ཇོ་མོ་ཆེན་མ་ཡུལ་དུ་བཞག །ཆུང་ཤོས་ཀྱིས་ཞབས་ཏོག་མཛད་ནས་ཡུལ་ཉང་སྨད་དུ་བྱོན་ནས་ཡུན་རིང་དུ་བཞུགས། དེའི་དུས་ན་ཡུལ་ནས་བང་ཆེན་བྱུང་སྟེ། ཇོ་མོ་ལ་མུ་གེ་ཕོག་ནས་སྐྲ་ཡང་ཡོ་བྱི་ཤི་བ་ལ་ཉེ་བར་ཡོད་པས། ཇོ་བོ་ལ་ངོ་འཕྲད་དུ་ཤོག་ཟེར་གྱིན་འདུག་ཟེར་བས། ཉང་བེར་སྔོན་ཅན་གྱིས་ཞབས་ཏོག་བྱས་ཏེ་ཡུལ་དུ་བྱོན་པ་ན། ཁོའི་བསམ་པ་ལ། ང་ཇོ་བོ་འདི་ལ་ཇི་ཙམ་གྱི་བསྙེན་བཀུར་ཞིག་བྱས་ཀྱང་གདམས་པ་ཟབ་མོ་ནི་མི་གནང་བར་འདུག་པ། ད་རེས་བཀའ་རྐུན་བྱེད་པ་གླགས་ཆེ་སྙམ་ནས་ཡུལ་དུ་མཚན་འགྲོས་ལ་རྒྱུགས་ཏེ། ཇོ་མོ་ཆུང་ཤོས་ཀྱི་སར་ཕྱིན་ནས། ཇོ་བོ་ན་རེ། དོམ་སྒྲོ་ནག་པོ་བསྐུར་ཟེར་བྱས་ཏེ་བླངས་ནས་ཞབས་བརྟོལ་ཏེ། ཆོས་འདིའི་དཔེ་ཕྱུངས་ནས་མཚན་མོ་མར་མེ་ལ་བྲིས་ཏེ། ཕྱི་མོ་སླར་སྔ་མ་བཞིན་བཅུག་ནས་ཇོ་མོ་རང་ལ་གཏད་དེ། ད་རུང་ཇོ་བོ་ཉང་གིས་གདན་དྲངས་ཏེ་ཆོས་ཞུ་བར་འདོད་པ་ན། ཇོ་བོའི་ཐུགས་དགོངས་ལ། འདི་སྤྱིར་ཞབས་ཏོག་ཆེ་ལ་ཁྱད་པར་དུ་མུ་གེའི་འཇིགས་པ་ལ་སྟོངས་བྱས་པ་ཡིན་པས་དྲིན་ལན་དུ་གདམས་པ་ཟབ་མོ་འདི་སྦྱིན་དགོས་སྙམ་ནས་གནང་བར་ཞལ་གྱིས་བཞེས་པ་ན། ཁོ་ན་རེ། ང་ལ་ཡང་དེ་ལྟ་བུ་ཞིག་ཡོད་དེ་ཨེ་མཐུན་ནམ་ཟེར་ནས་ཁོའི་དཔེ་བལྟས་བཀའ་རྐུན་འདུག་པར་ཤེས་ཏེ་ཐུགས་མུག་ནས། ཟབ་ཆོས་ཀྱི་སྣོད་དོམ་སྒྲོ་ནག་པོ་བོང་བུ་ལ་བཀལ་ནས་ཇོ་མོ་དང་བཅས་ཏེ་མདུན་དུ་བཅུག་ནས། སེང་ལྡེང་གི་རྔ་ཆུང་ཁོ་ལ་གནང་ནས། ཅིས་ཀྱང་མ་ལན། བྱང་ཆུབ་རྡོ་རྗེ་ལྟོག་པས་ལན། དེ་ལ་ཁྱེད་ཀྱི་དབྱར་ཟླ་བ་གསུམ་གྱི་ཟ་མའི་ཁ་ལན་གྱིས་གསུངས་ནས་ཡུལ་དུ་བྲོས་སོ། །འོན་ཀྱང་ཁྱེད་ཟས་དྲིན་ཅན་ཡིན་གསུངས་ནས། རྩ་བའི་གཞུང་ཉམས་སུ་ལེན་པ་ལ་ཕན་པའི་ཡིག་ཆུང་མང་པོ་ལྐོག་ཏུ་མཛད་ནས་བསྐུར་བས་ན་ཡིག་ཆུང་ཅན་ཞེས་བྱའོ། །སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ་སྲས་ནི་མེད། སྐུ་ཚེ་སྟོད་ལ་གདམས་པ་ཟབ་ཤོས་ཐུགས་ཀྱིས་མ་ཐོངས་ནས་འདྲ་མིན་ལྔ་བྱས་ཏེ། འགྲེལ་པའི་སྐོར། འདུས་པའི་སྐོར། དྷཱ་ཏི་ཚར་གསུམ་གྱི་སྐོར། ཤམ་དམར་ཅན། ཤམ་སྔོན་ཅན་དང་ལྔས་སྐུ་ཚེའི་སྟོད་ཀྱི་སློབ་བུ་རྣམས་སྨིན་པར་མཛད་དོ། །སྐུ་ཚེའི་སྨད་ལ་ཟབ་མོའི་གདམས་པ་བཀའ་ཆད་ཀྱིས་དོགས་ནས། རྒྱ་སྟོན་སངས་རྒྱས་དང་། ཁྱུང་པོ་གསལ་ལེ་བྱ་བ་གཉིས་ལ་གནང་སྟེ། ཟབ་པའི་རྒྱུ་མཚན་ཡང་། ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པར་འདོད་པས་ཉམས་སུ་བླངས་བདེ། དམ་ཅན་གཞི་སྙིང་གཅིག་ཏུ་དྲིལ་ནས་བསྒྲུབས་པས་མཐུ་ཆེ། གཞུང་རྩ་དུམ་འཁྲུགས་སྡེབས་སུ་ཉམས་སུ་བླངས་པས་ཚེགས་ཆུང་། སྟོད་ལས་རིན་པོ་ཆེའི་ཕྲེང་བ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་ཅིང་། སྨད་ལས་དུག་ཕུར་ནག་པོའི་ལས་བྱང་ལ་བརྟེན་ནས་དགྲ་བགེགས་ཚར་གཅོད་པར་བྱེད་པ་ཆ་རྐྱེན་དགུའི་བམ་སྒྲུབ། སྲེག་ཆོག །གནས་ཆོག་གསུམ་སྟོད་ལས། མནན་བསྲེག་འཕང་གསུམ་སྨད་ལས། ཚོགས་ཚེ་ལྷག་ཆོག་གསུམ་པོ་ཐུན་མོང་གིས་སོ། །མན་ངག་དང་བཅས་པས་རང་གཞན་གྱི་དོན་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བར་སྟོན་པས་སོ། །དེ་ལ་རྒྱ་སྟོན་སངས་རྒྱས་ཀྱིས། རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ། དེས་རྒྱ་ཁ་སེར་བ་ལ། དེས་ཨ་ཇོ་སྨན་ཆུང་པ་ལ། དེས་དཔལ་ལྷ་རི་བ་ལ་གནང་སྟེ། དེ་ཐམས་ཅད་ཀྱང་ཡི་དམ་ལྷའི་ཞལ་མཐོང་བ་ཤ་སྟག་ཡིན་ནོ། །དེ་ལ་རོག་ཤེས་རབ་བླ་མས་ཞུས་ཏེ། དེ་ཡང་དང་པོ་མའི་ལྷུམས་སུ་ཞུགས་པའི་དུས་སུ་ལྕགས་ཀྱི་ཕུར་པ་འོད་ཟེར་འཕྲོ་བ་དང་བཅས་པ་ཞིག་ཞུགས་པ་རྨིས་ཤིང་། གཞོན་པའི་དུས་ན་གངས་པ་ཤེའུ་ལ་ཕར་ཕྱིར་དང་ཚད་མ་གསན་པས་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ། སྡེ་མང་པོའི་ཆོས་དཔོན་མཛད། བར་དུ་ལྷ་རྗེ་གནུབས་པདྨ་དབང་རྒྱལ་གྱི་སྲས་ལ་འཇམ་དཔལ་དམར་ནག་གི་སྒྲུབ་ཐབས་ལ་སོགས་པ་མང་དུ་རྩད་བཅད། སྐུ་ཚེའི་སྨད་ལ་བླ་མ་དཔལ་དང་མཇལ་ནས་ཆོས་འདིའི་སྒྲུབ་པ་འབའ་ཞིག་མཛད་དེ། ཡི་དམ་ལྷའི་ཞལ་གཟིགས་ཤིང་ནུས་པ་ཆེན་པོ་ཐོབ་པས་སློབ་དཔོན་པདྨའི་སྤྲུལ་པར་གྲགས་སོ། །དེ་ནས་ཁྱུང་པོ་གསལ་ལེའི་བཀའ་མར་འབྲོག་གི་གུ་རུབ་ཡང་དག་ལ་ཡོད་པར་གསན་ནས་གདམས་པ་ལ་ཁྱད་ཅི་འདུག་གཟིགས་སུ་བྱོན་ཏེ། དེས་ཁྱུང་པོ་འཆལ་འབྲུབ་ལ་གནང་། དེས་ཇོ་སྲས་བློ་གྲོས་རྒྱལ་མཚན་ལ། དེས་གྲགས་པ་རྒྱལ་མཚན་ལ། །དེས་གུ་རུབ་ཡང་དག་ལ་གནང་ནས་འདུག་སྐད། དེ་ལ་སྟོད་ལས་ནི་བླ་མ་དཔལ་མཁས་པར་བྱུང་སྟེ། བསྙེན་པ་དབང་དང་འབྲེལ་བར་སྟོན་ཅིང་ཆོག་སྒྲིགས་ལེགས་ལ། སྨད་ལས་གུ་རུབ་ཡང་དག་མཁས་པར་བྱུང་སྟེ་གདམས་པའི་གནད་ཆེ་ཞིང་དབང་རང་རྐྱ་ལས་མི་མཛད་དོ། །འདིར་ནི་གཉིས་གཅིག་ཏུ་དྲིལ་བས་སྣ་ནམ་གྱི་གདམས་པ་མཐར་ཐུག་པའོ། །ཁོ་བོ་ཅག་གི་བླ་མས་ཤེས་རབ་འོད། ནི་མེས་པོ་དགེ་བཤེས་རོག་ཤེས་རབ་བླ་མ་ཉིད་ལས་ལུང་ཐོབ་ཅིང་། ཡབ་བཀྲ་ཤིས་གྲགས་ལ་ནན་ཏན་ཆེར་མཛད་དེ་དགུང་ལོ་བཅུ་བཞི་པ་ནས། འདི་ཉིད་ལ་ཐུགས་དམ་མཛད་དེ། བཅུ་གསུམ་པ་ལ་ལྷག་པའི་ལྷས་ཞལ་མངོན་སུམ་དུ་གཟིགས་པའོ། །དེ་ལྟར་སློབ་དཔོན་གྱི་ཡོན་ཏན་དང་། བརྒྱུད་པའི་ཁུངས་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། འདིར་འཇུག་པར་འགྱུར་པའི་གང་ཟག་ནི་གཉིས་སུ་སྲིད་པ་ལས། དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་དག་ནི། བརྗོད་པར་བྱ་བའི་དོན་ནམ་རྗོད་པར་བྱེད་པའི་སྒྲའི་སྡེབ་སྦྱོར་ལ་སྐྱོན་མེད་པར་མཐོང་ན་ནི་རྗེས་སུ་འཇུག་ལ། མ་མཐོང་ན་མི་འཇུག་པ་ཉིད་ཀྱིས་དེ་ལྟ་བུའི་དོན་དུ་མི་འགྱུར་ནའང་། དབང་པོ་རྟུལ་པོ་གང་ཟག་གི་རྗེས་སུ་འབྲང་བ་དག་ནི། ཡོན་ཏན་དེ་ལྟ་བུ་དང་ལྡན་པས་མཛད་ཅིང་བར་མ་ཆད་པར་བརྒྱུད་པ་འདི་ལ་ནི་དོན་བཟང་པོ་ཞིག་ཡོད་དེ་འོང་སྙམ་ནས་འཇུག་པའི་ཡན་ལག་ཏུ་འགྱུར་བས་ཏེ། རི་སྙིང་དུ་སྡུག་ན་ངད་ཁ་ལ་ཞིམ་པ་བཞིན་ནོ། །དེ་ཡང་རྣ་བརྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་ཀྱི། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨོས། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པའི་ཁུངས་ལ་ཡིད་ཆེས་ཤིང་གྲུབ་མཐའི་ས་མཚམས་ངེས་པར་བསྟན་པ་ལས། དང་པོ་ནི་སྤྱིར་བསྡུ་བའི་གཞི་རྡོ་རྗེ་ཕུར་པའི་རྒྱུད་སྡེར་ཡོངས་སུ་གྲགས་པ་སུམ་ཅུ་རྩ་གཉིས་ཏེ་རྩ་བའི་རྒྱུད་གསུམ། བཤད་པའི་རྒྱུད་བཅུ། ཡན་ལག་གི་རྒྱུད་བཅུ། ལོ་མའི་རྒྱུད་བཞི། སྙིང་པོ་དོན་གྱི་རྒྱུད་ལྔའོ། །དང་པོ་རྩ་བའི་རྒྱུད་གསུམ་ནི། བིདྱོཏྟ་མ་ལ་འབུམ་སྡེའི་རྒྱུད། ཀཱི་ལ་བཅུ་གཉིས་ཀྱི་རྒྱུད། རྣལ་འབྱོར་བླ་ན་མེད་པ་གསང་ཆེན་དམ་པའི་རྒྱུད་དོ། །གཉིས་པ་བཤད་པའི་རྒྱུད་བཅུ་ནི། གབ་པ་འཁོར་ལོ་ནག་པོ་སྟོང་སྡེའི་རྒྱུད། ཀཱི་ལ་ཡ་མེ་ལྕེ་ཕྲེང་བའི་རྒྱུད། དྲག་པོ་མདུང་རྩེའི་རྒྱུད། འཇིག་རྟེན་སྣང་བྱེད་ཀྱི་རྒྱུད། རྡོ་རྗེ་བཀོད་པའི་རྒྱུད། དཔྱང་ཐག་ཆད་པའི་རྒྱུད། དགོངས་རྒྱུད། གསང་རྒྱུད། དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད། ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་དོ། །གསུམ་པ་ཡན་ལག་གི་རྒྱུད་བཅུ་ནི། ཧཱུྃ་ཀ་ར་སེར་བ་འབེབས་པའི་རྒྱུད། སྟོབས་པོ་སེར་བ་བཟློག་པའི་རྒྱུད། རྣམ་པར་རྒྱལ་བ་དབང་བསྐུར་བའི་རྒྱུད། དབྱུག་པ་སྔོན་པོ་སྦྱིན་སྲེག་གི་རྒྱུད། གཤིན་རྗེ་གཤེད་པོ་ལྷོག་པ་རྒྱབ་བརྟེན་གྱི་རྒྱུད། མི་གཡོ་མགོན་པོ་འཕྱོང་དྲུག་ལས་ལ་གཟུད་པའི་རྒྱུད། རྟ་མགྲིན་ཀླུ་འདུལ་བའི་རྒྱུད། ཊཱཀྐི་རཱ་ཛ་ལས་ལ་འགྱེད་པའི་རྒྱུད། བདུད་རྩི་འཁྱིལ་བ་སྨན་སྒྲུབ་པའི་རྒྱུད། ཁམས་གསུམ་རྣམ་པར་རྒྱལ་བ་ལས་དྲུག་ལ་རྦད་པའི་རྒྱུད་དོ། །བཞི་པ་ལོ་མའི་རྒྱུད་བཞི་ནི། ཤྭ་ན་དཀར་ནག་ཐུན་གྱི་རྒྱུད། །རེ་མ་ཏི་སྦས་པ་ནག་པོའི་རྒྱུད། བསེའི་ལྷ་མོ་ཡང་སྦས་གཏེར་གྱི་རྒྱུད། བསེའི་སྐྱེས་བུ་འགུགས་པ་རྒྱལ་པོའི་རྒྱུད་དོ། །ལྔ་པ་སྙིང་པོ་དོན་གྱི་རྒྱུད་ལྔ་ནི། སྐུའི་རྒྱུད་དཔལ་ཡེ་ཤེས་འཁོར་ལོ། །གསུང་གི་རྒྱུད་པདྨ་གསང་བ། །ཐུགས་ཀྱི་རྒྱུད་རྡོ་རྗེ་འབར་བ། །ཡོན་ཏན་གྱི་རྒྱུད་རིན་པོ་ཆེའི་གཙུག་ལག །ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེའོ། །དེ་དག་ལས་འདིར་ཁྱད་པར་དུ་བིདྱོཏྟ་མ་ལ་རྩ་བའི་རྒྱུད་ཀྱི་མངོན་པར་རྟོགས་པ་ཚང་ལ་མ་ནོར་བ་ཉུང་ངུ་སྟོན་པའི་ལེའུ་ཞིག་བསྡུས་ཏེ་ལོགས་སུ་ཕྱུང་བར་མཛད་པའོ། །ཕྱོགས་གང་དུ་གཏོགས་ན། ཐོས་བསམ་གྱི་ཤེས་རབ་ཀྱིས་རང་གི་ལྟ་བ་ངེས་པར་གྱུར་པའི་གྲུབ་མཐའ། ཡང་དག་པ་མ་ཡིན་པར་ཞུགས་པ་ཕྱི་རོལ་མུ་སྟེགས་བྱེད་དང་། ཡང་དག་པར་ཞུགས་པ་ནང་པ་སངས་རྒྱས་པ་གཉིས་ལས་འདི་ནི་ནང་པའོ། །དེ་ཡང་རྡོ་རྗེ་ཐེག་པ་བཀོད་པའི་རྒྱུད་ལས། བསྟན་པའི་ཚུལ་ནི་རྣམ་གཉིས་ཏེ། །དམན་པ་མུ་སྟེགས་བསྟན་པ་དང་། །མཆོག་གྱུར་སངས་རྒྱས་བསྟན་པའོ། །ཞེས་སོ། །དང་པོ་ཆོས་རྣམས་ཡང་དག་པའི་དངོས་པོར་མེད་པ་ལ་ཡོད་པར་སྒྲོ་བཏགས་ཏེ། གང་ཟག་གི་བདག་ཏུ་འཛིན་པ་རྟག་པར་ལྟ་བ་དང་། གནས་སྐབས་རྟེན་འབྱུང་གི་དངོས་པོ་ཡོད་བཞིན་ཅང་མེད་དུ་སྐུར་པ་འདེབས་པ་ཆད་པར་སྨྲ་བ་གཉིས་རྣམ་པར་བཅད་པའི་ནང་པ་སངས་རྒྱས་པ་ལའང་ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་མི་ལྡན་པ་ཐེག་པ་ཆུང་ངུ་དང་། དེ་གཉིས་དང་ལྡན་པའི་ཐེག་པ་ཆེན་པོ་གཉིས་ལས་འདི་ནི་ཆེན་པོའོ། །དེ་ཡང་འཇམ་དཔལ་སྒྱུ་དྲྭ་ལས། སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱི་འགྲོ་དོན་བྱེད་པའི་མཆོག །ཅེས་སོ། །དང་པོ་གཟུང་འཛིན་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་དོན་དམ་དུ་འཛིན་པའི་ཉན་ཐོས་དང་། དེའི་ཕྱེད་ཤེས་པ་དོན་དམ་དུ་འཛིན་པའི་རང་རྒྱལ་གཉིས་རྣམ་པར་བཅད་པའིི་ཐེག་པ་ཆེན་པོ་ལའང་། རྒྱུ་ལ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་ལ་ལམ་དུ་བྱེད་པ་གསང་སྔགས་ཀྱི་ཐེག་པ་གཉིས་ལས། འདི་ནི་གསང་སྔགས་སོ། །དེ་ཡང་རྒྱུད་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་བྱེད་པ་ཡིན། །ཞེས་སོ། །དང་པོ་བདག་ཏུ་འཛིན་པ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་འདོད་པ་སེམས་ཙམ་པ་དང་། དེ་ལྟ་བུའི་སྤྲོས་པ་དང་བྲལ་བར་འཛིན་པ་དབུ་མ་གཉིས་རྣམ་པར་བཅད་པའི་གསང་སྔགས་པ་ལའང་། ལྷ་དང་ཐ་དད་དུ་བལྟས་ནས་འཇུག་པར་བྱེད་པ་ཕྱི་ཐུབ་པ་རྒྱུད་དང་། ཐ་མི་དད་དུ་བལྟས་ནས་འཇུག་པར་བྱེད་པ་ནང་པ་ཐབས་ཀྱི་རྒྱུད་གཉིས་ལས། འདི་ནི་ནང་པ་ཐབས་ཀྱི་རྒྱུད་དོ། །རྡོ་རྗེ་སེམས་དཔའི་རྒྱུད་ལས། གཞལ་ཡས་ཁང་བཟང་དཀྱིལ་འཁོར་དང་། །ཁྲོ་ཚོགས་འདུ་འཕྲོ་མང་པོ་དང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཉིད། །དེ་བས་རྣམ་འཕྲུལ་རིག་པའི་ངང། །ཞེས་སོ། །དང་པོ་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པ་ཀྲྀ་ཡ་དང་། ལུས་ངག་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པ་སྤྱོད་པ་དང་། མཚན་མ་དང་བཅས་པ་སེམས་ཀྱི་ཏིང་ངེ་འཛིན་གཙོ་བོར་བྱེད་པ་རྣལ་འབྱོར་གྱི་རྒྱུད་རྣམ་པར་བཅད་པའི་ནང་པ་ཐབས་ཀྱི་རྒྱུད་ལའང་། བསྐྱེད་བྱའི་ལྷ་རྣམས་ཆོ་གའི་ཡན་ལག་ལ་བརྟེན་ནས་རིམ་གྱིས་བསྐྱེད་པ་མ་ཧཱ་ཡོ་ག་དང་། དེ་ཡང་བདུད་རྩི་མཆོག་གི་ལུང་ལས། ཨ་ཡི་ཆོ་འཕྲུལ་ཧཱུཾ་དུ་གསལ། ཧཱུཾ་ལས་ཐུགས་རྟགས་རྡོ་རྗེ་འབར། །དེ་ལས་ཆེ་མཆོག་ཕྱག་རྒྱ་ཆེ། །ཞེས་སོ། །ཆོ་གའི་ཡན་ལག་ལ་མ་བརྟེན་པར་སྐད་ཅིག་དྲན་རྫོགས་སུ་གསལ་བར་རྫོགས་པ་ལ་ཨ་ནུ་ཡོ་ག་དང་། དེ་ཡང་ཀུན་འདུས་ལས། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །ཞེས་སོ། །བསྐྱེད་རྫོགས་ཀྱི་ཐ་སྙད་དང་བྲལ་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་སྟོན་པར་བྱེད་པ་ཨ་ཏི་ཡོ་ག་སྟེ། ཁྱུང་ཆེན་ལས། རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །ཞེས་སོ། །དེ་ལ་འདིར་ནི་ཏིང་ངེ་འཛིན་ལ་ལྟོས་ནས་ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད་པ་མ་ཧཱའོ། །གལ་ཏེ་འདི་ན་ཨ་ནུའི་ལྟ་བ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་བསྟན་པས་མ་ཧཱར་འགལ་ལོ་ཞེ་ན། ཏིང་ངེ་འཛིན་ལ་ལྟོས་ནས་མ་ཧཱ་འདོད་པ་ཙམ་གྱིས་ལྟ་བར་ལྟོས་ནས་འགལ་བའི་ཁྱབ་པ་མེད་དོ། །དེ་ཡང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། གཙོ་བོར་སྒྲུབ་སྡེའོ། །དང་པོ་མ་ཧཱའི་ཏནྟྲ་སྡེ་བཅོ་བརྒྱད་ལ་སོགས་པ་རྣམ་པར་བཅད་པའི་སྒྲུབ་སྡེ་ལ། སིདྡྷི་མཆོག་གཙོ་བོར་བྱེད་པ་འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་དང་། སིདྡྷི་ཐུན་མོང་དང་མཆོག་ཏུ་བྱེད་པ་གཉིས་ཀ་ཆ་མཉམ་པར་བྱེད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐུན་མོང་གི་སྒྲུབ་སྡེ་གཉིས་ལས། འདི་ནི་ཡེ་ཤེས་ལྷའི་སྒྲུབ་པའོ། །དེ་ལྟ་བུའི་རྦོད་གཏོང་མ་མོའི་སྒྲུབ་པ་དང་། དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་དང་། བཅོལ་བསྐུལ་འཇིག་རྟེན་པའི་སྒྲུབ་པ་རྣམས་རྣམ་པར་བཅད་པ་ཡེ་ཤེས་ལྷའི་སྒྲུབ་པ་ལའང་། ཐོབ་བྱ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ངེས་པས་ཐོབ་པར་བྱེད་པའི་ཐབས་ལའང་ལྔ་ལས། བཅོམ་ལྡན་འདས་ཡ་མཱནྟ་ཀའི་སྐུ་འཁོར་ལོ་བཞི་དང་ལྡན་པར་སྒྲུབ་པས་ན་འཇམ་དཔལ་སྐུའི་སྒྲུབ་པ་དང་། བདེ་བར་གཤེགས་པ་པདྨ་དབང་ཆེན་རྟ་སྐད་ཐེངས་གསུམ་ལ་བརྟེན་ནས་སྒྲུབ་པས་ན་པདྨ་གསུང་གི་སྒྲུབ་པ་དང་། དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་ཐུགས་རྗེ་མཁྱེན་པའི་ཡེ་ཤེས་མར་མེ་དགུ་ལ་སོགས་པ་ལ་བརྟེན་ནས་སྒྲུབ་པས་ན་ཡང་དག་ཐུགས་ཀྱི་སྒྲུབ་པ་དང་། བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀའི་དབུའི་གཙུག་ཏོར་ནས་ཞབས་ཀྱི་གདན་ཁྲི་ཡན་ཆོད་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་སྒྲུབ་པས་ན་བདུད་རྩི་ཡོན་ཏན་གྱི་སྒྲུབ་པ་དང་། ཡང་དག་པའི་བསྟན་ལ་སྡང་བ་ཚར་གཅོད་པར་བྱེད་པ་མངོན་སྤྱོད་ཀྱི་ཕྲིན་ལས་སྒྲུབ་པས་ན་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་དང་ལྔ་ལས། འདི་ནི་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་ཉིད་དོ། །གསུམ་པ་དགོས་འབྲེལ་ཁྱད་པར་ཅན་གྱི་སྒྲུབ་པ་ལ་བརྩོན་པར་བསྟན་པ་ནི། རྗོད་བྱེད་ཀྱི་ངག་རྡོ་རྗེ་ཁྲོས་པ་རྩ་བའི་གཞུང་འདི། བརྗོད་བྱའི་དོན་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་བྱེད་ཀྱི་ཐབས། ཡང་དག་པ་གནས་སྐབས་ཀྱི་བྱེད་པ་དང་བཅས་པ་ནི་དགོས་པ་སྟེ། འདི་ཉིད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །ཞེས་སོ། །དེ་ལྟར་རྟོགས་པ་ལ་བརྟེན་ནས་བདག་དང་གཞན་གྱི་དོན་ཅི་རིགས་པ་ཐོབ་པ་ནི་ཡང་དགོས་ཡིན་ནོ། །དེ་ཡང་གཞུང་དོན་གནས་སྐབས་ཀྱི་འབྲས་བུ་ནི་ཐེག་པ་ཆེན་པོའི་ཆོས་ལ་བར་དུ་གཅོད་པ་འདུལ་བ་སྟེ། འདི་ཉིད་ལས། ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཞེས་སོ། །རང་གཞན་གཉིས་ཀའི་དོན་ཕུན་སུམ་ཚོགས་པ་མཐར་ཐུག་གི་འབྲས་བུ་ནི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཏེ། དེ་ཉིད་ལས། ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད། །ཅེས་སོ། །དེ་ཡང་བརྗོད་བྱ་རྗོད་བྱེད་གཉིས་ནི་ཤེས་བྱ་དང་ཤེས་བྱེད་དུ་འབྲེལ་ལ། དགོས་པ་དང་དགོས་བྱེད་གཉིས་ནི་ཐབས་དང་ཐབས་བྱུང་གི་འབྲེལ་པ་ཉིད་ཀྱིས་མས་ནས་བཟློག་པའི་རིམ་པ་བཞིན་དགོས་པ་ཐབས་དང་མ་འབྲེལ་བ་དང་། དགོས་པ་འདོད་བྱ་མ་ཡིན་པ་དང་། དགོས་པ་མེད་པའི་ལོག་རྟོག་རྣམས་བཅད་པས། རྟོགས་ལྡན་འཇུག་པའི་ཡན་ལག་ཏུ་འགྱུར་བས་སོ། །དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་སོ། །བཞི་པ་ས་གཅོད་ཀྱི་དབྱེ་བས་དོན་གྱི་དམིགས་བཟུང་བ་ལ་གསུམ་སྟེ། དམིགས་པར་བྱ་བའི་ཡུལ་དང་། སྒྲུབ་པའི་ཐབས་དང་། བསྒྲུབས་པའི་འབྲས་བུའོ། །དང་པོ་དམིགས་པར་བྱ་བའི་ཡུལ་ནི། སྔར་བསྟན་པའི་མཐར་ཐུག་གི་འབྲས་བུ་དགོས་པ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། དེ་ལ་གཉིས། རང་བཞིན་གྱིས་དམིགས་པར་བྱ་བའི་ཡུལ་བདག་གི་དོན་ཕུན་སུམ་ཚོགས་པ་དང་། སྙིང་རྗེས་དམིགས་པར་བྱ་བའི་ཡུལ་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དང་པོ་ནི། ཡང་དག་པའི་ལྟ་བ་གནས་ལུགས་ཀྱི་དོན་ཇི་ལྟ་བ་རྟོགས་པ་ལས་བྱུང་བ་སྟེ། འདིར་ཡང་དག་པའི་གནས་ལུགས་ནི་གང་ཞེ་ན། ཡུལ་ཕས་ནས་སྣང་བ་ནི་དབྱིངས་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོའི་རང་བཞིན་ལ། རིག་པ་ནང་ནས་འཆར་བ་ནི་ཡེ་ཤེས་འགག་པ་མེད་པ་ཀུན་ཏུ་བཟང་པོའི་རོལ་པ་སྟེ། དེ་གཉིས་གཉིས་སུ་མེད་པར་རྟོགས་པ་ནི་སྐྱེ་འགག་མེད་པའི་སྲས་བདེ་བ་ཆེན་པོ་སྟེ། བི་ཏོ་ལས། ཕུར་ནི་ཆོས་ཀྱི་དབྱིངས་ཡིན་ལ། །པ་ནི་རིག་པའི་ཡེ་ཤེས་ཡིན། །འདིར་ནི་གཉིས་སུ་མེད་པའི་དོན། །ལྷང་གིས་རྟོགས་ན་ཐེབས་པ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལྟ་བུའི་དོན་རྟོགས་ཤིང་། སྡུག་བསྔལ་གྱི་རྒྱུ་ལས་ངན་སྣ་ཚོགས་ལས་བཟློག་པར་ནུས་པས་ཏེ། ཚད་མེད་པའི་སྙིང་རྗེ་ཆེན་པོས་མངོན་སྤྱོད་ཀྱི་ཚུལ་གྱིས་སྡུག་བསྔལ་ལས་བསྒྲལ་བར་བྱ་བ་ནི། དམ་ཚིག་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུས་པ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་འདི། །རྣལ་འབྱོར་ཀུན་གྱིས་རྣལ་འབྱོར་ཆེན་པོས་རྟག་ཏུ་བསྒྲལ། ཞེས་པ་དཔེ་དག་པ་ལས་འབྱུང་། དང་དུ་བླང་། །ཞེས་སོ། །དེ་ལྟར་བསྒྲལ་བ་ལ་ཉེས་པས་མི་གོས་པ་ནི། དོན་འགྱུར་བཞིས་ཟིན་པ་ཞིག་དགོས་ཏེ། རང་རྒྱུད་ལ་ཉེས་པས་མི་གོས་ཤིང་ཡང་དག་པའི་ལམ་གྱི་ཡུལ་དུ་འགྲོ་བས་རང་གི་དོན་དུ་འགྱུར་བ་དང་། བསྒྲལ་བྱ་དེ་ངན་སོང་དང་འཁོར་བ་ནས་མཐོ་རིས་དང་ཐར་པའི་གནས་གོང་ནས་གོང་དུ་སྤོར་ནུས་པས་གཞན་གྱི་དོན་དུ་འགྱུར་བ་དང་། དེ་ཡང་གང་རུང་ཞིག་གིས་མ་ཡིན་པར་གཉིས་ཀའི་དོན་དུ་འགྱུར་བ་དང་། དེ་ལྟ་བུས་བསྟན་པ་ལ་ཕན་པར་བྱས་སོ་ཞེས་བསྟོད་པར་འོས་པས་ཆོས་ཀྱི་དོན་དུ་འགྱུར་བའོ། །དེ་ཡང་འདི་ཉིད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་སོ། །སྒྲུབ་པར་བྱེད་པའི་ཐབས་ལ་གཉིས་ཏེ། སྟོད་ལས་རིན་པོ་ཆེའི་ཕྲེང་བ་ལྟ་བུའི་ལས་བྱང་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དུག་ཕུར་ནག་པོའི་ལས་བྱང་ལ་བརྟེན་ནས་དགྲ་བགེགས་ཚར་བཅད་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་པ་ཐུན་མོང་གི་ཆོས་བཞི་དང་། ཁྱད་པར་སྟོད་ལས་དང་འབྲེལ་ཏེ་བསྙེན་པ་དང་དབང་བསྐུར་རྗེས་གསུམ་མོ། །དང་པོ་ནི། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ནི། དགོངས་རྒྱུད་ལས། སློབ་དཔོན་འཁོར་གནས་ཕྲན་སུམ་ཚོགས། །སྒྲུབ་པའི་རྫས་དང་དུས་ཉིད་དོ། །ཞེས་པས། གང་གིས་བྱ་བའི་སྟོན་པ་ཕུན་སུམ་ཚོགས་པ་དང་། གང་དུ་བྱ་བའི་གནས་ཕུན་སུམ་ཚོགས་པ་དང་། གང་དང་ལྷན་ཅིག་ཏུ་བྱ་བའི་འཁོར་སུམ་སུམ་ཚོགས་པ་དང་། གང་ལ་བརྟེན་ཏེ་བྱ་བ་རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་། གང་གི་ཚེ་བྱ་བའི་དུས་ཕུན་སུམ་ཚོགས་པའོ། །དང་པོ་སྟོན་པའི་མཚན་ཉིད་ལ་གཉིས་ཏེ། རང་བཞིན་གྱི་ཡོན་ཏན་དང་། སྦྱངས་པའི་ཡོན་ཏན་ནོ། །དང་པོ་ནི། སྟོན་པ་དེ་ཐུགས་རྗེ་ཆེ་ལ་ཞེ་བརྣག་པ་སྟེ། ཐུགས་རྗེ་ཆེན་པོས་གདུལ་བྱ་ཡལ་བར་མི་འདོར་ཞིང་། ཞེ་བརྣག་པས་སྒྲུབ་པ་མཐར་ཕྱིན་པར་བྱེད་དོ། །གཉིས་པ་ནི། རབ་བཟོ་གསོ་བ་སྒྲ་ཚད་མ་ནང་སྟེ་རིག་པའི་གནས་ལྔ་ལ་མཁས་ཤིང་། འབྲིང་ལུང་གི་རྒྱུད་ལྔ་ལ་སོགས་ཏེ་ཕྱི་ནང་གི་རྒྱུད་སྡེ་མཐའ་དག་ལ་མཁས་པ། ཐ་མ་ཡང་ཆོས་སྐོར་འདིའི་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་མན་ངག་དང་འབྲེལ་བ། མན་ངག་ཕྱག་བཞེས་དང་འབྲེལ་བ་ལ་མཁས་པའོ། །འཁོར་ཕུན་སུམ་ཚོགས་པ་ལ་བཞི་ལས། གདུལ་བྱ་སྐྱེས་བུའི་འཁོར་ནི། སློབ་དཔོན་དང་དགོངས་པའམ་ཡོན་ཏན་རྡུལ་ཙམ་ཡང་ཁྱད་མེད་པ་ཉིད་ཀྱིས་རྒྱལ་ཚབ་བྱེད་ནུས་པའི་སློབ་མའོ། །ཐུགས་དམ་བསྐང་བ་ཡུམ་གྱི་འཁོར་ནི་གཟུངས་མ་མཚན་ཉིད་དང་ལྡན་པ་སྟེ། གསལ་བཀྲ་ལས། མཉེན་དྲང་སྐེད་རིང་སྟོད་སྨད་ཕྱེད། །ཡན་ལག་ཕྲ་འཇམ་ཚིགས་མིག་ཟླུམ། །དཔྲལ་བ་དབྱེས་ཆེ་མིག་དཀྱུས་རིང་། །ལུས་ལ་ཆུ་རླུང་ག་བུར་དྲི། །མིག་འབྲས་དཀྱིལ་ནི་ཨུཏྤལ་མདོག །ཆུ་ཞེང་གཉིས་ཀ་འབྲིང་དུ་སྟེ། །གསང་ཐུབ་ཤེས་རབ་སྤྱོད་ལམ་མཛེས། །ཞེས་གསུངས་པ་བཞིན་ནོ། །དྲག་པོ་བརྟུལ་ཞུགས་ཀྱི་འཁོར་ནི། གཙང་དམེ་ཆུང་ཞིང་དཔའ་བརྟུལ་ཆེ་བ་སྟེ། །དམ་རྫས་ལ་འཁུ་འཕྲིག་མེད་པར་སྤྱོད་ཅིང་། །སྒྲོལ་ཅིག་བྱས་ནས་སྒྲོལ་ནུས་ཤིང་། །སྦྱོར་ཅིག་བྱས་ན་སྦྱོར་ནུས་པའོ། །ཡང་ན་མངོན་སྤྱོད་ཀྱི་ཕྲིན་ལས་མྱུར་དུ་འགྲུབ་པའི་མཚན་མར། ཡན་ལག་ནག་ཅིང་རྩུབ་པ། སྐྲ་ཁམ་པ། མིག་ཤེལ་མིག །ཁ་ཧོམ་ཁུང་ལྟ་བུར་འདུག་ཅིང་། སྤྱོད་ལམ་རྩིང་ཞིང་རློམ་སེམས་ཆེ་བའོ། །ཕྱི་ནང་བརྡ་སྦྱོར་གྱི་འཁོར་ནི། ཕྱི་ནས་ཡོ་བྱད་ཐོ་མཚམས་སུ་སྐྱེལ་ཞིང་། ནང་ནས་ཐོ་མཚམས་སུ་ཡོ་བྱད་ལེན་པ་ལ་སོགས་པ་བང་ཆེན་རིང་རྒྱུག་བྱེད་པ་ལ་སོགས་པའོ། །གནས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། སྟོད་ལས་དང་འབྲེལ་ཏེ་བསྙེན་པ་དང་དབང་བསྐུར་བའི་གནས་དང་། སྨད་ལས་དང་འབྲེལ་ཏེ་སྒྲུབ་པ་དང་ལས་སྦྱོར་གྱི་གནས་སོ། །དང་པོ་ལ་བཞི་སྟེ། གཞུང་དང་མཐུན་པས་སྒྲུབ་ཐག་ཉེ་བའི་གནས་དང་། ཞབས་ཀྱིས་བཅག་པས་བྱིན་ཆེ་བའི་གནས་དང་། གྲུབ་པ་ཐོབ་པས་བཀྲ་ཤིས་པའི་གནས་དང་། ཉམས་དགའ་ཞིང་ཡིད་དུ་འོང་བའི་གནས་སོ། །དང་པོ་ནི། དགོངས་རྒྱུད་ལས། མེ་ཏོག་གླིང་དང་རིན་ཆེན་རི། །དཔག་བསམ་ཤིང་ལ་བྱ་སྐད་སྙན། །འབྲུ་རྣམས་སྣ་ཚོགས་ས་དབྱིབས་ལེགས། །བཀྲ་ཤིས་གཞི་བཟང་ཡུན་རིང་བ། །གནས་ཀྱི་དམ་པ་ཡིན་པར་བཤད། །ཅེས་པས་གནས་དེ་གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད་དུ་འདུག་པ། བར་སྣང་འོལ་ཀ་ཆུས་བཀང་བ་ལྟ་བུའམ་ཁ་དོག་ལྔ་མ་འདྲེས་པ་སོ་སོར་འདུག་པ། རྒྱབ་ཀྱི་བྲག་རྡོ་རྗེ་གཞོན་ནུའི་སྐུ་འདྲ་བར་གནས་པ། ཤར་ལྷོ་མཚམས་ན་བྲག་གམ་རི་ཤྭ་ན་མ་ཟངས་ཀྱི་ཝ་མོ་མཐུར་ལ་རྒྱུག་པ་འདྲ་བ་ཡོད་པ། ལྷོ་ནུབ་ན་བསེ་མོ་ཞུབ་ཆེན་ནམ་རྟ་པའི་ཆ་བྱད་དུ་འདུག་པ། ནུབ་བྱང་མཚམས་ན་ལས་ཀྱི་སྐྱེས་བུ་གིང་གསུམ་སྐྱེས་པ་ཆས་སུ་བཅུག་པ་ལྟར་འདུག་པ། བྱང་ཤར་ན་རེ་མ་ཏི་དྲེལ་རྟ་རྐང་གསུམ་ལ་ཆིབས་ནས་རྡོ་རྗེ་གཞོན་ནུའི་བཀའ་ནོད་པའི་ཚུལ་དུ་འདུག་པ། མདུན་ན་བྲག་ཁྲ་ཐབས་གཟན་ལ་བཅུམ་པ་ལྟར་འདུག་པ་དེ་ལྟ་བུར་བསྒྲུབ་ན་གཞུང་དང་མཐུན་པས་སྒྲུབ་ཐག་ཉེའོ། །ཞབས་ཀྱིས་བཅགས་པས་བྱིིིན་ཆེ་བའི་གནས་ནི། སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་རྡོ་རྗེ་གདན་ནམ། ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་བྱ་རྒོད་ཕུང་པོའི་རིའམ། ཆོ་འཕྲུལ་ཆེན་པོ་བསྟན་པའི་གནས་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་ཏེ། དེ་ལྟ་བུར་བསྒྲུབ་ན་སྟོན་པའི་ཞབས་ཀྱིས་བཅགས་པའི་བྱིན་རླབས་ཀྱིས་བར་ཆད་མི་འབྱུང་ངོ་། །གྲུབ་པ་ཐོབ་པ་བཀྲ་ཤིས་པའི་གནས་ནི། །སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་སྔོན་གྱི་རིག་འཛིན་རྣམས་ཀྱིས་སྒྲུབ་པ་བྱས་པའི་གནས་ཨ་སུ་རའམ། ཡང་ལེ་ཤོད་ཀྱི་བྲག་ཕུག་གམ། །ཆུ་མིག་བྱང་ཆུབ་རིས་ལ་སོགས་པར་སྒྲུབ་པ་བྱས་ན། དེར་གནས་པའི་ལྷ་འདྲེ་དྲག་པོ་རྣམས་ཀྱིས་ཇི་ལྟར་བསྒོ་བ་བཞིན་དགོས་པའི་གྲོགས་དན་བྱས་ཏེ་གྲུབ་པ་ཐོབ་ཅིང་བཀྲ་ཤིས་པར་འགྱུར་བའོ། །ཉམས་དགའ་ཞིང་ཡིད་དུ་འོང་བའི་གནས་ནི། གནས་དེའི་ཤར་རི་བརྡལ་བ། ལྷོ་བྲེས་པ། ནུབ་མཐོ་བ། བྱང་སྐྱོབ་པའམ། ཡང་ན་ཤར་རི་དར་དཀར་གྱི་ཡོལ་བ་འདྲ་བ། ལྷོ་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ། ནུབ་རི་བློན་པོ་ཕྱག་བྱེད་པའི་ཚུལ་ཅན། བྱང་རི་བཙུན་མོ་གོ་ཟུ་གྱོན་པ་དང་མཚུངས་པ། རྩི་ཤིང་འབྲས་བུ་ཅན་མང་པོ་ཡོད་པ། བྱ་མང་པོ་སྐད་སྙན་པར་སྒྲོག་པ། ཕུ་ཆུ་ལྷུང་ལྷུང་གི་སྒྲ་འབྱིན་པ། མེ་ཏོག་སྣ་ཚོགས་བཀོད་པ། བུང་བ་རྒྱང་རིང་པོ་ནས་གླུ་ལེན་པ། དེ་ལྟ་བུར་ཉམས་དགའ་ཞིང་སྡོད་སྙིང་འདོད་པས། འདུག་སྲན་ཆེ་བ་ཉིད་ཀྱིས་སྒྲུབ་པ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །སྨད་ལས་དང་འབྲེལ་ཏེ་སྒྲུབ་པ་ལས་སྦྱོར་གྱིི་གནས་ནི། དྲག་པོ་མངོན་སྤྱོད་ཀྱི་ལས་དང་རྗེས་སུ་མཐུན་པ་གནག་ཅིང་རྩུབ་པའི་ཕྱོགས་སམ། མ་མོ་གནས་པའི་དུར་ཁྲོད་དམ། ཀླུ་གནས་པའི་ཆུ་གླིང་ངམ། བཙན་གནས་པའི་གྲོག་པོ་ཕུག་རྡུགས་སམ། རྒྱལ་པོ་གནས་པའི་ལྷ་ཁང་གོག་པོའམ། དམ་སྲི་གནས་པའི་དབེན་རུལ་རྙིང་པའམ། འགོང་པོ་གནས་པའི་ལམ་རྒྱ་གྲམ་མམ། ཀུན་གྱི་རྒྱུ་སྲང་ལུང་གསུམ་འདུས་པའི་མདོའམ། བདུད་གནས་པའི་ས་གཞི་གྲུ་གསུམ་དུ་འདུག་པ་རྣམས་སུ་བྱ་སྟེ། དེས་ཀྱང་རང་ལ་བར་དུ་གཅོད་པ་བྱས་ཀྱི་དོགས་ནས་བརྩོན་འགྲུས་ཀྱི་ལྕག་ཏུ་འགྱུར་པ་དང་། ཁོ་ཉིད་ཡུན་རིང་བསྡད་པ་ལ་མི་དགའ་བས་དངོས་གྲུབ་མྱུར་དུ་ཐོབ་པའི་གྲོགས་བྱེད་པས། དང་པོ་བདེན་པ་བརྡར། བར་དུ་ཟིལ་གྱིས་མནན། ཐ་མ་ལས་ལ་གཟུད་པར་བྱ་སྟེ། དགོངས་རྒྱུད་ལས། ཡུལ་ས་དེ་ཡི་བདག་པོ་ལ། །བདེན་པ་བརྡར་ཞིང་ས་རིན་བཅལ། །ཞེས་སོ། །རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པ་ལ་བཞི་སྟེ། འཚོ་བ་ཟས་ཀྱི་ཡོ་བྱད། རྐྱེན་ཟློག་སྨན་གྱི་ཡོ་བྱད། མཆོད་པ་རྫས་ཀྱི་ཡོ་བྱད། སྒྲུབ་པ་རྫས་ཀྱི་ཡོ་བྱད་དོ། །དང་པོ་འཚོ་བ་ཟས་ཀྱི་ཡོ་བྱད་ནི། མ་གྲུབ་ན་སྤོགས་ཆོག་དགོས་པའི་ཕྱིར་ལྡབ་ཐང་དུ་ཁྱེར་ཏེ། གྲུབ་ན་ནི་སྒྲུབ་པ་ཆེན་པོའི་ཚེ་དཔའ་བོའི་དགའ་སྟོན་བྱ་བ་ཡིན་ནོ། །རྐྱེན་ཟློག་སྨན་གྱི་ཡོ་བྱད་ནི། དགྲའི་རྐྱེན་བཟློག་པ་ལ་མདའ་ལྔ་དང་གཞུ་གཅིག །རྡོ་རྗེའི་གོ་མཚོན་དང་བཅས་པ་དང་། བགེགས་ཀྱི་རྐྱེན་བཟློག་པ་ལ་གུ་གུལ་དང་ཚིལ་ཆེན། ཉུངས་དཀར། ཞིང་གི་དབྱུག་ཏོ། འདྲེ་བྲབ་པའི་ལྕག་ལ་སོགས་པ་དང་། ནད་ཀྱི་རྐྱེན་བཟློག་པ་ལ། སྤྱོད་ལམ་དང་མཐུན་པའི་གནས། ཁམས་དང་མཐུན་པའི་ཟས། ནད་དང་མཐུན་པའི་སྨན་དང་སྨན་པར་བཅས་པ་སྟ་གོན་དུ་བྱའོ། །མཆོད་པ་རྫས་ཀྱི་ཡོ་བྱད་ལ་གཉིས་ཏེ། །མཆོད་རྫས་དངོས་དང་། དཀྱིལ་འཁོར་གྱི་རྒྱན་ནོ། །དང་པོ་ལ་གསུམ་ལས། ཕྱིའི་མཆོད་པ་ནི། མེ་ཏོག་ལ་སོགས་པ་ཐུན་མོང་དུ་ཉེ་བར་སྤྱོད་པ་ལྔའོ། །ནང་གི་མཆོད་པ་ནི། སྨན་རཀ་གཏོར་མ་གསུམ་སྟེ། དེ་ཡང་སྣོད་ཁྱད་པར་ཅན་བྷནྡྷ་མཚན་ལྡན་དུ། བཅུད་ཁྱད་པར་ཅན་རིམ་པ་བཞིན་དུ་བདུད་རྩིའི་ཕྱེ་མ་དང་ལྡན་པའི་ཛ་གད་དང་ཤ་ཆ ེན་པོས་བརྒྱན་པའི་གཏོར་མ་དང་། མཱུ་ལ་རཀྟ་དང་བཅས་པའི་དམར་ཆེན་དང་། དེ་རྣམས་སྦྱོར་བ་ཁྱད་པར་ཅན་འབགས་བཙོག་ཏུ་མ་གྱུར་པ་རྣམ་པར་དག་པས། ཡིད་དུ་འོང་བ་རྒྱལ་པོ་ཕྱག་མགུལ་བས་སྟེགས་དང་ལྡན་པ་བཤམས་པར་བྱའོ། །གསང་བའི་མཆོད་པ་ནི། ཁྲག་སྐམ་གྱི་མེ་ཏོག །ཚིལ་ཆེན་གྱིི་བདུག་སྤོས། ཞུན་ཆེན་གྱི་མར་མེ། ཁྲག་ཆེན་གྱི་ཨརྒྷཾ། ཤ་ཆེན་གྱི་ཞལ་ཟས། ཐོད་པ་ལྟག་སྤྲོད་ཀྱི་རྔ། ཞིང་ཆེན་གྱི་གཡབ་མོ། ཀེང་རུས་ཀྱི་རྒྱལ་མཚན། མི་རྐང་གི་གླིང་བུ་ལ་སོགས་པའོ། །དཀྱིལ་འཁོར་གྱི་རྒྱན་ནི། གྲི་བཞི། མེ་ལོང་བཞི། མདའ་བཞི། དར་སྣ་བཞིའོ། །གཞན་ཡང་ཚོན་སྐུད་ཀྱི་དྲྭ་བ་དང་། བླ་ན་མེད་པའི་དུར་ཁྲོད་ཀྱི་རྫས་ཀྱི་རྒྱན། ཞིང་ཆེན་གྱི་བླ་བྲེ། ཞིང་ཆུང་གི་ཟར་ཚགས། རྒྱུས་ཆེན་གྱིི་དྲྭ་བ། བ་སུ་ཏའི་ཕྲེང་བ། བྷཉྫ་སྐམ་རློན་གྱི་ཚར་ཚར་དང་། ཙིཏྟ་སྣ་འཕྱང་དང་བཅས་པ་ལ་སོགས་པའོ། །སྒྲུབ་པ་རྫས་ཀྱི་ཡོ་བྱད་ལ་གཉིས་ཏེ། སྟོད་ལས་དང་འབྲེལ་ཏེ་བསྙེན་པ་དང་དབང་བསྐུར་བའི་ཡོ་བྱད་དང་། སྨད་ལས་དང་འབྲེལ་ཏེ་སྒྲུབ་པ་ལས་སྦྱོར་གྱི་ཡོ་བྱད་དོ། །དང་པོ་ནི། བསྙེན་པ་དབང་དང་འབྲེལ་བ་ལ་ལྷ་ཕུར་ཉི་ཤུ་རྩ་དྲུག །ལྷའི་བུམ་པ་ལྔ་། རྡོ་རྗེའི་ཚེ། དབུ་རྒྱན། དར་དཔྱངས་དང་རྡོ་རྗེ། དྲིལ་བུ་ལ་སོགས་པ་སློབ་མ་རྣམས་གང་འདོད་པའི་དབང་རྫས་རྣམས་མ་ཚང་བ་མེད་པར་བསག་ཅིང་། བསྙེན་པ་རང་རྐྱང་བ་ལ་ལྷ་གྲངས་དང་མཉམ་པའི་ཕུར་པ་དང་། བསྙེན་ཕུར་གྱིས་ཆོག་གོ། །སྨད་ལས་དང་འབྲེལ་ན། དགྲ་ལ་བྱ་བ་དང་། འདྲེ་ལ་བྱ་བ་དང་། གཉིས་ཀ་ཐུན་མོང་གི་རྫས་སོ། །དང་པོ་དགྲ་ལ་བྱ་བའི་རྫས་ནི་གཉིས། ལིངྒ་བཅའ་བ་དང་། མིང་བྱང་བྲི་བའོ། །དང་པོ་ལིངྒ་བཅའ་བ་ནི། དགྲ་བོའི་དྲི་མ་ལྔ་དང་། གྲོག་མཁར་གྱི་ས་རྣམས་དུག་ཆུས་སྦྲུས་ལ། འཇག་མ་ལ་རུ་ཤིང་བྱས་ཏེ། རས་བལ་གྱི་བལ་ལམ་ཡུགས་སའི་སྐྲ་ཤད་ཀྱིས་བཅིངས་པའི་ཁོང་པར་ཁྲག་དང་དུག་སྣ་ཚོགས་བླུགས་པའི་ཕྱིར་སྔར་གྱི་འདག་པས་བྱུགས་ཏེ་དགྲའི་གཟུགས་ཇི་ལྟ་བར་བྱའོ། །མིང་བྱང་བྲི་བ་ལ་བཞི་ལས། གཞི་དུར་ཁྲོད་ཀྱི་རོ་རས་ལ་སྨྱུ་གུ་ནི་མི་མཚོན་གྱིས་བསད་པའི་རྐང་ལ་བྱ། སྣག་ཚ་ནི་དུག་ཐལ་ཆེན་དང་སྦྱར་ཏེ། འབྲི་ལུགས་ནི། སྙིང་གར་མིང་། དཔྲལ་བར་རུས། བརླ་ལ་བླ་དྭགས། ཡན་ལག་དྲུག་ལ་སྔགས་དྲུག་སྟེ། །ཐ་མ་བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་ཀྱིས་བར་མཚམས་མེད་པར་འཁོར་བར་བྲིས་ཏེ། ལེགས་པར་དྲིལ་ནས་ཚོན་སྐུད་ཀྱིས་བཅིངས་ཏེ། ལིངྒའི་སྙིང་གར་གཞུག་གོ། །འདྲེ་ལ་བྱ་བ་ལའང་སྔ་མ་བཞིན་ཏེ། ལིངྒ་བཅའ་བ་ནི། གང་གནོད་པའི་ཕྱོགས་ནས་ས་བླངས་ཏེ། ལུག་ཐུག་པོའི་ཆུས་སྦྲུས་ལ། རྨི་ལམ་དུ་གང་བྱུང་བའི་གཟུགས་རྐང་པ་ཕྱིར་བསྟན་པ་བྱའོ། །མིང་བྱང་ནི་སྔར་དང་འདྲ་སྟེ། ཤོག་བུ་ལ་བྱར་རུང་ངོ་། །གཉིས་ཀ་ཐུན་མོང་གི་རྫས་ནི། སྔར་གྱི་སྟེང་དུ་དམ་ཅན་གྱི་ཕུར་པ་བཅོ་ལྔ་། མགྱོགས་ཕུར་སུམ་ཅུ་དང་བཅས་པ་དང་། དབུས་སུ་འབྲུ་སྣ་ཚོགས་ལས་བྱས་པའི་གཏོར་མ། ཤར་ལྷོར་ཝ་ཤ་ཁྱི་ཤ་ལ་སོགས་ཏེ་སྡེར་ཆགས་སྣ་ཚོགས་ཀྱི་ཤས་བརྒྱན་པའི་གཏོར་མ་བཞག །ལྷོ་ནུབ་ཏུ་ཁྲག་ཞག་འོ་མ་མར་ཁུའི་དབུས་ཀྱུ་གུ་དང་བཅས་པའི་གཏོར་མ་བསེ་མོའི་རྫས་སུ་བཞག །ནུབ་བྱང་མཚམས་སུ་ཤ་རྐང་ལག་མ་བྲལ་བ་དགུ །བཤོས་བུ་ཟུར་གསུམ་པ་དགུ། སྟག་རས་གཟིག་རས་ལ་སོགས་པ་སྤྱན་གཟིགས་སྣ་ཚོགས་གིང་གི་རྫས་སུ་བཞག །བྱང་ཤར་དུ་ཁྲག་སྣ་སྙིང་སྣ་ནལ་བུའི་ཤ་ཁྲག་གིས་བརྒྱན་པའི་གཏོར་མ་ཚིལ་ཆེན་གྱི་སྤྲིན་ཁ བ་ཅན་རྨ་བྱའི་གདུགས་ཕུབ་པ་རེ་མ་ཏིའི་རྫས་སུ་དགོད། རྒྱུད་གཏོར་ཅི་འབྱོར་པ་བྱའོ། །གཞན་ཡང་ལས་དྲུག་གི་རྫས་དང་དབྲལ་བའི་རྫས་གུ་གུལ་དང་ཚིལ་ཆེན། གཟུགས་ལ་དབབ་པའི་སྡིགས་ཕུར་དང་ཉུངས་ཀར། བྱད་དུ་འཆིང་བའི་ཚོན་སྐུད། སྨྱོ་རུ་གཞུག་པའི་དུག་གཏོར་རྫས་ཐང་ཕྲོམ་དང་དུག་སྣ། གཏུན་དུ་བརྡུང་བའི་ཐོ་བ་དང་གཏུན་པ། ཞལ་དུ་བསྟབ་པའི་བྲ་མའི་ཧོམ་ཆག་གང་བ་རྣམས། གཞན་ཡང་ལས་ཀྱི་མཐར་མནན་པ། སྲེག་པ། འཕང་བའི་རྫས་རྣམས་ཆོ་ག་སོ་སོར་བཀོལ་བ་ལས་ཤེས་པར་བྱའོ། །དུས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། སྟོད་ལས་དང་འབྲེལ་བ་ལ། ཟླ་བ། གཟའ། སྐར་མ། ཚེས་གྲངས། དུས་ཚོད་དོ། །ཟླ་བ་ནི་ར་བ་བཞིའི་ཡར་ངོ་། གཟའ་ནི་ཕུར་བུ་ཤིས་པ་སྟེ། ཕུར་བུ་བནྡེའི་བླ་གཟའ་ཡིན་པས་སོ། །སྐར་མ་ནི། བཀྲ་ཤིས་པའི་སྐར་མ་རྒྱལ་ལམ་མགོ། ཚེས་གྲངས་ནི་ཡར་གྱི་བརྒྱད། དུས་ཚོད་ནི། སྔ་དྲོ་དབུ་གཟུག་པ་སྟེ། རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་རུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་སོ། །སྨད་ལས་དང་འབྲེལ་བ་ལའང་། ཟླ་བ་ནི། ཐ་ཆུང་བཞིའི་མར་ངོ་། གཟའ་ནི་མི་ཤིས་པའི་གཟའ་མིག་དམར། སྐར་མ་མི་ཤིས་པའི་སྐར་མ་མཆུ་དང་གྲེ། ཚེས་གྲངས་ནི་མར་གྱི་བརྒྱད་དེ། །ཉི་ཤུ་གཉིས་ནས་དགུའི་བར། །དུས་ཚོད་ནི་ནམ་ཕྱེད་ལ་གདབ་པར་བྱ་སྟེ། རྒྱུད་ལས། སྲོད་ལ་ཞུགས་དང་ཐོ་རངས་ལ། །འདི་ལ་གདབ་པར་ཡང་མི་བྱ། །དཀྱིལ་འཁོར་གསུམ་གྱི་སྒྲུབ་པའི་གཞུང་བསྲང་བ་ལ་གཉིས་ཏེ། དཀྱིལ་འཁོར་གསུམ་གྱི་སྔོན་དུ་འགྲོ་བ་ཕྲིན་ལས་ཀྱི་རིམ་པ་དང་། དཀྱིལ་འཁོར་གསུམ་དངོས་སོ། །དང་པོ་ལ་ལྔ་སྟེ། བཤགས་པ་བྱ་ཞིང་མཚམས་བཅད་པ། དཀྱིལ་འཁོར་བརྩིགས་ཤིང་ཆག་ཆག་དང་ཐིག་གདབ་པ་དང་། སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་བསྲེ་བསྣན་བྱ་བ་དང་། དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ་དང་། ཐུན་མོང་གི་ལས་བདུན་ཉམས་སུ་བླང་བའོ། །དང་པོ་ལ་གསུམ་སྟེ། ཕྱི་བཤགས་བྱ་ཞིང་ཕྱི་མཚམས་བཅད་པ། བར་བཤགས་བྱ་ཞིང་བར་མཚམས་བཅད་པ། ནང་བཤགས་བྱ་ཞིང་ནང་མཚམས་བཅད་པའོ། །དང་པོ་ཕྱི་བཤགས་ནི། དབུས་སུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཤར་དུ་ལངྐར་གཤེགས་པ། ལྷོར་རིན་པོ་ཆེ་ཏོག་གི་གཟུངས། །ནུབ་ཏུ་སངས་རྒྱས་ཕལ་པོ་ཆེ། །བྱང་དུ་མདོ་སྡེ་མྱ་ངན་ལས་འདས་པ་སྟེ་འབུམ་སྟེ་ལྔ་འདོན་ཞིང་། དེ་ཙམ་མ་གྲུབ་ནའང་དེ་བཞིན་གཤེགས་པའི་གསུང་སྤང་སྡུད་ཙམ་བཀླག་པར་བྱ། གཞན་ཡང་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་འབུལ་ཞིང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་གཏོར་མ་སྦྱིན་ཏེ་བཀའ་བསྒོ་བ་དང་། རྡོ་རྗེ་སློབ་དཔོན་གྱི་ལོ་གྲངས་དང་མཉམ་པའི་སཱཙྪ་གདབ་པ་དང་། ལམ་འཕྲང་བཟོ་བ་ལ་སོགས་པ་དགེ་བའི་ལས་ལྕོགས་ཚད་བྱའོ། །ཕྱི་མཚམས་སུ་གནས་ནས་བཀྱགས་སྟེགས་ཙམ་གྱི་ཕྱོགས་བཞིར་ཤར་དུ་ཐོ་དཀར་པོ་ཟླུམ་པོ། ལྷོར་སྔོན་པོ་གྲུ་གསུམ། ནུབ་ཏུ་དམར་པོ་ཟླ་གམ། བྱང་དུ་སེར་པོ་གྲུ་བཞི། ཁྲུ་བཞིའམ་མཐོ་གང་ཇི་ལྟར་འགྲུབ་པ་བང་རིམ་གསུམ་པ་ལ་སོགས་པ་དག་ལེགས་པར་བརྩིགས་ཏེ། འབྲས་བུ་དང་ལྡན་པའི་ཤིང་རེ་རེ་ཡང་སྲོག་ཤིང་དུ་བཙུགས་ལ། རྒྱལ་པོ་ཆེན་པོ་བཞིའི་སྐུ་ཡོངས་སུ་རྫོགས་པའམ། ཐུགས་ཕྱག་མཚན། གསུང་ཡིག་འབྲུ་གང་ཡང་རུང་བ་བྲིས་ལ། དེའི་རྒྱབ་ཏུ་སོ་སོའི་གསོལ་བྱང་བྲིས་པ་རྣམས་གདགས་ཤིང་། དེ་དག་རེ་རེའི་མདུན་དུ་མཎྜལ་ཟླུམ་པོའི་སྟེང་དུ། མཆོད་ཡོན་སྔོན་དུ་འགྲོ་བ་ཅན་གྱི་ཉེ་བར་སྤྱད་པའི་མཆོད་པ་ལྔ་དང་བཅས་པའི་འབྲུའི་གཏོར་མ་བཟང་པོར་དཀར་གསུམ་དང་། ཁུར་བ་དང་། ཤིང་ཐོག་ལ་སོགས་པ་ཁ་ཟས་གཙང་མ་སྣ་ཚོགས་ཀྱིས་བརྒྱན་པ་བཞི་བཤམས་ཏེ། རྒྱལ་པོ་ཆེན་པོ་བཞི་ལ་ཕྲིན་ལས་བཅོལ་བ་ལ་དྲུག་སྟེ། དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲངས་པ་དང་། ཕྱག་བཙལ་བ་དང་། མཆོད་པ་འབུལ་བ་དང་། གཏོར་མ་བཏང་བ་དང་། ཕྲིན་ལས་བཅོལ་བའོ། །དང་པོ། ངག་ཏུ། ༀ་ནཱི་ལཾ་བཱ་ར་ཏྡྷཱ་ར་བཛྲ་པཱ་ཎི་ཧཱུྃ་ཕཊ྄། ཅེས་བརྗོད་པས་བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གདེངས་ཤིང་གསོར་བར་མཛད་པ། གཡོན་པ་དྲིལ་བུ་དཀུར་བརྟེན་པ། །སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། །མཆེ་བ་གཙིགས་ཤིང་ལྗགས་འགྱུར་བ། །དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་སྟག་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ། པདྨ་དང་ཉི་ཟླའི་གདན་ལ་བཞུགས་པ་ཉིད་དུ་གྱུར་པའི་ཐུགས་ཀ་ནས་བྷྲཱུྂ་བཞི་འཕྲོས་ཏེ། ཐོ་བཞི་ལ་ཕོག་པས་ལྷའི་གཞལ་མེད་ཁང་བཀོད་པ་ཕུན་སུམ་ཚོགས་པ་དང་འགྲན་པ་ལྟ་བུ་བཞིར་གྱུར་པའི་ནང་དུ། སླར་ཡང་ཐུགས་ཀ་ནས་ཕུཿབཞི་འཕྲོས་པས། དེ་ཡོངས་སུ་གྱུར་པ་ལས། ཤར་ལ་སོགས་པ་རིམ་བཞིན་དུ་ཕྱག་མཚན་པི་ཝཾ། རལ་གྲི། སྦྲུལ་ཞགས། ནེའུ་ལེ་རྣམས་སུ་གྱུར། དེ་རྣམས་འོད་དུ་ཞུ་བ་ལས་རྒྱལ་པོ་ཆེ་བཞིར་གྱུར་ཏེ། ཤར་ཕྱོགས་སུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་ཕྱག་གཡོན་གྱིས་པི་ཝཾ་འཛིན་ཅིང་གཡས་པས་རྒྱུད་མངས་སྒྲེང་བར་བརྩོན་པ། ལྷོ་ཕྱོགས་སུ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་གཡས་པས་རལ་གྲི་འཛིན་ཅིང་གཡོན་པའི་སོར་མོ་ལ་བརྡར་བ་ལྟར་དུ་མཛད་པ། ནུབ་ཕྱོགས་སྤྱན་མི་བཟང་སྤྱན་ཤིན་ཏུ་འབུར་བ་སྐུ་མདོག་དམར་པོ་ཕྱག་གཡོན་གྱི་སྦྲུལ་ཞགས་དང་བཅས་པའི་མཆོད་རྟེན་དང་། གཡས་པས་དར་མདུང་འཛིན་པ། བྱང་ཕྱོགས་སུ་རྣམ་ཐོས་ཀྱི་བུ་སྐུ་མདོག་སེར་པོ་གཡོན་གྱིས་རིན་པོ་ཆེ་སྣ་ཚོགས་ཁ་ནས་འཛག་པ་དང་བཅས་པའི་ནེའུ་ལེའི་རྐྱལ་པ་དང་། གཡས་རིན་པོ་ཆེའི་རྒྱལ་མཚན་བསྣམས་པར་གྱུར་ཏེ། ཀུན་ཀྱང་ལྷའི་ན་བཟའ་སྣ་ཚོགས་པའི་ལྷབ་ལྷུབ་དང་བཅས་པའི་འཇོལ་བེར་གྱི་སྟེང་ན་རིན་པོ་ཆེ་སྣ་ལྔའི་ཁྲབ་དང་། ཆུ་སྲིན་གྱི་སྟོད་གཡོགས། འབྲུག་གི་སྨད་དཀྲིས། བསེའི་སྐེད་ཆས་རྣམས་དར་སྣ་ཚོགས་པའི་ཐི་གུས་སྒྲོགས་ཤིང་བསྡམས་པ། ལྷའི་རིན་པོ་ཆེ་སྣ་ཚོགས་པའི་དར་དཔྱངས་དང་བཅས་པའི་དབུ་རྒྱན་དང་བཅས་པ་བསྐྱེད་དོ། །གཉིས་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། རི་རབ་གླིང་བཞིའི་ངོས་བཞི་ནས། །ཅེས་པ་ལ་སོགས་པ་དང་། བཛྲ་ས་མཱ་ཛཿ ཞེས་བརྗོད་པས་རང་བཞིན་གྱིི་གནས་རི་རབ་བང་རིམ་བཞི་པའི་ངོས་བཞིའི་ཤར་ལ་སོགས་པ་དག་ནས་རིམ་པ་བཞིན་ཕོ་བྲང་ཡུལ་འཁོར་ཅན། འཕགས་པར་སྐྱེས་དང་། སྣ་ཚོགས་གཟུགས་དང་། ལྕང་ལོ་ཅན་རྣམས་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་རེ་རེ་རིམ་པ་ལྟར། དྲི་ཟ། གཤིན་རྗེ། ཀླུ། གནོད་སྦྱིན་བྱེ་བ་བྱེ་བའི་འཁོར་དང་བཅས་པ་སྤྱན་དྲངས་ཏེ། དམ་ཚིག་པ་ལ་གཉིས་སུ་མེད་པར་གཞུག་གོ། །གསུམ་པ་ཕྱག་བཙལ་བ་ནི། གསང་བདག་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ནས། །ཞེས་པ་ལ་སོགས་པ་བརྗོད་པའི་ཚུལ་གྱིས་སོ། །གལ་ཏེ་ཕྱག་ན་རྡོ་རྗེ་ཡེ་ཤེས་སྐུ་ཅན་ཞིག་གིས་རྒྱལ་ཆེན་འཇིག་རྟེན་པ་ལ་ཕྱག་བཙལ་ན་མི་རིགས་ཞེ་ན། སྐྱོན་མེད་དེ་རྒྱུད་གཞན་ལས། ཡུལ་འཁོར་སྲུང་ནི་མི་བསྐྱོད་པའི་ཐུགས་ལས་བྱུང་། ཞེས་སོ། །བཅོམ་ལྡན་འདས་མི་བསྐྱོད་པའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བ་གདུལ་བྱ་འཇིག་རྟེན་པ་གོ་མཐུན་པར་ཡུལ་འཁོར་སྲུང་དུ་སྣང་བ་ལ་སོགས་པའི་ཕྱིར་དང་། གཞན་ཡང་དཔེ་འཇིག་རྟེན་ན་ཇོ་བོས་བྲན་ལ་བྱ་བ་འཆོལ་བའི་ཚེ། འོ་ན་ཁྱོད་གྱིས་བྱ་བ་འདི་དང་འདི་གྱིས་ཤིག་བྱ་བ་བཞིན་ཡིན་ནོ། །བཞི་པ་མཆོད་པ་འབུལ་བ་ནི། །གཙང་ཞིང་གཙང་མར་སྦྱར་བ་ཡི། །ཞེས་པ་ལ་སོགས་པ་དང་། ཨི་དཾ་པུཥྤེ་ལ་སོགས་པ་བསང་ཆུའི་བུམ་པས་མཆོད་པའི་ཉེས་པ་བསང་བ་སྔོན་དུ་འགྲོ་བའི་མཆོད་པ་ལྔས་རིམ་པ་བཞིན་མཆོད་པར་བྱའོ། །ལྔ་པ་གཏོར་མ་བཏང་བ་ནི། སྔགས་དྲུག་ཕྱག་རྒྱ་དྲུག་གིས། དང་པོ་སྦྱང་བ། སྤེལ་བ། མོས་པར་བསྒྱུར་བ། གཏོར་མའི་དོན་དུ་བྱ་བ་གསུམ་དང་། བར་དུ་སྦྱིན་པ། སོ་སོར་ཐོབ་པར་བྱེད་པ་མགྲོན་གྱི་དོན་དུ་བྱ་བ་གཉིས་དང་། ཐ་མར་དབང་དུ་བྱ་བ་བདག་གི་དོན་དུ་བྱ་བ་ཞིག་གིས་སོ། །དྲུག་པ་ཕྲིན་ལས་བཅོལ་བ་ནི། དཔལ་ལྡན་རྒྱལ་ཆེན་ཡུལ་འཁོར་སྲུང་། །ཞེས་པ་ལ་སོགས་པའི་ཚིག་གིས་གསོལ་བྱང་དང་བཅས་པ་བརྗོད་པས། སྒྲུབ་ཁང་གི་ཕྱོགས་སོ་སོ་བར་མཚམས་མེད་པར་གནས་པས་བར་དུ་གཅོད་པའི་བགེགས་སོ་སོ་ནས་སྲུང་བ་བྱེད་པར་བསམ་ཞིང་། ནང་དུ་མཆོད་པ་ཡིན་ན་གཏོར་མ་ཕྱོགས་སོ་སོར་བསྐྱལ་བར་བྱའོ། །བར་བཤགས་བྱ་ཞིང་བར་མཚམས་བཅད་པ་ལ་གཉིས་ཏེ། དང་པོ་ནི། བཤགས་པའི་རྒྱལ་པོ་ན་རག་དོང་སྤྲུགས་འདོན་ནོ། །བར་མཚམས་ལ་གཉིས་ཏེ། དམ་སྲི་མནན་པ་དང་། སྒོ་བྱང་གདགས་པའོ། །དང་པོ་ལ་བཞི་ལས། གང་གིས་མནན་ན། བདག་ཉིད་ལྷག་པའི་ལྷའི་བསྙེན་མཚམས་དང་བཅས་པའོ། །གང་མནན་ན། བསྐྱེད་རྫོགས་གསུམ་གྱི་སྒོར་ཞུགས་ཀྱང་བཀའ་བསྒོ་ལོག་སྟེ། དམ་ཚིག་ལ་ཞུགས་པ་རྣམས་ལ་ཁྱད་པར་དུ་གནོད་པར་བྱེད་པའི་ཕུང་སྲིར་གྱུར་པ་སྟེ། དེ་ནི་སྔར་དམ་ཚིག་འདྲེས་པར་གྱུར་པས་མཚམས་ཀྱི་སྦྱོར་བ་གཞན་གྱིས་མི་ཐུབ་པའི་ཕྱིར་འདིར་ལོགས་སུ་མནན་དགོས་པ་ཡིན་ནོ། །ཇི་ལྟར་མནན་ན། སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་ནས་རྐང་འདོམ་བདུན་གཞལ་བའི་སར་དོང་གྲུ་གསུམ་ལ་རོ་སོལ་གྱིས་ནག་པོར་བྱུག་ཅིང་། ཟླུམ་པོ་ལ་མེ་རི་བྱས་ཏེ། རས་སམ་ཤིང་ཤུན་ལ་དམ་སྲིའི་ལིངྒ་སྙིང་གར་དམ་སྲི་གཾ་པ་རི་མཱ་ར་ཡ་ནན་ཅེས་པ་བྲིས་ཏེ་མདུན་དུ་བཞག་ལ། སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་པ། །ཞེས་པ་ལ་སོགས་པས་ཕོ་ཉ་བསྐུལ་ཞིང་། རང་གི་ཐུགས་ཀ་ནས་ཕོ་ཉ་སྐར་ཚོགས་ལྟ་བུར་འཕྲོས་ཏེ། དམ་སྲི་རང་གི་གནས་དབེན་རུལ་རྙིང་པ་ནས་ལུས་འགུགས་པ་རླུང་གི་འཁོར་ལོ་ལ་བསྐྱོན། ངག་འགུགས་པ་མགྲིན་པར་ཞགས་པས་བཅིང་། སེམས་འགུགས་པ་སྙིང་ལྕགས་ཀྱུས་ཕུག་སྟེ་ལིངྒ་ལ་བསྟིམ། དེ་ནས་བདག་ཉིད་ཁྲོ་བོའི་ང་རྒྱལ་གྱིས་ཉམ་ང་བག་ཚ་མེད་པར་གནས་པས། དུར་ཁྲོད་ཆེན་པོའི་གནས་མཆོག་ཞེས་པ་ལ་སོགས་པ་བརྗོད་ཅིང་། ཕུར་བུ་སོར་བཞི་པ་ཞིག་ཁྲོ་བོ་བདུད་རྩི་འཁྱིལ་བ་སྟོད་ཁྲོ་བོ་སྨད་ཕུར་བུ་རྩེ་གཅིག་པའི་རྣམ་པར་ཡོད་པ་ཞིག་དམ་སྲིའི་སྙིང་གར་གདབ་སྟེ་ཚོན་སྐུད་ཀྱིས་བཅིངས་ལ་ཐོད་པ་མཚན་ངན་ཨག་ཚེ་དང་མ་བྲལ་བའི་ནང་དུ་གཞུག་སྟེ་དོང་དུ་བསྐྱུར་ལ། ཁ་རོ་གཡམ་ལ་འོག་ཏུ་རྡོ་རྗེ་རྒྱ་གྲམ་སྟེང་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་ལཾ་གྱིས་མཚན་པ་ཞིག་གིས་ཁ་བཅད་དེ་སས་བྱིབས་ལ་སྐུ་གསུང་ཐུགས་ཀྱི་རི་རབ་དགུ་བརྩེགས་ཀྱིས་མནན་པའི་སྟེང་དུ་ཁྲོ་བོ་རྣམས་ཀྱིས་ཕྲིན་ལས་བཞིའི་བྲོ་བརྡུང་སྟེ། བསྐལ་པ་མ་ཞིག་གི་བར་དུ་མི་ཐར་བར་བསམ་པར་བྱའོ། །མནན་པའི་དགོས་པ་ནི། དམ་སྲི་དམར་པོས་བར་དུ་མི་ཆོད་པའོ། །གཉིས་པ་སྒོ་བྱང་གདགས་པ་ནི། ལུག་གི་སོག་པའི་ནང་ལོགས་སུ་ལས་ཀྱི་གཤིན་རྗེ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་དབྱུག་ཏོ་གཡོན་སྦྲུལ་ཞགས་བསྣམས་པ། མ་ཧེ་ཆུ་གླང་ལ་ཆིབས་ཤིང་རྨིག་པས་དམ་སྲི་བརྫིས་པའི་སྙིང་གར་ཡང་དམ་སྲིའི་མིང་མཐའ་རྟེན་དང་བཅས་པ་བྲི། རྒྱབ་ཏུ་གསོལ་བྱང་བྲིས་ཏེ་ལས་ཀྱི་གཤིན་རྗེར་དངོས་སུ་བསྐྱེད་ཅིང་། དགུག་གཞུག་བྱས་ཏེ། ཧོཿ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཅེས་བྱ་བ་ཁྱོད་ཀྱིས་བྱ་བ་ལ་སོགས་པ་བརྗོད་ཅིང་། སྒྲུབ་ཁང་གི་ཡ་ཐེམ་ལ་བཏགས་པའི་ཇི་སྲིད་སྒྲུབ་པ་མ་ཐོན་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མི་གཏོང་ཞིང་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་བྱེད་པར་བསམ་མོ། །ནང་བཤགས་བྱ་ཞིང་ནང་མཚམས་བཅད་པ་ལ་གཉིས་ཏེ། དང་པོ་ནི། ལྷ་དང་འཁོན་གཅུག་སེལ་བར་བྱེད་པ་བརྗོད་མེད་ཀྱི་བཤགས་པ། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཉེས་པས་མི་གོས་པར་བྱེད་པ་ལྟ་བའི་ཀློང་བཤགས། རང་གི་ཉེས་པ་ལ་འགྱོད་ཅིང་ཚངས་པར་བྱེད་པ་རུ་དྲའི་སྨྲེ་བཤགས། དམ་ཅན་གྱི་བཀའ་ཆད་ཀྱི་ཉེས་པ་མི་འབྱུང་བར་བྱེད་པ་ཡེ་ཤེས་མཁའ་འགྲོའི་བཤགས་པ་སྟེ། རུ་ཆེན་བཞིའི་བཤགས་པ་བྱའོ། །ནང་མཚམས་སུ་ཕྱོགས་སྐྱོང་བཅུ་ལ་ཕུར་བུ་གདབ་པ་ལ་བཞི་ལས། དང་པོ་གང་གིས་གདབ་ན། བདག་ཉིད་རྡོ་རྗེ་གཞོན་ནུའི་ཏིང་ངེ་འཛིན་དང་ལྡན་པའོ། །གང་ལ་གདབ་ན། ཕྱོགས་སྐྱོང་བཅུ་ལའོ། །ཇི་ལྟར་གདབ་ན། རང་གི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་སྟོད་ཁྲོ་བོ་ལ་སྨད་ཕུར་བུ་རྩེ་གཅིག་པའི་རྣམ་པར་བསྐྱེད་དེ་ཐོད་པ་མཚན་ངན་ལ་སོགས་པའི་སྣོད་དུ་བཞག་ལ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས། ཐལ་ཆེན་དང་། གུ་གུལ་དང་། རཀྟས་གཟི་བརྗིད་བསྐྱེད་ལ། དེ་དག་གི་ཐུགས་ཀ་ནས་བྱུང་བའི་ཁྲོ་བོ་གནོད་མཛེས་བདག་པོ་དང་རྣམ་པ་མཚུངས་པ་བཅུས་ཕྱོགས་སྐྱོང་བཅུ་སྔ་མ་ལྟར་བཀུག་སྟེ། ཕྱི་ཁྱམས་ཀྱི་ཕྱོགས་བཅུ་ན་ཕོ་མོ་གཉིས་གཉིས་བྱི་ཆིངས་སུ་གནས་པར་བསྐྱེད་དེ། རྩ་བའི་སྙིང་པོ་འགྲུབ་ཚད་བཟླས་ལ། སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འདུལ་བ། །ཞེས་པ་ལ་སོགས་པའི་ཚིག་དང་། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ། སྟེང་གི་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ྄། ཅེས་པ་ལ་སོགས་པའི་སྔགས་ཀྱིས་སྟེང་ཚངས་པ་ཕོ་མོ་བྱི་ཆིངས་སུ་གནས་པའི་སྙིང་གར་བཏབ་པ་ན་འོག་གསེར་གྱི་ས་གཞི་ལ་ཐུག་པར་གྱུར། ཤར་ལ་སོགས་པའི་ལྷག་མ་རྣམས་དེས་མཚུངས་པར་ཤེས་པར་བྱ་སྟེ། དགོངས་རྒྱུད་ལས། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུའི། །དྲེགས་པ་བྱི་ཆིངས་བསྣོལ་བར་གདབ། །ཅེས་སོ། །བཏབ་པའི་དགོས་པ་ནི། རྒྱལ་པོ་བཙོན་དུ་བཟུང་ན་དམངས་ཆམ་ལ་འབེབས་པ་ལྟར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ལ་ཕུར་པ་བཏབ་པས། བགེགས་ཕྲན་རྣམས་ཀྱང་ལྡང་མི་ནུས་པར་འགྱུར་པའོ། །གཉིས་པ་དཀྱིལ་འཁོར་བརྩིག་ཅིང་ཆག་ཆག་དང་ཐིག་གདབ་པ་ལ་གསུམ་སྟེ། ནང་རྟགས་ཕྱིར་བསྟན་པའི་ཕྱིར་དཀྱིལ་འཁོར་བརྩིག་པ་དང་། དཀྱིལ་འཁོར་བྱིན་དང་ལྡན་པའི་ཕྱིར་ཆག་ཆག་གདབ་པ་དང་། རྡུལ་ཚོན་གྱི་བྱ་བ་གོ་བདེ་བར་བྱ་བའི་ཕྱིར་ཐིག་གདབ་པའོ། །དང་པོ་ནང་རྟགས་ཕྱིར་བསྟན་པའི་ཕྱིར་དཀྱིལ་འཁོར་བརྩིག་པ་ནི། འབྱོར་པ་ཆེ་ཞིང་གནས་ཁང་ཡངས་ན་སའི་སྟེགས་བུ་རྒྱར་འདོམ་གང་ལ་དཔངས་སུ་ཁྲུ་གང་བ་སྟེ། རྒྱུད་ལས། དཀྱིལ་འཁོར་འདོམ་གང་ཚད་དུ་སྟེ། །ཞེས་སོ། །དེའི་དགོས་པ་ནི། རང་གི་ལུས་འདི་ལ་ཡན་ལག་ཕན་ཚུན་གང་ལྟར་ཡང་འདོམ་གང་ཡོད་པའི་ཕྱིར། རང་གི་ལུས་ཉིད་དཀྱིལ་འཁོར་དུ་ཤེས་པར་འགྱུར་པའོ། །གལ་ཏེ་འབྱོར་པ་ཆུང་ཞིང་གནས་ཁང་དོག་ན་ནི་རྒྱར་མདའ་གང་ལ་དཔངས་སུ་ཆག་གང་སྟེ། ལུས་འདོམ་གང་བའི་མཐའ་ནས་གཞལ་བའི་མདའ་གང་གི་ས་ན་སེམས་ཀྱི་རྟེན་སྙིང་ཡོད་ཅིང་། དེ་ཡང་ཆག་གང་གི་ཚད་ཅན་ནོ། །དགོས་པ་ནི། དཀྱིལ་འཁོར་རང་གི་སེམས་སུ་ཤེས་པར་གྱུར་པ་སྟེ། རྒྱུད་ལས། སེམས་ནི་དཀྱིལ་འཁོར་ཆེན་པོ་སྟེ། །ཞེས་སོ། །དེ་ལྟར་ཆེ་ཆུང་གང་ལའང་ཕྱོགས་མཚམས་ཕྱེད་ཅིང་དབུས་མཐོ་བ། མཐའ་སྙོམས་པ་མེ་ལོང་གི་ངོས་ལྟར་མཁྲེགས་པ་སྟེ། འོན་ཀྱང་ཤར་མཐོ་ན་ཚེ་ཐུང་ལ་བྱང་མཐོ་ན་ནོར་འཛད་པར་གསུངས་པས། ཤར་དང་བྱང་ཅུང་ཟད་དམའ་བ་ཉིད་དུ་བྱས་ནས། སློབ་དཔོན་ཉིད་སྟེང་དུ་འདུག་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་སྟྭཾ་བྷ་ནི་ཧཱུྃ་ཕཊ། ཅེས་བརྗོད་པས། ཕྱི་སྣོད་བྷནྡྷ་འབར་བའི་གཞལ་ཡས་ཁང་ལ་ནང་བཅུད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཝལ་གྱིིས་བསྒོམ་སྟེ་ས་བཟུང་བའོ། །དཀྱིལ་འཁོར་བྱིན་དང་ལྡན་པའི་ཕྱིར་ཆག་ཆག་གདབ་པ་ལ་བཞི་ལས། རྒྱུ་ནི། བདུད་རྩི་ལྔ་དང་ལྡན་པའི་རཀྟ་ཆང་ལ་སྦྱར་བ་སྟེ། དགོངས་རྒྱུད་ལས། ཁམས་གསུམ་སྲིད་གསུམ་དབང་དུ་བསྡུ་བའི་ཕྱིར། །རཀྟ་ཆགས་པའི་དབང་གིས་ཆག་ཆག་གདབ། །ཅེས་སོ། །གདབ་པའི་ཐབས་ནི། དུས་གསུམ་རྒྱལ་བའི་བཞུགས་གནས་ཁྱད་པར་ཅན། །ཅེས་པ་ལ་སོགས་པའི་ཚིག་དང་། མ་ཧཱ་ཛྙཱ་ན་མཎྜ་ལ་ཧཱུྃ། ཞེས་པས་རིམ་པ་བཞིན་དུ་དབུས་ནས་བརྩམས་ཏེ་ཕྱོགས་བཞི་མཚམས་བཞིའི་མཐར་ཐུག་པར་གོ་རིམ་མ་ནོར་བར་གདབ་པར་བྱའོ། །ཚད་ནི་གླང་ཀོ་ཙམ་དུ་གསུངས་པས། འཁྱིལ་ཡང་མ་འཁྱིལ་བར་མཚམས་ཀྱང་མེད་པར་རོ། །དགོས་པ་ནི། བདུད་རྩི་ལྔའི་རང་བཞིན་ཡེ་ཤེས་ལྔའི་དཀྱིལ་འཁོར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བར་བྱིན་གྱིས་བརླབ་པར་འགྱུར་རོ། །རྡུལ་ཚོན་གྱི་བྱ་བ་གོ་བདེ་བར་བྱ་བའི་ཕྱིར་ཐིག་གདབ་པ་ལ་བཞི་སྟེ། རྒྱུ། ཚད། བྱིན་གྱིས་བརླབ་པ། གདབ་པའི་ཐབས་སོ། །དང་པོ་རྒྱུ་ལ་གཉིས་ལས། ཐིག་སྐུད་ཀྱི་རྒྱུ་ནི་ཞིང་གི་རྒྱུ་མ་ལ་བྱ་གསུངས་ཏེ། ཡང་ན་རས་བལ་གཙང་མ་རིན་ལ་མ་འཛེམ་པར་ཉོས་ལ། བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བཀལ་བའི་སྐུད་པ་སུམ་བསྒྲིལ་ལོ། །ཐིག་ཆལ་གྱི་རྒྱུ་ནི། རྡོ་རྒྱུས་དང་ཐལ་ཆེན་སྦྱར་བའམ། ཚོན་དཀར་པོ་དྲི་མ་མེད་པས་སྦགས་ལ་བྱའོ། །ཚད་ནི། རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ཏེ། དཀྱིལ་འཁོར་འདོམ་གང་ལ་གདབ་པའི་ཐིག་སྐུད་ནི་འདོམ་དོ་ཡིན་ནོ། །སྦོམ་ཕྲ་སྒོའི་ཉི་ཤུ་ཆ་སྟེ། རྩིག་པའི་རེ་ཁཱ་དང་མཉམ་པའོ། །བྱིན་གྱིས་བརླབ་པ་ནི། བདག་ཉིད་གཙོ་བོའི་ལྷའི་སྐུར་གནས་པའི་ལག་པ་གཡས་ཀྱི་སོར་མོ་ལ་རིགས་ལྔ། གཡོན་གྱི་སོར་མོ་ལ་ཡུམ་ལྔ་བསམ་སྟེ། ཐིག་སྐུད་བར་དུ་བཅུག་ནས་ཐལ་མོ་སྦྱར་བས། ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་དཀར་ཕྲེང་གིས་བྱུང་བར་བསམ་མོ། །གདབ་པའི་ཐབས་ནི། ཡེ་ཤེས་ལྔ་ཡི་སྐུད་པ་འདིས། །ཞེས་པ་ལ་སོགས་པའི་ཚིག་དང་། སཱུ་ཏྲ་ས་མ་ཡེ་ཧཱུྃ། ཞེས་ནམ་མཁའ་ལ་ལན་གསུམ་བཏབ་པས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་པར་བསམ་མོ། །བར་སྣང་ལ་ལན་གསུམ་བཏབ་པས། སྣོད་ཀྱི་འཇིག་རྟེན་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་གྱུར་པར་བསམ་མོ། །དེ་ནས་ཐིག་རླན་གྱིས་སྦངས་ཚངས་ལ་ཐིག་དང་པོ་ནས་ཉེ་བར་བཟུང་ནས་རྩ་བའི་ཐིག་བརྒྱད། ཆ་ཆེན་བཅུ་དྲུག་ཆ་ཕྲན་དང་བཅས་པ་བསྐོར་ཕྱོགས་མ་འཁྲུལ་བར་གདབ་སྟེ། དེ་ཡང་། གནམ་ཐིག་ཆད་ན་སློབ་དཔོན་འཆི། །ས་ཐིག་ཆད་ན་སློབ་མ་འཆི། །ཕྱོགས་འཁྲུལ་པས་ནི་གཉིས་ཀ་ཉམས། །རིང་ཐུང་གྱུར་ན་ནད་ཀྱིས་ཐེབས། །ཞེས་གསུངས་པས་སྐྱོན་གྱི་ཕྱོགས་དང་བྲལ་བ་ཉིད་དུ་གདབ་པར་བྱའོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་བསྲེ་བསྣན་བྱ་བ་ལ་གཉིས་ཏེ། འདྲེས་པ་ལ་བསྣན་པ་དང་། མ་འདྲེས་པ་བསྲེ་བའོ། དང་པོ་ནི། །བར་འདིར་མཆེད་གསར་པ་རྣམས་དང་རྙིང་པ་རྣམས་ཕྱེ་ནས་གསར་པ་རྣམས་འཁོར་ཁང་ཕྱི་མར་ཁྲིད་ལ། དཀྱིལ་འཁོར་དུ་གཞུག་པའི་ཡོན་ཉེར་སྡོག་བྱེད་དུ་བཅུག་སྟེ། དཀྱིལ་འཁོར་ལ་དར་གྱི་ཡོལ་བས་བྲེས་ཤིང་། དབུས་སུ་དྲིའི་ཐིག་ལེ་དང་བཅས་པའི་མེ་ཏོག་གི་ཚོམ་བུ་བཀོད་དེ། དེ་བཞིན་གཤེགས་པ་ལྔའི་གཟུགས་བརྙན་དངོས་སུ་བཞག་པའམ། ཡང་ན་དྲིལ་བུ་དང་དབུ་དང་ལྡན་པ་ཞིག་བཞག་ཅིང་། སློབ་དཔོན་གྱི་ཏིང་ངེ་འཛིན་གྱིས་རིགས་ཀྱི་གཙོ་བོ་ཚོམ་བུའི་དཀྱིལ་འཁོར་བསྐྱེད་དེ། ཡེ་ཤེས་པ་སྤྱན་དྲངས་ཤིང་གཉིས་སུ་མེད་པར་གཞུག་པ་དང་། མཆོད་བསྟོད་བཟླས་པ་ཅི་རིགས་པ་བྱས་ལ། སྨན་བྱིན་གྱིས་བརླབ་ཅིང་། ཆེ་བའི་ཡོན་ཏན་བརྗོད་དེ། རྩ་བའི་ལྷ་ལ་སྨན་གྱི་མཆོད་པ་རྒྱས་པར་བྱས་ལ། སྨན་ལྷག་མ་ལ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་དམ་ཆུར་བྱིན་གྱིས་བརླབ་སྟེ། ལས་མཁན་གྱིས་མཆེད་རྙིང་པ་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་ལ། རྣལ་འབྱོར་རྣམས་ཀྱི་དཀའ་ཐུབ་དམ། །ཞེས་པ་ལ་སོགས་པས་དམ་ཚིག་གསོ་བར་བྱའོ། །གཉིས་པ་མ་འདྲེས་པ་བསྲེ་བ་ལ་ཆོས་བཅུ་དྲུག་ལས། དང་པོ་མཚམས་བཅད་པ་ནི། ལས་མཁན་གྱིས། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པ་ལ་སོགས་པ་དང་། ཁྲོ་བོ་བཅུའི་སྔགས་བརྗོད་དེ། བདག་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་བཅུ་ཡང་སྤྲུལ་སུམ་སྤྲུལ་དང་བཅས་པས་མཆེད་གསར་པ་རྣམས་ཀྱི་རྗེས་སུ་འབྲང་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་རྣམས་མི་གནས་པར་བསྐྲད་ཅིང་། སླར་འདུས་པ་ལས་ལོགས་ཐམས་ཅད་ཁྲོ་ཆུང་གི་ར་བ་དང་། སྟེང་ཕྱོགས་མ་ལུས་པའང་དེ་ཉིད་ཀྱི་གུར་ཏེ། བགེགས་ཀྱི་སྦྱོར་བས་མི་ཚུགས་པར་བསམ་མོ། །གཉིས་པ་གནས་སུ་དྲང་བ་ནི། འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ་དང་། བཛྲ་ས་མཱ་ཛཿ ཞེས་བརྗོད་ཅིང་། མཆེད་གསར་པ་རྣམས་ལ་བུམ་ཆུས་ཁྲུས་བྱས་པ་སྔོན་དུ་འགྲོ་བས་མིག་དར་གྱིས་གཡོགས་ལ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལམ་ནས་དྲངས་ཏེ། དཀྱིལ་འཁོར་གྱི་ཤར་སྒོར་ཡོལ་བའི་དྲུང་དུ་བཀུག་ལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཁད་བསྲིངས་ཏེ་ཐར་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བསྙེན་པར་བསམ་དུ་གཞུག་གོ། །གསུམ་པ་སེམས་བསྐྱེད་པ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་པ་ལ་སོགས་པ་བརྗོད་དེ། བདག་ཅག་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་དུ་ཞུགས་པ་ལ་དབང་དང་དམ་ཚིག་ལེགས་པར་བླངས་ཏེ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་བསམ་པར་གྱིས་ཤིག །ཅེས་བྱའོ། །བཞི་པ་དཀྱིལ་འཁོར་དུ་གཞུག་པར་ཞུ་བ་འབུལ་བ་ནི། རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པ་ལས་མཁན་གྱིས་བརྗོད་ཅིང་། མཆེད་གསར་པ་རྣམས་ཀྱིས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་རྗེས་ཟློས་བྱེད་དུ་གཞུག་གོ། །ལྔ་པ་ལན་གནང་བ་ནི། སློབ་དཔོན་གྱིས། མཆོག་ཏུ་གསང་བའི་ཆོས་འདི་ནི། །ཞེས་པ་ལ་སོགས་པ་དང་། བུ་ཁྱོད་ལམ་བདེ་བས་འབྲས་བུ་བདེ་བ་ཆེན་པོ་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་པའི་ཐབས་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པར་མོས་སམ། ཞེས་བརྗོད་ཅིང་། སློབ་མས་ཀྱང་། མོས་ལགས། ཞེས་བརྗོད་པར་བྱའོ། །དྲུག་པ་ཡོན་འབུལ་བ་ནི། སླར་ཡང་སློབ་དཔོན་གྱིས། ཁྱེད་རྣམས་དཀྱིལ་འཁོར་དུ་འཇུག་མོས་ན། དཀྱིལ་འཁོར་དུ་འཇུག་པ་ལ་ཡོན་འབུལ་དགོས་པས་སེར་སྣའི་མདུད་པ་མེད་པར་བྱ་བའི་ཕྱིར་ཡོན་ཅི་འབུལ། ཞེས་བརྗོད་ཅིང་། སློབ་མས་ཀྱང་། ཨུ་ཧུ་ལགས། བླ་མ་འགྲོ་བའི་མགོན་པོ། དཀྱིལ་འཁོར་ཆེན་པོའི་མངའ་བདག་ཁྱེད་ལ་ཆེ་སྟེ་རྟ་དང་གླང་པོ། འཛམ་བུ་གླིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་ཕུལ་ཡང་ཆེ་ཞིང་རིང་བ་མ་མཆིས་ཀྱང་། ཆུང་སྟེ་ཁབ་དང་སྐུད་པ་ཙམ་ལས་མ་འབྱོར་ནའང་བླ་མས་ཐུགས་རྗེས་བཟུང་འཚལ་བས། འདི་ན་ཆེ་གེ་མོས་འདི་ལྟ་བུ་ཞིག་འབུལ་བར་གདའོ། །ཞེས་སོ་སོའི་མིང་ནས་བརྗོད་ཅིང་ཡོན་འབུལ་དུ་གཞུག་གོ། །བདུན་པ་མེ་ཏོག་འབུལ་བ་ནི། སློབ་མས་མེ་ཏོག་གི་ཕྲེང་བ་ལེགས་པར་བཟུང་སྟེ། ཚེ་རབས་དཔག་ཏུ་མེད་པའི་སྔོན་རོལ་ནས་བདག་དང་ལས་ཀྱིས་འབྲེལ་ཞིང་ཐུགས་བརྩེ་བར་གྱུར་བའི་ལྷ་གང་ཡིིན་པ་ཞིག་ལ་བདག་གི་མེ་ཏོག་འདི་འབབ་པར་གྱུར་ཅིག་སྙམ་དུ་བསམ་ལ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པ་དང་། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་ཡོལ་བའི་ཕྱི་རོལ་ནས་དར་གྱི་མིག་གཡོགས་དང་བཅས་པས་དཀྱིལ་འཁོར་དུ་མེ་ཏོག་གི་ཕྲེང་བ་དོར་ཞིང་། ལས་མཁན་གྱིས་དྲིལ་བུའི་སྒྲ་དང་བཅས་པས་གཏོར་དུ་གཞུག་སྟེ། གང་བབས་པའི་ཕྱོགས་ལས་ལྷག་པའི་ལྷ་གང་ཡིན་ཤེས་པར་འགྱུར་ཏེ། དབུས་སུ་བབ་ན་རྡོ་རྗེ། ཤར་དུ་དེ་བཞིན་བཤེགས་པ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་རིགས་སུ་ངེས་པར་འགྱུར་རོ། །གལ་ཏེ་མ་ཕོག་ན་ལན་གསུམ་བསྐྱར་ཞིང་། དེས་ཀྱང་མ་ཕོག་ན་སྐལ་བ་མེད་པས་བཏོན་ལ་བཏང་ཟེར་ཡང་གདོན་རང་མི་འདོན། དེ་ལ་དབང་རྫོགས་པར་བསྐུར་དུའང་མི་རུང་ངོ་། །བརྒྱད་པ་མིག་དབྱེ་བ་ནི། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཞེས་པ་ལ་སོགས་པ་དང་། ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་ལས་མཁན་གྱིས་མིག་སྨན་བྱུག་པའི་ཐུར་མས་སློབ་མ་རྣམས་ཀྱི་མིག་གཡོགས་བཤུས་ལ་ཡོལ་བ་བསལ་ཏེ། བསྐལ་པ་ཐོག་མ་མེད་པ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་པའི་མིག་ལེགས་པར་ཕྱེད་པས་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པའི་ཞལ་མཐོང་བར་བསམ་སྟེ་ཕྱག་འཚལ་དུ་གཞུག་ཅིང་། ཅི་མཐོང་ཡང་དྲི་བར་བྱ་སྟེ། གལ་ཏེ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྣ་ཚོགས་པའི་མདོག་ཏུ་སྣང་བའི་རང་བཞིན་དུ་ཞི་བ་རྒྱས་པ་དབང་དྲག་པོ་སྣ་ཚོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་ནོ། །དགུ་པ་དམ་ཚིག་དབོག་པ་ནི། སློབ་དཔོན་གྱིས། རྡོ་རྗེ་སློབ་དཔོན་གཙོ་ཉིད་དང་། །ཞེས་སོགས་བརྗོད་ཅིང་། སློབ་མས་རྗེས་ཟློས་བྱེད་དོ། །བླ་མ་ལ་བཀུར་ཞིང་མཆེད་ལ་བྱམས་པ་སྐུའི་དམ་ཚིག་དང་། ལྷག་པའི་ལྷའི་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་གསུང་གི་དམ་ཚིག་དང་། གསང་བ་གཞན་ལ་མི་སྤེལ་བ་ཐུགས་ཀྱི་དམ་ཚིག་རྣམས་དང་། སྤྱད་པར་བྱ་བ་ལྔ། མི་སྤང་བ་ལྔ། དང་དུ་བླང་བ་ལྔ། ཤེས་པར་བྱ་བ་ལྔ་། བསྒྲུབ་པར་བྱ་བ་ལྔ་སྟེ། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་དང་བཅས་པ་རྣམས་བསླབ་བྱ་དང་བཅས་པ་ལེགས་པར་དབོགས་ཏེ། སོ་སོ་ཐར་པའི་ཆོ་ག་ལྟར་བརྗོད་པ་གསུམ་གྱི་ཐ་མ་ལ་ཐོབ་པར་འགྱུར་བ་ཡིན་ནོ། །གལ་ཏེ་སྐུའི་ཡུལ་བླ་མ་དང་མཆེད་དང་གྲོགས་ལ་རང་གི་སྒོ་གསུམ་ཀར་གྱི་བསྲུང་བར་བྱ་བ་ལས། ཅིིའི་ཕྱིར་སྐུའི་དམ་ཚིག་ཅེས་བྱ་ཞེ་ན། བདེན་མོད་ཀྱི། འདིར་ནི་འོག་མ་གསུང་དང་ཐུགས་ལས་ཁྱད་པར་དུ་ལུས་ཀྱི་བྱ་བ་དང་འབྲེལ་བའོ། །དེ་བཞིན་དུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྒོམ་པ་གསུང་གི་དམ་ཚིག་ཏུ་ཇི་ལྟར་འགྱུར་ཞེ་ན། དེ་ཡང་བདེན་ཏེ་ལྷའི་ཏིང་ངེ་འཛིན་ལ་བརྟེན་ནས་སྔགས་ཟློས་པ་ཉིད་ཀྱི་རྟེན་ལ་བཏགས་པའོ། །བཅུ་པ་དམ་ཚིག་བསྒྲག་པ་ནི། སྔར་གྱི་དམ་ཆུ་ལྷག་མ་མཆེད་གསར་པ་རྣམས་ཀྱི་ལྕེ་ལ་བཞག་སྟེ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །ཞེས་པ་ལ་སོགས་པ་དང་། ས་མ་ཡ་ན་ར་ཀན། ཞེས་ཟློས་སུ་བཅུག་པས། དེ་ཉིད་ལྕེ་ལ་བཞག་ཀྱང་སྙིང་གར་སོང་སྟེ་ཧཱུྃ་མཐིང་ནག་ཞིག་ཏུ་གནས་པ་ལས་དམ་ཚིག་མ་ཉམས་ན་ལྷག་པའི་ལྷ་རྡོ་རྗེ་སེམས་དཔར་འགྱུར་ཞིང་མཐོ་རིས་དང་ཐར་པར་འདྲེན་པའི་སློབ་དཔོན་བྱེད་ལ། གལ་ཏེ་དམ་ཚིག་ཉམས་ན་ནི་དམ་ཚིག་ཉམས་པའི་གཤེད་མ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ལྕགས་ཀྱི་སྡིག་པ་མགོ་དགུ་པའི་རྣམ་པར་གྱུར་ཏེ། འདིར་ཡང་ཚེ་ཐུང་ཞིང་ནད་མང་བ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་པ་ལ་སྦྱོར་ཞིང་། ཕྱི་མ་རྡོ་རྗེ་དམྱལ་བ་ཉིད་དུ་ཁྲིད་པར་འགྱུར་རོ། །ཞེས་བརྗོད་པར་བྱ་སྟེ། དགོངས་རྒྱུད་ལས། སློབ་མ་ལུང་དང་ལྡན་པ་དེ། །ལྷག་པའི་བསམ་པས་རྗེས་བཟུང་ནས། །དཀྱིལ་འཁོར་དམ་པ་ལྡན་པའི་ཕྱིར། །བདུད་རྩི་ཁར་བླུག་མནའ་ཡང་དགག །ཅེས་སོ། བཅུ་གཅིག་པ་དམ་ཚིག་གི་ཁེ་ཉེན་བཤད་པ་ནི། སྐུ་ཡི་དམ་ཚིག་ལེགས་པར་བསྲུང་ན་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་མི་དགེ་བ་རྩ་བ་ནས་འདག་ཅིང་། སངས་རྒྱས་ཀྱི་སྐུ་མཚན་དཔེར་ལྡན་པ་ཐོབ་པར་འགྱུར་བ་དང་། གསུང་གི་དམ་ཚིག་ལེགས་པར་བསྲུང་ན་རྫུན་དུ་སྨྲ་བ་ལ་སོགས་པ་ངག་གི་མི་དགེ་བའི་སྒྲིབ་པ་རྩ་བ་ནས་འདག་ཅིང་སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་ལྟ་བུ་ཐོབ་པར་འགྱུར་པ་དང་། ཐུགས་ཀྱི་དམ་ཚིག་ལེགས་པར་བསྲུང་ན་བརྣབ་སེམས་ལ་སོགས་པ་ཡིད་ཀྱི་མི་དགེ་བའི་སྒྲིབ་པ་རྩ་བ་ནས་འདག་ཅིང་སངས་རྒྱས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བ་དང་། གཞན་ཡང་ཡན་ལག་གི་དམ་ཚིག་རྩ་བ་ནས་ལེགས་པར་བསྲུང་ན། ཤེས་བྱའི་སྒྲིབ་པ་ཅི་རིགས་པ་འདག་ཅིང་འཁོར་བའི་སྤྱོད་ཡུལ་ཡང་དག་པའི་ལམ་དུ་བསླངས་པ་ཉིད་དུ་འགྱུར་རོ། །གཞན་ཡང་། སྐུའི་དམ་ཚིག་ཉམས་ན་བསྐལ་པ་ཆེན་པོ་གཅིག་ཏུ་རྡོ་རྗེའི་དམྱལ་བར་འགྲོ་ཞིང་། དེ་ནས་ཐོན་ནས་ཀྱང་ཚེ་རབས་མང་པོར་ལུས་ལ་མཛེ་དང་ཕོལ་མིག་ལ་སོགས་པ་སྣ་ཚོགས་པ་འབྱུང་བར་འགྱུར། གསུང་གི་དམ་ཚིག་ཉམས་ན་ནི་བསྐལ་པ་ཆེན་པོ་གཉིས་སུ་རྡོ་རྗེའི་དམྱལ་བར་འགྲོ་ཞིང་། དེ་ནས་ཐོན་ནས་ཀྱང་ཚེ་རབས་མང་པོར་ངག་དིག་ལྐུག་ཅན་ལ་སོགས་པར་འགྱུར་ལ། ཐུགས་ཀྱི་དམ་ཚིག་ཉམས་ན་ནི་བསྐལ་པ་ཆེན་པོ་གསུམ་དུ་རྡོ་རྗེའི་དམྱལ་བར་འགྲོ་ཞིང་། དེ་ནས་ཐོན་ནས་ཀྱང་ཚེ་རབས་མང་པོར་བརྒྱལ་ནད་དང་སྨྱོ་འབོགས་ཅན་ལ་སོགས་པར་འགྱུར་བ་དང་། ཡན་ལག་གི་དམ་ཚིག་ཉམས་ན་ནི་ཕྱིན་ཆད་ཟབ་མོའི་ཆོས་དང་འཕྲད་པར་མི་འགྱུར་རོ། །བཅུ་གཉིས་པ་ལྷ་དབབ་པ་ནི་གསུམ་སྟེ། མོས་པའི་ལྷ། བབས་པའི་ལྷ། ལྷག་པའི་ལྷའོ། །དང་པོ་གང་ལ་མོས་པ་དེ་དང་ལས་དང་ཐུགས་རྗེས་འབྲེལ་པ་ཉིད་པས་དེ་ཉིད་བསྒོམ་པས་ཆོག་ལ། གཉིས་པ་ནི། མེ་ཏོག་གང་དུ་བབས་པ་དེ་ཕོག་ཅིང་བསྒོམ་པས་དངོས་གྲུབ་ཉེ་ཞིང་། གསུམ་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཁོ་ནའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་པ་རྣམས་ལེགས་པར་བསྟན་ཏེ་བསྒོམ་དུ་གཞུག་གོ། །བཅུ་གསུམ་པ་སྙིང་པོ་དབོག་པ་ནི། ལྷའི་ཐུགས་བསྐུལ་བའི་སྙིང་པོ་གང་ཡིན་པའི་བཟླས་ལུང་བྱའོ། །བཅུ་བཞིི་པ་གསང་མཚན་གདགས་པ་ནི། མེ་ཏོག་ཕོག་པའི་ལྷ་གང་ཡིིན་པའི་རིགས་དང་བསྟུན་ཏེ། རྡོ་རྗེ་རྒྱལ་པོ། རིན་ཆེན་མྱུ་གུ། ཆོས་ཀྱི་དབང་ཕྱུག །ལས་ཀྱི་རྡོ་རྗེ། དེ་བཞིན་གཤེགས་པའི་བསྲུང་བ། ཞེས་པའམ། ཡང་ན་ལྷག་པའི་ལྷའི་མཚན་ནས་དྲངས་ཏེ། །སྐྱེས་པ་རྣམས་ལ་རྡོ་རྗེ་དྲག་པོ་རྩལ། །བུད་མེད་རྣམས་ལ་རྡོ་རྗེ་དཔལ་ཕྲེང་མ། །བྱིས་པ་རྣམས་ལ་རྡོ་རྗེ་མྱུ་གུ་རྩལ། །ཞེས་གདགས་པར་བྱའོ། །གསང་མཚན་འདི་ལ་དགོས་པ་ཆེན་པོ་ཡོད་དེ། རང་ཅག་རྣམས་ཚེ་འདིའི་སྣང་བ་ནུབ། བར་དོའི་སྣང་བ་ཤར་བའི་ཚེ་ལྷག་པའི་ལྷ་དང་བླ་མས་རྗེས་སུ་བཟུང་སྟེ་རང་གི་མདུན་དུ་བྱོན་ནས། ཀྱེ། དཔལ་རྡོ་རྗེ་ཆྒཻ་མོ་ཞེས་སྔར་བཏགས་པའི་གསང་མཚན་གང་ཡིན་པ་ནས་འབོད་པར་འགྱུར། དེའི་ཚེ་རང་གི་མིང་ངོ་ཤེས་ཤིང་ལན་ཐེབས་ན་དེ་དང་རྗེས་སུ་ཟིན་ནས་དག་པའི་ཞིང་དུ་འཁྲིད་པར་འགྱུར་ཞིང་། གལ་ཏེ་དེ་ལྟར་མ་ཤེས་ན་ནི་དམྱལ་བའི་གཤེད་མས་ཟིན་ནས་རང་དབང་མེད་བཞིན་འཇིགས་སྐྲག་དང་བཅས་བཞིན་ངན་སོང་གི་གནས་སུ་འཁྲིད་པར་འགྱུར་བ་ཡིན་ནོ། །བཅོ་ལྔ་པ་བཟླས་པའི་ཕྲེང་བ་གཏད་པ་ནི། སློབ་དཔོན་ཐུགས་དམ་མཆེད་གསར་པ་རྣམས་ཀྱི་ཕྲེང་བ་སྦྲེལ་ཏེ་ལག་ཏུ་གཏད་ལ། རིག་པ་སྲོག་གིས་སྦྲེལ་བའི་ཕྲེང་ཐག་ཅེས་པ་ལ་སོགས་པ་བརྗོད་ཅིང་། སྙིང་པོ་ཀཱི་ལ་ཡ་འབྲུ་བཅུ་བཞི་པ་ཟློས་སུ་གཞུག་གོ། །བཅུ་དྲུག་པ་གྲལ་བསྲེ་བ་ནི། བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་སྒྲུབ་པ་དང་། །ཞེས་པ་ལ་སོགས་པ་བརྗོད་དེ། དེ་ཕྱིན་ཆད་མཆེད་གསར་རྙིང་སྐལ་བ་མཉམ་པར་འགྱུར་བ་ཡིན་པས་ད་ནི་གྲལ་གཅིག་ལ་འདུག་པས་ཆོག་གོ་ཞེས་བྱའོ། །བཞི་པ་དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ་ལ་གཉིས་ཏེ། དཀྱིལ་འཁོར་བྲི་བ་དང་། རྫས་དགོད་པའོ། །དང་པོ་ལ་བཞི། རྒྱུ་དང་། བྱིན་གྱིས་བརླབ་པ་དང་། དགྱེ་བའི་ཐབས་དང་། དགོས་པའོ། དང་པོ་ནི། འབྱོར་པ་རབ་ཀྱིས་རིན་པོ་ཆེའམ་རིན་པོ་ཆེ་ཕལ་པ་ལྔ་ལ་བྱ་སྟེ། སྔོན་པོ་བཻཌཱུརྻའམ་མཐོན་ཀ །དཀར་པོ་མན་ཤེལ་ལམ་དངུལ། སེར་པོ་ཨུ་ཤ་རཱ་གའམ་གསེར། དམར་པོ་པདྨ་རཱ་གའམ་བྱི་རུ། ལྗང་གུ་ཨིནྡྲ་ནཱི་ལའམ་གཡུ་ལ་བྱ། འབྲིང་གིས་སྨན་ལྔའམ་འབྲུ་ལྔ་གང་ཡང་རུང་བ་ཚོན་ལྔས་ཁ་དོག་སོ་སོར་བསྒྱུར་བ་ལ་བྱ། ཐ་མས་ཀྱང་བཀྲ་ཤིས་པའི་ས་ཕྱོགས་ནས་བྱུང་བའི་ཚོན་ཁ་དོག་ལྔ་དྲི་མ་མེད་པ་དང་ལྡན་པ་ལ་བྱའོ། །གཉིས་པ་བྱིན་གྱིས་བརླབ་པ་ནི། ཚོན་རྣམས་བྷནྡྷའི་ཚལ་བུའམ་རིན་པོ་ཆེའི་སྣོད་དུ་བཞག་ལ། ཕོ་བྲང་གི་ཐིག་ཆར་ཚུད་པར་དབུས་སུ་མཐིང་ག །ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་རྣམས་བཀོད་དེ། རིགས་ཀྱི་ས་བོན་ལྔ་ལས་མཐིང་ག་ལ་ཧཱུྃ་རྟིང་པ་ཤར་དུ་བསྟན་པ་བྲི་ཞིང་། དཀར་པོ་ལ་ༀ། སེར་པོ་ལ་སྭཱ། དམར་པོ་ལ་ཨཱཾཿ ལྗང་གུ་ལ་ཧཱ་རྣམས་རྟིང་པ་དབུས་སུ་བསྟན་ནོ། དེ་དག་ཡོངས་སུ་གྱུར་པ་ལས། རིགས་ཀྱི་ཕྱག་མཚན་རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི་རྣམས་སུ་གྱུར། དེ་ཡང་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དང་ཀུན་ཏུ་བཟང་མོ། རྣམ་སྣང་དང་སྤྱན་མ། རིན་འབྱུང་དང་མཱ་མ་ཀཱི། མཐའ་ཡས་དང་གོས་དཀར་མོ། དོན་གྲུབ་དང་སྒྲོལ་མ་སྟེ། རིགས་ལྔ་ཡབ་ཡུམ་བཅུར་གྱུར་པ་དག་གཉིས་སུ་མེད་པའི་སྦྱོར་བ་མཛད་པས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཡོངས་སུ་གྱུར་ནས་ཚོན་རྣམས་སོ་སོ་ལ་ཐིམ་ནས། དོན་ཡེ་ཤེས་ལྔའི་རང་བཞིན་ལ་རྟགས་ཚོན་རྩི་ཁ་དོག་ལྔའི་འོད་རབ་ཏུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་མོ། །གསུམ་པ་དགྱེ་བའི་ཐབས་ནི། སྟོད་ལས་ཀྱི་དབང་དུ་དབུས་ཀྱི་ཕོ་བྲང་སྙིང་པོ་གྲུ་གསུམ་མཐིང་ནག་ཕྱི་རོལ་ཟླ་གམ་གསུམ་དམར་པོ། མུ་ཁྱུད་ནང་མ་དཀར་པོ། འཁོར་ལོ་རྩིབས་བརྒྱད་སེར་པོ། རྩིབས་མཆན་དམར་པོ། ཕོ་བྲང་རྡོ་རྗེའི་མུ་ཁྱུད་མཐིང་ག །གྲུ་ཆད་ལྗང་གུ། སྒོ་ཁྱམས་ཕྱོགས་ཚོན། རྩིག་པ་དམར་སེར་དཀར་པོ་སུམ་སྦྲགས། ཞིང་གི་ཀ་བ་དང་། མི་མགོའི་ཁ་བད་སྨུག་པོ་སྟེ། ལྷག་མ་རྣམས་གཞན་དང་མཐུན་ཞིང་། སྨད་ལས་ལ་ཨེ་ཀ་དམར་ནག་གི་ཚུལ་དུ་བཞེངས་ཏེ། བི་ཏོ་ལས། དབུས་ན་ཕོ་བྲང་ཨེ་ཡི་དཀྱིལ། །ཟླ་གམ་དབང་ཆེན་རཀྟའི་རྒྱ་མཚོ་འཁྲུག །ཆོས་སྐུ་སྐྱེ་མེད་མུ་ཁྱུད་ཟླ་གམ་འཁྱིལ། །མཁའ་དབྱིངས་བཅུ་དྲུག་ཨེ་ཡིས་མཐའ་བསྐོར་ཏེ། །དུག་གསུམ་འཇོམས་ཕྱིར་ཐོད་པ་ཚར་གསུམ་དང་། །བར་ཁྱམས་དང་ནི་ཡེ་ཤེས་སྒོ་བཞིར་ལྡན། །ཕྱི་རོལ་ཁོར་ཡུག་བསྐལ་པའི་མེ་ཡིས་བསྐོར། །ཅེས་སོ། །གཞན་ཡང་ཚོན་ནི། སྲབ་ན་དབུལ་པོར་འགྱུར་བས་ཏེ། །གལ་ཏེ་འཐུག་ན་ནད་ཀྱིས་ཐེབས། །ཚོན་འདྲེས་གྱུར་པས་བློ་ཉམས་སོ། །ཞེས་གསུངས་པ་དེ་ལྟ་བུའི་སྐྱོན་མེད་པར་བྲི་བར་བྱའོ། །བཞི་པ་དགོས་ཆེད་ནི། རང་བཞིན་གྱི་དཀྱིལ་འཁོར་མ་མཐོང་བ་རྣམས་བྲོད་པ་བསྐྱེད་ཅིང་ཏིང་ངེ་འཛིན་གསལ་བའི་ཡན་ལག་ཏུ་འགྱུར་པའོ། །གཉིས་པ་རྫས་དགོད་པ་ལ་གཉིས་ཏེ། སློབ་དཔོན་གྱིས་བྱིིན་གྱིས་རློབ་པ་དང་། ལས་མཁན་གྱིས་དགོད་པའོ། །དང་པོ་སྟོད་ལས་དང་འབྲེལ་བར་ཉམས་སུ་བླང་བ་ནི། ཐོག་མར་རྫས་རྣམས་བཤར་གདབ་པར་བྱ་སྟེ། ལྷ་ཕུར་ཉི་ཤུ་རྩ་དྲུག །བུམ་པ་ལྔ། ཛ་གད་གཏོར་མ། རཀྟ། མར་མེ། ཚེ། རྡོ་རྗེ། དྲིལ་བུ་ལ་སོགས་པ་སློབ་དཔོན་གྱི་མདུན་དུ་ཞིང་ཆེན་གྱི་གཡང་གཞི་ལ་སོགས་པའི་སྟེང་དུ་དགྲམ་ལ་བྱིན་གྱིས་བརླབ་པར་བྱ་སྟེ། དང་པོ་ཁམས་གསུམ་ཡོངས་སྒྲོལ་གྱི་ཕུར་པ་བྱིན་གྱིས་བརླབ་པ་ནི། གཙོ་བོ་ཡབ་ཡུམ་གྱི་ཕུར་བུ་སོར་བཅོ་བརྒྱད་པ། ཁྲོ་བོ་ཁྲོ་མོའི་སོར་བཅུ་གཉིས་པ། སྒོ་མ་དམ་ཅན་གྱི་སོར་བརྒྱད་པ། སྲས་མཆོག་གི་སོར་བཞི་པ་སྟེ། ཕུར་བུ་ཉི་ཤུ་རྩ་བདུན། བདུད་རྩི་ལྔས་བཀྲུ། གཅུམ་གཞོགས་ལ་རང་རང་གི་སྙིང་པོ་བྲི་ཞིང་དབལ་ལ་རཀྟ་བྱུགས། སྤྱི་བོར་དར་མཐིང་ནག་མཛུབ་གང་བ་རེ་གདགས་སོ། །དེ་ནས་ཕུར་བུ་རྣམས་མི་དམིགས་པ་ལས་ཡིག་འབྲུ་རྣམས་སུ་གྱུར། དེ་རྣམས་འོད་དུ་ཞུ་བ་ལས་ཕྱག་མཚན་དུ་གྱུར། དེ་ལ་བསྐྱེད་སྔགས་བརྗོད་པས་སྐུ་ཡོངས་སུ་རྫོགས་པར་བསྐྱེད་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །གུ་གུལ་དང་རཀྟས་གཟི་བྱིན་བསྐྱེད་དོ། །རྣམ་དག་གཞལ་མེད་ཀྱི་ཏིང་ངེ་འཛིན་གྱིས་བུམ་པ་བྱིན་གྱིས་བརླབ་པ་ནི། རིན་པོ་ཆེའམ། ས་ལ་རིན་པོ་ཆེ་བརྡར་བ་ལས་བྱས་པའི་བུམ་པ་མཚན་ཉིད་དང་ལྡན་པ་ལྔའམ་གཅིག་ལ་ཙནྡན་གྱིས་དཀར་པོར་བྱུགས་ཏེ། རིགས་ལྔའམ་ལྷག་པའི་ལྷའི་མཚན་མ་བྲི་ཞིང་། འབྲས་བུ་ཅན་གྱིི་ཤིང་གིས་ཁ་བརྒྱན་ཏེ། རས་ཁ་ཚར་མ་ཉམས་པས་མགུལ་ཆིངས་བྱས་ལ། གུ་གུལ་གྱི་དུད་པས་བདུག་སྟེ། སྲོག་ཆགས་མེད་པའི་ཆུ་གཙང་མ་བླུག་གོ། །དེར་གཞུག་པའི་རྫས་ནི། ཀཎྜ་ཀ་རི། སླེ་ཏྲེ། རྒྱ་མཚོའི་ལྦུ་བ། དབང་པོ་ལག་པ། ཤུ་དག་དཀར་པོ་སྟེ་སྨན་ལྔ། ཨ་ཀ་རུ། ཙནྡན། དུ་རུ་ཀའམ་ཛཱ་ཏི། ལྕེ་བོག་དཀར་པོ་སྟེ་སྤོས་ལྔ ། ནས། འབྲས། གྲོ། སྲན་མ། སོ་བ་སྟེ་འབྲུ་ལྔ། ལན་ཚྭ། བུ་རམ། རྩི་མར། ཏིལ། མར་ཏེ་སྙིང་པོ་ལྔ། སྔར་སྨོས་པའི་རིན་པོ་ཆེ་ལྔ་སྟེ་ཉི་ཤུ་རྩ་ལྔ་གཞུག་ཅིང་། གཟུངས་ཐག་ལེགས་པར་བཏགས་ལ། བུམ་པ་ཁཾ་ལས་ཡེ་ཤེས་ཀྱི་བུམ་པར་བསྐྱེད་པའི་ནང་དུ། ལྷ་ཚོགས་བཞི་བཅུ་རྩ་དྲུག་ཚང་བར་བསྒོམས་ལ། ཡེ་ཤེས་པ་གཞུག་ཅིང་། གཉིས་སུ་མེད་པར་གྱུར་པ་ལ་མཆོད་བསྟོད་བཟླས་པ་བྱ་སྟེ། ལྷ་རྣམས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་བ་ལས། བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩི་དྲི་མ་མེད་པས་ཁེངས་པར་བསམ་སྟེ། དགོངས་རྒྱུད་ལས། བུམ་པ་ལྔ་ཡང་ཆོས་ཀྱིས་བརྒྱན། །སོ་སོའི་དཔའ་བོའི་འབྲུ་ལྔ་ཡི། །ཞབས་སུ་སྔགས་བཟླས་བསྟིམ་པར་བྱ། །ཞེས་སོ། །འབྱུང་བ་བཅུད་ལེན་གྱི་ཏིང་ངེ་འཛིན་གྱིས་བདུད་རྩི་བྱིན་གྱིས་བརླབ་པ་ནི། བདག་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་རྂ་ཡྂ་ཁྂ་འཕྲོས་པས། རྂ་ལས་ཡེ་ཤེས་ཀྱི་མེར་གྱུར་ཏེ་བདུད་རྩིའི་སྣོད་བཅུད་ཀྱི་དངོས་པོ་མི་སྣང་བར་བསྲེགས། ཡྂ་ལས་ལྷག་མཐོང་གི་རླུང་གིས་གཏོར། ཁྂ་ལས་ཞི་གནས་ཀྱི་ཆུས་བཀྲུས་ཏེ་མཚན་མ་སྦྱངས། དེ་ནས་བདག་གི་ཐུགས་ཀ་ནས་བྷ་གཅིག་འཕྲོས་པ་སྣོད་ལ་ཕོག་སྟེ། བྷནྡྷའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཕྱི་དཀར་ལ་ནང་དམར་བ་ཞིག་ཏུ་བསམ། དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩིའི་དངོས་གཞི་ལྔར་གནས་པར་བསམ་སྟེ། དབུས་སུ་བྱང་སེམས། ཤར་དུ་དྲི་ཆེན། ལྷོར་མཱཾ་ས། ནུབ་ཏུ་རཀྟ། བྱང་དུ་དྲི་ཆུའོ། །དེ་རྣམས་ཀྱི་སྟེང་དུ་དཔའ་བོ་འབྲུ་ལྔ་བསམ་སྟེ། བྱང་སེམས་ཀྱི་སྟེང་དུ་ཧཱུྃ། དྲི་ཆེན་གྱི་སྟེང་དུ་ཨཱོཾ། མཱཾ་སའི་སྟེང་དུ་སྭཱ། རཀྟའི་སྟེང་དུ་ཨཱྂཿ དྲི་ཆུའི་སྟེང་དུ་ཧཱའོ། །དེ་ནས་ངག་ཏུ། པདྨ་དྷཱ་ར་ཧྲཱིཿཞེས་བརྗོད་པས། ལག་པ་གཡོན་པའི་མཐེ་བོང་ལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ། གཡས་དབྱུག་ཏོ། གཡོན་སྡིགས་མཛུབ་དང་བཅས་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བསྐུམ། གཡོན་བརྐྱང་ནས་གནས་པ། སྤྱི་གཙུག་རྟ་མགོ་ལྗང་གུས་མཚན་པ་ཞིག་བསམ་ཞིང་། སྲིན་ལག་ལ་ཡུམ་མི་ཕམ་མ་སྐུ་མདོག་ཡབ་དང་མཚུངས་པ་ཞིག་ཞལ་སྦྱོར་དུ་འཁྲིལ་བའོ། །དེ་གཉིས་ཀྱི་བར་དུ་ཧྲཱིཿདམར་པོ་གནས་པར་བསམ་ལ། ཧྲཱིཿདེས་ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ་ཏེ་སྦྱོར་བ་བྱས་པས་བྱང་ཆུབ་སེམས་སུ་ཞུ་ནས། དཔའ་བོ་འབྲུ་ལྔ་ལ་ཕོག །དེ་འོད་དུ་ཞུ། བདུད་རྩིའི་དངོས་བཞི་ལ་ཕོག་པས་བདུད་རྩི་བྱང་ཆུབ་སེམས་སུ་བསམ། དེ་རྣམས་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་སྦྱོར་བའི་བརྡས་བསྐུལ་ནས་ཡབ་ཡུམ་སྦྱོར་བ་བྱས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་སྐུ་གསུང་ཐུགས་ཀྱི་ས་བོན་དང་བཅས་པ་བདུད་རྩིའི་སྣོད་དུ་བབ་པར་བསམ་ཞིང་། སྔགས་བརྒྱ་རྩ་བརྒྱད་དམ་ཅི་རིགས་པ་བཟླའོ། །དེ་ནས་ཀཱ་ཡ་སིདྡྷི་ༀ། ཞེས་པས་བདུད་རྩི་ལྕེ་སྟེང་དུ་བཞག་པས་གོང་གི་སྐུའི་ས་བོན་དེ་བདག་གི་སྤྱི་བོར་གནས་པ་ལས་ཕྱོགས་བཅུའི་སངས་རྒྱས་ཀྱི་སྐུའི་བྱིན་རླབས་ཐོབ་པར་བསམ། གསུང་དང་ཐུགས་ཀྱང་དེས་འགྲེའོ། །དེ་ནས་བི་ཤུདྡྷེ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་མཐེབ་སྲིན་གྱིས་མཆོད་ཚོགས་རྣམས་ལ་གཏོར་བས་ཉེས་སྐྱོན་དག་པར་བསམ། དེ་ནས་དྷརྨ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་མཆེད་ལྕམ་རྣམས་ལ་གཏོར་བས་ཉམས་སྒྲིབ་དག་པར་བསམ། དེ་ནས་བཛྲ་ཡཀྵ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་ཕྱོགས་ཐམས་ཅད་དུ་གཏོར་བས་བདུད་རྩིའི་ཟེགས་མ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་བགེགས་བསྐྲད་པར་བསམ་མོ། །ཁྱད་པར་རྨད་དུ་བྱུང་བའི་ཏིང་ངེ་འཛིན་གྱིས་གཏོར་མ་བྱིན་གྱིས་བརླབ་པ་ནི། བདག་ཀུ་མཱ་རར་གསལ་བའི་ཐུགས་ཀ་ནས་རྂ་ཡྂ་ཁྂ་གསུམ་འཕྲོས་པས་སྔར་བཞིན་མཚན་མ་སྦྱངས། བདག་གི་ཐུགས་ཀ་ནས་བྷྲཱུྂ་གཅིག་འཕྲོས་པས་སྣོད་ལ་ཕོག །དེ་བྷནྡྷའི་གཞལ་ཡས་ཁང་སྔ་མ་ལྟ་བུར་བསམ། དེ་ལས་དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ། དེ་ལས་ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲི་ཤོ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་དྲུག་བརྗོད་པས་དང་པོ་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་ཐོགས་པ། གཉིས་པ་སྒྲའི་ལྷ་མོ་དཀར་མོ་པི་ཝཾ་ཐོགས་པ། གསུམ་པ་དྲིའི་ལྷ་མོ་སེར་མོ་སྤོས་ཁང་ཐོགས་པ། བཞི་པ་རོའི་ལྷ་མོ་དམར་མོ་ཞལ་ཟས་ཀྱིས་གང་བའི་གཞོང་པ་ཐོགས་པ། ལྔ་པ་རེག་བྱའི་ལྷ་མོ་ལྗང་གུ་ན་བཟའ་ཐོགས་པ། དྲུག་པ་ཆོས་ཀྱི་ལྷ་མོ་མཐིང་ག་རྡོ་རྗེ་དང་དྲིལ་བུ་ཐོགས་པ་སྟེ། འདོད་ཡོན་དྲུག་གི་ལྷ་མོ་དཔག་ཏུ་མེད་པ་བྱུང་བར་བསམ་མོ། །ཐུགས་རྗེ་ཆགས་པའི་ཏིང་ངེ་འཛིན་གྱིས་རཀྟ་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་རྂ་ཡྂ་ཁྂ་འཕྲོས་པས་རཀྟའི་སྣོད་ལ་ཕོག་སྟེ་མཚན་མ་སྦྱངས། མ་ཞིག་འཕྲོས་ཏེ་སྣོད་ལ་ཕོག་པས། བྷནྡྷའི་སྣོད་ཆེན་པོ་སྔ་མ་ལྟ་བུ་ཞིག་ཏུ་གྱུར་པའི་ནང་དུ་ར་དམར་པོ་ཞིག་བསམ། ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཞེས་བརྗོད་པས། ར་དེ་འོད་དུ་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་ཅིང་འཁྱིལ་བ། ཤར་གྱི་རྦ་ཀློང་ནུབ་ཏུ་འཕྱོ་བ། ནུབ་ཀྱི་རྦ་ཀློང་ཤར་དུ་འཕྱོ་བ། ལྷོའི་རྦ་ཀློང་བྱང་དུ་འཕྱོ་བ། བྱང་གི་རྦ་ཀློང་ལྷོ་རུ་འཕྱོ་ཞིང་། མཐའ་མར་ཚིལ་ཆེན་གྱི་དར་ཆགས་པ་ཞིག་ཏུ་གྱུར་པར་བསམ་མོ། །དབྱིངས་དང་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱིས་མར་མེ་བྱིན་གྱིས་བརླབ་པ་ནི། ཀོང་བུ་ལྟར་སྣང་བ་ཆོས་ཀྱི་དབྱིངས་སྟོང་པ་ཉིད། སྡོང་བུ་ལྟར་སྣང་བ་རྟོག་བྲལ་རིག་པའི་ཡེ་ཤེས། མར་ཁུ་ལྟར་སྣང་བ་རྟོག་པ་མེད་པའི་ཡེ་ཤེས་རང་གསལ་བ་ཉིད་དོ། །ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱིས་རྡོ་རྗེ་དང་དྲིལ་བུ་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་ཐབས་རིག་པའི་ཡེ་ཤེས་ལ། དྲིལ་བུ་ནི་ཤེས་རབ་ཆོས་ཀྱི་དབྱིངས། དེ་གཉིས་ཀ་འཆང་བ་ནི་དེ་དག་གཉིས་སུ་མེད་པར་རྟོགས་པར་བྱའོ། །འཆི་མེད་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཚེ་བྱིན་གྱིས་བརླབ་པ་ནི། ལོགས་སུ་ཤེས་པར་བྱའོ། །གཉིས་པ་དགོད་པ་ནི། ལས་མཁན་གྱིས་དགོད་ཚིག་ལས་བྱང་ནས་བྱུང་བས་དགོད་དེ། དགོངས་རྒྱུད་ལས། གྲུ་གསུམ་ཉི་ཤུ་རྩ་གཅིག་ལ། །ཕུར་པ་ཉི་ཤུ་རྩ་གཅིག་བཀོད། །ཅེས་པས། ལྷ་ཕུར་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པ་ལ་སོགས་པས་དགོད་པར་གསོལ་བ་བཏབ་པ་སྔོན་དུ་འགྲོ་བས། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཞེས་པ་ལ་སོགས་པ་དང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛ་ལྷན་ཅེས་པའི་སྔགས་དང་བཅས་པས་དབུས་ཕོ་བྲང་གྲུ་གསུམ་མཐིང་ནག་ལ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དགོད། གཞན་ཡང་སྟེང་གི་ཕྱོགས་ནས་ཞེས་པ་ལ་སོགས་པས་ཕྱོགས་མཚམས་བརྒྱད་ཀྱི་ཁྲོ་བོ་འཁོར་ལོ་རྩིབས་བརྒྱད་ལ་དགོད་ཅིང་། སྟེང་གི་ཁྲོ་བོ་ཡབ་ཡུམ་ཤར་གྱི་རྩིབས་ལ། འོག་གི་ཁྲོ་བོ་ཡབ་ཡུམ་ནུབ་ཀྱི་རྩིབས་ལ། སྒོ་མ་བཞི་སྒོ་བཞིར་རོ། །དེ་བཞིན་དུ། དུས་གསུམ་བདེ་གཤེགས་ཞེས་པ་ལ་སོགས་པས་བུམ་པ་ལྔ་ཕྱོགས་བཞི་དབུས་དང་ལྔར་དགོད་ཅིང་། གཅིག་ལས་མེད་ན་གཙོ་བོའི་མདུན་དུའོ། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཞེས་པ་ལ་སོགས་པས་བདུད་རྩི་བྱང་ཤར་མཚམས་སུ། ཐབས་དང་ཤེས་རབ་ཞེས་པ་ལ་སོགས་པས་རྡོ་རྗེ་དྲིལ་བུ་མདུན་དུ། ཐུན་མོང་གི་མཆོད་པ་ལྔ་ཡང་། །མེ་ཏོག་ཤར། བདུག་སྤོས་ལྷོ། མར་མེ་ནུབ། དྲི་ཆབ་བྱང་། ཞལ་ཟས་མཚམས་སུ། ཕྱོགས་བཞིར་ཐུགས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་རྟེན་དུ་གྲི་བཞི་དང་མེ་ལོང་བཞི། མཚམས་བཞིར་གསུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་རྟེན་དུ་མདའ་བཞི་དང་དར་བཞི། ཞིང་ཆེན་གྱི་བླ་བྲེ་དང་། བ་སུ་ཏའི་ཕྲེང་བ་ལ་སོགས་པས་མཐའ་མ་བསྐོར་ལ་བཞག་གོ། །བསྙེན་པ་རང་རྐྱང་བྱེད་ན། གཞན་མཐུན། བུམ་པ་མི་དགོས་ཤིང་། སྨད་ལས་དང་འབྲེལ་ནའང་བུམ་པ་མི་དགོས་ལ། ཕུར་བུ་ནི་གོང་གི་སེང་དུ། བྱང་ཤར་གྱི་གྲུར་རེ་མ་ཏིའི་ཕུར་བུ་བཞི། ཤར་ལྷོར་ཤྭ་ན་མའི་ཕུར་པ་བཞི། ལྷོ་ནུབ་ཏུ་བསེ་མོའི་ཕུར་པ་བཞི། ནུབ་བྱང་དུ་གིང་གི་ཕུར་པ་གསུམ་ཚུལ་བཞིན་དུ་བྱིན་གྱིས་བརླབས་ལ་དགོད། གཞན་ཡང་དཀྱིལ་འཁོར་གྱི་བྱང་ཤར་དུ་མགྱོགས་ཕུར་སུམ་ཅུ་ཡང་ཞིང་གི་རྒྱུ་མས་བཅིངས་ཏེ་ཇག་པ་བསྐུངས་སུ་བཅུག་པའི་ཚུལ་དུ་དགོད་དོ། །གཏོར་མ་ཡང་དབུས་སུ་འབྲུ་སྣ་ཚོགས་ལས་བྱས་པའི་གཏོར་མ་དཔལ་ཆེན་པོའི་རྫས་སུ་དགོད། ཤར་ལྷོ་ཤྭ་ན་མའི་དམ་རྫས་ཝ་ཤ་དང་ཁྱི་ཤ་ལ་སོགས་ཏེ་སྡེར་ཆགས་སྣ་ཚོགས་ཀྱི་ཤས་བརྒྱན་པའི་གཏོར་མ། ལྷོ་ནུབ་ཏུ་ཁྲག་ཞག་འོ་མ་མར་ཁུའི་དབུས་ཀྱུ་གུ་དང་བཅས་པའི་གཏོར་མ་བསེ་མོའི་རྫས་སུ་དགོད། ནུབ་བྱང་དུ་ཤ་དཔུང་ལག་མ་བྲལ་བ་དགུ། བཤོས་བུ་ཟུར་གསུམ་པ་དགུ། སྟག་རས་གཟིག་རས་ལ་སོགས་པ་སྤྱན་གཟིགས་སྣ་ཚོགས་གིང་གི། བྱང་ཤར་དུ་ཁྲག་སྣ་སྙིང་སྣ་ནལ་བུའི་ཤ་ཁྲག་གིས་བརྒྱན་པའི་གཏོར་མ། ཚིལ་ཆེན་གྱི་སྤྲིན་ཁེབས་ཅན་དང་། །རྨ་བྱའི་གདུགས་ཕུབ་པ་རེ་མ་ཏིའི་རྫས་སུ་དགོད། རྒྱུན་གཏོར་ཅི་འབྱོར་པ་བྱའོ། །ལྔ་པ་ཐུན་མོང་གི་ལས་བདུན་ཉམས་སུ་བླང་བ་ལ་བདུན་ཏེ། བར་ཆད་བསྲུང་བའི་ཕྱིར་མཚམས་བཅད་པ་དང་། ཉམས་གྲིབ་སྦྱང་བའི་ཕྱིར་བཤགས་པ་བྱ་བ་དང་། རང་བཞིན་གྱི་དཀྱིལ་འཁོར་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་སྒོ་དབྱེ་བ་དང་། ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར་བརྡ་ཕྱག་འཚལ་བ་དང་། གཞན་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱ་བའི་ཕྱིར་དམ་བཅའ་བ་དང་། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བྱ་བའི་ཕྱིར་བྱིན་དབབ་པ་དང་། མ་མོ་དང་མཁའ་འགྲོ་མས་ངོ་ཤེས་པར་བྱ་བའི་ཕྱིར་རྟགས་གདབ་པའོ། །དང་པོ་ལ་གསུམ་ལས། ཐོག་མར་བཀའ་བསྒོ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པས་བདག་ཉིད་སྐད་ཅིག་གིས་རྡོ་རྗེ་གཞོན་ནུ་སྟོད་ཞལ་གསུམ་ཕྱག་དྲུག་པ། སྨད་ཕུར་པ་མགར་གྱི་སོལ་མེ་ནས་བཏོན་པ་ལྟ་བུ་ཞིག་ཏུ་བསྐྱེད་ཏེ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པ་ལ་སོགས་པ་བརྗོད་དོ། །གཉིས་པ་མཚམས་བཅད་པ་དངོས་ནི། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཅེས་པ་ལ་སོགས་པ་བརྗོད་པས། བདག་གི་ཐུགས་ཀ་ནས་ཁྲོ་བོ་ཧཱུྃ་ཀ་ར་ལ་སོགས་པ་ཕྱོགས་མཚམས་སྟེང་འོག་བཅུར་འཕྲོས་ཏེ་ཞལ་ཕྱིར་གཟིགས་པའི་ཚུལ་གྱིས་མཚམས་ཀྱི་ཕྲིན་ལས་དུས་ལས་མི་གཡོ་བར་མཛད་པ་དང་། དེ་དག་ལས་བྱུང་བའི་ཡང་སྤྲུལ་སུམ་སྤྲུལ་གྱི་ཁྲོ་ཆུང་བསྐལ་པའི་འཐོར་རླུང་ལྟར་སྤྲོས་ཏེ་གཡས་ཕྱོགས་སུ་བསྐོར་བས་བགེགས་རྣམས་གསང་སྔགས་ཀྱི་མིང་ཙམ་ཡང་མི་གྲགས་པའི་སར་བསྐྲད་ཅིང་། སླར་ལོག་སྟེ་གཡོན་ཕྱོགས་སུ་འཁྱིལ་བའི་ཚུལ་གྱིས་ཕྱོགས་མཚམས་སྟེང་འོག་ཀུན་རྡོ་རྗེའི་ར་གུར་དུ་གྱུར་ཏེ་བགེགས་ཀྱིས་གླགས་མི་རྙེད་པར་བསམ་ཞིང་། ཧཱུྃ། ཨེ་མ་ང་ནི་རང་བྱུང་བའི། །ཞེས་པ་ལ་སོགས་པས་གསལ་གདབ་པའི་ཚིག་བརྗོད་པས། ནང་མཚམས་ཀྱི་ཁྲོ་བོ་དེ་དག་ཀུན་ཀྱང་ཞལ་བགྲད་པ། མཆེ་བ་གཙིགས་པ། ལྗགས་འགྱུར་བ། སྤྱན་ཟུར་ལྡོག་པ། སྨིན་མ་བསྡུས་པ་སྟེ། འཇིགས་འཇིགས་རྔམས་རྔམས་ལྟ་བུར་གསལ་བར་བྱའོ། །ཐ་མ་བཀའ་ནན་བྱ་བ་ནི། །མཚམས་བཅད་ནང་འདི་ཚུན་ཆད་དུ། །ཞེས་པ་ལ་སོགས་པ་དང་། སུམྦྷ་ནིའི་སྔགས་བརྗོད་པས། སླར་ཡང་སྤྲུལ་པའི་ཁྲོ་ཆུང་རྣམས་ཀྱིས་བགེགས་རྣམས་རང་དབང་མེད་པར་བྱེད་པའོ། །གལ་ཏེ་ཆོས་འདི་སྲིད་པ་གསུམ་གྱི་སེམས་ཅན་རྡོ་རྗེ་ཕུར་བུའི་ལྷར་བྱེད་པ་མེད་པར་གདོད་མ་ནས་གནས་པར་འདོད་པ་ལྟར་ན། བར་དུ་གཅོད་པའི་བགེགས་ཀྱང་དེ་ལས་གཞན་དུ་མི་འཐད་པས། རང་གི་ལྷག་པའི་ལྷ་ལ་མཚམས་བཅད་པར་འགྱུར་རོ་ཞེ་ན། ལན་ལ། ཁ་ཅིག་ན་རེ། དེ་ལྟར་གནས་ཀྱང་གནས་པ་ལྟར་མ་རྟོགས་པའི་ཐབས་སུ་འོ་ཟེར་བ་ནི་མི་འཐད་དེ། དེ་ལྟར་གནས་ལུགས་རྟོགས་པར་བྱེད་པ་ལ་བློ་གནས་ལུགས་དང་མཐུན་པར་འཇུག་ཅིང་བསྒོམ་དགོས་སམ་མི་དགོས་གྲང་། དང་པོ་ལྟར་ན། བར་དུ་གཅོད་པའི་བགེགས་ཀྱང་ཤེས་བྱའི་གནས་ལུགས་ཉིད་ལས་མཚམས་ཀྱི་སྦྱོར་བས་བསྲུང་མི་དགོས་ཤིང་། བསྲུང་བར་མི་འགྱུར་ལ། བསྲུང་བ་སྐྱོན་དུ་འགྱུར་རོ། །གཉིས་པ་ལྟར་ན་འགྲོ་བ་རྣམས་འབད་མེད་དུ་གྲོལ་བ་ཡིན་ནོ། །རང་ལུགས་ནི་གནས་ལུགས་མ་རྟོགས་པའི་རིང་དུ་མི་འཐད་པའི་རྟགས་མ་གྲུབ་ཅིང་། རྟོགས་ན་རང་གི་ལྷ་ལ་མཚམས་བཅད་པའི་ཁྱབ་པ་མེད་དོ། །གཉིས་པ་བཤགས་པ་བྱ་བ་ལ་བཞི་ལས། དང་པོ་རྟེན་བསྒྱུར་བ་ནི། སྔགས་འཆང་མཁས་པས་གོས་བརྗེ་བའི་ཚུལ་དུ་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པ་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་པ། གཡོན་པས་དངུལ་གྱི་དྲིལ་བུ་དཀུར་བརྟེན་པ། ཞི་བའི་ཆས་བཅུ་གསུམ་གྱིས་མཛེས་ཤིང་། པདྨ་དང་ཟླ་བའི་གདན་ལ་ཞབས་ཕྱེད་ཀྲུང་དུ་བཞུགས་པ་ཞིག་བསྐྱེད། གཉིས་པ་བཤགས་པའི་དཔང་པོ་སྤྱན་དྲངས་པ་ནི། བཛྲ་ས་མཱ་ཛཿཞེས་ལན་གསུམ་བརྗོད་ཅིང་། ག་གོ་ནའི་ཕྱག་རྒྱ་དཔུང་མགོ་གཉིས་སུ་ལན་གསུམ་བཀྲོལ་བ་ལས། དང་པོ་ཕྱོགས་བཅུའི་སངས་རྒྱས་དང་བླ་མ་རྡོ་རྗེ་འཛིན་པ་རྣམས། གཉིས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས། གསུམ་པ་རིག་འཛིན་དང་དམ་ཅན་རྣམས་སྤྱན་དྲངས་ལ། མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ་མོ། །གསུམ་པ་བཤགས་པ་དངོས་ནི། སྔོན་ཆན་སྡིག་པ་བྱས་པ་ལ་འགྱོད་པས་ད་ལྟ་སྙིང་ཐག་པ་ནས་བཤགས་ཤིང་། ཕྱིས་མི་བྱེད་པར་དམ་བཅའ་བའི་དཔང་དང་རྟེན་དུ་སྔར་སྤྱན་དྲངས་པ་རྣམས་འཇོག་པ་སོགས་སྟོབས་བཞིའི་སྒོ་ནས་བརྗོད་མེད་ལ་སོགས་པ་གང་ཡང་རུང་བ་ཞིག་བརྗོད་དོ། །བཞི་པ་འབྲས་བུ་ནི། དེ་ལྟར་བཤགས་པ་བྱས་པས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་ནས་བདག་ལ་ཕོག་པས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བསམ་མོ། །གལ་ཏེ་བཤགས་པར་བྱ་བའི་སྡིག་པ་ཡང་དག་པའི་དངོས་པོར་གྲུབ་བམ་མ་གྲུབ། དང་པོ་ལྟར་ན་དེ་ཉིད་བཤགས་བྱར་མི་རུང་བར་འགྱུར་ཏེ། ཟད་ཅིང་སྲབ་པར་མི་འགྱུར་བའི་ཕྱིར། ཆོས་ཉིད་དེ་བཞིན་ཉིད་བཞིན་ནོ། །གཉིས་པ་ལྟར་ན་བཤགས་མི་དགོས་པར་འགྱུར་ཏེ། སྡུག་བསྔལ་གྱི་འབྲས་བུ་སྐྱེད་པའི་དོན་བྱེད་མི་ནུས་པའི་ཕྱིར་ཞེ་ན། ལན། ཡང་དག་ཏུ་བདེན་པའི་དངོས་པོ་མ་གྲུབ་པས་བཤགས་བྱར་མི་འཐད་ཅིང་། རྫུན་པའི་དངོས་པོས་གནས་སྐབས་ཀྱི་འབྲས་བུ་བསྐྱེད་ནུས་པས་བཤགས་པའང་དགོས་པ་ཡིན་ནོ། །གསུམ་པ་བརྡ་སྒོ་དབྱེ་བ་ནི། །རྣལ་འབྱོར་བ་རྣམས་ཀྱིས་རྡོ་རྗེའི་ཐལ་མོ་ཐུགས་ཀར་སྦྱར་ཏེ། ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཞེས་པ་ལ་སོགས་པ་དང་། ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་བརྗོད་དེ་ཐལ་མོ་སོ་སོར་ཕྲལ་བས། རང་བཞིན་གྱི་དཀྱིལ་འཁོར་དོན་དམ་པར་ཆོས་ཀྱི་དབྱིངས་སྐྱེ་བ་མེད་ཅིང་ཀུན་རྫོབ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པའི་སྒོ་ཕྱེ་བར་བསམ་མོ། །བཞི་པ་བརྡ་ཕྱག་འཚལ་བ་ནི། །ཡེ་ནས་རྣམ་པ་ཀུན་ལྡན་པའི། །ཞེས་པ་ལ་སོགས་པ་བརྗོད་ཅིང་། རང་བཞིན་གྱི་དཀྱིལ་འཁོར་ལྷག་པའི་ལྷ་དང་། རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་དང་བཅས་པ་རྣམས་ལ་གཉིས་སུ་མེད་པར་དགྱེས་པའི་གར་དང་བཅས་པས་ཕྱག་བཙལ་བར་བསམ་མོ། །ལྔ་པ་དམ་བཅའ་བ་ནི། ཧོ། དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཞེས་པ་ལ་སོགས་པ་བརྗོད་ཅིང་། དེ་ནས་བཟུང་སྟེ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སྡིག་པ་སྤོང་ཞིང་། དགེ་བ་སྒྲུབ་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པའོ། །དྲུག་པ་བྱིན་དབབ་པ་ནི། རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་རོལ་མོ་སྣ་ཚོགས་ཐོགས་ཏེ། དཀྱིལ་འཁོར་གྱི་མཐའ་བསྐོར་ཞིང་། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞེས་པ་ལ་སོགས་པ་བརྗོད་ཅིང་། རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དང་། ལྷག་པའི་ལྷ་དམ་ཅན་རྒྱ་མཚོ་དང་བཅས་པ་རྣམས་སྨོན་ལམ་དང་ཐུགས་རྗེའི་དབང་གིས་འདི་ཉིད་ཀྱི་མདུན་གྱི་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་དུ་བྱོན་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བྱིན་གྱིས་བརླབ་པར་བསྒོམ་མོ། །བདུན་པ་རྟགས་གདབ་པ་ལ་བཞི་ལས། གང་གདབ་ན། རཀྟ། ཞག །ཐལ་ཆེན་གསུམ་གྱིས་གདབ། གང་ལ་གདབ་ན། རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པ་ལ་གདབ། ཇི་ལྟར་གདབ་ན་ཞག་གི་ཟོ་རིས་ནི། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པའི་ཚིག་བརྗོད་པས། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་རྣམས་ཀྱི་བྲང་ལ་གདབ་སྟེ། འདི་ནི་སྔོན་དཔལ་ཆེན་པོས་དྲེགས་པ་ཅན་བཏུལ་བའི་ཚེ། དེའི་གཏི་མུག་ཟད་པར་བྱ་བའི་ཕྱིར་ཤ་རྣམས་ཞལ་དུ་གསོལ་བས་ཞག་རྣམས་འཛག་པའི་མཚན་མའོ། །དེ་བཞིན་དུ་རཀྟའི་ཐིག་ལེ་མཁུར་ཚོས་གཉིས་དང་སྣ་དང་གསུམ་ལ་གདབ་སྟེ། དྲེགས་པ་ཅན་གྱིི་འདོད་ཆགས་ཟད་པར་བྱ་བའི་ཕྱིར་ཁྲག་རྣམས་ཞལ་དུ་བཟེད་ཅིང་ཤིན་ཏུ་རྔམས་པའི་ཚུལ་གྱིས་རོལ་པས། མཁུར་ཚོས་གཉིས་ཤངས་དང་གསུམ་རཀྟར་ཚུད་པའི་མཚན་མའོ། །ཐལ་ཆེན་གྱི་ཚོམ་བུ་དཔྲལ་བར་གདབ་སྟེ། དྲེགས་པ་ཅན་གྱི་ཞེ་སྡང་ཟད་པར་བྱ་བའི་ཕྱིར་རུས་པ་ཀུན་ཡེ་ཤེས་ཀྱི་མེས་སྦྱངས་ཏེ། དཔའ་རྟགས་སུ་ཐལ་ཆེན་གྱི་ཚོམ་བུས་དཔྲལ་བར་མཚན་པའོ། །བཏབ་པའི་དགོས་པ་ནི། མ་མོ་དང་མཁའ་འགྲོ་རྣམས་ཀྱིས་བདག་ཉིད་ལ་དཔུང་གི་རུ་དར་མཐོང་བ་ལྟར་རང་གི་སྡེ་ཚན་དུ་ངོ་ཤེས་པར་འགྱུར་བ་དང་། དཔའ་བོ་ཆས་སུ་ཚུད་པ་བཞིན་དུ་འཇིགས་པའི་བར་ཆད་ཀྱིས་མི་ཚུགས་པ་དང་། བྲན་གྱིས་རྗེ་མཐོང་བ་ལྟར་བཀུར་འོས་ཀྱི་གཙོ་བོར་མཐོང་བར་འགྱུར་རོ། ༈ །དཀྱིལ་འཁོར་གསུམ་དངོས་བསྟན་པ་ལ་གསུམ་སྟེ། ཚོགས་གཉིས་ཟུང་འཇུག་ཏུ་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་བསྟན་པ། ཕྱི་སྣོད་འཇིག་རྟེན་སྦྱང་བའི་ཕྱིར་རྟེན་གཞལ་ཡས་ཁང་བསྒོམ་པ་དང་། ནང་བཅུད་ཀྱི་སེམས་ཅན་སྦྱང་བའི་ཕྱིར་བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །ངག་དོན་ལ་གསུམ་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བཅུ་སྟེ། ངོ་བོ་དང། ངེས་ཚིག་དང་། དབྱེ་བ་དང་། མིང་གི་རྣམ་གྲངས་དང་། ལས་དང་། བསྟན་པའི་ཡོན་ཏན་དང་། མ་བསྟན་པའི་སྐྱོན་དང་། གཞི་ལམ་འབྲས་བུ་གསུམ་ལས་གང་དུ་གཏོགས་པ་དང་། སྐུ་གསུམ་ལས་གང་ཡིིན་པ་དང་། ཇི་ལྟར་སྒོམ་པའི་ཐབས་སོ། །དང་པོ་ངོ་བོ་ནི། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ལ་དམིགས་པའི་བློ་རྩེ་གཅིག་པའོ། །ངེས་ཚིག་ནི། དེ་མ་ནོར་བཞིན་མ་བཅོས་བཞིན་ཆོས་ཉིད་ལས་མ་གཡོས་ཏེ། མ་ནོར་མ་བཅོས་མ་གཡོ་བ་ལ་མ་ཡེངས་པར་སེམས་འཛིན་པའོ། །དབྱེ་ན་བཞི་སྟེ། དེ་ནི་ཆོས་རྣམས་ཀྱི་ཡང་དག་པའི་གནས་ལུགས་ཉིད་ལས། མ་ནོར་བའི་དེ་བཞིན་ཉིད། དེ་ཡང་རྒྱུ་རྐྱེན་ལས་མ་བྱུང་བས་མ་བཅོས་པའི་དེ་བཞིན་ཉིད། སེམས་ཅན་མ་ལུས་པའི་རྒྱུད་ལ་རང་བཞིན་གྱིས་གནས་པས་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད། དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པས་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །མིང་གི་རྣམ་གྲངས་ནི། དེ་བཞིན་ཉིད། དོན་དམ་པའི་བདེན་པ། སྐྱེ་བ་མེད་པ། ཆོས་ཀྱི་སྐུ་ཞེས་བྱའོ། །ལས་ནི། མཚན་མའི་རྣམ་རྟོག་ཐམས་ཅད་འཇོམས་པར་བྱེད་དོ། །བསྟན་པའི་ཡོན་ཏན་ནི། ལྟ་བ་ཆོས་ཉིད་ཀྱི་རྩིས་ཐེབས་ནས་བྱེད་སྤྱོད་ཐམས་ཅད་ཡང་དག་པའི་ལམ་དུ་འགྱུར་བའོ། །མ་བསྟན་པའི་སྐྱོན་ནི། ལྟ་བ་ཆོས་ཉིད་ཀྱི་རྩིས་མ་ཐེབས་པས། །བསྐྱེད་རིམ་རང་རྒྱུད་པར་ལྷུང་ན་གོལ་སར་ལྷུང་སྟེ། དེ་ཡང་རྒྱུའི་ཡི་གེ་རང་རྒྱུད་པར་བསྒོམ་ན་འདུས་བྱས་ཀྱི་མཆོད་རྟེན་དུ་སྐྱེ། ཞི་བའི་ང་རྒྱལ་རང་རྒྱུད་པར་བསྒོམ་ན་ལྷ་ཚེ་རིང་པོར་སྐྱེ། ཁྲོ་བོའི་རྣམ་པ་རང་རྒྱུད་པར་བསྒོམ་ན་ལས་ཀྱི་སྲིན་པོར་སྐྱེ། མགོ་བརྙན་རང་རྒྱུད་པར་བསྒོམ་ན་དུར་ཁྲོད་ཀྱི་ཝ་སྤྱང་དུ་སྐྱེ། ཞེ་སྡང་རང་རྒྱུད་པར་བསྒོམ་ན་དམྱལ་བར་སྐྱེའོ། །ཤེས་བྱའི་ཆོས་ཀུན་གཞི་ལམ་འབྲས་བུ་གསུམ་དུ་ངེས་པ་ལས་གནས་ལུགས་དང་མཐུན་པར་འཇུག་པས་ན་གཞིར་གཏོགས། སྐུ་གསུམ་ལས་ཆོས་སྐུ་སྟེ་སྤྲོས་བྲལ་ཙམ་དུ་ཆོས་མཐུན་པས་ཆོས་སྐུ་མངོན་དུ་བྱེད་པའི་རྒྱུ་ཡིན་པས་ན་འབྲས་བུའི་མིང་གི་རྒྱུ་ལ་བཏགས་པའོ། །གལ་ཏེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཆོས་སྐུ་མངོན་དུ་བྱེད་ན། དེ་ཀུན་ཏུ་སྣང་བ་ལ་སོགས་པའི་ཏིང་ངེ་འཛིན་གཞན་མི་དགོས་པར་འགྱུར་རོ་ཞེ་ན། ལན་དུ་ཁ་ཅིག་ན་རེ། འདིས་ཆོས་སྐུ་ཐོབ་ཀྱང་ད་རུང་གཟུགས་སྐུ་ཐོབ་པར་བྱེད་པ་ལ་ཏིང་ངེ་འཛིན་གཞན་བསྒོམ་དགོས་སོ། །ཞེས་ཟེར་བ་ནི་མི་རིགས་ཏེ། སྐུ་གཉིས་ངོ་བོ་གཅིག་པ་ཉིད་ཀྱིས་གཅིག་ཐོབ་ལ་གཅིག་མ་ཐོབ་པ་ནི་མི་སྲིད་པའི་ཕྱིར་རོ། །དེ་ཡང་རྒྱུ་མཚན་གཟུགས་སྐུ་ནི་ཆོས་སྐུའི་ཕྲིན་ལས་ཡིན་པས་སོ། །རང་ལུགས་ཀྱི་ལས་དང་པོ་པའི་ཏིང་ངེ་འཛིན་མོས་པ་ལས་བྱུང་བའི་དེ་བཞིན་ཉིད་ཀྱིས་ཆོས་སྐུ་ཐོབ་པའི་ཕྱིར་གཞན་མི་དགོས་པའི་རྟགས་མ་གྲུབ་ཅིང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཇི་ལྟ་བ་བསྐྱེད་དུ་བྱར་མེད་པ་མངོན་དུ་གྱུར་པ་ཉིད་ཀྱིས་ཆོས་སྐུ་ཐོབ་པའི་ཕྱིར་ན་ལས་དང་པོ་པས་ཏིང་ངེ་འཛིན་གཞན་མི་དགོས་པའི་ཁྱབ་པ་མ་གྲུབ་ལ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གསུམ་བསྐྱེད་དུ་བྱར་མེད་པས། ཇི་ལྟར་གསལ་བ་དེས་ཆོས་སྐུ་ཐོབ་པས་ན། ཏིང་ངེ་འཛིན་གཞན་བསྒོམ་མི་དགོས་པ་ནི་འདོད་རྟོག་ཡིན་ནོ། །ཇི་ལྟར་སྒོམ་པའི་ཐབས་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་བློ་གནས་པར་བྱའོ། །ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་བཅུ་ལས། ངོ་བོ་ནི་སྙིང་རྗེ་སྒྱུ་མའི་བདག་ཉི་ཅན་ནོ། །ངེས་ཚིག་ནི། སྣང་ཡང་བདེན་པས་སྟོང་ཞིང་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་པས་ན། སྙིང་རྗེ་སྒྱུ་མའམ་ཀུན་ཏུ་སྣང་ཞེས་བྱའོ། །དབྱེ་ན་སྒྱུ་མའི་ཆོས་དྲུག་སྟེ། དེ་མ་ཡིན་པ་ལ་དེར་ཞེན་པས་ལོག་རྟོག་སྒྱུ་མ། གནས་སྐབས་ཀྱི་དོན་བྱེད་ནུས་པས་དངོས་པོ་སྒྱུ་མ། དེ་ཡང་རེ་ཞིག་པའི་རྒྱུ་རྐྱེན་ལ་རག་ལས་པས་རྟེན་འབྲེལ་སྒྱུ་མ། ལྷའི་སྐུར་གསལ་བ་ཐ་མལ་གྱི་ལུས་ལ་རྒྱས་འདེབས་པ་ཕྱག་རྒྱ་སྒྱུ་མ། དེ་ཐ་མལ་གྱི་རྣམ་རྟོག་སྤོང་བར་བྱེད་པས་ཐབས་སྒྱུ་མ། དེ་ཡང་ཡང་དག་པར་སྣང་ལ་རང་བཞིན་མེད་པས་ཡེ་ཤེས་སྒྱུ་མའོ། །མིང་གི་རྣམ་གྲངས་ནི། ཀུན་ཏུ་སྣང་ངམ། སྙིང་རྗེ་ཆེན་པོའམ། སྒྱུ་མ་ལྟ་བུའི་རྒྱུ་འབྲས་མཚམས་སྦྱོར་གྱི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །ལས་ནི་དེ་བཞིན་ཉིད་དང་འབྲས་བུ་ལྷའི་སྐུ་བསྒོམ་པའི་མཚམས་སྦྱོར་བར་བྱེད་དོ། །བསྟན་པའི་ཡོན་ཏན་ནི། སྟོང་པ་ཕྱོགས་གཅིག་པར་མི་འགྲོ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འགྱུར་རོ། །མ་བསྟན་པའི་སྐྱོན་ནི། སྟོང་པ་ཕྱོགས་གཅིག་པར་འགྲོ་བའོ། །གཞི་ལམ་འབྲས་བུ་གསུམ་ལས་གཞན་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་རྣམས་ཀྱི་འཇུག་ཡུལ་དུ་གྱུར་པས་ལམ་མོ། །སྐུ་གསུམ་ལས་ལོངས་སྐུ་སྟེ། སྣང་ལ་རང་བཞིན་མེད་པ་ཙམ་དུ་ཆོས་མཐུན་པའོ། །ལོངས་སྐུ་མངོན་དུ་བྱེད་པའི་རྒྱུ་ཡིན་ནོ། །སྒོམ་པའི་ཐབས་ནི། དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་སྙམ་དུ་ཀུན་ཏུ་ཁྱབ་པའི་སྙིང་རྗེ་བསྒོམ་པའོ། །རྒྱུའི་ཏིང་ངེ་འཛིན་ལ་བཅུ་ལས། ངོ་བོ་ནི་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་གོ། །ངེས་ཚིག་ནི། ལྷ་དང་གཞལ་ཡས་ཁང་བསྐྱེད་པའི་རྒྱུ་ཡིན་པས་སོ། །དབྱེ་བ་ནི་ཧཱུྃ་ལ་ཡི་གེ་ཆ་ལྔ་དང་བཅས་པས་ཡེ་ཤེས་ལྔའི་ངོ་བོ་ཉིད་དེ། ཧ་ཆོས་ཀྱི་དབྱིངས། འ་བྱ་བ་གྲུབ་པ། ཞབས་ཀྱུ་སོ་སོར་རྟོག་པ། ཟླ་ཚེས་མཉམ་པ་ཉིད། ཐིག་ལེ་མེ་ལོང་ལྟ་བུའོ། །མིང་གི་རྣམ་གྲངས་ནི། བསྐྱེད་པའི་རིིམ་པ། ལྷའི་རྣལ་འབྱོར། རྒྱུའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །ལས་ནི། ལྷ་དང་གཞལ་ཡས་ཁང་བསྐྱེད་པར་བྱེད་དོ། །བསྟན་པའི་ཡོན་ཏན་ནི། ཏིང་ངེ་འཛིན་ཁ་ཚང་བའོ། །མ་བསྟན་པའི་སྐྱོན་ནི། ལྷ་དང་གཞལ་ཡས་ཁང་བསྐྱེད་པའི་ས་བོན་མེད་པར་འགྱུར་རོ། །གཞི་ལམ་འབྲས་བུ་གསུམ་ལས་སྔར་གྱི་སྙིང་རྗེ་སྒྱུ་མ་ཙམ་ལས་བྱུང་བ་ཉིད་པས་འབྲས་བུར་གཏོགས་སོ། །གལ་ཏེ་འབྲས་བུའི་ཁོངས་སུ་གཏོགས་ན། རྒྱུའི་ཏིང་ངེ་འཛིན་དུ་འགལ་ལོ་ཞེ་ན། སྙིང་རྗེ་སྒྱུ་མ་ལ་ལྟོས་ནས་འབྲས་བུ་ཡིན་པས་། ལྷ་དང་གཞལ་ཡས་ཁང་བསྒོམ་པ་ལ་ལྟོས་ནས་རྒྱུར་འགྲོ་སྟེ། ལྟོས་ས་ཐ་དད་པའི་ཕྱིར་རོ། །སྐུ་གསུམ་ལས་སྤྲུལ་སྐུ་སྟེ་གསུང་ཡིག་འབྲུའི་རྣམ་པར་སྣང་ཞིང་། སྤྲུལ་སྐུ་མངོན་དུ་བྱེད་པའི་རྒྱུ་ཡིན་པས་སོ། །སྒོམ་པའི་ཐབས་ནི། སེམས་ཅན་རྣམས་སྙིང་རྗེ་བ་ལ་ཁ་འཁུན་ཅིང་བསྡད་པས་མི་ཕན་ཏེ། དེ་རྣམས་ཀྱི་དོན་བྱ་བའི་ཕྱིར་ནམ་མཁའ་སྟོང་པའི་གོ་སྐབས་སུ་རང་གི་སེམས་ཀྱི་སྣང་བ་ཡི་གེ་ཧཱུྃ་མཐིང་སྔོན་རྨ་བྱའི་སྒྲོ་ལྟ་བུ་ཞིག་ལྷང་ངེ་གསལ་བར་བསྒོམས་ཏེ། དགོངས་རྒྱུད་ལེའུ་ལྔ་པ་ལས། དང་པོ་ཀུན་གཞི་སྟོང་པ་ཉིད་ཀྱི་ལུང་། །གཉིས་པ་འགྲོ་དོན་རྒྱུ་འབྲས་མཚམས་སྦྱོར་ལུང་། །གསུམ་པ་ཡེ་ཤེས་སེམས་དཔའ་སྒྱུ་མའི་ལུང་། །ཞེས་སོ། །དེ་ནས་རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཅེས་པ་ལ་སོགས་པས་གསལ་གདབ་བོ། །བསྡུས་དོན་ལ་གསུམ་སྟེ། དང་པོ་དེ་བཞིན་ཉིད་ཀྱི་ངོ་བོ་ནི་རྡོ་རྗེ་ཞེས་པ་དང་། ཁྱད་པར་གྱི་ལས་ནི་ཁྲོས་པས་ཞེས་པས་བསྟན་ཅིང་། གཉིས་པ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི་ཞེ་སྡང་གཅོད་ཅེས་པས་བསྟན་ལ། གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི་མཚོན་ཆེན་ཞེས་པ་ལ་སོགས་པས་སོ། །ཚིག་དོན་རྡོ་རྗེ་ཞེས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དམིགས་ཡུལ་ཆོས་ཉིད་དུ་སྟོང་པ་ཉིད་དེ། ཁྲོས་པས་ནི་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་མཚན་མའི་རྣམ་རྟོག་འཇོམས་པ་ལ་བྱ་ཞིང་། ཞེ་སྡང་གཅོད་ནི་གོང་གི་སྟོང་པ་ཉིད་མ་རྟོགས་པར་རྣམ་རྟོག་རང་རྒྱུད་དུ་ཞེན་པ་རྣམས་ལ་སྙིང་རྗེ་སྐྱེས་ནས་འདུལ་བས་ཏེ། དེ་གཅིག་པུར་མ་ཟད་ཀྱི་ཉོན་མོངས་པ་ལྔ་ཀར་གཅོད་པའོ། །གལ་ཏེ་དེ་ལྟར་ན་གསང་སྔགས་ཐབས་ལ་མཁས་པའི་ལམ་མ་ཡིན་པར་འགྱུར་རོ་ཞེ་ན། མཚོན་ཆ་ངོ་བོ་མ་སྤངས་པས་ཐབས་མཁས་སུ་འགྱུར་པས་སོ། །གང་གིས་ན་ལྷ་དང་གཞལ་ཡས་ཁང་བསྐྱེད་ཅིང་མཚོན་པ་ནི་ཐ་མལ་པའི་མཚོན་བྱེད་ལས་ཁྱད་པར་དུ་གྱུར་པས་ན་མཚོན་ཆེན་ཏེ་ཆོས་ཉིད་མི་འགྱུར་བའི་བརྡར། རང་གི་རིག་པའི་ཡི་གེ་ཧཱུྃ་ཁ་དོག་སྔོན་པོ་འབར་བ་དང་བཅས་པར་གསལ་བ་ཡིས་ཅི་བྱེད་ན། ལྷ་དང་གཞལ་ཡས་ཁང་བསྐྱེད་པའི་ལས་བྱེད་དོ། །རྟེན་གཞལ་ཡས་ཁང་བསྐྱེད་པ་ལ་གསུམ་སྟེ། །ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གསུམ་སྟེ། གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། ཞར་ལ་གདན་བསྐྱེད་པའོ། །དང་པོ་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུའི་ཡི་གེ་ཧཱུྃ་དེ་ལས་ཨེ་སྥ་ར་ཎ་ཕཊ། ཅེས་པས་ཨེ་གཅིག་འོག་གི་ཕྱོགས་སུ་ཆ ད། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་ཨེ་འོད་དུ་ཞུ་བ་ལས། ཨེ་དྷརྨ་དྷཱ་ཏུ་ཆོས་ཀྱི་འབྱུང་གནས་ཞེས་བྱ་སྟེ། ནམ་མཁའི་དབྱིབས་གྲུ་གསུམ་པ་ལ་ཁ་དོག་མཐིང་ག་རྒྱ་ཁྱོན་དཔག་ཏུ་མེད་པ། ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པའི་རང་བཞིན་དུ་བསྒོམ་མོ། །གལ་ཏེ་ནམ་མཁའ་དངོས་མེད་ལ་དབྱིབས་དང་ཁ་དོག་མི་འཐད་དོ་ཞེ་ན། བདེན་ཏེ་དབྱིབས་སུ་སྣང་བ་ནི་ལུང་པའི་དབང་གིས་ཏེ། འཛམ་བུ་གླིང་གྲུ་གསུམ་དུ་ཡོད་པ་དང་། ཁ་དོག་ཏུ་སྣང་བ་ནི་བར་སྣང་གི་རྡུལ་གྱིས་ཏེ། རི་རབ་ལྷོ་ངོས་བཻཌཱུརྱ་སྔོན་པོའི་ཁ་དོག་བར་སྣང་གི་རྡུལ་ལ་ཕོག་པས། འཛམ་བུ་གླིང་གི་ནམ་མཁའ་སྔོན་པོར་སྣང་བ་ཉིད་ལ་བྱིས་པ་ལས་དང་པོ་པ་དེ་ལྟར་ཞེན་པ་དང་། རེ་ཞིག་སྒོ་བསྟུན་པའོ། དེ་ལས་ཡྂ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས། ཧཱུྃ་དེ་ལས་ཡྂ་གཅིག་འོག་གི་ཕྱོགས་སུ་ནམ་མཁའི་སྟེང་དུ་ཆད། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་ཡྂ་འོད་དུ་ཞུ་བ་ལས་རླུང་གི་དཀྱིལ་འཁོར་དབྱིབས་ཟླ་གམ་ཁ་དོག་དུད་ཁ་རྔམས་སུ་དཔག་ཚད་དྲུག་འབུམ་ལ། རྒྱར་གྲངས་མེད་པ་ཡུམ་དམ་ཚིག་སྒྲོལ་མའི་མཁའ་ཀློང་དུ་བསྒོམ་མོ། །ར་སྥ་ར་ཎ་ཕཊ྄་ཅེས་པས་ཧཱུྃ་ལས་ར་གཅིག་རླུང་གི་སྟེང་དུ་ཆད། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་ར་འོད་དུ་ཞུ་བ་ལས། རཀྟའི་རྒྱ་མཚོ་དབྱིབས་ཟླུམ་པོ། ཁ་དོག་དམར་པོ་རྔམས་སུ་འབུམ་ཕྲག་བརྒྱད་པ། རྒྱ་ཁྱོན་རླུང་གིས་གར་ཁྱབ་ཏུ་ཁྱབ་པ་ཡུམ་མཱ་མ་ཀཱིའི་མཁའ་ཀློང་དུ་བསྒོམ། སུཾ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཧཱུྃ་ལས་སུཾ་གཅིག་ཆད་པས་རཀྟའི་རྒྱ་མཚོའི་སྟེང་དུ་བབས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་སུཾ་འོད་དུ་ཞུ་བ་ལས། མཆོག་ཕྲན་གྱི་ས་གཞི་ཁ་དོག་སྨུག་པོ་དབྱིབས་གྲུ་བཞི། རྔམས་སུ་སུམ་འབུམ་ཉི་ཁྲི་དང་ལྡན་པ། ཡུམ་སངས་རྒྱས་སྤྱན་མའི་མཁའ་ཀློང་དུ་བསྒོམ། ཀེཾ་སྥ་ར་ཎ་ཕཊ྄། ཅེས་བརྗོད་པས་ཧཱུྃ་ལས་ཀེཾ་གཅིག་ཆད་པ་དེ་མཆོག་ཕྲན་གྱི་ས་གཞིའི་སྟེང་དུ་བབས། སཾ་ཧ་ར་ཎ ཧཱུྃ་ཞེས་པས་ཀེཾ་འོད་དུ་ཞུ་བ་ལས། ཀེང་རུས་ཀྱི་རི་རབ་ཁ་དོག་སྔོ་སྐྱ། །དབྱིབས་སོག་པུ་རྟིང་པ་སྤྲད་པ་ལྟ་བུ། །དཔག་ཚད་བརྒྱད་ཁྲི་རཀྟའི་རྒྱ་མཚོར་ནུབ་ཅིང་བརྒྱད་ཁྲི་གྱེན་དུ་འཕགས་པ་ཞིག་ཏུ་བསྒོམ། །རཾ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཧཱུྃ་ལས་རཾ་གཅིག་ཆད། རི་རབ་ཀྱི་སྟེང་དུ་བབས། སཾ་ཧ་ར་ཎ་ཧཱུྃ་ཞེས་བརྗོད་པས་རཾ་འོད་དུ་ཞུ་བ་ལས་མེའི་དཀྱིལ་འཁོར་དབྱིབས་གྲུ་གསུམ་ཁ་དོག་དམར་པོ་རྒྱ་ཁྱོན་དཔག་ཏུ་མེད་པ་ཡུམ་ན་བཟའ་དཀར་མོའི་མཁའ་ཀློང་དུ་བསྒོམ་མོ། །གཉིས་པ་གཞལ་ཡས་ཁང་བསྐྱེད་པ་ནི། བྷྲཱུྂ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས། ཧཱུྃ་དེ་ལས་བྷྲཱུྂ་གཅིག་ཆད་དེ་མེའི་གསེབ་ཏུ་བབས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་བྷྲཱུྂ་འོད་དུ་ཞུ་བ་ལས་བྷྲཱུྂ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་ཨེ་བྷྲཱུྂ། ཞེས་བརྗོད་པས་བྷནྡྷ་འབར་བའི་གཞལ་ཡས་ཁང་གཉིས་སུ་མེད་པ་ཡེ་ཤེས་ཀྱི་སྣང་བ་ཉིད་ལས་ཕྱི་ཟག་པ་མེད་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་། དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་བཞུགས་གནས་སུ་གྱུར་པ། ནང་དུར་ཁྲོད་ཀྱི་རྫས་ཐོད་པ་སྐམ་རློན་སྣ་ཚོགས་ལས་གྲུབ་པ། མངོན་སྤྱོད་ཀྱི་ལས་ཀྱིས་གདུག་པ་ཅན་ཚར་གཅོད་པའི་ཕྱིར། དབུས་གྲུ་གསུམ་མཐིང་ནག་རྡོ་རྗེའི་བྲག་ཆེན་པོ་འཇིགས་སུ་རུང་བ་ལ་ཁྲག་གི་མཚོ་རིས་ཀྱིས་མཚན་པ། རྗེས་སུ་འཛིན་པའི་ལས་ཀྱིས་གདུལ་བྱ་ལ་ཆགས་པས། ཕྱི་རོལ་ཟླ་གམ་ཁྲག་མཚོ་དམར་པོ་རྦ་རླབས་རབ་ཏུ་འཁྲུགས་པ་གསུམ་གྱིས་བསྐོར་བ། དེ་ཡང་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་གཅིག་གིས་བསྡུས་པ་ཉིད་ལས་ཐོད་སྐམ་གྱི་རྩིག་པ་ཟླུམ་པོ་དང་བཅས་པ། གདུལ་བྱའི་ཉོན་མོངས་པ་གཅོད་པས་ཕོ་བྲང་མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་པ། བདེན་པ་བཞི་རྣམ་པར་དག་པས་གྲུ་ཆད་བཞིས་བརྒྱན་པ། རྣམ་པར་ཐར་པའི་སྒོ་བཞི་ནས་འཇུག་པས་ཞིང་གི་སྒོ་གླེགས་དང་བཅས་པས་སྒོ་བཞི་དང་ལྡན་པ། སེར་སྣ་རྣམ་པར་དག་པས་འབྱུང་པོ་ཕོ་མོའི་རང་བཞིན་རུས་སྦལ་ཕོ་མོ་ཡ་ཐེམ་མ་ཐེམ་བྱས་པ། ཞེ་སྡང་རྣམ་པར་དག་པས་ཆུ་སྲིན་ཐོད་པས་རྟ་བབས་བྱས་པ། ང་རྒྱལ་རྣམ་པར་དག་པས་ལྷ་ཆེན་པོ་བརྒྱད་ཀྱི་རང་བཞིན་ཞིང་སྐེམ་པོ་བརྒྱད་ཀྱིས་ཀ་བ་བྱས་པ། གཏི་མུག་རྣམ་པར་དག་པས་ཀླུ་ཆེན་པོ་བརྒྱད་ཀྱི་རང་བཞིན་སྦྲུལ་ཆེན་པོ་བརྒྱད་ཀྱིས་གདུང་མ་བྱས་པ། ཕྲག་དོག་རྣམ་པར་དག་པས་གཟའ་ཆེན་པོ་བརྒྱད་ཀྱི་རང་བཞིན་སྣ་ཚོགས་པའི་སྦྲུལ་གྱིས་ཕྱམ་བྱས་པ། འདོད་ཆགས་རྣམ་པར་དག་པས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་སྦྲུལ་ཕྲན་མང་པོས་དྲལ་མ་བྱས་པ། བདག་འཛིན་རྣམ་པར་དག་པས་རུ་དྲ་ཕོ་མོའི་ལྤགས་པས་ཐོག་ཕུབ་པ། ཐབས་ཤེས་རབ་ཀྱི་སྣང་བས་འགྲོ་བ་མང་པོའི་མ་རིག་པའི་མུན་པ་སེལ་བ་ཉིད་ཀྱིས་ཉི་མ་དང་ཟླ་བའི་མཐོངས་དཀར་ཡོད་པ། ཡེ་ཤེས་སྣང་བ་ཀུན་ཏུ་མཛེས་པས་ལྕང་ལོར་བཅས་པའི་ཐོད་པ་སྣ་ཚོགས་ཀྱིས་ཁ་བད་བྱས་པ། ཟག་པ་མེད་པའི་བདེ་བ་རྒྱུན་མི་ཆད་པའི་ཕྱིར་ཁ་བད་ཀྱི་འོག་ན་ཙིཏྟ་སྣ་ཚོགས་པའི་ཕྲེང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པས་མཚན་པ། ཐ་མལ་གྱི་རྣམ་རྟོག་སྣ་ཚོགས་པ་ཡེ་ཤེས་ཀྱི་གཟི་བྱིན་གྱིས་རྣམ་པར་གནོན་པས་ཞིང་ཆེན་གྱི་འཕན་འཕྱར་ཞིང་ཀེང་རུས་ཀྱི་རྒྱལ་མཚན་བསྒྲེངས་པ། ལས་དང་སྡུག་བསྔལ་གྱིི་ཚང་ཚིང་མི་གནས་པར་སྡུད་པས་ཕྱོགས་བཞིར་ཁྲག་གི་ཞམ་ཆུ་ཆེན་པོ་འབབ་པ། ཐམས་ཅད་དུ་ཆོས་ཉིད་མི་འགྱུར་བས་ཐོད་པའི་རྩིག་པ་རྣམས་ལ་གནམ་ལྕགས་ཀྱི་གཟེར་ཐལ་ལེ་བ་བཏབ་པ། ཀུན་ཀྱང་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ཏུ་ཡོངས་སུ་རྫོགས་པས་ཙིཏྟའི་ཏོག་ཆེན་པོ་གཅིག་ཏུ་གྱུར་པ། མངོན་སྤྱོད་ཀྱི་ལས་སྣ་ཚོགས་ཡོངས་སུ་འགྲུབ་པ་ཉིད་ཀྱིས་གྲུ་གསུམ་མཐིང་ནག་བཅོ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ལས་གཞན་དུ་མ་ཡིན་པས་ཕྱི་ནས་བལྟས་ན་ནང་གསལ་ཞིང་། ནང་ནས་བལྟས་ན་ཕྱི་གསལ་བ་ཞིག་ཏུ་བསྒོམ་མོ། །གསུམ་པ་གདན་བསྐྱེད་པ་ནི། ངག་ཏུ་ཛཿཧཱུྃ་བྂ་ཧོཿ རུ་དྲ་ཏི་ར་བཾ་ཞེས་བརྗོད་པས། སྔར་གྱི་རྒྱུའི་ཡི་གེ་ཧཱུྃ་ལས་ལྷ་མོ་བཞི་འཕྲོས་ཏེ། ལྕགས་ཀྱུ་མས་རུ་དྲ་ཕོ་མོའི་སྙིང་ནས་བཟུང་། ཞགས་པ་མས་མགྲིན་པ་ཞགས་པས་བཅིངས། ལྕགས་སྒྲོག་མས་དཔུང་པ་ལྕགས་སྒྲོག་གིས་བསྡམས། དྲིལ་བུ་མས་རང་དབང་མེད་པར་བཀུག་སྟེ། དབུས་ཀྱི་གདན་ལ་བྱི་ཆིངས་སུ་བཅིངས་པར་བསམ་མོ། །ཝ་རུ་ན་ཏི་ར་བཾ་ཞེས་བརྗོད་པས། ཀླུ་ཕོ་མོའང་སྔ་མ་ལྟར་གདན་དུ་བྱ་ཞིང་། མ་སཱུརྻ་མཎྜ་ལ་ཞེས་པ་ཉི་མའི་གདན། ཨ་ཙནྡྲ་མཎྜ་ལ་ཞེས་པས་ཟླ་བའི་གདན། པཾ་པདྨ་མཎྜ་ལ་ཞེས་པས་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པས་ཏེ། རྒྱལ་བྱེད་དཔའ་རྟགས་ཀྱི་གདན། ཐབས་དང་ཤེས་རབ་ཀྱི་གདན། མ་ཆགས་པདྨའི་གདན་རྣམས་འོག་ནས་འོག་ཏུ་རིམ་པ་བཞིན་བསམ་མོ། །བསྡུས་དོན་ལ་དབྱེ་བ་མེད། ཚིག་གི་དོན་ནི། སྔར་གྱི་རྒྱུའི་ཡི་གེ་ཧཱུྃ་མཐིང་སྔོན་དེ་མདུན་གྱི་ནམ་མཁའི་དཀྱིལ་ན་གནས་པ་ལས་ཐིགས་པ་དང་འདྲ་བ་ཨེ་ཡྂ་ར་སུཾ་ཀེཾ་རྂ་བྷྲཱུྂ་ཞེས་པའི་ཡིག་འབྲུ་དྲུག་ཤར་ཞིང་བབ་པ་ལ་བརྟེན་ནས། འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའོ། །བརྟེན་པ་ལྷ་བསྐྱེད་པ་ལ་གསུམ་སྟེ། བདག་ཉིད་རྩ་བའི་དཀྱིལ་འཁོར་བསྐྱེད་པ་དང་། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་དང་། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ངག་དོན་ལ་བཞི་ལས། བདག་རྩ་བའི་དལ་གྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ནོ། །ངོ་བོ་ཆོ་ག་གསུམ་གྱིས་བསྐྱེད་པའི་དལ་གྱི་བདག་པོའོ། །ངེས་ཚིག་ནི། དལ་གཉིས་འབྱུང་བའི་རྒྱུར་འགྱུར་བས་བདག་ཉིད་རྩ་བའི་དལ་ཞེས་བྱའོ། །དབྱེ་ན་སེམས་དཔའ་གསུམ་ཡུམ་དང་བཅས་པའོ། །བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ལ་ལྔ་སྟེ། །བདག་རྡོ་རྗེ་གཞོན་ནུར་བསྐྱེད་པ་དང་། ཐུགས་ཡེ་ཤེས་སེམས་དཔར་བསྐྱེད་པ་དང་། གཡོན་ཕྱོགས་སུ་ཡུམ་བསྐྱེད་པ་དང་། །ཚིག་གིས་གསལ་གདབ་པ་དང་། དལ་བརྒྱད་ལྡན་དུ་ཉམས་སུ་བླང་བའོ། །དང་པོ་ཆོ་ག་གསུམ་ནི། རྒྱུའི་མའི་མངལ་དུ་བར་དོའི་རྣམ་ཤེས་ཡི་གེ་ཧཱུྃ་གི་ཞུགས་པ་སྦྱང་བའི་ཕྱིར། ཡི་གེ་ཧཱུྃ་དེ་སྐར་ཆེན་ཐང་ལ་བབས་པ་བཞིན་གཞལ་ཡས་ཁང་གི་གནམ་སྐར་ནས་བབས་ཏེ། གདན་སྟེངས་སུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་གའོ། །དེ་ལས་དེ་ཉིད་ཁུ་ཁྲག་འདྲེས་པ་ལས་ཕོ་མོ་རྣམས་རྡོ་རྗེའི་དབྱིབས་སུ་ཆགས་པ་སྦྱང་བའི་ཕྱིར། ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཧཱུྃ་ལས་ཧཱུྃ་གྲངས་མེད་པ་འཕྲོས་པས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་གཞིའི་ཧཱུྃ་ལ་འདུས་པས་འོད་དུ་ཞུ་སྟེ། ཏིཥྛ་བཛྲ་སཾ་ཧ་ར་ཎ་ཧཱུྃ་ཞེས་པས་མཐིང་ནག་ལྟེ་བ་ལ་ཧཱུྃ་གིས་མཚན་པ། རྡོ་རྗེ་རྩེ་དགུ་པ་གཅིག་ཏུ་གྱུར་པ་ནི། ཐུགས་ཕྱག་མཚན་གྱི་ཆོ་གའོ། །དེ་ལས་འོད་འཕྲོས་པ་ལས་དེ་ལས་ཡན་ལག་དང་སྐྱེ་མཆེད་དངོས་སྦྱང་བའི་ཕྱིར། རྡོ་རྗེ་གཞོན་ནུ་ཚོན་གང་བར་གྱུར་པ་ནི་སྐུ་ཕྲ་མོའི་ཆོ་གའོ། །དེ་ལ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་པས་ལུས་ཡོངས་སུ་རྫོགས་པ་སྦྱང་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྐུ་ཆེ་ལ་ཡན་ལག་རགས་པར་གྱུར་ཏེ། དེ་ཡང་ཐམས་ཅད་དུ་དྲག་པོའི་ལས་མཛད་པས་སྐུ་མདོག་མཐིང་ནག །སྐུ་གསུམ་དབྱེར་མེད་དུ་རྣམ་པར་དག་པས་ཞལ་གསུམ། ཕྱིན་དྲུག་རྣམ་པར་དག་པས་ཕྱག་དྲུག །བསྡུ་དངོས་གཞི་རྣམ་པར་དག་པས་ཞབས་བཞི་པ། ཆོས་ཀྱི་སྐུ་ལ་ཉེས་པའི་སྐྱོན་དང་བྲལ་བ་ཉིད་ཀྱིས་དགྱེས་པའི་ཞལ་གཡས་དཀར་ལ་བཞད་པ། སྤྲུལ་པའི་སྐུས་གདུལ་བྱ་མ་ལུས་པ་ལ་ཆགས་པས་ཞལ་གཡོན་དམར་ལ་གདངས་པ། ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཉིད་འགྱུར་བ་མེད་པ་ཐུགས་སུ་ཆུད་ཅིང་ཟག་མེད་ཀྱི་བདེ་བས་ཚིམ་པས་ཞལ་དབུས་མཐིང་ལ་རྔམས་པ། ཐེག་པ་ས་དགུའི་དོན་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ཏུ་རྟོགས་པས་ཕྱག་དྲུག་གི་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་དགུ་པ་གསོར་བར་མཛད་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་དུག་ལྔ་རྩ་བ་ནས་འཇོམས་པས་བར་པ་རྡོ་རྗེ་རྩེ་ལྔ་འཆང་བ། མ་རིག་པའི་བུད་ཤིང་བསྲེགས་པས་གཡོན་དང་པོ་སྡིགས་མཛུབ་ལ་ཡེ་ཤེས་ཀྱི་མེ་འབར་བ། དུག་གསུམ་རྩད་ནས་གཅོད་པས་བར་མས་ཁ་ཊྭཱྂ་རྩེ་གསུམ་བསྣུན་པ། གདུག་པ་ཅན་ཐལ་བར་རློག་པ་ཉིད་ཀྱིས་ཐ་མ་གཉིས་ཀྱིས་རི་རབ་ཀྱི་ཕུར་བུ་འདྲིལ་བ། སྲིད་པ་དང་ཞི་བའི་མཐའ་ལ་མི་གནས་པས་ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པ། གདུག་པ་ཅན་ཚར་གཅོད་པས་ཞབས་གཉིས་གྱད་ཀྱི་དོར་སྟབས་འཕེན་སྡུད་མཛད་པ། ཐེག་པ་རིམ་པ་དགུའི་དོན་ཇི་ལྟ་བར་གཟིགས་པས་སྤྱན་དགུ་སྡང་མིག་དམར་པོ་བགྲད་པ། བྱང་སེམས་འཕོ་བ་སྤངས་པས་རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ། ཤེས་རབ་ཀྱིས་ཆོས་དབྱིངས་ལ་ཆགས་པས་སྨ་ར་ཨག་ཚོམ་གཡས་ནས་གཡོན་དུ་འཁྱིལ་བ། རིགས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་རིགས་ལྔའི་སངས་རྒྱས་ཀྱིས་དབུ་ལ་བརྒྱན་པ། བྱེ་བྲག་སྦྱི་བོར་བཛྲ་ཁྲག་འཐུང་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ་གཡས་ན་རྡོ་རྗེ་ཁ་ཊྭཱྂ་རྔེའུ་ཆུང་། གཡོན་དྲིལ་བུ་དུང་དམར་རྒྱུ་ཞགས་སོ། །དེ་བཞིན་དུ་མཚོག་མར་བུདྡྷ་ཁྲག་འཐུང་མཐིང་ནག་གཡས་དང་པོ་འཁོར་ལོ། རྣ་ལྟག་གཡས་པར་རནྟ་ཁྲག་འཐུང་སེར་ནག་གཡས་དང་པོ་རིན་པོ་ཆེ། ལྟག་པར་པདྨ་ཁྲག་འཐུང་དམར་ནག་གཡས་དང་པོ་པདྨ་བསྣམས་པའོ། །རྣ་ལྟག་གཡོན་པར་ཀརྨ་ཁྲག་འཐུང་ལྗང་ནག་གཡས་དང་པོ་རྒྱ་གྲམ་བསྣམས་པའོ། །ལྷག་མ་ཀུན་དང་པོ་དང་མཚུངས་སོ། །ཐེག་པ་དུར་ཁྲོད་ཀྱི་ཆས་བརྒྱད་ལ། མཆོག་གི་སྟོབས་མངའ་བས་གླང་ཆེན་གྱི་ཀོ་རློན་དང་། མ་ཉམས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཞིང་གི་གཡང་གཞིའི་ན་བཟའ། དཔའ་གཏུམ་དྲག་པོའི་ཚུལ་གྱིས་ཤིན་ཏུ་མྱུར་བའི་ལས་མཛད་པས་སྟག་གི་ལྤགས་པའི་ཤམས་ཐབས་ཏེ་བགོ་བའི་གོས་གསུམ། བྱས་པ། དུས་གསུམ་སངས་རྒྱས་མ་ལུས་པའི་ངོ་བོ་ཉིད་པས་ཐོད་པ་ཚར་གསུམ་གྱི་ཕྲེང་བས་བརྒྱན་པ་སྟེ། བྱེ་བྲག་ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་པ། ཐོད་པ་རློན་པ་ལྔ་བཅུས་དཔུང་པ་བརྒྱན་པ། ཤ་ར་རི་ཉི་ཤུ་རྩ་ལྔས་སེ་རལ་ཁ་འཕྱང་བ། མཉེན་ལྕུག་ཡུམ་གྱི་བདེ་བ་དང་མི་འབྲལ་བ་ཉིད་ཀྱིས་སྤྲུལ་རིགས་ལྔས་བརྒྱན་པ་སྟེ། བྱེ་བྲག་རྒྱལ་རིགས་དཀར་ཁྲས་དབུ་ཐོད་དང་སྙན་ཆ། བྲམ་ཟེའི་རིགས་དམར་ཁྲས་མགུལ་ཆུ་དང་དཔུང་རྒྱན། རྗེའུ་རིགས་སེར་ཁྲས་སེ་རལ་ཁ། དམངས་རིགས་ལྗང་གུས་སྐ་རགས། གདོལ་པ་ནག་པོས་ཕྱག་གདུབ་དང་ཞབས་གདུབ་སྟེ་གདགས་པའི་རྒྱན་གཉིས་སོ། བྱས་པ། ཐུགས་རྗེས་སེམས་ཅན་ལ་ཆགས་པས་རཀྟའི་ཐིག་ལེ་དང་། དོན་དམ་པའི་བཅུད་དང་ལྡན་པས་ཞག་གི་ཟོ་རིས་དང་། ཕྲིན་ལས་ཐོགས་པ་མེད་པས་ཐལ་ཆེན་གྱི་ཚོམ་བུས་མཚན་པ། སྟེ་བྱུག་པའི་རྫས་གསུམ་མོ། །གདུག་པ་ཅན་ཐམས་ཅད་སྡིགས་པའི་ཕྱིར་སྨིན་མཚམས་ཁྲོ་གཉེར་རབ་ཏུ་བསྡུས་ཤིང་ཞབས་བགྲད་པ། མཆེ་བ་གཙིགས་པ། ལྗགས་འགྱུར་བ། ཞལ་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ཧཱུྃ་དང་ཕཊ་ཀྱི་སྒྲ་བསྐལ་པའི་འབྲུག་ལྟར་སྒྲོག་པ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ལུས་ཐམས་ཅད་ཁྲོ་ཆུང་གི་གྲོང་ཁྱེར་གྱིས་གཏམས་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མཚན་མའི་རྣམ་རྟོག་ཟིལ་གྱིས་གནོན་པས་རྡོ་རྗེའི་གཤོག་པ་ཕྱོགས་བཅུར་བརྒྱངས་པ། ལྟ་བས་མི་བཟོད་པའི་རྔམས་བརྗིད་མཚུངས་པ་མེད་པ་མངའ་བས་བསྐལ་པའི་མེ་རབ་ཏུ་འབར་བའི་ཀློང་ན་བཞུགས་པར་བསྒོམ་མོ། །གཉིས་པ་ཐུགས་ཡེ་ཤེས་སེམས་དཔའ་བསྐྱེད་པ་ནི། སྔར་སྒོ་ལྔའི་རྣམ་ཤེས་སྦྱོང་བྱེད། བསྐྱེད་པ་གཙོ་བོ་དམ་ཚིག་སེམས་དཔའི་ཐུགས་ཙིཏྟ་སྨུག་པོ་གུར་ཕུབ་པ་ལྟ་བུའི་གཞལ་ཡས་ཁང་གི་རྟ་མགྲིན་ཡབ་ཡུམ་གྱིས་བསྲུང་བའི་ནང་སྙིང་ཚིལ་དཀར་མོ་གདན་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཡིད་ཀྱི་རྣམ་ཤེས་སྦྱོང་བྱེད། ཚོན་གང་བ། ཡེ་ཤེས་སེམས་དཔའ་ཕྱི་རོལ་ཅི་འདྲ་བ་ལ་རྒྱན་ཆས་སྤངས་པ་གཅིག་བསྒོམ་མོ། །དེའི་ཐུགས་ཉོན་མོངས་པ་ཅན་གྱི་ཡིད་སྦྱོང་བྱེད། ཀར་རྡོ་རྗེ་འགྲེང་བུའི་ལྟེ་བ་ལའང་ཟླ་བའི་དལ་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཀུན་གཞིའི་རྣམ་ཤེས་སྦྱོང་བྱེད། ཧཱུྃ་མཐིང་ནག་ལ་ཀཱི་ལ་ཡ་འབྲུ་དགུས་བསྐོར་བར་བསམ་སྟེ། དགོངས་རྒྱུད་ལས། ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ། །རྡོ་རྗེ་ལྟེ་བའི་ཆངས་བཟུང་ལ། །བཟླས་པའི་ཡིག་འབྲུས་བསྐོར་བའོ། །ཞེས་སོ། །གསུམ་པ་ཡུམ་བསྐྱེད་པ་ནི། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་གཡོན་ཕྱོགས་སུ་ཆད་དེ། འོད་དུ་ཞུ་བ་ལས་དཱི པྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཞེས་བརྗོད་པས། ལུས་དང་གྲིབ་མ་འདུ་འབྲལ་མེད་པའི་ཚུལ་དུ་ཡབ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཅན་དུ་གྱུར་པའི་ཡུམ་འཁོར་ལོ་རྒྱས་འདེབས་མ། ཆོས་ཉིད་འགྱུར་བ་མེད་པ་གཅིག་ཏུ་རྟོགས་པར་བྱེད་པ་ཐབས་ཤེས་རབ་ཟུང་དུ་ཆུད་པས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཆོས་ཀྱི་དབྱིངས་ཀྱིས་རིག་པའི་ཡེ་ཤེས་ཐམས་ཅད་དུ་མི་གཏོང་བ་ཉིད་ཀྱིས་གཡས་ཡབ་ལ་འཁྱུད་པ། ཤེས་རབ་ཀྱི་ཐབས་ལ་ཆགས་པས་གཡོན་དུང་དམར་གཙོ་ལ་སྟོབ་པ། རྒྱན་ཆ་རྣམས་ཕལ་ཆེར་ཡབ་དང་མཐུན་པ་ལས། ཁྱད་པར་དུ་དགའ་བ་བཅུ་དྲུག་གི་ཐིག་ལེ་རྣམས་མ་འདྲེས་པ་ཡོངས་སུ་རྫོགས་པ་ཉིད་ཀྱིས་ཡུམ་ལ་གཟིག་གི་ཤམ་ཐབས་བྱས་པ་དེ་ལྟ་བུར་བསྐྱེད་དོ། །གལ་ཏེ་ཡབ་ཡུམ་ཞལ་སྦྱོར་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས་སུ་སྣང་བ་ཡིན་ན། ཡབ་ཡུམ་རིམ་པ་ཅན་དུ་བསྐྱེད་པས་ཡུལ་དང་ཡུལ་ཅན་དུས་མི་མཉམ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རང་བཞིན་གྱི་སྣང་བ་དང་། གདུལ་བྱ་ལམ་པ་གཅིག་ཆར་བ་གཉིས་ཀའི་དབང་དུ་སྔ་ཕྱི་མེད་ཀྱང་། འདིར་རིམ་གྱིས་པའི་དབང་དུ་དུས་གཅིག་ཏུ་སྣང་བ་རིམ་ཅན་དུ་བྱ་དགོས་པའི་ཕྱིར་རོ། །བཞི་པ་ཚིག་གིས་གསལ་གདབ་པ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པ་ལ་སོགས་པས་གསལ་གདབ་བོ། །ལྔ་པ་དཀྱིལ་འཁོར་བརྒྱད་ལྡན་དུ་ཉམས་སུ་བླང་བ་ནི། གཙོ་བོ་དམ་ཚིག་གི་ཕྱག་རྒྱ། ཏིང་ངེ་འཛིན་སེམས་དཔའ་ཆོས་ཀྱི་ཕྱག་རྒྱ། གཟུངས་མ་ལས་ཀྱི་ཕྱག་རྒྱ། མཐར་ཐུག་ཕྱག་རྒྱ་ཆེན་པོ་སྟེ་སྐུ་ཕྱག་རྒྱའི་དཀྱིལ་འཁོར་དང་། དབུ་རིགས་ལྔའི་དལ་དང་། ལུས་ལ་ཁྲོ་ཚོགས་ཀྱི་དལ་དང་། ཐུགས་ཀ་ཡེ་ཤེས་སེམས་དཔའི་དལ་དང་། སྒོ་རྟ་མགྲིན་ཡབ་ཡུམ་གྱི་དལ་དང་། བཟླས་བརྗོད་བསྙེན་པའི་དལ་དང་། གཉིས་སུ་མེད་པ་ཡུམ་གྱི་དལ་དང་། ཞབས་འགྲོ་བ་འདུལ་བའི་དལ་ལོ། །བསྡུས་དོན་ལ་གསུམ་ལས། བསྐྱེད་བྱའི་གཙོ་བོ་ཡབ་ཡུམ་ནི། །ཞེས་པ་ལ་སོགས་པ་དང་། ཐུགས་ཡེ་ཤེས་སེམས་དཔའ་ནི། སྙིང་གི་སྒོ་རུ་ཞེས་པ་ལ་སོགས་པས་བསྟན་ཅིང་། བསྐྱེད་པའི་སྔགས་ཡབ་ཀྱི་ནི་ༀ་བཛྲ་ཞེས་པ་ལ་སོགས་དང་། ཡུམ་གྱི་ནི་ༀ་དཱིཔྟ་ཞེས་པ་ལ་སོགས་ཏེ། འདིར་སྔགས་ཀྱི་དོན་ངེས་པར་བྱ་བ་ལ། ངོ་བོ། ངེས་ཚིག །མཚན་ཉིད། དབྱེ་བ། སོ་སོའི་དོན་ནོ། །དང་པོ་སྔགས་ཀྱི་ངོ་བོ་ནི། མནྟྲའི་སྒྲ་ལས། མ་ན་ཡིད་ལ། ཏྲ་ཡ་ན་སྐྱོབ་པས་ཏེ། ཡིད་དམ་ཤེས་པ་ངན་འགྲོ་དང་སྲིད་པའི་མཚོ་ལས་སྐྱོབ་པས་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། མ་ན་ཡིད་ཅེས་བྱ་བ་སྟེ། ཏྲ་ནི་སྐྱོབ་པ་ཉིད་དུ་བཤད། །ཅེས་སོ། །གལ་ཏེ་དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པའང་སྔགས་སུ་འགྱུར་རོ་ཞེ་ན། དེ་ལྟར་མ་ཡིན་ཏེ། འདིར་ལམ་བདེ་བར་སྐྱོབ་པ་དང་འབྲས་བུ་མྱུར་བར་སྐྱོབ་པ་ཉིད་ཀྱི་ཁྱད་པར་དུ་བྱས་ཏེ། འདོད་ཡོན་སྤང་པའི་དཀའ་ཐུབ་དང་དཀའ་སྤྱད་ལ་མི་ལྟོས་ཤིང་། དུས་ཀྱང་སྐྱེས་བུ་བརྩོན་འགྲུས་དང་ལྡན་པས་ཚེ་འདི་ཉིད་ཀྱིས། འབྲིང་བར་མདོར། ཐ་མས་ཀྱང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ཀྱིས་ཏེ་རིམ་པ་བཞིན། དེའང་སྔར་གྱི་རྩ་བའི་རྒྱུད་འདི་ཉིད་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཅི་བདེ་བར་ནི་སྤྱད་པས་འགྲུབ། །ཅེས་པ་དང་། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་རྣམ་པར་བརྒྱན། །ཚེ་འདི་ཉིད་ཀྱིས་ཐོབ་པར་འགྱུར། །ཞེས་གསུངས་ཤིང་། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཡང་ན་ལུས་འདི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་གསུངས་ལ། མཁའ་འགྲོ་མ་གསང་བའི་རྒྱུད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་པར་གྱིས། །མ་བསྒོམས་པར་ཡང་སངས་རྒྱས་འགྱུར། །ཞེས་པ་དང་། དམ་ཚིག་ཉི་ཤུ་རྩ་ལྔ་པ་ལས། དམ་ཚིག་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །ཅེས་སོ། །དེ་ལྟར་མིན་ཡང་། ངོ་བོ་ཁྱབ་ཆེས་ཁྱབ་ཆུང་སྐྱོན་དུ་མི་ཆེ་བ་ཡིན་ནོ། །ངེས་ཚིག་ནི། ཉོན་མོངས་པ་མ་སྤངས་བཞིན་རང་སར་དག་པར་བྱེད་པས་ན་སྔགས་ཏེ། རྒྱུད་ལས། དུག་གསུམ་གཏིང་འབྱིན་ཕྱིར་ན་སྔགས། །ཞེས་སོ། །མཚན་ཉིད་ནི། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །བདེ་བར་གཤེགས་པའི་ཐུགས་ཉིད་དོ། །ཞེས་སོ། །དབྱེ་ན་ཐུན་མོང་དང་ཁྱད་པར་གཉིས་ལས། དང་པོ་ལ་གསུམ་སྟེ། གསང་སྔགས་དང་། གཟུངས་སྔགས་དང་། རིག་སྔགས་སོ། །དེ་དག་གི་ཁྱད་པར་ཡང་། བསྐྱེད་རིམ་དུ་ལྷ་དང་ལྷ་མོ་ཟུང་མཉམ་དུ་སྟོན་པས་གསང་སྔགས། མོ་ཤས་ཆེ་བས་གཟུངས་སྔགས་སོ། །ཕོ་ཤས་ཆེ་བས་རིག་སྔགས་སོ། །བཟླས་པའི་རིམ་པར་ༀ་གྱིས་སྣ་དྲངས་པ་གསང་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡས་སྣ་དྲངས་པ་རིག་སྔགས། ཏདྱ་ཐཱས་སྣ་དྲངས་པ་གཟུངས་སྔགས་སོ། །མཁའ་འགྲོ་མ་གསང་བའི་རྒྱུད་ལས། མ་རིག་རྣམས་ལ་གསང་བའི་ཕྱིར། །གསང་སྔགས་ཞེས་སུ་བསྟན་པ་ཡིན། །དེ་དོན་ཕྱིན་ཅི་མ་ལོག་པས། །རིག་སྔགས་ཞེས་ནི་བསྟན་པ་ཡིན། །སྟོང་པའི་ངང་ལས་མ་གཡོས་པས། །གཟུངས་སྔགས་ཞེས་ནི་བསྟན་པ་ཡིན། །ཅེས་ཀྱང་བསྟན་ཏོ། །ཁྱར་པར་གྱི་དབྱེ་བ་ལ་བདུན་ཏེ། རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི། བཟླས་པ་ལས་ཀྱི། བསྐུལ་བ་ཕྲིན་ལས་ཀྱི། ཕྲིན་ལས་སྒྲུབ་པའི། དྲག་པོ་ལས་སྦྱོར་གྱི། སྟོབ་བྱེད་མཆོད་པའི་སྔགས་སོ། །རྒྱུ་མ་ནོར་བ་རྩ་བའི་སྔགས་ནི། ལྷ་ཚོགས་བཞི་བཅུ་ཞེ་དྲུག་བསྐྱེད་པའི་ཧཱུྃ་ཞེ་དྲུག་གོ། །བསྐྱེད་པ་རྐྱེན་གྱི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལ་སོགས་པ་ལྷ་སོ་སོའི་མཚན་སྔགས་སོ། །བཟླས་པ་ལས་ཀྱི་སྔགས་ནི། སརྦ་བིགྷྣཱན་ལ་སོགས་པ་ལས་ཀྱི་སྔགས་ཤམ་བུར་བཏགས་པའོ། །བསྐུལ་བ་ཕྲིན་ལས་ཀྱི་སྔགས་ནི། ཕཊ྄་སུམ་ཅུ་སོ་དྲུག་གོ། །ཕྲིན་ལས་སྒྲུབ་པའི་སྔགས་ནི། །ཧ་ས་ཡ་ར་ལ་སོགས་པའོ། །དྲག་པོ་ལས་སྦྱོར་གྱི་སྔགས་ནི། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ལ་སོགས་པའོ། །གསལ་གདབ་པ་ནི། སྙིང་རྗེས་བསྒྲལ་བའི་ཞེས་པ་ལ་སོགས་པས་བསྟན་ཏོ། །ཚིག་དོན་ནི་སྲོག་གི་སེམས་ཀྱི་རྣམ་པ་ནམ་མཁའི་ཧཱུྃ་དེ་ཉིད་གཞལ་ཡས་ཁང་ཕོ་བྲང་གི་གདན་སྟེང་གཙོ་བོའི་གོ་ས་རུ་ཤར་ཞིང་བབས་པ་ལས། ཆོ་ག་གསུམ་གྱིས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་བསྐྱེད་ཅིང་རང་གི་དངོས་པོ་གཞན་ཡང་བསྡུས་ཏེ། ཡུམ་འཁོར་ལོ་རྒྱས་འདེབས་མ་ཡང་སྐད་ཅིག་དྲན་རྫོགས་ཀྱིས་སོ། །དེ་ལྟར་བསྐྱེད་པའི་ཡབ་རྡོ་རྗེ་གཞོན་ནུའི་ཙིཏྟ་སྨུག་པོ་གུར་ཕུབ་པ་འདྲ་བའི་སྲོག་རྩ་འོག །རྟ་མགྲིན་ཡབ་ཡུམ་གྱིས་བསྲུང་བའི་ནང་དུ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ལ་སྔགས་ཀྱིས་བསྐོར་བ་ཞིག་བསྒོམ་པའོ། །ༀ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་སྔགས་འོག་མ་བྱིན་གྱིས་རློབ་པར་བྱེད་པ། བཛྲ་ནི་རྡོ་རྗེ། ཀཱི་ལི་ཀཱི་ལ་ཡ་ནི་ཕུར་པ། ཧཱུྃ་སྡུས་ཤིག །ཕཊ་ནི་སྒྲོལ་གཅིག་པའོ། །དཱིཔྟ་ནི་རྒྱས་འདེབས། ཙཀྲ་ནི་འཁོར་ལོ། ཧ་ན་ཧ་ན་ནི་བརླག་པར་གྱིས་ཤིག་པའོ། །དེ་ལྟར་བདག་ཉིད་རྩ་བའི་དཀྱིལ་འཁོར་བསྒོམ་པ་ལ་དགོས་པ་ཅི་ཡོད་ན། གདུལ་བྱ་ལས་ངན་སྣ་ཚོགས་བྱེད་པ་ཐབས་གཞན་གྱིས་བཟློག་པར་མ་ནུས་པ་དག་གིས་མྱོང་འགྱུར་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་ལ་ཤས་མི་བཟོད་པའི་སྙིང་རྗེས་མངོན་སྤྱོད་ཀྱིས་བསྒྲལ་བ་ནི་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པ་ལས་མི་འདའ་བའི་དམ་ཚིག་གོ། །གལ་ཏེ་དེ་ལ་སྲོག་བཅད་པའི་ཉེས་པ་མི་འོང་ངམ་ཞེ་ན། བདུད་དང་སྲིན་པོ་ལྟར་སྙིང་རྗེ་དང་ཐབས་མེད་པ་མ་ཡིན་པས་བསད་ཅིང་མནན་པ་རང་རྒྱུད་པ་ལྟ་བུ་མ་ཡིན་ཏེ། བསྒྲལ་བྱའི་ཕུང་པོ་ལ་རྡོ་རྗེའི་ཕུར་བུ་གཏབ་སྟེ་ལུས་ལ་ལྷ་ཚོགས་ཀྱིས་བར་མཚམས་མེད་པར་གཏམས་པར་བྱས་ནས། དེའི་སེམས་སམ་རྣམ་པར་ཤེས་པ་ནི་ཡི་གེ་ཧཱུྃ་ལས་ཡེ་ཤེས་སེམས་དཔར་བྱས་ཏེ། འོག་མིན་དུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཀྱི་སྦྱོར་མཚམས་སུ་འཕངས་ཏེ་རྒྱལ་བའི་སྲས་ཉིད་དུ་གྱུར་པར་བསྒོམ་མོ། །གལ་ཏེ་འོག་ནས་སྲིད་པ་རྡོ་རྗེ་ཕུར་པའི་ལྷ་ཞེས་གསུངས་པ་ལྟར། སྲིད་པ་གསུམ་གྱི་སེམས་ཅན་རྣམས་རྡོ་རྗེ་ཕུར་པའི་ལྷ་ཚོགས་སུ་རང་བཞིན་གྱིས་སངས་རྒྱས་པར་ཤེས་ནས་སྒྲོལ་ལམ། འོན་ཏེ་མ་ཤེས་ཀྱང་སྒྲོལ་བ་ཡིན། དང་པོ་ལྟར་ན་དེས་མཚམས་མེད་པའི་ལས་སུ་འགྱུར་ཞིང་། གཉིས་པ་ལྟར་ན་བསྒྲལ་བྱའི་ཤེས་རྒྱུད་གནས་སྤོར་མི་ནུས་པར་འགྱུར་རོ་ཞེ་ན། ལན་ནི་རྟོགས་ནས་སྒྲོལ་ཡང་མཚམས་མེད་པའི་ལས་སུ་གྱུར་པའི་ཁྱབ་པ་མེད་དེ། བསྒྲལ་བྱ་དེ་ལྟར་མ་རྟོགས་པ་རྟོགས་པར་བྱེད་པའི་ཐབས་ཀྱི་མཛད་པ་དེ་ལ་སངས་རྒྱས་རྣམས་དགྱེས་ཤིང་། རང་ཉིད་ཀྱིའང་ཡང་དག་པའི་ལམ་གྱི་ཡན་ལག་གི་མཐུན་རྐྱེན་དུ་གྱུར་པའི་ཕྱིར་རོ། །དེའང་རྒྱུད་ལས། གང་ཞིག་གཅིག་པུ་བསད་པ་བས། །མང་པོ་མྱ་ངན་འདས་འགྱུར་བ། །བསོད་ནམས་ཕུང་པོ་ཆེར་འགྱུར་གྱི། །གཞན་དུ་སྡིག་པའི་ཕུལ་ཡིན་ནོ། །ཞེས་པ་བཞིན་ནོ། །ཕྱོགས་བཅུ་ཁྲོ་བོའི་དལ་བསྐྱེད་པ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་བཞི་སྟེ། ཕྱོགས་བཅུ་ཁྲོ་བོའི་དལ་གྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། བདག་ཉིད་རྩ་བའི་དཀྱིལ་འཁོར་དུ་གནས་པའི་འཁོར་གྱི་ལྷ་ཚོགས་སོ། །ངེས་ཚིག་ནི་གདུལ་བྱ་ཕྱོགས་སྐྱོང་བཅུ་འདུལ་བའི་གཉེན་པོར་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བས་ན་ཕྱོགས་བཅུ་ཁྲོ་བོའི་དལ་ཞེས་བྱའོ། །དབྱེ་ན་ལྔ་སྟེ། སྤྲུལ་ཧཱུྃ་ཀ་ར་ལ་སོགས་པའོ། པ་ཁྲོ་བོའི། གཉིས་སུ་མེད་པ་སྒྲ་འབྱིན་ལ་སོགས་པའོ། ཡུམ་གྱི། ཡང་སྤྲུལ་ཕག་མགོ་ཅན་ལ་སོགས་པ། ཕྱག་བརྙན་གྱི། ཕྲིན་ལས་ཤར་སྒོ་མ་ལ་སོགས་པ། སྒོ་མའི། བཀའ་ཤྭ་ན་མ་ལ་སོགས་པ། སྡོད་དམ་ཅན་གྱི་དཀྱིལ་འཁོར་རོ། །བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ལ་དྲུག་སྟེ། ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ་དང་། ཆོ་ག་གསུམ་གྱིས་བསྐྱེད་པ་དངོས་དང་། ངེས་པ་བཅུ་ལྡན་གྱིས་གཏན་ལ་དབབ་པ་དང་། དལ་ལྔ་ལྡན་གྱིས་ཉམས་སུ་བླང་བ་དང་། །ཞར་ལ་སྒོ་མ་བཞི་བསྐྱེད་པ་དང་། དམ་ཅན་དོན་ལ་འཁོར་བར་བསྒོམ་པའོ། །ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པ་ལ་སོགས་པ་བརྗོད་པས། ཚིག་བདག་གིས་བརྗོད་ཀྱང་གཞལ་ཡས་ཁང་དང་། །ནམ་མཁའ་ལས་རང་སྒྲ་གྲགས་པར་བསམ་མོ། །ཆོ་ག་གསུམ་གྱི་བསྐྱེད་པ་དངོས་ནི། །ཛཿཧཱུྃ་བྂ་ཧོཿཞེས་བརྗོད་པས། བདག་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་ལྷ་མོ་བཞི་སྤྲོས་ལ་ཕྱོགས་སྐྱོང་བཅུ་བཀུག་ལ། གདན་སྟེང་བཅུར་ཕོ་མོ་བྱི་ཆིངས་སུ་བྱས་ནས། ལྷ་མོ་གཙོ་བོའི་ཐུགས་ཀར་ཐིམ། །དེ་ནས་པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཞེས་བརྗོད་པས་ཉི་ཟླ་པདྨའི་གདན་དུ་གྱུར་པར་བསམ་མོ། །དེ་ནས་ཧཱུྃ་ཧཱུྃ་ཞེས་པ་ལ་སོགས་པ་བརྗོད་པས། བདག་གཙོ་བོའི་ཐུགས་ཀ་ནས་ཧཱུྃ་ཟུང་བཅུ་འཕྲོས་ནས་གདན་སྟེང་བཅུར་བབས་པ་ལས་ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཧཱུྃ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་སླར་གཞིའི་ཧཱུྃ་ལ་འདུས་པས་འོད་དུ་ཞུ་སྟེ་རྡོ་རྗེར་གྱུར། དེ་ལས་འོད་འཕྲོས་འདུས་པ་ལས་ཁྲོ་བོ་ཁྲོ་མོ་ཚོན་གང་བ་སྐུ་ཕྲ་མོའི་རྣམ་པ་ཅན་དུ་བསམ་མོ། །དེ་ལས་ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ྄་ཅེས་པ་ལ་སོགས་པའི་སྔགས་རྣམས་བརྗོད་པས་སྐུ་ཆེ་ལ་ཡན་ལག་རགས་པར་བསྐྱེད་དེ། ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར་དང་ཞེས་པ་ལ་སོགས་པས་གསལ་གདབ་བོ། །ངེས་པ་བཅུ་ལྡན་གྱིས་གཏན་ལ་དབབ་པ་ནི། གྲངས་ངེས་པའི་རྒྱུ་མཚན། བཞུགས་རིམ། རྣམ་པ། སྐུ་མདོག །ཕྱག་མཚན། རྒྱན་ཆས། བཞུགས་ཚུལ། སྤྲུལ་པ། ཕྲིན་ལས། རང་བཞིན་ངེས་པའི་རྒྱུ་མཚན་ནོ། །དང་པོ་གྲངས་ངེས་པ་ནི། མི་དགེ་བཅུ་སྤོང་ཞིང་། ཞིང་བཅུ་སྒྲོལ་བའི་ཕྱིར་བཅུར་ངེས། བཞུགས་རིམ་ནི། ཕྱོགས་སྐྱོང་བཅུ་འདུལ་བའི་ཕྱིར་ཕྱོགས་བཅུར་བཞུགས་པར་ངེས། རྣམ་པ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ལས་ཐབས་ཤེས་རབ་ཀྱིས་དོན་མཛད་པའི་ཕྱིར་ཞལ་གཅིག་ཕྱག་གཉིས་པར་ངེས། སྐུ་མདོག་ནི་ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགས་སུ་མཐིང་ནག་ཁོ་ནར་ངེས། ཕྱག་མཚན་ནི། ཐུགས་རྗེས་སེམས་ཅན་འཁོར་བ་ནས་འདྲེན་པའི་ཕྱིར་གཡོན་ལྕགས་ཀྱུ། གདུག་པ་ཅན་མ་ལུས་པ་སྒྲོལ་བའི་ཕྱིར་གཡས་ཕུར་བུ་འདེབས་པར་ངེས་སོ། །རྒྱན་ཆས་ནི། དྲག་པོའི་ཕྲིན་ལས་མཐར་ཕྱིན་པའི་ཕྱིར་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པར་ངེས་སོ། །བཞུགས་ཚུལ་ནི། ཐབས་ཤེས་རབ་ཀྱིས་གདུག་པ་ཅན་འདུལ་བའི་ཕྱིར། གཡས་བརྐྱང་གཡོན་བསྐུམ་པ་ཁོ་ནར་ངེས་སོ། །སྤྲུལ་པ་ནི། ཟ་བྱེད་རྣམས་ཐབས་ཀྱི་རྟགས་སུ་ཡབ་ཀྱི་དཔུང་པ་གཡས་སུ། གསོད་བྱེད་རྣམས་ནི་ཤེས་རབ་ཀྱི་རྟགས་སུ་ཡུམ་གྱི་དཔུང་པ་གཡོན་པར་ངེས་སོ། །དེ་དག་ཀྱང་སྐུ་ལྟེ་བ་ཡན་ཆད་ཐོན་པ། ཞལ་མགོ་བརྙན་ལ་ཕྱག་གཉིས་པ། །གཡས་ལྕགས་ཀྱུ་དང་གཡོན་ཕུར་པ་འདེབས་པའོ། །ཕྲིན་ལས་ནི། གདུག་པ་ཅན་འདུལ་བའི་ཕྱིར་དྲག་པོའི་ལས་ཁོ་ནར་ངེས། རང་བཞིན་ནི། ཞི་བའི་ངང་ལས་སྐུ་ཁྲོ་བོའི་རྣམ་པར་ངེས་ཏེ། དགོངས་རྒྱུད་ལེའུ་བཅུ་བདུན་པ་ལས། ཞལ་གཅིག་ཕྱག་ཀྱང་གཉིས་པ་ལ། །ཐོ་བ་ལྕགས་ཀྱུ་གཡས་དང་གཡོན། །དྲེགས་པ་ཕོ་མོ་བཟུང་ནས་ནི། །ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ། །དྲེགས་པ་བྱི་ཆིངས་བསྣོལ་མར་གདབ། །ཅེས་སོ། །དལ་ལྔ་ལྡན་གྱིས་ཉམས་སུ་བླང་བ་ནི། སྐུ་ཕྱག་རྒྱའི་དལ་དང་། བཟླས་བརྗོད་བསྙེན་པའི་དལ་དང་། གཉིས་སུ་མེད་པ་ཡུམ་གྱི་དང་། སྤྲུལ་པ་མགོ་བརྙན་གྱི་དང་། ཞབས་འགྲོ་བ་འདུལ་བའི་དལ་ལོ། །ཞར་ལ་སྒོ་མ་བཞི་བསྐྱེད་པ་ནི། ཛཿཧཱུྃ་བྂ་ཧོཿཞེས་བརྗོད་པས་བདག་གཙོ་བོའི་ཐུགས་ཀ་ནས་ཡིག་འབྲུ་བཞི་སྒོ་བཞིར་འཕྲོས། དེ་འོད་དུ་ཞུ་བ་ལས་ཕྱག་མཚན་བཞིར་གྱུར། དེ་ལས་བསྐྱེད་པ་རྐྱེན་གྱི་སྔགས་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་དཱ་ཡ་བིང་བིང་ཧཱུྃ་ཕཊ྄་ཅེས་པ་ལ་སོགས་པས་སྒོ་མ་བཞིར་བསྐྱེད་དེ། ཤར་དུ་པུ་ཤུད་མགོ་ཅན། ལྷོར་ཀཾ་ཀའི་མགོ་ཅན། ནུབ་ཏུ་སྲིན་བྱའི་མགོ་ཅན། བྱང་དུ་ཁྲའི་མགོ་ཅན་རྣམས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ལྕགས་ཀྱུ་གཡོན་ཕུར་པ་བསྣམས་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པར་བསྐྱེད་དོ། །དམ་ཅན་དངོས་སུ་བསྐྱེད་མི་དགོས་ཏེ། གཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་ལན་གཅིག་བརྗོད་པ་ཙམ་གྱིས་ཐིབས་སེ་བྱོན་པར་བསམ་སྟེ། རྒྱལ་པོ་གང་ན་གནས་པ་ན་འབངས་རང་བཞིན་གྱིས་ཡོང་བ་དང་འདྲ་བར། བདག་གཙོ་བོ་རྡོ་རྗེ་གཞོན་ནུ་བསྒོམས་པས། དམ་ཅན་རྣམས་རང་བཞིན་གྱིས་འདུས་ནས་གནས་སོ། །བསྡུས་དོན་ལ་གསུམ་ལས། བསྐྱེད་ཅིག་པར་གསལ་གདབ་པ་ནི། །རྡོ་རྗེ་གཞོན་ནུ་ལ་སོགས་པ་དང་། བསྐྱེད་པའི་སྔགས་ནི་ༀ་བཛྲ་ཀྲོ་དྷ་ཞེས་པ་ལ་སོགས་པ་དང་། གསལ་གདབ་པའི་ཚིག་ན་ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར་ཞེས་པ་ལ་སོགས་པའོ། །ཚིག་དོན་ནི། རྡོ་རྗེ་ཞེས་པ་ལ་དོན་དང་རྟགས་གཉིས་ལས། དོན་རྡོ་རྗེ་ནི་ཆོས་ཉིད་གཉིས་སུ་མེད་པའི་དོན་ཐུགས་སུ་ཆུད་པ་སྟེ། རྟགས་རྡོ་རྗེ་ནི་རྩེ་དགུ་པ་དང་རྩེ་ལྔ་པ་ལ་བྱ་ཞིང་། ཆོས་སྐུ་འགྱུར་བ་མེད་པའི་བརྡར་གཟུགས་སྐུ་བསྒྲེས་རྒུད་མི་མངའ་བར་རྟག་ཏུ་ལང་ཚོ་བཅུ་དྲུག་པ་ལྟར་བཞུགས་པས་ན་གཞོན་ནུ་རིག་འཛིན་ནི་ཁྲོ་བོ་ཁྲོ་མོ་ཟ་བྱེད་གསོད་བྱེད་རྣམས་སོ། །སྲིད་པ་གསུམ་ན་གནས་པའི་འགྲོ་བ་ཀུན་འཁོར་བ་ལས་བསྒྲལ་ནས་རྡོ་རྗེ་ཕུར་པའི་ལྷ་ཚོགས་སུ་གྲུབ་པར་མཛོད་ཅིག་ཅེས་བསྐུལ་བའོ། །དེ་ཡང་གཞན་ནས་བསྒྲུབ་ཏུ་ཡོད་པ་ལྟ་བུ་མ་ཡིན་ཏེ། སྲིད་པ་གསུམ་ན་གནས་པའི་སེམས་ཅན་ཀུན་རྡོ་རྗེ་ཕུར་པའི་ལྷར་བྱེད་པ་མེད་པར་རང་བཞིན་གྱིས་གནས་ཤིང་། འོ་ན་བསྒྲལ་ཅི་དགོས་སྙམ་ན། དེ་ལྟར་གནས་ཀྱང་གནས་པ་ལྟར་མ་རྟོགས་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཡེ་ཤེས་ཀྱི་ལྷ་ཞི་བ་ལྟ་བུ་མ་ཡིན་ཏེ། རེ་ཞིག་གདུལ་བྱ་ལ་དགོངས་ནས་ཁྲོ་བོའི་རྣམ་པར་གྲུབ་པར་མཛོད་ཅིག་པའོ། །གལ་ཏེ་དེ་ལྟར་རྟོགས་པའི་ཚེ་སྔར་གྱི་རང་བཞིན་དེ་ལས་བསྐྱེད་དུ་བྱུང་ངམ་མ་བྱུང་། དང་པོ་ལྟར་ན་སྔར་གྱི་རང་བཞིན་དེ་གཞན་དུ་འགྱུར་པས་རང་བཞིན་ཉམས་ལ། གཉིས་པ་ལྟར་ན་རྟོགས་པ་དོན་མེད་པར་འགྱུར་རོ་ཞེ་ན། ཡུལ་གྱི་རང་བཞིན་ལས་བསྐྱེད་དུ་བྱར་མེད་པས་རང་བཞིན་མ་ཉམས་ཤིང་། བློའི་འཛིན་སྟངས་ལ་བསྐྱེད་དུ་བྱར་ཡོད་པས་རྟོགས་པ་དོན་མེད་པར་མི་འགྱུར་རོ། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ནི་རྡོ་རྗེ་ཁྲོ་བོ་ཧཱུྃ་མཛད་དེ་ཡབ་ཀྱི་དང་། ཡུམ་གརྫ་གརྫ་ཁུག་ཅིག་པས་ཏེ་སྲས་བསྐྱེད་པའམ་ཀུན་གྱི་ལས་སྔགས་སོ། །ངང་ངམ་ཤུགས་ཀྱིས་གདུལ་བྱ་འདུལ་བའི་ཕྱིར་ཁྲོ་བོ་སྟེ། རུ་ཏྲ་ལྟ་བུ་ཁྲོས་པ་ཡིན་ཀྱང་། དེར་ཐབས་ཀྱིས་མ་ཟིན་ཅིང་འདིར་ཐབས་ཀྱིས་ཟིན་པས་ན་ཆེན་པོ། གདུལ་བྱ་ལྷ་ཆེན་པོ་ཚངས་པ་ལྟ་བུ་གཞན་དབང་དུ་མ་གྱུར་པ་རྣམས་ཉིད་ཀྱི་གདུལ་བྱར་སྡུད་པར་མཛད་པས་ན་ཧཱུྃ་ཀ་ར་དང་། ཐམས་ཅད་བསྐྱེད་པའི་ཕྱིར་རམ་སྲས་ཀྱི་དལ་འབྱུང་བའི་ཕྱིར་ན་ཡུམ་དེ་གཉིས་སུ་མེད་དེ་མི་ཕྱེད་པས་ན་རྡོ་རྗེ། ཆོས་དབྱིངས་སྐྱེ་བ་མེད་པའི་སྒྲ་འབྱིན་པས་ན་སྒྲ་འབྱིན་མ་ནི་གཞི་ངེས་པ་ལ་སྣ་ཚོགས་སུ་སྤྲུལ་པས་སམ། ཡུམ་གྱི་ཐུགས་ལས་སྤྲུལ་ཅིང་བྱུང་བས་ན། སྤྲུལ་པ་མི་འདྲ་བ་གཅིག་ལ་གཅིག་གིས་སྤྲས་པ་སྟེ། ཁྲོ་བོ་ཁྲོ་མོའི་ལུས་ལ་དུད་འགྲོའི་མགོ་ཅན་དུ་གནས་པས་ཕྲ་མེན་མ་ཕག་གི་མགོ་ཅན་ནི་དཔེར་ན་སེམས་ཅན་ཕག་རླན་ལ་གནས་ཤིང་གཙང་བཙོག་མེད་པ་བཞིན་དུ་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་ཅིང་ཕྱོགས་རིས་སུ་མི་འབྱེད་པ། སྨྲིག་བུའི་མགོ་ཅན་ནི། སྨྲིག་བུ་གཉིད་ཆེ་ཞིང་སྐམ་ལ་གནས་པ་བཞིན་དུ་ཆོས་ཉིད་མི་རྟོག་པའི་ངང་ལ་གནས་ཤིང་འཁོར་བའི་འདམ་དང་བྲལ་བའོ། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ནི་རྣམ་པར་རྒྱལ་བ། ཧ་ན་ཧ་ན་ཧཱུྃ་ཕཊ་ནི་རྟོགས་ཤིག་རྟོགས་ཤིག་པའོ། །རྟག་ཆད་ཀྱི་མཐའ་ལས་རྒྱལ་བས་ན་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཆོས་ཉིད་ཀྱི་དོན་ལ་མངའ་བརྙེས་པས་ཡུམ་རྡོ་རྗེའི་སྙེམས་མ། སྤྲུལ་པའི་ཕྲ་མེན་སྟག་གི་མགོ་ཅན་ནི། སྟག་རི་མོ་བཀྲ་ལ་ཟས་སུ་ཤ་ཟ་བ་བཞིན་དུ། ཕྱི་ནང་གི་ཆོས་ཐམས་ཅད་མ་འདྲེས་པར་གསལ་ལ་གཉིས་མེད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པ་དང་། བྱ་རྒོད་ཀྱི་མགོ་ཅན་ནི། བྱ་རྒོད་ཤ་ཟན་ཡིན་ཡང་སྲོག་མི་གཅོད་པར་རོ་གང་ན་འདུག་པ་དེ་ངོ་ཤེས་པ་བཞིན་དུ། གདུལ་བྱའི་དོན་བྱེད་ཀྱང་རང་རྒྱུད་དུ་ཞེན་པ་མེད་པས་དེ་དང་དེའི་བསམ་པ་མཁྱེན་པའོ། །ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ་ནི་དབྱུག་པ་སྔོན་པོས་ཏེ། ད་ཧ་ད་ཧ་ཧཱུྃ་ཕཊ྄་ནི་བརླག་པར་གྱིས་ཤིག་བརླག་པར་གྱིས་ཤིག་པའོ། །ཆོས་ཉིད་འགྱུར་བ་མེད་པ་ཐུགས་སུ་ཆུད་པས་མཐར་འཛིན་པའི་ལྟ་བ་ངན་པ་བརླག་པར་བྱེད་པའི་ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང་། རིག་པའི་ཡེ་ཤེས་སྡེར་མོ་དང་འདྲ་བས་ཆོས་ཉིད་ཀྱི་དོན་འཛིན་པས་ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པའི་ཕྲ་མེན་གཡག་གི་མགོ་ཅན་ནི། གཡག་ནི་རྔམས་ལ་མི་འགྱུར་བ་བཞིན་དུ། རྣམ་པར་མི་རྟོག་པའི་མངོན་སྤྱོད་ཀྱིས་གདུག་པ་ཅན་ཚར་གཅོད་པ་དང་། བྱ་རོག་གི་མགོ་ཅན་ནི། མིག་གིས་སྟེང་འོག་གཉིས་ཀ་དུས་གཅིག་ལ་མཐོང་བ་དང་འདྲ་བར། སངས་རྒྱས་དང་སེམས་ཅན་གཉིས་ཀར་མི་རྟོག་པར་གཟིགས་པའོ། །ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ནི་གཤིན་རྗེ་གཤེད་པོས་ཏེ། པ་ཙ་པ་ཙ་ཧཱུྃ་ནི་མེད་པར་གྱིས་ཤིག་མེད་པར་གྱིས་ཤིག་པའོ། །ལྷོ་ཕྱོགས་ཀྱི་བགེགས་ཀྱི་གཉེན་པོ་ཉིད་ལ་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མངའ་བརྙེས་པས་ན་ཡུམ་དུར་ཁྲོད་བདག་མོ། སྤྲུལ་པའི་ཕྲ་མེན་ཤ་བའི་མགོ་ཅན་ནི། རྫི་རྣོ་ལ་འབྲོས་པ་ལ་བརྩོན་པ་ལྟར། རྣམ་རྟོག་ཆོས་ཉིད་དུ་ངོས་ཟིན་ཅིང་འཁོར་བའི་གནས་ནས་འབྲོས་པ་ལ་བརྩོན་པ་དང་། འུག་པའི་མགོ་ཅན་ནི། འུག་པས་ཉིན་མོ་མི་མཐོང་ཡང་ནུབ་མོ་མཐོང་བ་ལྟར་འཁྲུལ་བའི་རྟོག་པ་ནུབ་ཅིང་ཡང་དག་པའི་དོན་གསལ་བའོ། །ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་ནི་འཕགས་པ་མི་གཡོ་བས་ཏེ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄་ནི་ཆིངས་ཤིང་ཆིངས་ཤིག་པའོ། །ཉོན་མོངས་པ་དང་རྣམ་པར་རྟོག་པའི་དབང་དུ་མི་འགྱུར་ཞིང་། འགྲོ་བའི་དོན་ལ་བརྩོན་པས་ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་། རང་བཞིན་གཉིས་མེད་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ཡེ་ཤེས་སུ་བསྡུས་པས་ན་ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པའི་ཕྲ་མེན་གཟིག་གི་མགོ་ཅན་ནི། གཟིག་གི་ཐིག་ལེ་བཀྲ་ལ་མཆོང་རྩལ་ཆེ་བ་བཞིན་ཤེས་བྱ་མ་འགགས་པར་མཁྱེན་པས་འགྲོ་བ་སྒྲོལ་བའི་སྟོབས་དང་ལྡན་པ་དང་། ཁྭ་ཏའི་མགོ་ཅན་ནི། ཁྭ་ཏ་ལ་སྒྲིབ་ཤིང་ཡོད་པས་གཞན་གྱིས་མི་མཐོང་བ་བཞིན་གནས་ལུགས་ཀྱི་དོན་ཐུགས་སུ་ཆུད་པས་གདུལ་བྱ་གཞན་གྱིས་མི་རྟོགས་པའོ། །ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ནི་རྟ་མགྲིན་ཏེ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ནི་ཐུལ་ཅིག་ཐུལ་ཅིག་པའོ། །བརྩོན་འགྲུས་མྱུར་བའི་ཤུགས་ཀྱིས་རྟའི་དབུ་བྱུང་བས་ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། མཚན་མའི་རྣམ་རྟོག་ལ་རྔམས་པས་ན་ཡུམ་རྡོ་རྗེ་གཏུམ་མོ། །སྤྲུལ་པའི་ཕྲ་མེན་བྱི་ལའི་མགོ་ཅན་ནི། བྱི་ལ་ཡང་རྩལ་ཆེ་ཞིང་རྒྱུད་ཞི་བ་བཞིན་འགྲོ་བའི་དོན་ལ་བརྩོན་ཞིང་། ཐུགས་ཞི་བའི་ངང་ལས་མ་གཡོས་པ་དང་། པུ་ཤུད་ཀྱི་མགོ་ཅན་ནི། པུ་ཤུད་ལ་མིག་རྩི་ཡོད་ཅིང་། །གཤོག་པ་དྲག་པོར་གཡོབ་པ་ལྟར་མ་རིག་པའི་ལིང་ཏོག་སེལ་བ་ལ་བརྩོན་པ་དྲག་པོས་འཇུག་པ་ལྟར་འགྲོ་བའི་དོན་བྱེད་པའོ། །ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ནི་གཞན་གྱིས་མི་ཐུབ་པས་ཏེ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄་ནི་བརྟན་པར་གྱིས་ཤིག་བརྟན་པར་གྱིས་ཤིག་པའོ། །དོན་ཆོས་ཉིད་ལ་རྣམ་པར་རྟོག་པས་མི་བསྐྱོད་ཅིང་། རྟགས་དྲེགས་པ་ཅན་འཇོམས་པས་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང་། རྟོགས་པའི་རིག་པ་མདའ་ལྟ་བུ་འཕངས་ནས་རྣམ་རྟོག་གི་ཡིད་གསོད་པས་ན་ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པའི་ཕྲ་མེན་སྤྱང་ཀིའི་མགོ་ཅན་ནི། སྤྱང་ཀི་གསོད་པ་ལ་དགའ་ཞིང་སྙིང་རྗེ་ལ་ཕྱོགས་རིས་ཡོད་པ་བཞིན་དམ་ཉམས་སྒྲོལ་ཞིང་སྣོད་ལྡན་གྱི་དོན་བྱེད་པ་དང་། ཁྲའི་མགོ་ཅན་ནི། ཁྲ་ནི་སྡེར་མོ་རྣོ་ཞིང་སྤར་མོ་དམ་པ་བཞིན་དུ། ཐུགས་རྗེ་ཆེན་པོས་གདུལ་བྱ་ཡལ་བར་མི་འདོར་བའོ། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ནི་བདུད་རྩི་འཁྱིལ་བས་ཏེ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ྄་ནི་ཆོད་ཅིག་ཆོག་ཅིག་པའོ། །རྣམ་རྟོག་གི་བདུད་ལ་ཡེ་ཤེས་ཀྱི་རྩིས་འདེབས་པས་ན་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་དང་། གཉིས་མེད་ཀྱི་ཡེ་ཤེས་རླུང་ལྟ་བུས་རྣམ་རྟོག་སྤུར་མ་ལྟར་གཏོར་བར་བྱེད་པས་ན་ཡུམ་རྡོ་རྗེ་རླུང་འབྱིིན་མ། སྤྲུལ་པའི་ཕྲ་མེན་སེང་གེའི་མགོ་ཅན་ནི། །སེང་གེ་ནི་ཡང་རྩལ་ཆེ་ཞིང་གཅན་གཟན་གཞན་ཟིལ་གྱིས་གནོན་པ་ལྟར། རྟོགས་པའི་རྩལ་གྱིས་ཉོན་མོངས་པ་ཟིལ་གྱིས་གནོན་པ་དང་། ཕ་ཝང་གི་མགོ་ཅན་ནི་ཕ་ཝང་གིས་ཚེ་གསུམ་དྲན་པ་ལྟར་དུས་གཅིག་ཏུ་རྟོགས་པའོ། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ལ་ཧཱུྃ་ནི་འཇིག་རྟེན་གསུམ་ན་རྣམ་པར་རྒྱལ་བས་ཏེ། བནྡྷ་བནྡྷ་ཧཱུྃ་ཕཊ྄་ནི་ནོན་ཅིག་ནོན་ཅིག་པའོ། །འདོད་གཟུགས་གཟུགས་མེད་ལས་སྤངས་ཐོབ་ཀྱིས་རྒྱལ་བས་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། མཚན་མའི་ཆོས་ཀུན་མཚན་མ་མེད་པའི་ངང་དུ་གསོད་པས་ན་ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པའི་ཕྲ་མེན་དྲེད་ཀྱི་མགོ་ཅན་ནི། དྲེད་ནི་རོ་ངན་ལ་གཉིད་ཆེ་བ་ལྟར། ཐུགས་རྗེས་སེམས་ཅན་མི་གཏོང་ཞིང་རྣམ་རྟོག་ལས་མི་གཡོ་བ་དང་། སྲེ་མོའི་མགོ་ཅན་ནི། སྲེ་མོང་ནི་ཡང་རྩལ་ཆེ་ཞིང་ཕྱོགས་ཀུན་ཏུ་རྒྱུག་པ་ལྟར། ཕྲིན་ལས་མྱུར་མགྱོགས་ཀྱིས་གདུལ་བྱ་སྣ་ཚོགས་པའི་དོན་བྱེད་དོ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ནི་སྟོབས་པོ་ཆེ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ་ནི་སྤོར་ཅིག་སྤོར་ཅིག་པའོ། །གདུལ་བྱའི་དོན་ལ་གཡེལ་བ་མེད་པས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཐུགས་རྗེས་འགྲོ་བའི་དོན་ལ་ངེས་པར་གཤེགས་པས་ན་ཡུམ་རྡོ་རྗེའི་བསྐྱོད་མ། སྤྲུལ་པའི་ཕྲ་མེན་དོམ་གྱི་མགོ་ཅན་ནི། དོམ་ནི་རོ་ངན་པ་ལྟར་ཐུགས་རྗེས་སེམས་ཅན་མི་གཏོང་ཞིང་རྣམ་རྟོག་ལས་མི་གཡོ་བ་དང་། བྱི་བའི་མགོ་ཅན་ནི། བྱི་བ་ནི་ཚང་སྒོ་མང་ཡང་གཅིག་ཏུ་འབྲེལ་བ་ལྟར། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་དོན་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པ་གཅིག་ཏུ་སྡུད་པས་ཏེ། ཕྱོགས་མཚམས་ཀུན་ལྷ་ཞེ་དྲུག་གིས་བར་མཚམས་མེད་པར་གཏམས་ནས་གནས་པའོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་བཞི་སྟེ། ཕུར་པ་རྫས་ཀྱི་དལ་གྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ངོ་བོ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྣང་བ་ལས་གྱུར་པའི་སྲས་མཆོག་བཛྲ་ཀཱི་ལ་ཡའོ། །ངེས་ཚིག་ནི། འདེབས་ཤིང་སྒྲོལ་བའིི་ཐབས་ཡོ་བྱད་དང་བཅས་པས་ན་ཕུར་པ་རྫས་ཀྱི་དལ་ཅེས་བྱའོ། །དབྱེ་ན་བཞི། རང་གི་ཡེ་ཤེས་ཀྱི་དང་། ཁྱབ་པ་ཐུགས་རྗེའི་དང་། ལྷག་པ་བྱང་ཆུབ་ཀྱི་སེམས་དང་། འདུས་བྱས་རྫས་ཀྱི་ཕུར་པའོ། །དེ་རེ་རེ་ལ་རང་གི་ངོ་བོ། གདབ་པའི་ཡུལ། ཐེབས་པའི་ཚད། བཏབ་པའི་དགོས་པའོ། །དང་པོ་རང་རིག་ཡེ་ཤེས་ཀྱི་ཕུར་པའི་ངོ་བོ་ནི་ཆོས་རྣམས་གཉིས་སུ་མེད་པར་རྟོགས་པའོ། །གདབ་པའི་ཡུལ་ནི་ཆོས་ཀྱི་དབྱིངས་སོ། །ཐེབས་པའི་རྟགས་ནི། རིག་པ་ཆོས་ཀྱི་དབྱིངས་སུ་འདྲེས་པའོ། །བཏབ་པའི་དགོས་པ་ནི་གཟུང་འཛིན་གྱི་འཁྲུལ་པ་ཉེ་བར་ཞི་སྟེ། རང་གི་དོན་ཕུན་སུམ་ཚོགས་པ་ཐོབ་པའོ། །ཁྱབ་པ་ཐུགས་རྗེའི་ཕུར་པའི་ངོ་བོ་ནི། དེ་ལྟར་མ་རྟོགས་པ་རྣམས་ལ་ཤས་མི་བཟོད་པའི་སེམས་སོ། །གདབ་པའི་ཡུལ་ནི་སེམས་ཅན་གྱི་ཁམས་སོ། །ཐེབས་པའི་ཚད་ནི། གདུལ་བྱ་ཡང་དག་པའི་ལམ་ལ་འཁོད་པར་འགྱུར་པའོ། །དགོས་པ་ནི་གཞན་དོན་ཕུན་སུམ་ཚོགས་པ་ཐོབ་པའོ། །ལྷག་པ་བྱང་ཆུབ་སེམས་ཀྱི་ཕུར་པའི་ངོ་བོ་ནི། ཡབ་ཀྱི་གསང་བའི་རྡོ་རྗེ་ཀུན་རྫོབ་བྱང་ཆུབ་སེམས་དང་བཅས་པའོ། །གདབ་པའི་ཡུལ་ནི་ཡུམ་གྱི་གསང་བའི་པདྨ་ལའོ། །ཐེབས་པའི་ཚད་ནི་བདེ་སྟོང་དབྱེར་མེད་དུ་ཉམས་སུ་མྱོང་བའོ། །བཏབ་པའི་དགོས་པ་ནི། འདོད་ཆགས་བྱང་ཆུབ་ཀྱི་ལམ་དུ་འགྱུར་བའོ། །འདུས་བྱས་རྫས་ཀྱི་ཕུར་པ་ལ། རྒྱུ། དབྱིབས། ཚད། དོན་རྟགས་སོ། །རྒྱུ་ནི། ལས་བཞིའི་དབྱེ་བས་ཞི་བ་ལ་དངུལ་ལམ་དཀར་པོའི་ཤིང་ལ་སོགས་པའོ། །དབྱིབས་ནི། ཞི་བ་ལ་དབལ་ཟླུམ་པོར་བྱ་བ་ལ་སོགས་པའོ། །ཚད་ནི་སོར་བཞི། བརྒྱད། བཅུ་གཉིས། བཅོ་བརྒྱད་པའོ། །དོན་རྟགས་ནི། འབྱུང་བ་བཞི་རྣམ་པར་དག་པས་སོར་བཞི་ལ་སོགས་པ་སྟེ། རྒྱུད་ལས། སོར་བཞི་འབྱུང་བ་བཞི་ཡི་ཚད། །སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད། །བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད། །བཅོ་བརྒྱད་ཁམས་ནི་བཅོ་བརྒྱད་ཚད། །ནས་གང་ཚད་དུ་བསྟན་པ་ནི། །བྱང་ཆུབ་སེམས་མཆོག་ཚད་དུ་བསྟན། །ཅེས་སོ། །གདབ་པའི་ཡུལ་ནི་དགྲ་དང་བགེགས་ལའོ། །ཐེབས་པའི་ཚད་ནི་ལུས་སྲོག་བྲལ་ཏེ་གནོད་པའི་སྦྱོར་བ་རྒྱུན་ཆོད་པ་ལ་སོགས་པའོ། །བཏབ་པའི་དགོས་པ་ནི་ཡང་དག་པའི་ལམ་གྱི་བར་ཆད་ཞི་བ་ལ་སོགས་པའོ། །བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ལ་ལྔ་སྟེ། ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ་དང་། ཆོ་ག་གསུམ་གྱིས་སྲས་མཆོག་བསྐྱེད་པ་དང་། དབང་བསྐུར་བྱིན་གྱིས་བརླབ་པར་བྱ་ཞིང་གཟི་བྱིན་བསྐྱེད་པ་དང་། ཤེས་པ་གསུམ་གྱིས་གཏན་ལ་དབབ་པ་དང་། །དཀྱིལ་འཁོར་ལྔ་ལྡན་གྱིས་ཉམས་སུ་བླང་བའོ། །ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ་ནི། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །ཞེས་པ་ལ་སོགས་པའི་ཚིག་བརྗོད་པས་གཞལ་ཡས་ཁང་གི་ནམ་མཁའ་ལ་རང་སྒྲ་གྲགས་པར་བསམ་མོ། །ཆོ་ག་གསུམ་གྱིས་བསྐྱེད་པ་དངོས་ནི། བདག་གཙོ་བོའི་ཐུགས་ཀ་ནས་ཧཱུྃ་གཅིག་འཕྲོས་ནས་བསྙེན་ཕུར་ལ་ཕོག་པས། ཕུར་པའི་མཚན་མ་སྦྱངས་ཏེ་ཡི་གེ་ཧཱུྃ་དུ་གྱུར། དེ་ལས་འོད་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་གཞིའི་ཧཱུྃ་ལ་འདུས་པས་འོད་དུ་ཞུ་བ་ལས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་བརྗོད་པས་སྲས་མཆོག་ཛྲ་ཀཱི་ལ་ཡ་སྐུ་ཆེ་ལ་ཡན་ལག་རགས་པ། སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ། རྡོ་རྗེ་གཞོན་ནུ་འདྲ་བ་ལ་སྨད་ཕུར་པ་སྟེ། དེའང་ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོར་ཡང་དག་པར་རྒྱས་བཏབ་པས་རྒྱ་མདུད་ཀྱིས་མཚན་པ། དེ་ལྟར་མ་རྟོགས་པ་རྣམས་ཚད་མེད་པའི་སྙིང་རྗེ་ཆེན་པོས་མི་གཏོང་བ་ཉིད་ཀྱིས་ཆུ་སྲིན་གྱི་ཁ་ནས་འབྱུང་ཞིང་། དྲག་པོ་མངོན་སྤྱོད་ཀྱི་དོན་མཛད་པས། དབལ་ཟུར་གསུམ་མགར་གྱི་སོལ་མེ་ནས་བཏོན་པ་འདྲ་བ་གཅིག་བསྐྱེད་དོ། །དེ་ཡང་ཕྱི་ནི་ཁྲོ་བོ་དང་ཕུར་པར་གསལ་ཞིང་། ནང་གཞལ་ཡས་ཁང་དུ་གསལ་བ་ལ། ལྷ་ཚོགས་རྣམས་དགོད་པའང་རྒྱ་མདུད་གོང་མ་ལ་ཧཱུྃ་ཀ་ར་ཡབ་ཡུམ་ཁྲ་ཐབས་དང་བཅས་པ། གཅུམ་གཞོགས་བརྒྱད་འཁོར་ལོ་རྩིབས་བརྒྱད་ཀྱི་རང་བཞིན་ལ། ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་ཁྲ་ཐབས་དང་། རྒྱ་མདུད་འོག་མ་ལ་སྟོབས་པོ་ཆེ་ཡབ་ཡུམ་ཁྲ་ཐབས་དང་བཅས་པ། རྒྱ་མདུད་ཀྱི་ལོགས་བཞིར་སྒོ་མ་བཞི། ཟུར་རྣམས་སུ་ཕུར་པའི་སྲུང་མ་རྣམས་བསྐྱེད་དེ། དབང་བསྐུར་བྱིན་བརླབ་བྱ་ཞིང་གཟི་བརྗིད་བསྐྱེད་པ་ལ་བདུན་ཏེ། དང་པོ་རིགས་སོ་སོར་བྱིན་གྱིས་བརླབ་པ་ནི། ལྷ་ཚོགས་རྣམས་ཀྱི་སྔགས་བརྗོད་པས། ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ཕུར་པ་ལ་སིབ་སིབ་ཐིམ་པར་བསམ་མོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བྱིན་གྱིས་བརླབ་པ་ནི། ཕུར་པ་དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པ་ཧྲཱིཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ལྟེ་བར་ཏྲཱྂ་སེར་པོ། རྩེ་མོ་ལ་ཧཱ་ལྗང་གུ་བསམ་ལ་དོན་ཡེ་ཤེས་ལྔ་དང་ལྡན་པར་བསམ་མོ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་ནི། ཕུར་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་བསམ་སྟེ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ལྡན་པར་བསམ་མོ། །ཐུགས་ཡེ་ཤེས་རྩེ་གཅིག་པར་བྱིན་གྱིས་བརླབ་པ་ནི། ཕུར་པའི་ངོས་གསུམ་ལ་ཧཱུྃ་གསུམ། ཟུར་གསུམ་ལ་ཕཊ་གསུམ་བསམ་སྟེ། གཅིག་ཏུ་ཚར་གཅོད་པ་དབང་དྲག་ཞི་ལས་ཁོ་ན་མཛད་པར་བསམ་མོ། །ལག་གི་འདུ་བྱེད་ཀྱི་བྱིན་གྱིས་བརླབ་པ་ནི། བདག་གི་མ་སཱུརྻ་མཎྜ་ལ་ཞེས་བརྗོད་པས་ལག་པ་གཡས་སུ་མ་ལས་ཉི་མའི་དལ་ལ་དཔའ་བོ་འབྲུ་ལྔ་སྟེ། གུང་མོ་ལ་ཧཱུྃ། མཐེ་བོང་ལ་ༀ། མཛུབ་མོ་ལ་སྭཱ། སྲིན་ལག་ཨཱཾཿ མཐེའུ་ཆུང་ལ་ཧཱ་རྣམས་བསམ། ཨ་ཙནྡྲ་མཎྜ་ལ་ཞེས་བརྗོད་པས། ལག་པ་གཡོན་པར་ཨ་ལས་ཟླ་བའི་དལ་ལ་དཔའ་མོ་འབྲུ་ལྔ་བསམ་སྟེ། གུང་མོ་ལ་མཱུཾ། མཐེ་བོང་ལ་ལཱཾ། མཛུབ་མོ་ལ་མཱཾ། སྲིན་ལག་ལ་པྱཱཾ། མཐེའུ་ཆུང་ལ་ཏཱཾ་བསམ་སྟེ། དེ་རྣམས་འོད་དུ་ཞུ་བ་ལས། རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ། །དེ་ལ་སུ་ར་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཞེས་པས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་པས་ཕྱག་རྒྱ་བསྡམ། ས་མ་ཡ་སྟྭཾ་ཞེས་པས་ཡབ་ཡུམ་སྦྱོར་བ་བྱས། དེ་ནས་ཕུར་པ་ལག་ཏུ་བླངས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཨ་བེ་ཤ་ཡ་ཨ་ཨཱ་ཞེས་བརྗོད་པས། ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་ཀྱི་སེམས་ཕུར་པ་ལ་བསྟིམ། རིགས་ལྔ་ཡབ་ཡུམ་ཡང་འོད་དུ་ཞུ་ནས་ཕུར་པ་ལ་བསྟིམ་མོ། །དེས་ཕུར་པ་དེ་བཀྲག་དང་གཟི་མདངས་དང་ལྡན་པར་བསམ་མོ། །དེ་ནས་སྐུ་གསུང་ཐུགས་རྫོགས་པར་བྱིན་གྱིས་བརླབ་པ་ནི། ༀ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་སུ་ཏ་སུ་ཏ་སརྦ་ས་པ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་པས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཕུར་པར་འདུས་པས་སྐུ་ཆེ་ལ་ཡན་ལག་རགས་པས་སྟོང་གསུམ་ལྷག་གིས་གང་བར་བསྒོམ་མོ། །ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་བཛྲ་ནན། ༀ་སརྦ་དུཥྚཱན་བི་ཤོ་དྷ་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་འདུས་ཏེ། སྒྲ་གྲགས་པ་ཐམས་ཅད་ཀཱི་ལ་ཡའི་སྒྲར་གྱུར་པར་བསམ་མོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་བཛྲ་ནན། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། ཅེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་འདུས་ཏེ། དྲན་རྟོག་ཐམས་ཅད་ཀཱི་ལ་ཡའི་ཐུགས་སུ་བསྒོམ་མོ། །དེ་ནས་ཨེ་ཞེས་བརྗོད་པས་མདུན་དུ་ཨེ་གཅིག་བསྒོམ་མོ། །དེ་ཞུ་བ་ལས། གྲུ་གསུམ་མཐིང་ནག་གི་གདན་དུ་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བརྗོད་པས། དེའི་སྟེང་དུ་དགྲའི་སྙིང་པོ་ནྲྀ་དང་བགེགས་ཀྱི་སྙིང་པོ་ཏྲི་གཉིས་བསྣོལ་ནས་འདུག་པར་བསམ་མོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛ་ལྷན། ཞེས་བརྗོད་ལ་གོང་གི་གདན་སྟེང་དེར་བཞུགས་སུ་གསོལ་ལོ། །དེ་ནས་དྲག་པོ་རྫས་ཀྱི་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བེ་ཏ་ལི་མཎྜ་ལ་རཀྴ་རཀྴ་ཧཱུྃ་ཕཊ྄་ཅེས་བརྗོད་ཅིང་། ཉུངས་ཀར་རྒྱལ་པོ་གཏོར་བས། ཁྲོ་ཆུང་དུ་གྱུར་ནས་བ་སྤུའི་བུ་ག་གཏམས་ནས་འདུག་པར་བསམ་མོ། །སྐུ་མཉེས་པའི་མཆོད་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གྷུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་གུ་གུལ་གྱི་དུད་པས་བདུག་པས། སྔོན་གྱི་ཞེ་སྡང་རྗེས་སུ་དྲན་ནས་སྤྱན་རྩ་དམར་ལོག་གིས་སོང་བར་བསམ། ཐུགས་མཉེས་པའི་མཆོད་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་ཧཱུྃ་ཕཊ྄་ཅེས་བརྗོད་ཅིང་རཀྟ་གཏོར་བས། ཐུགས་རྗེ་ཆགས་པའི་སྒོ་ནས་གཟི་མདངས་ལྡན་པར་བསམ། གསུང་མཉེས་པའི་མཆོད་པའོ། །ཤེས་པ་གསུམ་གྱིས་གཏན་ལ་དབབ་པ་ལ་གསུམ་སྟེ། སྲས་མཆོག་གཞལ་ཡས་ཁང་དུ་ཤེས་པ་དང་། །ལྷར་ཤེས་པ་དང་། ཕྱག་མཚན་དུ་ཤེས་པའོ། །དབལ་གྲུ་གསུམ་ནི་ནམ་མཁའ་གྲུ་གསུམ། སྟེང་གི་ཟླ་གམ་ནི་རླུང་གི་དལ། རྒྱ་མདུད་ལོགས་ཀྱི་ཟླུམ་པོ་ནི་རཀྟའི་རྦ་ཀློང་། རྒྱ་མདུད་འོག་མ་ནི་ཀེང་རུས་ཀྱི་རི་རབ། གཅུམ་གཞོགས་ནི་གཞལ་ཡས་ཁང་། རྒྱ་མདུད་གོང་མ་ཡ་ཐོག་གོ། །ལྷར་ཤེས་པ་ནི། དེ་ལ་ལྷ་དགོད་པ་སྟེ། གོང་དུ་བསྟན་པ་བཞིན་ནོ། །ཕྱག་མཚན་དུ་ཤེས་པ་ནི། དེ་ལྟར་བསྙེན་ཕུར་སྲས་མཆོག་ཏུ་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་གཞོན་ནུའི་ཕྱག་འོག་མ་ན་བསྣམས་པ་དེ་ཉིད་ཀྱང་ཡིན་པས་ཕྱག་མཚན་ལ། གཞན་ཡང་དུས་བཞིར་སུར་ཕུག་ཏུ་འདེབས་པའི་ཚེ་ན་སྲས་མཆོག་ཏུ་བྱིན་གྱིས་བརླབས་པ་དེ་བཏབ་པས་དགྲ་བགེགས་ཀྱི་ལུས་རྡུལ་ཕྲན་བཞིན་དུ་རླག་པར་བྱེད་པས་ཕྱག་མཚན་ནོ། །དཀྱིལ་འཁོར་ལྔ་ལྡན་དུ་ཉམས་སུ་བླང་བ་ནི། རང་བཞིན་སྟོང་ཉིད་རྒྱུ་རྐྱེན་ལས་མ་བྱུང་བས་ཆོས་སྐུ་སྐྱེ་བ་མེད་པའི་དལ་དང་། རྣམ་པ་སྟོང་པས་སྟོང་པའི་སྣང་བ་ལས་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའིི་ལོངས་སྤྱོད་རྫོགས་པའི་དལ་དང་། གདུལ་བྱ་གདུག་པ་ཅན་ལ་འཇིགས་བྱེད་ཁྲོ་བོའི་སྐུར་རྣམ་པར་འཕྲུལ་པ་མཛད་པས་སྤྲུལ་སྐུ་འགགས་པ་མེད་པའི་དལ་དང་། དེས་ཚར་གཅོད་པའི་མཛད་པ་ཕྱི་བཤོལ་མེད་པར་མཛད་པས་ཕྲིན་ལས་མྱུར་མགྱོགས་ཀྱི་དལ་དང་། དེ་ཡང་གནོད་བྱེད་ཀྱི་སྙིང་དཀར་ནག་མཚམས་སུ་བཏབ་ཅིང་གཡོ་བ་མེད་པར་བྱེད་པས་ཞབས་དགྲ་བགེགས་འདུལ་བའི་དལ་ལོ། །གལ་ཏེ་སྦྱང་བྱ་ཐ་མལ་གྱི་སྣོད་བཅུད་འདི་དག་གི་སྟེང་ན་སྦྱོང་བྱེད་དཀྱིལ་འཁོར་གསུམ་ངོ་བོ་གཉིས་མེད་དུ་ཡོངས་སུ་གྲུབ་པའི་རང་བཞིན་དུ་ཡོད་དམ། བློ་རྟོག་པས་སྔར་མེད་ཀུན་བརྟགས་ཀྱི་ཚུལ་དུ་ཡོད་ཅེ་ན། དང་པོ་ལྟར་ན་ཆོ་གའི་ཡན་ལག་གིས་བསྐྱེད་མི་དགོས་པར་འགྱུར་ལ། གཉིས་པ་ལྟར་ན་ཐ་མལ་གྱི་རྣམ་རྟོག་སྤོང་བ་སོགས་ཀྱི་དོན་བྱེད་མི་ནུས་པར་འགྱུར་རོ་ཞེ་ན། ལན་ནི། ངོ་བོ་ཡོངས་སུ་གྲུབ་ཟིན་ཀྱང་ཕྱིན་ཅི་ལོག་ཏུ་རྟོག་པའི་དྲི་མས་བསྒྲིབས་པ་བསལ་བའི་ཕྱིར་ཆོ་གའི་ཡན་ལག་གི་མངོན་སུམ་དུ་བསྐྱེད་དགོས་པ་ཉིད་ཀྱིས་དེ་ལྟ་བུ་མི་དགོས་པའི་ཁྱབ་པ་མེད་དོ། །བསྡུས་དོན་ལ་དབྱེ་བ་མེད་དོ། །ཚིག་དོན་ནི། སྤངས་རྟོགས་མཐར་ཐུག་པའི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ཐུགས་ཡེ་ཤེས་ཀྱི་རྟེན་ཆོས་ཀྱི་སྐུ་ནི། དོན་ཆོས་ཀྱི་དབྱིངས་རྡོ་རྗེ་སྟེ་སྟོང་པ་ཉིད་ཀྱི་ངང་དུ་རིག་པའི་ཡེ་ཤེས་གྲོལ་བ་ལས་མ་གཡོས་པ་ལས་རྟགས་གཟུགས་ཀྱི་སྐུར་བསྟན་དུ་གསོལ་ཞེས་བྱ་ཞིང་། དེ་ཡང་ཐུགས་ཞི་བའི་ངང་ལས་སྨོན་ལམ་དང་ཐུགས་རྗེའི་དབང་གིས་སྐུ་ཁྲོ་བོའི་རྣམ་པ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་ཞིང་མེ་རི་མེ་དཔུང་འབར་བའི་ནང་ན་བཞུགས་པའི་ཡེ་ཤེས་ཀྱི་ཁྲོ་བོ་རབ་ཏུ་ཁྲོ་ཞིང་གཟི་བརྗིད་མི་བཟད་པ་མངའ་བ་དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་དབྱིག་ཅེས་བྱ་སྟེ་བཟང་ཤོས་ཉིད་དུ་སྒྲུབ་པ་པོ་བདག་ཉིད་བསྐྱེད་པར་གྱིས་ཤིག །ཅེས་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་ཆོ་ག་གསུམ་གྱིས་ཕུར་པ་རྫས་ཀྱི་དལ་བསྐྱེད་དེ་བྱིན་རླབས་བདུན་བྱའོ། །གལ་ཏེ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་སོགས་པས་བཟང་ངན་ཡོད་ན་ནི། མཐར་ཐུག་གི་འབྲས་བུར་མི་འགྱུར་རོ་ཞེ་ན། ལན་ནི། མཐར་ཐུག་གཅིག་ལས་མེད་ཀྱང་གནས་སྐབས་ལ་མཐར་ཐུག་ཏུ་སྒྲོ་བཏགས་པའི་ཐུན་མོང་ཐེག་པའི་འབྲས་བུའི་སྐུ་སོགས་ལས་ཁྱད་པར་དུ་བྱས་པས་སྐྱོན་མེད་དོ། །ཁམས་གསུམ་གྱིས་སྲོག་ཡེ་ཤེས་སུ་དབང་བསྐུར་བ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གཉིས་ཏེ། གསོལ་བ་གདབ་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། བདག་ལས་ཀྱི་རྡོ་རྗེ་གཞོན་ནུ་ཞིག་གཙོ་བོའི་ཐུགས་ཀ་ནས་ཤར་ཁྱམས་སུ་ཐོན་ཏེ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་པ་ལ་སོགས་པའི་ཚིག་གིས་གསོལ་བ་བཏབ་པས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་བྱུང་སྟེ་བདག་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་འོད་དུ་ཞུ་ནས་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ། དབང་བསྐུར་བ་དངོས་ལ་གསུམ་ལས། དང་པོ་རྩ་བའི་དལ་གྱིས་དལ་གཉིས་ལ་དབང་བསྐུར་བ་ནི། ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་ཆེ་བའི་ཡོན་ཏན་བསྡུས། སཾ་ཧ་ར་ཎ་ཧཱུྃ། ཞེས་བརྗོད་པས། འོད་དལ་གཉིས་ལ་འདུས་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པར་དབང་བསྐུར་རོ། །གལ་ཏེ་རྩ་བའི་དལ་རང་ཉིད་ཀྱིས་དབང་མ་ཐོབ་པར་དལ་གཉིས་ལ་དབང་བསྐུར་བར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ་རང་ཉིད་ཀྱི་རིགས་རྣམས་དབྱེ་བ་མེད་པ་དལ་གྱི་བདག་པོའི་རིགས་ཅན་ཉིད་ཡིན་པས་རང་བས་སྐལ་བ་དམན་པའི་འཁོར་ལ་དབང་བསྐུར་དུ་རུང་བ་ནི། དཔེ་བྲམ་ཟེ་མདུན་ན་འདོན་ལ་རྒྱལ་པོར་དབང་མ་བསྐུར་བའི་རྒྱལ་བུ་གཞོན་ནུས་ཀྱང་བློན་པོ་ཉིད་ལ་རྒྱལ་སྲིད་ཀྱི་ཡོ་བྱད་ཅི་རིགས་ལ་དབང་བྱེད་པའི་ལུང་སྦྱིན་ནུས་པ་བཞིན་ནོ། །དལ་གཉིས་ཀྱིས་ཁམས་གསུམ་སེམས་ཅན་ལ་དབང་བསྐུར་བ་ནི། ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་དལ་གཉིས་ལས་འོད་འཕྲོས་པས་ཁམས་གསུམ་སེམས་ཅན་ལ་ཕོག་པས་སྒྲིབ་པ་གཉིས་སྦྱངས་ནས་ཨ་ནྲྀ་སུ་ཏྲི་པྲེ་དུཿར་གྱུར། དེ་ཡང་ཡི་གེ་ཧཱུྃ་དུ་གྱུར། སཾ་ཧ་ར་ཎ་ཧཱུྃ། ཞེས་བརྗོད་པས་ཧཱུྃ་དེ་ཚུར་འདུས་ཏེ་གཙོ་བོའི་ཐུགས་ཀར་རྟ་མགྲིན་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་པར་བསམ་མོ། །ཕྱོགས་བཅུའི་སངས་རྒྱས་ཀྱིས་བདག་རྩ་བ་ལ་དབང་བསྐུར་བ་ནི། ༀ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་བདག་རྩ་བའི་སྤྱི་བོར་ༀ་བསམ། དེ་ལས་འོད་ཟེར་འཕྲོས་ནས་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་སྐུ་ཆེ་བའི་ཡོན་ཏན་བསྡུས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་སླར་བདག་རྩ་བ་ལ་འདུས་པས་སྐུས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་བསྐུར། ཨཱཿསྥ་ར་ཎ་ཕཊ྄་ཅེས་པས་བདག་གི་མགྲིན་པར་ཨཱཿབསམ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་གསུང་ཆེ་བའི་ཡོན་ཏན་བསྡུས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་སླར་བདག་ལ་འདུས་པས་གསུང་གི་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་བསྐུར། ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་པས་བདག་གི་ཐུགས་ཀ་ནས་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་ཐུགས་ཆེ་བའི་ཡོན་ཏན་བསྡུས། སཾ་ཧ་ར་ཎ་ཧཱུྃ། ཞེས་པས་འོད་དེ་སླར་བདག་ལ་འདུས་པས་ཐུགས་ཀྱིས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་བསྐུར་ཏེ། དགོངས་རྒྱུད་ལས། ཕྱོགས་བཅུའི་སྲོག་ལ་དབང་བསྐུར་ནས། །སྲོག་གི་ཡེ་ཤེས་འགྱུར་བར་བྱ། །ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །ཞེས་སོ། །བསྡུས་དོན་ལ་དབྱེ་བ་མེད་དོ། །ཚིག་དོན་ནི། གདུལ་བྱ་བསྒྲལ་ཡང་ཉེས་པས་མི་གོས་པའི་ཐབས་ཀྱི་སྤྱོད་པ། མ་འགགས་པས་འགྲོ་བ་ལ་ཕན་གདགས་པའི་དོན་དུ་གསོལ་བ་འདེབས་པའོ། །དེ་ལྟར་ཕན་འདོགས་པ་ཅིས་ཞེ་ན། འགྲོ་བ་རྣམས་ཀྱིས་བདག་གི་ཕ་མ་མ་བྱས་པ་མེད་ཅིང་དེ་རྣམས་ཀྱི་རྒྱུ་ལས་ངན་སྤྱད་པས་འབྲས་བུ་སྡུག་བསྔལ་མྱོང་བ་ལས་ཐར་བར་བྱ་བའི་ཕྱིར་བསྒྲལ་ལོ་སྙམ་པའི་བྱམས་པ་དང་སྙིང་རྗེས་གདུལ་བྱའི་དུས་ལ་གང་བབ་བ་དེ་འདུལ་བ་སྟེ། གང་གིས་ན་སངས་རྒྱས་རྣམས་ཀྱི་རྗེས་སུ་འབྲངས་ཏེ་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྫོགས་པར་མཛད་ནས། དེའི་ཕྱིར་བདག་རྩ་བའི་དལ་གྱིས་དལ་གཉིས། །དལ་གཉིས་ཀྱིས་ཁམས་གསུམ་གྱི་སེམས་ཅན། ཕྱོགས་བཅུའི་སངས་རྒྱས་ཀྱིས་བདག་རྩ་བ་ལ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་བྱེད་པའི་དབང་དང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ད་ལྟ་ཉིད་དུ་སྩོལ་ཅིག་ཅེས་བསྐུལ་ལོ། །གལ་ཏེ་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ཞི་རྒྱས་དབང་དྲག་རྣམས་ནི་གདུལ་བྱ་ཁོ་ནའི་དོན་དུ་རྫོགས་པར་བྱེད་དམ། ཐམས་ཅད་ཀྱི་དོན་དུ་རྫོགས་པར་བྱེད། དང་པོ་ལྟར་ན་མ་ཡིན་ཏེ། ཕྲིན་ལས་བཞི་ནི་གདུལ་བྱ་ལས་དང་ལྡན་པ་དང་དཔྱང་ཐག་ཆད་པ་གཉིས་ཀའི་དོན་དུ་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་འཁོར་བ་དོང་སྤྲུགས་ཀྱང་སྲིད་པར་མི་འགྱུར་རམ་ཞེ་ན། འདིར་གདུལ་བྱ་རེ་རེའི་དོན་དུའང་མི་འགལ་ཏེ། དཔྱང་ཐག་ཆད་པའི་གདུལ་བྱ་གཅིག་གི་དོན་དུའང་དང་པོར་དབང་དྲག་གིས་ཚར་བཅད་ནས། གཉིས་པ་ཞི་རྒྱས་ཀྱིས་རྗེས་སུ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་ཀྱི་དོན་དུའང་ཡིན་ཏེ། མ་ཡིན་ན་གདུལ་བྱ་ལ་ཉེ་རིང་བྱས་པས་ཧ་ཅང་ཐལ་བས་སོ། །སྤྱན་དྲངས་མཆོད་ཅིང་བསྙེན་པ་དབུལ་བ་ལ་གསུམ་སྟེ། སྤྱན་དྲངས་པ་དང་། མཆོད་པ་དབུལ་བ་དང་། བསྙེན་པ་བྱ་བའོ། །དང་པོ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་བཞི་ལས། གང་ནས་སྤྱན་འདྲེན་པ་ལ་གསུམ་སྟེ། རང་བཞིན་ལྷུན་གྲུབ་སེམས་ཀྱི་རྟོག་ཚོགས་དང་། རང་བཞིན་དག་པ་ཕྱོགས་བཅུའི་ཞིང་ཁམས་དང་། རང་བཞིན་མཐར་ཕྱིན་འོག་མིན་ཆེན་པོའི་གནས་ནས་སོ། །གང་གིས་སྤྱན་འདྲེན་ན་གཙོ་བོ་དམ་ཚིག་གི་ཐུགས་ལས་བྱུང་བ་ཕྱག་རྒྱའི་ལྷ་མོ་བཞིའོ། །གང་དུ་སྤྱན་འདྲེན་ན་དམ་ཚིག་གི་གནས་སུའོ། །ཇི་ལྟར་སྤྱན་དྲངས་པ་ལ་གསུམ་སྟེ། སྙན་གསན་དབབ་པ། སྤྱན་དྲངས་པ་དངོས། བཞུགས་སུ་གསོལ་བའོ། །དང་པོ་ནི། ༀ་བཛྲ་ས་མ་ཡ་ཛཿ ཞེས་བརྗོད་པས། བདག་གི་ཐུགས་ཀ་ནས་ཛཿགཅིག་འོག་མིན་དུ་འཕྲོས་པས་དེ་རྣམས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་ཏེ། སེམས་ཅན་གྱི་དོན་དྲན་པར་བསམ་སྟེ། དེས་འཇིག་རྟེན་དགྲས་གཙོས་པའི་སྐྱེ་བོ་ཁ་ཉེན་པོ་འགའ་ཞིག་ཡུལ་གཞན་གྱི་རྒྱལ་པོ་ལ་སོགས་དབང་ཆེ་བར་གནས་པ་དག་ལ་སྐྱབས་འཚོལ་བའི་ཕྱིར་རང་གི་གནས་སུ་སྤྱན་འདྲེན་པའི་སྔོན་དུ། བདག་གི་གམ་དུ་བསྙེན་བཀུར་ཆ་ཕྲ་མོ་ཞིག་ལ་མྱུར་དུ་བྱོན་པར་ཞུ་ཞེས་སྙན་བཀྱག་པའི་ཚེ། རྒྱལ་པོ་ལ་སོགས་པ་དེ་ཡང་བཏང་སྙོམས་སུ་མི་བཞུགས་པར་དེར་འགྲོ་བའི་ཡོ་བྱད་རྣམས་གྲབས་སུ་འཛུད་པ་བཞིན་ནོ། །སྤྱན་དྲངས་པ་དངོས་ནི། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་པ་ལ་སོགས་པ་དང་། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་བདག་གཙོ་བོའི་ཐུགས་ཀ་ནས་ལྷ་མོ་བཞི་འོག་མིན་དུ་སྤྲོས་པས་འོག་མིན་དུ་ལྕགས་ཀྱུ་མས་གཙོ་བོའི་ཐུགས་ཀ་ནས་བཟུང་། ཞགས་པ་མས་བཅིངས། ལྕགས་སྒྲོག་མས་བསྡམས། དྲིལ་བུ་མས་མཉེས་པའི་མཆོད་པས་ཕུལ་ཏེ་སྤྱན་དྲངས་པས། རྒྱལ་པོ་བསྐྱོད་ན་འཁོར་འོང་བ་བཞིན་དུ། འཁོར་གཞལ་ཡས་ཁང་དང་བཅས་པ་མདུན་གྱི་ནམ་མཁའ་ལ་བྱོན་ཏེ། དམ་ཚིག་པ་དང་མེ་རི་འདབ་འབྱོར་ན་བཞུགས་པར་བསྒོམ་མོ། །གལ་ཏེ་རང་བཞིན་གྱི་གནས་འོག་མིན་ལྟ་བུ་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆ་གཅིག་ལས་མི་བཞུགས་སམ། དུ་མ་བཞུགས་པ་ཡིན་གྲང་། དང་པོ་ལྟར་ན་དམ་ཚིག་གི་གནས་གཅིག་ཏུ་དྲང་བའི་ཚེ་གཞན་དུ་སྤྱན་དྲང་དུ་མེད་པར་འགྱུར་ལ། གཉིས་པ་ལྟར་ན་དེ་དག་ལས་གང་གཞན་ནས་གང་སྤྱན་འདྲེན་ཞེ་ན། ལན་ནི་གཉིས་ཀ་ལྟར་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ་ནི་གཅིག་ལས་མ་གཡོས་བཞིན་དུ་གདུལ་བྱ་མོས་པ་སྣ་ཚོགས་པའི་ངོ་ལ་རང་རང་གི་བསམ་པ་དང་མཐུན་པར་དུ་མར་སྣང་བ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་ཟླ་བ་གཅིག་ལས་མེད་ཀྱང་ས་གཞི་ལ་ཆུ་སྣོད་དང་རྗེས་སུ་འཚམས་པའི་ཟླ་བའི་གཟུགས་བརྙན་དུ་མར་སྣང་བ་བཞིན་ནོ། །བཞུགས་སུ་གསོལ་བ་ནི། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །ཞེས་པ་ལ་སོགས་པ་དང་། ཙཀྲ་མཎྜ་ལ་ས་མ་ཡ་ཏིཥྛ་ལྷན། ཞེས་བརྗོད་པས་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆུ་ལ་ཆུ་ཐིམ་པ་ལྟར། གཙོ་བོ་ལ་གཙོ་བོ། འཁོར་ལ་འཁོར། གཞལ་ཡས་ཁང་ལ་གཞལ་ཡས་ཁང་ཐིམ་ཞིང་དབྱེར་མེད་དུ་གྱུར་ནས་འགྲོ་བའི་དོན་མ་རྫོགས་ཀྱི་བར་དུ་བཞུགས་པར་བསམ་སྟེ། གཅེས་པའི་མགྲོན་གདན་བཟང་པོ་ལ་འཇོག་པ་བཞིན་ནོ། །བསྡུས་དོན་ལ་གསུམ་ལས། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་པ་ལ་སོགས་པས་སྙན་གསན་དབབ་པ་དང་། ཡེ་ཤེས་ཁྲོ་བོ་གཤེགས་ཞེས་པས་སྤྱན་དྲངས་ཤིང་། སླར་ཡང་གཤེགས་ནས་ཀྱང་ཞེས་པས་བཞུགས་སུ་གསོལ་བའོ། །ཚིག་དོན་ནི། སྲིད་པ་གསུམ་གྱི་སེམས་ཅན་རྣམས་རྡོ་རྗེ་ཕུར་པའི་ལྷ་ཚོགས་དང་། མངོན་པར་རམ་མངོན་སུམ་དུ་བསྒྲུབ་པའི་ཕྱིར་དུ། བདག་དམ་ཚིག་པས་ཡེ་ཤེས་ཀྱི་ལྷ་ལ་དྲི་མ་དག་ཅིང་སྐལ་བར་ལྡན་པར་བྱེད་པའི་དབང་དང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་བའི་ཕྱིར་ཏེ་དེ་ཡང་སྟོད་ལས་བཞིན་ལྷ་ལས་དང་། སྨད་ལས་བཞིན་དགྲ་ལས་བླང་བའོ། །ཡེ་ཤེས་པ་དེ་ཡང་དོན་ཆོས་ཉིད་ཞི་བའིི་ངང་ལས་མ་གཡོས་བཞིན་རྟགས་གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར་ཁྲོ་བོའི་སྐུར་བསྟན་ནས་དམ་ཚིག་གི་གནས་སུ་གཤེགས་སུ་གསོལ། ཞིང་དེ་ལྟ་བུ་ཡེ་ཤེས་ཀྱི་ཁྲོ་བོ་དམ་ཚིག་གི་གནས་སུ་གཤེགས་ནས་ཀྱང་། ཅི་བྱེད་ན། མཆོག་གི་དངོས་གྲུབ་ཡེ་ཤེས་གྲུབ་པའི་རྟགས་དང་། ཐུན་མོང་དམ་ཅན་སྒྲུབ་པའི་མཚན་མ་རྣམས་རབ་དངོས་སམ། འབྲིང་ཉམས་སམ། ཐ་མ་རྨི་ལམ་གྱི་ཡུལ་དུ་བསྟན་པ་དང་། ཀཱི་ལ་ཡ་ནི་ཕུར་པ་སྟེ། །རྡོ་རྗེ་ཕུར་བུའི་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བའི་ཕྱིར་བཞུགས་སུ་གསོལ་ཞེས་བྱའོ། །མཆོད་པ་འབུལ་བའི་རིམ་པ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་ལྔ་ལས། གང་གི་འབུལ་བའི་མཁན་པོ་ནི། བདག་ལས་ཀྱི་རྡོ་རྗེ་གཞོན་ནུ་གཅིག་མར་མེ་གཅིག་ལས་གཅིག་མཆེད་པའི་ཚུལ་དུ་དཀྱིལ་འཁོར་གྱི་ཤར་སྒོར་སྒོ་མ་ལྕགས་ཀྱུ་མའི་རྒྱན་དུ་བྱེད་པ་དེས། གང་ལ་འབུལ་ན་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་ལྷ་ཚོགས་ལ། གང་འབུལ་ན་བཅུ་སྟེ། མཉེས་པ་ཕྱག་གི། ཕྱི་ལྷ་མོ་ལྔའི། ཕྱག་རྒྱ་གར་གྱི། བ་ལིཾ་གཏོར་མའི། བདུད་རྩི་སྨན་གྱི། རཀྟ་ཚར་གསུམ་གྱི། ཟབ་མོ་སྦྱོར་སྒྲོལ་གྱི། བསྟོད་པ་གླུའི། ཞལ་ཟས་ཚོགས་ཀྱི། མཇུག་ལྷག་མའི་མཆོད་པའོ། །ཅིའི་ཕྱིར་འབུལ་ན་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཐོབ་པར་བྱ་བའི་ཕྱིར་རོ། །ཇི་ལྟར་དབུལ་ན། དང་པོ་མཉེས་པ་ཕྱག་གི་མཆོད་པ་ནི། བདག་ལས་ཀྱི་རྡོ་རྗེ་གཞོན་ནུས་དཀྱིལ་འཁོར་གྱི་ཤར་སྒོ་ནས། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པའི། །ཞེས་པ་ལ་སོགས་པའི་ཚིག་བརྗོད་པས། ཡན་ལག་ལྔ་ས་ལ་བཏུད་པ་གུས་པའི་ཚུལ་གྱིས་ཕྱག་འཚལ་ཏེ་ཨ་ཏི་པཱུ་ཧོཿ ཞེས་བརྗོད་པ་ནི་མཆོད་པ་ལ་ཤིན་ཏུ་དགྱེས་སམ། ཞེས་བྱ་སྟེ། ལྷ་ཚོགས་རྣམས་ཀྱིས་པྲ་ཏཱིཙྪ་ཧོཿ ཞེས་པས་དེ་ལ་རབ་ཏུ་མཉེས་སོ་ཞེས་པའི་ལན་གནང་བར་བསམ་སྟེ། གདན་ལ་བཞུགས་མ་ཐག་པར་ཕྱག་དང་ཞེ་ས་བསྙུན་སྨེད་ཀྱིས་མདུན་བསུ་བར་བྱེད་པ་བཞིན་ནོ། །ཕྱི་ལྷ་མོ་ལྔའི་མཆོད་པ་ནི། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ལ་སོགས་པ་བརྗོད་པས་ཐུན་མོང་གི་མཆོད་པ་བཤམས་ནས་ཡོད་ན་ཡོད་པ་དེ་དག་ལས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་བདེ་བར་གཤེགས་པ་ལ་མཉེས་པའི་མཆོད་པ་ཕུལ་བར་བསམ་ཞིང་། མེད་ན་བདག་ལས་ཀྱི་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་སྤྲུལ་ལ་དབུལ་ཏེ། ཁྱད་པར་དུ་ལྷ་མོ་མེ་ཏོག་དཀར་མོ་མེ་ཏོག་གི་ཕྲེང་བ་བསྣམས་པ་དབུ་ལ། བདུག་སྤོས་མ་སེར་མོ་སྤོས་ཁང་བསྣམས་པ་ཤངས་ལ། མར་མེ་མ་དམར་མོ་མར་མེའི་ཀོང་བུ་བསྣམས་པ་སྤྱན་ལ། དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་བསྣམས་པ་ཐུགས་ལ། ཞལ་ཟས་མ་དམར་མོ་ཞལ་ཟས་ཀྱི་གཞོང་པ་ཐོགས་པ་ཞལ་དུ་ཕུལ་བར་བསམ་སྟེ། འདི་མན་གྱི་མཆོད་པ་ཀུན་ཕལ་ཆེར་དེ་ལྟར་མདུན་བསུ་བའི་རྗེས་སུ་ཅི་འབྱོར་བའི་བསྙེན་བཀུར་བྱེད་པ་བཞིན་ནོ། །ཕྱག་རྒྱ་གར་གྱི་མཆོད་པ་ནི། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །ཞེས་པ་ལ་སོགས་པའི་ཚིག་བརྗོད་ཅིང་པད་སྐོར་གྱི་གར་སྔོན་དུ་འགྲོ་བའི་ལག་པས་ལྷ་སོ་སོའི་ཕྱག་རྒྱ་བཅས་པའི་ཚེ་དེ་དང་དེའི་ཏིང་ངེ་འཛིན་ཤིན་ཏུ་གསལ་བར་གྱུར་པར་བསམ་མོ། །བ་ལིཾ་གཏོར་མའི་མཆོད་པ་ནི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ལ་སོགས་པའི་ཚིག་དང་། །བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧི་ཧི་ཧི། ཞེས་བརྗོད་པས། སྔར་བྱིན་གྱིས་བརླབས་པའི་གཏོར་མ་དེ་ལས་འདོད་ཡོན་དྲུག་གི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་ཡེ་ཤེས་ཀྱི་ལྷ་ཚོགས་ལ་མཉེས་པའི་མཆོད་པ་ཕུལ་ཏེ། བྱེ་བྲག་གཟུགས་མ་དཀར་མོ་མེ་ལོང་ཐོགས་པ་སྤྱན་ལ། སྒྲ་མ་སྔོན་མོ་པི་ཝཾ་ཐོགས་པ་སྙན་ལ། དྲི་མ་སེར་མོ་སྤོས་ཕོར་ཐོགས་པ་ཤངས་ལ། རོ་མ་དམར་མོ་ཞལ་ཟས་ཐོགས་པ་ལྗགས་ལ། རེག་བྱ་མ་ལྗང་གུ་ན་བཟའ་ཐོགས་པ་སྐུ་ལ། ཆོས་མ་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཐུགས་མཉེས་པའི་མཆོད་པ་ཕུལ་ཞིང་། གཏོར་མ་ལྷག་མ་བདུད་རྩི་དང་ཤ་ཁྲག་ཏུ་གྱུར་ནས། དམ་ཅན་རྣམས་ལོངས་སྤྱོད་པར་བསམ་མོ། །བདུད་རྩི་སྨན་གྱི་མཆོད་པ་ལ་བཞི་སྟེ། སྨན་བྱིན་གྱིས་བརླབ་པ་དང་། སྤྱིར་དབུལ་བ་དང་། སྒེར་སྒེར་དབུལ་བ་དང་། དངོས་གྲུབ་བླང་བའོ། །བྱིན་གྱིས་བརླབ་པ་ནི། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བརྗོད་པས་སྔར་བྱིན་གྱིས་བརླབས་པའི་བདུད་རྩི་དེ་གསལ་གདབ་བོ། །སྤྱིར་མཆོད་པ་ནི། རང་བྱུང་གདོད་ནས་དག་པ་སྟེ། །ཞེས་པ་ལ་སོགས་པའི་ཚིག་དང་། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ་ཤྲཱི་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི་ཞེས་བརྗོད་དོ། །བདུད་རྩི་མཐེབ་སྲིན་ཉི་ཟླ་གྭའུ་ཁ་སྦྱོར་གྱིས་ནམ་མཁའ་ལ་གཏོར་བས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དལ་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོ་དང་བཅས་པ་ལ་བདུད་རྩི་བྱང་ཆུབ་སེམས་དྲི་མ་མེད་པ་དེ་ཕོག་པས་ཞལ་དུ་སོང་སྟེ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ་བར་བསམ་མོ། །སྒེར་སྒེར་དབུལ་བ་ལ་གསུམ་སྟེ། །རྩ་བའི་ལྷ་ལ་དང་། མགྲོན་གྱི་ལྷ་ལ་དང་། དྲིན་གྱི་ལྷ་ལ་མཆོད་པའོ། །རྩ་བའི་ལྷ་ནི་རྡོ་རྗེ་གཞོན་ནུ་ནས་གིང་གསུམ་ཡན་ཆད་དོ། །དེ་དག་ལ་རང་རང་གི་འབུལ་ཚིག །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། ཞེས་པ་ལ་སོགས་པ་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་བརྗོད་ཅིང་བདུད་རྩི་ཕུལ་བས་ལྷ་ཚོགས་རྣམས་ཀྱིས་ཞལ་དུ་གསོལ་ཏེ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ་བར་བསམ་མོ། །མགྲོན་གྱི་ལྷ་ནི། འདུས་པ་མདོ་ཡི་ལྷ་ཚོགས་ལ་སོགས་ཏེ་ཡེ་ཤེས་ཀྱི་ལྷ་དང་། རིག་འཛིན་བྱང་ཆུབ་སེམས་དཔའ། དམ་ཅན་ཆོས་སྲུང་མ་ལུས་པ་རྣམས་ཏེ། །དེ་དག་ལ་འབུལ་ཚིག །འདུས་པ་མདོའི་ལྷ་ཚོགས་ཁ་རཾ་ཁཱ་ཧི། །ཞེས་པ་ལ་སོགས་པ་བརྗོད་ཅིང་བདུད་རྩི་གཏོར་བས་ཞལ་དུ་གསོལ་ཏེ་སྐུ་གསུང་ཐུགས་མཉེས་པར་བསམ་མོ། །དྲིན་གྱི་ལྷ་ནི། རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་དང་། དུས་གསུམ་གྱི་ཕ་མ་སྟེ། དེ་དག་ལ་ཡང་འབུལ་ཚིག །དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ཞེས་པ་ལ་སོགས་བརྗོད་ཅིང་བདུད་རྩི་གཏོར་བས་མཉེས་པར་བསམ། གཞན་ཡང་ཅི་རིགས་པ་འབུལ་ལ། །དངོས་གྲུབ་བླང་བ་ནི། དེ་ལྟར་ལྷ་ཚོགས་རྣམས་ལ་མཉེས་པའི་མཆོད་པ་ཕུལ་བས། ལྷ་ཚོགས་རྣམས་ཀྱིས་སྐྱེས་ལ་སྐྱེས་ལན་གྱི་ཚུལ་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡི་གེ་ༀ་ཨཱཿཧཱུྃ་གི་ཚུལ་དུ་བདུད་རྩི་ལྷག་མའི་ནང་དུ་བབས་པར་བསམ་མོ། །དེ་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་བཤགས་པ་བྱ་སྟེ། ལྟ་བ་འཕང་དམས་ཆོས་ཉིད་དོན་མ་རྟོགས། །ཞེས་པ་ལ་སོགས་པ་བརྗོད་ཅིང་། །བདུད་རྩི་གཏོར་བས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་བྱུང་སྟེ་བདག་ལ་ཕོག་པས་ཉམས་གྲིབ་དང་སྒྲིབ་པ་ཐམས་ཅད་དག་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས་པར་བསམ་མོ། །དེ་ནས་དངོས་གྲུབ་བླང་སྟེ། ཧཱུྃ། མུ་ཏིག་དཀར་པོ་དྲི་མེད་དང་། །ཞེས་པ་ལ་སོགས་པའི་ཚིག་དང་། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ཞེས་བརྗོད་ཅིང་། བདུད་རྩིའི་ནང་གི་ༀ་དེ་མཐེབ་སྲིན་གྱིས་བླངས་ཏེ་ལྕེ་ཐོག་ཏུ་བཞག་པས་དུང་ཁང་དུ་ཆགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མངོས་གྲུབ་ཐོབ་པར་བསམ་མོ། །དེས་འགྲེ། ཨཱཿགསུང་མགྲིན་པ། ཧཱུྃ་ཐུགས་སྙིང་གར་ཆགས་པར་བསམ་མོ། །དེ་ནས་གཏོར་མའི་ནང་དུ་ཡང་བདུད་རྩི་སྦྲེང་ངོ་། །གསང་བ་རཀྟ་ཚར་གསུམ་གྱི་མཆོད་པ་ནི་གཉིས་ཏེ། བྱིན་གྱིས་བརླབ་པ་དང་། དབུལ་བའོ། །བྱིན་གྱིས་བརླབ་པ་ནི། སྔར་བྱིན་གྱིས་བརླབས་པའི་རཀྟ་དེ། ཁྱད་པར་ཅན་དུ་བྱིན་གྱིས་བརླབས་ཏེ། རཀྟའི་སྣོད་ཀྱི་ནང་དུ་དགྲ་བགེགས་ཀྱི་མིང་ཡིག་དང་པོ་བྲི་ཞིང་། དེ་ཡང་དགྲའམ་བགེགས་གང་ཡིན་པ་དེར་བསམ་ལ་སྔགས་དྲུག་གམ་བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་བརྗོད་ཅིང་ཕུར་པ་འདྲིལ་བས། དགྲ་བགེགས་དང་ཁམས་གསུམ་གྱི་སེམས་ཅན་ཀུན་ཕུར་པའི་རྩེ་ལ་རིལ་རིལ་འདུག་པར་བསམ། དེ་ཡང་ཁྲག་གི་གྲོད་པ་གཅིག་ཏུ་གྱུར་ཏེ་དེ་ལ་ཕུར་པ་བཏབ་པས་སྟོང་གསུམ་ཁྲག་གིས་མེར་གྱིས་ཁེངས་པར་བསམ་མོ། །དེ་འབུལ་བ་ལ་གསུམ་ལས། བསྒོ་བའི་བཀའ་ཉན་པར་བྱ་བའི་ཕྱིར་རཀྟ་དང་པོའི་མཆོད་པ་ཕུལ་ཏེ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པ་ལ་སོགས་པའི་ཚིག་དང་། མ་ཧཱ་རཀྟ་ཁཱ་ཧི་ཞེས་བརྗོད་ཅིང་ཕུལ་བས། རཀྟའི་རྒྱ་མཚོ་དེ་སུམ་ཆ་གཅིག་གསོལ་བར་བསམ་མོ། །དགྲ་བགེགས་མྱུར་དུ་བསྒྲལ་ཞིང་དམ་ཅན་གནད་ལ་དབབ་པའི་ཕྱིར། རཀྟ་བར་པའི་མཆོད་པ་ཕུལ་ཏེ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཞེས་པ་ལ་སོགས་པ་དང་། མ་ཧཱ་རཀྟ་ཁཱ་ཧི། ཞེས་བརྗོད་ཅིང་ཕུལ་བས། སུམ་གཉིས་ཟད་པར་གསོལ་བར་བསམ། །མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར། །རཀྟ་ཐ་མའི་མཆོད་པ་ཕུལ་ཏེ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཞེས་པ་ལ་སོགས་པ་དང་། མ་ཧཱ་རཀྟ་ཁཱ་ཧི། ཞེས་བརྗོད་ཅིང་ཕུལ་བས། མ་ལུས་པ་ཟད་པར་གསོལ་བར་བསམ་མོ། །ཟབ་མོ་སྦྱོར་སྒྲོལ་གྱི་མཆོད་པ་ལ་གཉིས་ཏེ། དངོས་དང་། ཞར་ལ་འདོད་པའི་དོན་ལ་གསོལ་བ་གདབ་པའོ། །དང་པོ་ལའང་གཉིས་ཏེ། སྒྲོལ་བ་དང་། སྦྱོར་བའོ། །སྒྲོལ་བ་ནི། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །ཞེས་པ་ལ་སོགས་པ་བརྗོད་ཅིང་རྡོ་རྗེའི་ཐོ་བས་དགྲ་བོའི་ལིངྒ་བརྡུངས་པས་དགྲ་བོའི་ལུས་རྡུལ་ཕྲན་བཞིན་དུ་གྱུར་ཅིང་འོད་ཟེར་མེ་སྟག་ཏུ་སོང་ནས་བསྲེགས་པར་བསམ་མོ། །གལ་ཏེ་སྒྲོལ་བས་ནི་གང་གི་ཕྱིར་མཆོད་པར་འགྱུར་ཞེ་ན། འདི་ཡང་སྔོན་བྱུང་དུ་རྒྱལ་བའི་མཛད་སྤྱོད་ཡིན་པའི་ཕྱིར་ཏེ་ཕ་ཡི་ལས་བུ་ཡིས་བྱས་ན་ཕ་ཡིད་དགའ་བར་འགྱུར་བ་བཞིན་ནོ། །གཉིས་པ་སྦྱོར་བའི་མཆོད་པ་ནི། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཞེས་པ་ལ་སོགས་པ་བརྗོད་ཅིང་། །ཡུམ་གྱི་མཁའ་ནི་གཏན་པ་ལ། །ཡབ་ཀྱི་རྡོ་རྗེ་ཐོ་བ་སྟེ། དེ་གཉིས་ཀྱི་བར་དུ་དགྲ་བགེགས་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་མོ། །ཞར་ལ་འདོད་པའི་དོན་ལ་གསོལ་བ་གདབ་པ་ལ་དྲུག་སྟེ། ཇི་ལྟར་གསོལ་བ་གདབ་ན། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་པ་ལ་སོགས་པའི་ཚིག་དྲུག་སྟེ། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ལ་གསོལ་བ་གདབ་པའོ། །གང་ལ་གསོལ་བ་བཏབ་ན། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པའི་ཚིག་བརྒྱད་དེ་ལྷ་ཚོགས་རྣམས་ལ་འདེབས་པའོ། །གང་གིས་འདེབས་ན། བདག་ཅག་རིག་འཛིན་སྒྲུབ་པ་པོས། ཞེས་པའི་ཚིག་བཞི་སྟེ། སྒྲུབ་པ་པོས་གསོལ་བ་འདེབས་པའོ། །གང་སྒྲོལ་བར་གསོལ་བ་འདེབས་ན། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །ཞེས་པ་ཞིག་གསུམ་སྟེ། མཆོག་ཐུན་མོང་ལ་བར་དུ་གཅོད་པའི་དགྲ་བགེགས་སྒྲོལ་ཅིག་པར་འདེབས་པའོ། །གང་གིས་སྒྲོལ་ན། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཞེས་པའི་ཚིག་ལྔ་སྟེ། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱིས་སྔོན་ཇི་ལྟར་བསྒྲལ་བའི་ཚུལ་དུ་སྒྲོལ་ཅིག་པར་རོ། །ཇི་ལྟར་སྒྲོལ་བའི་ཚུལ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི། །ཞེས་པའི་ཚིག་དྲུག་སྟེ། ལུས་ངག་རྡུལ་དུ་གྱིས་ཤིག་པ་སྟེ། རང་གི་འདོད་པའི་དོན་ལོ་རྒྱུས་ཀྱིས་མཚོན་པ་བཞིན་ནོ། །སྐབས་འདིར་བདག་ལས་ཀྱི་རྡོ་རྗེ་གཞོན་ནུ་དལ་གྱི་ཤར་སྒོ་ན་ཡོད་པ་དེ་དབུས་ཀྱི་གཙོ་བོའི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་བསམ་མོ། །བསྟོད་པ་གླུའི་མཆོད་པ་ནི། ཧཱུྃ། དྷརྨ་དྷཱ་ཏུ་ལྷུན་གྱིས་གྲུབ་པའི་དབྱིངས། །ཞེས་པ་ལ་སོགས་པ་བརྗོད་པས། བརྗོད་པ་བདག་གི་བརྗོད་ཀྱང་དྲག་པོའི་གཞལ་ཡས་ཁང་གི་ནམ་མཁའ་ལ་རང་སྒྲ་གྲགས་པའི་སྒོ་ནས་ལྷ་ཚོགས་རྣམས་མཉེས་པར་བསམ་སྟེ། འདོད་པའི་དོན་སྒྲུབ་པར་ཞལ་གྱིས་བཞེས་པ་ན་བསྟོད་སྒྲ་སྨྲ་བའི་ཚིག་གིས་གཏང་རག་གཏོང་བ་བཞིན་ནོ། །ཞལ་ཟས་ཚོགས་ཀྱི་མཆོད་པ་ལ་གསུམ་སྟེ། སྔོན་འགྲོའི་ཆོས་དྲུག་གིས་སྟ་གོན་བྱ་བ་དང་། དབུལ་ཐབས་གཉིས་ཀྱིས་ལྷ་མཆོད་པ་དང་། ཚོགས་ཀྱི་ཞལ་ཟས་ལས་དངོས་གྲུབ་བླང་བའོ། །སྔོན་དུ་འགྲོ་བ་ལ་དྲུག་ལས། དང་པོ་བཤམས་པ་ནི་གཙང་མར་སྦྱར་བའི་ཟླ་རྒྱས་ཏེ་མར་དང་། ཟླ་ཕྲོམ་སྟེ་ཞོ་དང་། གལ་ཕྱེ་སྟེ་ཟན་དང་། ཛ་གད་དེ་ཆང་ལ་སོགས་པ་འབགས་བཙོག་ཏུ་མ་གྱུར་ཅིང་། མ་ཉམས་པ་ཚུལ་དང་མཐུན་པར་བཤམས་ཏེ་བྱའོ། །བསང་བ་ནི། །ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄་ཅེས་བརྗོད་ཅིང་ཚོགས་ཀྱི་དངོས་པོ་དེ་ལ་བདུད་རྩི་གཏོར་བས་ཉེས་སྐྱོན་དག་པར་བསམ་མོ། །མཚམས་བཅད་པ་ནི། ལྷར་གསལ་འཕྲོ་འདུ་ཧཱུྃ་བཞིའི་ཚོགས་ལས་བསྐྱེད། །ཅེས་པ་ལ་སོགས་པ་བརྗོད་ཅིང་བགེགས་བསྐྲད་དོ། །ལྷ་བསྐྱེད་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་ཅེས་བརྗོད་ལ་རྩ་བའི་ལྷ་ཚོགས་གསལ་གདབ་བོ། །ཕྲིན་གདབ་པ་ནི། ཧོ་དགོངས་སུ་གསོལ་ཅེས་པ་ལ་སོགས་པ་སྟེ། ཚོགས་ཀྱི་མཆོད་པ་བཞེས་མི་བཞེས་བཀའ་ནོད་པ་ཡིན་ལ། ཨ་ལ་ལ་ཧོ་ཞེས་པས་བཞེས་པར་བཀའ་གནང་བ་ཡིན་ནོ། །དྲང་བ་ནི། ཚོགས་ཀྱི་ཡོ་བྱད་རྣམས་ལག་པ་གཉིས་ཀྱིས་གྱེན་དུ་བཏེགས་ལ་རྒྱལ་པོ་ལ་གསོལ་འདྲེན་པའི་ཚུལ་དུ་བྱས་ཏེ། ཧཱུྃ། གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པ་བརྗོད་ཅིང་དྲང་ངོ་། །དབུལ་ཐབས་གཉིས་ཀྱིས་ལྷ་མཆོད་པ་ལ་གཉིས་ཏེ། ཚོགས་འདོད་ཡོན་དུ་དམིགས་ཏེ་དབུལ་བ་དང་། །དགྲ་བགེགས་སུ་དམིགས་ཏེ་བསྒྲལ་བའོ། །དང་པོ་ལ་བཞི་ལས། སྔོན་དུ་བསྲེག་སྦྱང་བྱ་བ་ནི། བདག་གཙོ་བོའི་ཐུགས་ཀ་ནས་རྂ་ཡྂ་ཁྂ་གསུམ་འཕྲོས་པ་ཚོགས་ལ་ཕོག་པས་རྂ་ལས་མེས་བསྲེགས། ཡྂ་ལས་རླུང་གིས་གཏོར། ཁྂ་ལས་ཆུས་བཀྲུས་ཏེ་ཚོགས་ཀྱི་མཚན་མ་སྦྱངས་ཏེ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཞེས་པ་ལ་སོགས་པས་གསལ་གདབ་བོ། །བྱིན་གྱིས་བརླབ་པ་ནི། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཞེས་བརྗོད་པས་སྣོད་ཉི་ཟླ་ཁ་སྦྱོར་དུ་བསམ། ༀ་ཞེས་པས་ཐུགས་ཀའི་ཧཱུྃ་ལས་ༀ་གཉིས་པ་འཕྲོས་པ་ཚོགས་ལ་ཕོག་པས་། ཚོགས་ཀྱི་དངོས་པོ་དེ་ཡི་གེ་ༀ་གཅིག་ཏུ་གསལ་བར་གནས་པ་ལས་འདོད་ཡོན་དྲུག་གི་ལྷ་མོ་འབྱུང་རུང་དུ་བསམ་མོ། །སྤྱན་དྲང་བ་ནི། འདི་ན་སྣ་ཚོགས་གཟུགས་མཆིས་ཀྱིས། །ཞེས་པ་ལ་སོགས་པས་རང་བཞིན་གྱི་གནས་ནས་སྤྱན་དྲང་ངོ་། །དབུལ་བ་ནི། འབྱུང་བ་ཆེན་པོ་ནམ་མཁའ་ཆེ། །ཞེས་པ་ལ་སོགས་པའི་ཚིག་དང་། ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲཱི་ཤྭ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་དྲུག་བརྗོད་པས། འདོད་ཡོན་དྲུག་གི་ལྷ་མོ་ནམ་མཁའི་ཁམས་གང་བ་བྱུང་ནས་བདེ་བར་གཤེགས་པ་ལ་མཉེས་པའི་མཆོད་པ་ཕུལ་བར་བསམ་མོ། །ཚོགས་དགྲ་བགེགས་སུ་དམིགས་ཏེ་བསྒྲལ་བ་ལ་གསུམ། དགུག་པ། བསྒྲལ་བ། དབུལ་བའོ། །དགུག་པ་ནི། སྐབས་འདིར་སྲུང་མ་འབོད། རིག་འཛིན་བསྐུལ། ཕོ་ཉ་རྦད་ཅིང་དགྲ་བགེགས་གནས་ནས་དགུག་སྟེ། བདག་ཅག་རིག་འཛིན་སྒྲུབ་པ་པོས། །ཞེས་པ་ལ་སོགས་པའི་ཚིག་བརྗོད་ཅིང་། ལྕགས་ཀྱུའི་ཕྱག་རྒྱ་བྱས་ཏེ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ དགྲ་བགེགས་འབྱུང་པོ་ནྲྀ་ཡཾ་ཛཿཏྲི་ཡཾ་ཛཿ ཞེས་བརྗོད་པས་ལྷ་ཚོགས་རྣམས་ལས་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པ་འཕྲོས་ནས་དགྲ་བགེགས་གང་ལ་བྱ་བ་དེ་རང་རང་གི་གནས་ནས་བཀུག །ཞགས་པའི་ཕྱག་རྒྱ་བཅིངས་ཏེ། བཛྲ་པཱ་ཤ་ཧཱུྃ་གིས་ཚོགས་ལ་བསྟིམས་ཤིང་། ལྕགས་སྒྲོག་གི་ཕྱག་རྒྱ་བཅིངས་ཏེ། བཛྲ་སྥོ་ཊ་བཾ་གྱིས་ཐར་བ་མེད་པར་བསྡམས་ནས། དྲིལ་བུའི་ཕྱག་རྒྱ་བཅས་ཏེ། བཛྲ་གཎྜེ་ཧོཿ་ཡིས་མི་གཡོ་བར་རྒྱས་བཏབ་པར་བསམ་མོ། །བསྒྲལ་བ་ལ་བཞི་ལས། དང་པོ་ཕུར་སྐོར་གྱིས་གཟིར་བ་ནི། ལག་པ་གཡས་གཡོན་ཐབས་ཤེས་རབ་ཀྱི་རང་བཞིན་དུ་བསམ་སྟེ། ཕུར་པ་འདྲིལ་ཞིང་། ཧཱུྃ། སྲས་མཆོག་བཛྲ་ཀཱི་ལ་ཡ། །ཞེས་པ་ལ་སོགས་པ་བརྗོད་པས། ཕུར་པ་དེ་ལས་ཡེ་ཤེས་ཀྱི་ཕུར་པ་མགར་གྱི་སོལ་མེའི་ཚྭ་ཚྭའི་ཚུལ་དུ་འཕྲོས་པས། དགྲ་བགེགས་ལ་ཕོག་པས་ལུས་ཉམས་ཤིང་མྱོས་ནས་རྣམ་པར་ཤེས་པ་རུལ་རུལ་ཚིག་པར་བསམ་མོ། །ཕུར་པས་བཏབ་སྟེ་བསྒྲལ་བ་ནི། །བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་ར་སེ་ན་ཡ་པྲ་མརྟ་ན་ཡེ། དགྲ་བགེགས་འབྱུང་པོའི་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊ྄། ཅེས་བསྙེན་ཕུར་སྲས་མཆོག་ཏུ་བྱིན་གྱིས་བརླབས་པ་དེ་བཏབ་པས་སྙིང་དཀར་ནག་མཚམས་སུ་སོང་བར་བསམ་ལ་བསྒྲལ་ལོ། །ཐོ་བས་བརྡུངས་ཏེ་བསྒྲལ་བ་ནི། རྡོ་རྗེ་ཐོ་བས་བརྡུང་ཞིང་། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །ཞེས་པ་ལ་སོགས་པའི་ཚིག་དང་། ཁ་ཐཾ་ཁ་ཐཾ། ཞེས་བརྗོད་ཅིང་གཏན་གཏུན་ཐབས་ཤེས་ཀྱི་བར་དུ་དགྲ་བགེགས་བརྡུངས་པས་ལུས་རྡུལ་ཕྲན་བཞིན་དུ་སོང་བར་བསམ་མོ། །གྲིས་གཏུབ་སྟེ་བསྒྲལ་བ་ནི། མཚོན་རྣོན་པོ་ཐོགས་ཏེ། རྡོ་རྗེ་གསང་བའི་བཀའ་ལས་ནི། །ཞེས་པ་ལ་སོགས་པའི་ཚིག་དང་། མ་མ་པ་ཤཾ་ཀུ་རུའི་སྔགས་བརྗོད་དེ། ཉལ་གྱིས་གཏུབས་ཏེ་བསྒྲལ་ལོ། །དབུལ་བ་ནི། ཚོགས་དེ་ཆ་གསུམ་དུ་བགོས་ཏེ། ཆ་གཅིག་གིས་འཕགས་པ་མཆོད། ཆ་གཅིག་རྣལ་འབྱོར་པས་རོལ། ཆ་གཅིག་མཁའ་འགྲོ་མར་སྐྱོང་ངོ་། །འཕགས་པའི་དེ་ལ་གསུམ་དུ་བགོས་ཏེ་གཅིག །དམ་ཚིག་ཆ ེན་པོའི་དུས་ལ་བབ། ཅེས་པ་ལ་སོགས་པའི་སྒོ་ནས་ཞལ་གཡས་དཀར་བ་བཞད་པ་ལ་མཆོད། ཆ་གཅིག །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །ཞེས་པ་ལ་སོགས་པའི་སྒོ་ནས་གཡོན་དམར་བ་ལ་བཤགས་སོ། །ཆ་གཅིག ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །ཞེས་པ་ལ་སོགས་པའི་སྒོ་ནས་དབུས་མཐིང་བ་ལ་བསྟབ་པའོ། །ཚོགས་ཀྱི་ཞལ་ཟས་ལས་དངོས་གྲུབ་བླང་བ་ནི། །ༀ་གྱིས་རབ་ཏུ་འབར་བར་བྱ། །ཞེས་པ་ལ་སོགས་པ་བརྗོད་ལ་བླང་སྟེ་རྣལ་འབྱོར་པ་རྣམས་ལྷའི་ང་རྒྱལ་གྱིས་ཚོགས་ལ་རོལ་བར་བྱའོ། །མཇུག་ལྷག་མའི་མཆོད་པ་ལ་གསུམ་སྟེ། བྱིན་གྱིས་བརླབ་པ་དང་། བཞེངས་སུ་གསོལ་བ་དང་། མཆོད་པ་དངོས་སོ། །བྱིན་གྱིས་བརླབ་པ་ནི། ལྷག་མ་གསོག་འཇོག་མེད་པར་བསྡུས་ལ་ཕུད་དང་ལྷག་མའི་དངོས་པོ་དེ་རྣམས་མི་དམིགས་པར་ཧཱུྃ་དུ་བསམ་ལ། དེ་འོད་དུ་ཞུ་བ་ལས་བདུད་རྩིའི་ཆུ་རྒྱུན་དང་། འདོད་ཡོན་གྱི་རོལ་མོ་དང་། ཤ་ཆེན་གྱི་ཕུང་པོ་དང་། ཁྲག་ཆེན་གྱི་རྒྱ་མཚོ་ལ་སོགས་པ་དུར་ཁྲོད་ཀྱི་རྫས་ཀྱིས་སྟོང་གསུམ་གང་བར་གྱུར་པར་བསམ་མོ། །བཞེངས་སུ་གསོལ་བ་ནི། ཧཱུྃ། ཁྲོ་རྒྱལ་ཡེ་ཤེས་ལྔ་ལྡན་འབར་བའི་སྐུར་བསྟན་པ། ཞེས་པ་ལ་སོགས་པ་བརྗོད་ཅིང་ཐུགས་ཞི་བའི་ངང་ལས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་འགྲོ་བའི་དོན་ལ་བཞེངས་པར་བསམ་མོ། །མཆོད་པ་དངོས་ལ་གཉིས་ཏེ། ཡར་གྱི་གནས་བདུན་ལ་མཆོད་ཅིང་ཕྲིན་ལས་བཅོལ་བ་དང་། མར་གྱི་གནས་བདུན་ལ་སྦྱིན་ཅིང་ཕྲིན་ལས་བཅོལ་བའོ། །ཡར་གྱི་གནས་བདུན་ནི། གཙོ་བོ་ཡབ་ཡུམ། ཁྲོ་བོ་ཁྲོ་མོ། ཕྲ་མེན། ཤྭ་ན་མ། བསེ་མོ། རེ་མ་ཏི། གིང་སྟེ་དེ་དག་ཀུན་ལ་དམ་ཚིག་ཆེན་པོའི་ཞེས་པའི་བསྐུལ་དང་། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཞེས་པ་ལ་སོགས་པས་སྤྱན་དྲངས་པ་དང་། ཁྱེད་རྣམས་ལ་མཆོད་པ་འབུལ་བ་ཞེས་པ་ལ་སོགས་པས་མཆོད་པ་དང་། མཐོལ་བཤགས་སུ་གསོལ་བ་ནི་ཞེས་པ་ལ་སོགས་པས་བཤགས་པ་བྱ་བ་དང་། ཕྲིན་ལས་སུ་བཅོལ་བ་ནི་ཞེས་པས་ཕྲིན་ལས་བཅོལ་བ་དང་། ལྔ་ལྡན་དུ་ཉམས་སུ་བླང་ངོ་། །མར་གྱི་གནས་བདུན་ལ་སྦྱིན་ཤིང་ཕྲིན་ལས་བཅོལ་བ་ལ་གཉིས་ཏེ། སྔོན་འགྲོ་ཕུད་ལྷག་མཚམས་སྦྱར་བ་དང་། གནས་བདུན་དངོས་སོ། །ཕུད་ལྷག་མཚམས་སྦྱར་བ་ལ་གསུམ་ལས། དང་པོ་མཁའ་འགྲོ་མ་སྤྱན་དྲང་བ་ནི། རྡོ་རྗེ་ལས་ཀྱི་དབང་བསྐུར་བའི་། །ཞེས་པ་ལ་སོགས་པའི་ཚིག་དང་། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་བརྗོད་པས་མ་མོ་རྣམས་བྱ་ནག་ཐང་ལ་བབས་པ་བཞིན་ཐིབས་ཀྱིས་བྱོན་པར་བསམ་མོ། །གཉིས་པ་ཕུད་ལྷག་བསྲེས་ལ་ཁ་ཆུ་གདབ་པ་ནི། གཏོར་མ་དཀྱིལ་འཁོར་གྱི་ཤོད་དུ་ཕབ། ཕུད་ལྷག་རྣམས་བསྲེས་ལ། བདག་ཉིད་ཁྲོ་བོ་ཏཱ་ཀི་རཱ་ཛ་སྐུ་མདོག་དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། གཡས་བ་དན་འཛིན་ཅིང་གཡོན་ཁྱུང་གཤོག་གདེངས་པ་ཞིག་ཏུ་བསྒོམ་པའི་ཡ་རྐན་ཨ་ལས་ཟླ་བའི་གདན་ལ་སྣང་བ་མཐའ་ཡས་ཚོན་གང་བ་གཅིག་བསྒོམ། མ་རྐན་དུ་མ་ལས་ཉི་མའི་གདན་ལ་ཡུམ་གོས་དཀར་མོ་བསྒོམས་ཏེ། སྨན་ཕུད་ཁར་བླུགས་པས་ཡབ་ཡུམ་སྦྱོར་བ་བྱས་པར་བསམ། །མཁའ་དབྱིངས་ཀྱི་ཕྱག་རྒྱ་བཅས་ཏེ་ཁ་ཆུ་ལན་གསུམ་བཏབ་པས། དང་པོས་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་འཕྲོས་ནས་གཏོར་མའི་ཉེས་སྐྱོན་དག་པར་བསམ། ལན་གཉིས་པས་གཏོར་མའི་དངོས་པོ་དུར་ཁྲོད་ཀྱི་རྫས་རྣམས་ཟད་མི་ཤེས་པར་གྱུར་པར་བསམ། གསུམ་པས་ཧྲཱིཿགྲངས་མེད་པ་འཕྲོས་པས་རྟ་མགྲིན་གྲངས་མེད་པར་གྱུར་ཏེ། སླར་གཅིག་ཏུ་འདུས་པ་ལས། ཧྲཱིཿཔདྨནྟ་ཀྲྀ་ཏ་ཧ་ཡ་གྲཱི་ཝ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པས། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། རྟ་མགོ་ལྗང་གུ། རྔོག་མ་ལེ་བརྒན། དཔྲལ་བ་དཀར་ཞུར་གྱི་རྣམ་པ་ཅན་དུ་བསམ་ལྕགས་སྒྲོག་དང་ཐོ་བ་གཡོན་ན་བསྣམས་པ་ཞིག །སྟེ། ཧྲཱིཿ ཡེ་ཤེས་ཧ་ཡ་གྲཱི་བ་རྟ་མཆོག་དཔལ། །ཞེས་བསྟོད་པས། དེས་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་ནས་ཅི་བཅོལ་བའི་ལས་བྱེད་པར་བསམ་མོ། །བར་འདིར་ཕུད་གཏོར་དང་ལྷག་གཏོར་ཡང་བསྲེ་བར་བྱ་སྟེ། དེ་ཡང་ཕུད་གཏོར་ལྷག་གཏོར་དུ་བསྲེ་ན་ནི་རྗེས་འབངས་ཐོག་ཏུ་བབས་པ་ཞེས་བྱ་སྟེ། བཀྲ་ཤིས་ཀྱང་མཐུ་ཆུང་ཞིང་། ལྷག་གཏོར་ཕུད་གཏོར་དུ་བསྲེ་ན་ནི་འབངས་རྗེ་ཐོག་ཏུ་བབས་པ་ཞེས་བྱ་སྟེ། མཐུ་ཆེ་ཡང་བཀྲ་མིི་ཤིས་པས། ཉེས་པ་གཉིས་ཀ་མི་འབྱུང་བར་བྱ་བའི་ཕྱིར་དང་པོར་ཕུད་གཏོར་ནས་གཏོར་ཀྱུ་གཅིག་བླངས་ཏེ་ལྷག་གཏོར་དུ་སྦྲེང་ཞིང་། རྗེས་སུ་ལྷག་གཏོར་མ་ལུས་པ་ཕུད་གཏོར་དུ་བསྲེ་བར་བྱའོ། །གསུམ་པ་དམ་བསྒྲག་ནི། དང་པོ་ཕུད་ཀྱིས་མི་མཆོད་དུ། །ཞེས་པ་ལ་སོགས་པ་བརྗོད་པས། སྔོན་དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་རྗེས་སུ་དྲན་ནས་རྣལ་འབྱོར་པས་ཇི་ལྟར་བཅོལ་བའི་ལས་བྱེད་པར་བསམ་མོ། །མར་གྱི་གནས་བདུན་ལ་སྦྱིན་པ་དངོས་ནི། མཁའ་འགྲོ་དང་། གིང་དང་། ལངྐ་དང་། མ་བདུན་སྲིང་བཞི་དང་། འབར་མ་དང་། ཕོ་ཉ་དང་། དབང་མོ་རྣམས་ཏེ། དེ་ལས་ཀྱང་། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །ཞེས་པ་ལ་སོགས་པའི་བསྐུལ་ཚིག་དང་། བཅོམ་ལྡན་འདས་དཔལ་ཆེན་པོའི་བཀའ་འཁོར་ན་གནས་པའི་ཞེས་པ་ལ་སོགས་པས་སྤྱན་དྲངས་པ། མཆོད་པ་དབུལ་བ། བཤགས་པ། ཕྲིན་ལས་བཅོལ་བ་སྟེ་སྔ་མ་ལྟར་དོན་ལྔ་ལྔས་ཉམས་སུ་བླངས་ཏེ། དགོངས་རྒྱུད་ལས། རང་བཞིན་དཀྱིལ་འཁོར་རྣམ་གསུམ་སྤྱན་དྲངས་ནས། །སྔགས་དང་ཏིང་འཛིན་གཉིས་སུ་མེད་པར་བསྟིམ། །ཕྱི་ནང་གསང་བའི་མཆོད་པ་རྒྱུན་དུ་འབུལ། །ཞེས་སོ། །བསྡུས་དོན་ལ་གཉིས་ལས། མཆོད་པ་ནི། དམ་ཚིག་ཆེན་པོ་ཞེས་པ་ལ་སོགས་པ་དང་། སྔགས་ནི་བཛྲ་ཡཀྴ་ཀྲོ་དྷ། ཞེས་པ་ལ་སོགས་པས་བསྟན་ནོ། །ཚིག་དོན་ནི། དམ་ཚིག་ཆེན་པོ་ཞེས་པ་སྔོན་སེམས་ཅན་གྱི་དོན་བྱེད་པ་ལས་མི་འདའ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། སྤྲུལ་པ་ཆེན་པོ་ནི། དཔལ་ཆེན་པོ་ཡབ་ཡུམ་གྱི་ཐུགས་ལས་སྤྲུལ་པ་སྟེ་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། ཕྱག་བརྙན་ཆེན་པོ་ནི་རྒྱལ་པོའི་ཕྱག་བརྙན་པ་ལྟར་དཔལ་ཆེན་པོ་ཡབ་ཡུམ་ཁྲོ་བོ་ཁྲོ་མོའི་ལས་བྱེད་པ་སྟེ་ཟ་བྱེད་གསོད་བྱེད་ཉི་ཤུའོ། །ཤྭ་ན་མ་ནི་ཁྱི་ལ་མུ་ཁ་ནི་གདོང་པ་ཅན་ཏེ་ཤྭ་ན་མ་མཆེད་བཞི། འཛམ་བུ་གླིང་ལ་མངའ་མཛད་པས་ན་ས་བདག་ཆེན་མོ་སྟེ་བསེ་མོ་མཆེད་བཞི། སེམས་ཅན་གྱི་སྲོག་དབུགས་ལ་དབང་བྱེད་པས་ན་བདག་ཉིད་ཆེན་མོ་སྟེ་རེ་མ་ཏི་མཆེད་བཞི། མངོན་སྤྱོད་ཀྱི་ལས་ཉེ་བར་བསྒྲུབས་པས་ན་ཁྱེད་ཀྱི་ཕྲིན་ལས་ཏེ་གིང་ཕོ་གསུམ། དེ་དག་ཀུན་ལ་མཆོད་པ་འབུལ་བའི་དུས་ལ་བབ་ཅེས་བྱའོ། །དེ་ལྟར་ཕུལ་ནས་ཅི་བྱེད་ན་ལམ་གྱི་བར་ཆད་སེལ་བ་ལ་སོགས་པའི་མཐུ་རྩལ་དབྱུང་བའི་དུས་ལ་བབ་པ་ཉིད་དོ། །ༀ་བཛྲ་ཡཀྴ་ཀྲོ་དྷ་ནི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་སྟེ་ཁ་ཅིག་བདུད་རྩི་འཁྱིལ་བ་ཁོ་ན་ལ་འདོད་མོད་ཀྱི། །འདིར་ནི་གདུག་པ་ཅན་ཚར་གཅོད་པའི་དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན་པར་མཛད་པས་ན། ཡེ་ཤེས་ཀྱི་ཁྲོ་བོ་ཀུན་གྱི་ཐུན་མོང་གི་མཚན་ནོ། །ཁཱ་ཧི་ཁཱ་ཧི་ཁཱ་ཧི་ནི་ཞལ་དུ་གསོལ་ཅིག་པ་གསུམ་མོ། །ཧ་ཧ་ཧ་ནི་གསོལ་བས་དགྱེས་པར་གྱིས་ཤིག་པ་གསུམ་མོ། །ཧི་ཧི་ཧི་ནི་དགྱེས་པས་རབ་ཏུ་ཚིམ་པར་གྱིས་ཤིག་པ་གསུམ་ཉིད་དོ། །གལ་ཏེ་མཆོད་པ་ཕུལ་བ་ན་ཡུལ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་ལ་བདག་གིར་མཛད་ཅིང་དགྱེས་པའི་ཐུགས་མངའ་འམ་མི་མངའ། དང་པོ་ལྟར་ན་འཁྲུལ་པའི་ཉེས་པ་མ་ཟད་པར་འགྱུར་ལ། གཉིས་པ་ལྟར་ན་མཆོད་པ་ཕུལ་བ་དོན་མེད་དོ་ཞེ་ན། ལན་ནི། དེ་ལྟ་བུ་མི་མངའ་ན་ཡང་འབུལ་མཁན་གྱི་རྒྱུད་ལ་ཚོགས་ཁྱད་པར་ཅན་རྫོགས་པའི་འབྲས་བུ་དངོས་གྲུབ་རྣམ་པ་གཉིས་རང་རང་གི་སྐལ་བ་དང་འཚམས་པར་འབྱུང་བ་ཡིན་ཏེ། དཔེ་ནོར་བུ་ལ་རྟོག་པ་མེད་ཀྱང་རྒྱལ་མཚན་གྱི་རྩེ་ལ་བཏགས་ཏེ་མཆོད་པ་བྱས་པས་རང་རང་གི་སྐལ་བ་དང་འཚམས་པའི་དགོས་འདོད་འབྱུང་བ་བཞིན་ནོ། །བསྙེན་པ་འབུལ་བའི་རིམ་པ་ལའང་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གསུམ་ལས། བསྙེན་པའི་རང་བཞིན་ནི་འདོད་པའི་ལྷ་ལ་མངོན་པར་འདོད་པའི་དོན་ལ་ཉེ་བར་འཇུག་པས་སྙན་གསན་འབེབས་པའི་ཁྱད་པར་གྱི་མིང་དོན་ནོ། །ལྷག་པར་ཐུགས་རྒྱུད་བསྐུལ་བར་བྱེད་པས་སྙིང་པོ་ཞེས་བྱ། དེ་ཡང་ནན་ཏན་གྱི་ཚུལ་དུ་བསྐྱར་ཞིང་བརྗོད་པས་ན་བཟླས་པ་ཞེས་བྱ། དེ་ཉིད་ཀྱིས་ལྷག་པའི་ལྷ་དང་ཐུགས་ཉེ་ཞིང་མཛའ་བར་བྱེད་པས་ན་འཛབ་ཅེས་བྱའོ། །དབུལ་བའི་ཐབས་ལ་གཉིས་ཏེ། བསྙེན་པ་མ་རྫོགས་བར་གྱི་ཆོ་ག་སྤྱི་ཡི་རྣམ་པར་བཞག་པ་དང་། བསྙེན་པ་ཉམས་སུ་བླང་བའི་ཐབས་དངོས་སོ། །དང་པོ་ནི། ནུབ་དང་པོ་བསྙེན་པ་ཟུག་ནས་མཐར་མ་ཕྱིན་གྱི་བར་དུ་དུས་བཞིར་ཕྲིན་ལས་གཞུང་བསྲང་ཞིང་ཚོགས་བྱ། ཉིན་མོའི་དུས་དུ་འཛབ་བསྐུལ་ཞིང་བྱིན་དབབ། སྲོད་ཚོགས་ཐོན་ནས་རྟགས་གདབ། གཏོར་མ་གསར་རྙིང་བསྲེས་སྤོས་ལ་ལྷག་ཆོག་བྱ། ཚེ་བཀུག་ལ་དབང་བསྐུར་རོ། །དེ་རྣམས་ནི་བསྙེན་སྒྲུབ་གང་གི་སྐབས་ཡིན་ཡང་མི་འགྱུར་ཏེ། དེ་ལྟར་ཉམས་སུ་བླང་བར་བྱའོ། །བསྙེན་པ་དངོས་ལ་གཉིས་ཏེ། སྟོད་ལས་ཀྱི་དབང་དུ་བསྙེན་པ་རང་རྐྱང་པ་དང་། སྨད་ལས་དང་འབྲེལ་ནས་བསྙེན་པ་ཡོངས་རྫོགས་སོ། །དང་པོ་ལ་གཉིས་ཏེ། རྫོགས་རིམ་དང་སྦྱར་ནས་དང་། །བསྐྱེད་རིམ་ལ་སྦྱར་བའོ། །རྫོགས་རིམ་དུ་བཟླས་པ་ལ་བཞི་སྟེ། འཛབ་ཁང་དབྱེ་བ། འཛབ་བཟླ་བ། འཛབ་བསྐུལ་བ། འཛབ་ལ་བསྟོད་པའོ། །འཛབ་ཁང་དབྱེ་བ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པའི་ཚིག་བཞི་པའོ། །བར་དུ་འཛབ་བཟླ་བ་ནི། སྐྱེ་མེད་བདེ་ཆེན་ཁྲོ་བོའི་བཟླས་པ་ཞེས་བྱ་སྟེ། ལུས་ལྷའི་འཁོར་ལོ་དཀྱིལ་ཁོར་གསུམ་གྱི་ང་རྒྱལ་གྱིས། ངག་སྔགས་ཀྱི་འཁོར་ལོ་ཀཱི་ལ་ཡ་འབྲུ་བཅུ་བཞི་ཁོ་ན་བཟླས་ཤིང་། སེམས་ཆོས་ཉིད་ཀྱི་འཁོར་ལོ་རྣམ་པར་མི་རྟོག་པའི་ངང་ལ་འཇོག་པའོ། །དེ་ཡང་སྤྲོ་བསྡུ་དང་ཏིང་ངེ་འཛིན་བྱར་མེད་དོ། །མི་རྟོག་པའི་ངང་ལས་བཟླས་པའི་སྒྲ་བྲག་ཆ་བཞིན་གྲགས་སྟོང་དབྱེར་མེད་དུ་ཟློས་པའོ། །བསྐུལ་ནི། ༀ། དུས་གསུམ་རྒྱལ་བའི་རང་བཞིན་སྐུ་གསུང་ཐུགས། །ཞེས་པ་ལ་སོགས་པའོ། །བསྟོད་པ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པ་ལ་སོགས་པའོ། །བསྐྱེད་རིམ་དང་སྦྱར་ནས་ཉམས་སུ་ལེན་ན། འཛབ་ཁང་དབྱེ། འཛབ་བཟླ་བ་ནི་བདག་རྡོ་རྗེ་གཞོན་ནུ་སུམ་བརྩེགས་པའི་ངོ་བོར་གསལ་ཞིང་། མདུན་དུ་སྲས་མཆོག་ཞལ་ནང་དུ་གཟིགས་པར་གསལ་བ་ལས། བདག་སུམ་བརྩེགས་ཁྲོ་བོ་གོ་ཚོགས་དང་བཅས་པས་སྔགས་བཟླས་པས་ཐུགས་ཀའི་ཧཱུྃ་ལས་ཡིག་འབྲུ་འོད་ཟེར་གྱི་ཚུལ་དུ་བྱུང་བས་མཐའ་བསྐོར་གྱི་ཡིག་འབྲུ་བརྒྱུད། རྡོ་རྗེའི་ཁོང་སེང་ནས་ཐོན། ཡེ་ཤེས་སེམས་དཔའི་སྤྱི་གཙུག་ནས་ཐོན། ཕྱི་རིན་པོ་ཆེའི་གནམ་སྐར་ནས་ཐོན། ངག་ལམ་ནས་ཕར་འཕྲོས་པས་སྲས་མཆོག་གི་སྐུ་གསུང་ཐུགས་ལ་ཐིམ། མཉེས་པའི་མཆོད་པ་ཕུལ། སྲས་མཆོག་གི་ངག་ལམ་ནས་ཚུར་འཕྲོས། བདག་ལ་ཕོག་པས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་དེ་ཁོ་ན་བཞིན་དུ་འཁོར་བར་བསམ། དེ་ནི་མགལ་མེ་ཀླད་ལ་བསྐོར་བའི་ཚུལ་དུ་བཟླས་པའོ། །ཡང་བདག་ཁྲོ་བོའི་གོ་ཚོགས་དང་བཅས་པས་སྔགས་བཟླས་པས་ལྷ་ཚོགས་ཐམས་ཅད་ཀྱང་དི་རི་རི་ཟློས་པར་བསམ་སྟེ་ཀཱི་ལ་ཡའི་སྒྲ་བསྐལ་པའི་འབྲུག་ལྟར་གྲགས་པར་བསམ་མོ། །དེ་ནི་བུང་བ་ཚང་ཞིག་པའི་ཚུལ་དུ་བཟླས་པའོ། །ཡང་བདག་ཁྲོ་བོ་གོ་ཚོགས་དང་བཅས་པའི་སྔགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག་པས་མཉེས་པའི་མཆོད་པ་ཕུལ། ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས་སྒྲིབ་པ་སྦྱངས་ཏེ་ཐར་པའི་ས་ལ་བཀོད། དགྲ་བགེགས་རྣམས་ལ་ཕོག་པས་བྱ་སྒྲོ་མེས་བཤུར་བ་བཞིན་དུ་བརླག་པར་བསམ་མོ། །དེ་ནི་མགར་གྱི་ཚྭ་ཚྭ་འཕྲོ་བའི་ཚུལ་དུ་བཟླས་པའོ། །དེ་རྣམས་ལ་བཟླ་ཐབས་གསུམ། བཟླ་ཚུལ་གསུམ། བཟླ་བའི་དུས་གསུམ་མོ། །བཟླ་ཐབས་ནི། ཀཱི་ལ་ཡ་ཆོས་ཉིད་དང་སྦྱར་ཏེ་བཟླ་བ་དང་། ལྷ་དང་སྦྱར་ཏེ་བཟླ་བ་དང་། ངན་སྔགས་དང་སྦྱར་ཏེ་བཟླ་བའོ། །བཟླ་ཚུལ་གསུམ་ནི། མགལ་མེ་ཀླད་ལ་བསྐོར་བའི་ཚུལ་དུ་བཟླ་བ་དང་། བུང་བ་ཚང་ཞིག་པའི་ཚུལ་དུ་བཟླ་བ་དང་། ལྕགས་ཀྱི་ཚྭ་ཚྭ་འཕྲོ་བའི་ཚུལ་དུ་བཟླའོ། །བཟླ་དུས་གསུམ་ནི། ཆོས་ཉིད་དང་སྦྱར་བའི་དུས་སུ་བུང་བ་ཚང་ཞིག་པའི་ཚུལ་དུ་བཟླ། ལྷ་དང་སྦྱར་བའི་དུས་སུ་མགལ་མེ་ཀླད་ལ་སྐོར་བའི་ཚུལ་དུ་བཟླ། ངན་སྔགས་དང་སྦྱར་བའི་དུས་སུ་ལྕགས་ཀྱི་ཚྭ་ཚྭ་འཕྲོ་བའི་ཚུལ་དུ་བཟླའོ། །བསྐུལ་ནི། དབུས་ཕྱོགས་འཁོར་ལོ་འབར་བ་ལ་སོགས་པའོ། །བསྟོད་པ་མཐུན་ནོ། །དེ་ལྟར་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པའི་རྟགས་ནི། རབ་ཀཱི་ལ་ཡའི་སྐུ་དངོས་སུ་སྟོན་པ་དང་། འབྲིང་ཕུར་པ་འཁྲོལ་བ་དང་། རྩེ་འཕྱོང་བྱེད་པ་འོང་། ཐ་མ་ཡང་འོད་དང་། མེ་སྟག་དང་། སྒྲ་འབྱུང་ངོ་། །རྨི་ལམ་དུ་ཡང་། ཉི་ཟླ་རང་ལས་ཤར་བ་དང་། ནམ་མཁའ་ལ་འཕུར་བ་དང་། མཚོན་རྣོན་པོས་ཐོགས་པ་མེད་པར་གཅོད་པ་དང་། མེ་ཏོག་གི་ཆར་བབ་པ་དང་། པོ་ཏིའི་ཆར་བབ་པ་དང་། ལུང་སྟོན་པ་འོང་ངོ་། །དེ་ཡང་། རྟགས་དང་མཚན་མ་བསྟན་པ་དང་། །ཞེས་སོ། །སྨད་ལས་དང་འབྲེལ་ནས་བསྙེན་པ་ཡོངས་རྫོགས་ཉམས་སུ་ལེན་པ་ལ་གསུམ་སྟེ། ཡེ་ཤེས་ལྷ་ཉེ་བར་བསྙེན་པ། དམ་ཅན་ཉེ་བར་བསྙེན་པ། ངན་སྔགས་ཉེ་བར་བསྙེན་པའོ། །ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ནི་གོང་དུ་སྨོས་པ་ཁོ་ན་བཞིིན་ཏེ། ཁྱད་པར་དུ་བསྐྱེད་རིམ་དུ་བཟླས་པ་དང་འབྲེལ་ལོ། །དམ་ཅན་ཉེ་བར་བསྙེན་པ་ནི་དེ་ལྟར་ཡེ་ཤེས་ལྷའི་བསྙེན་པ་རྫོགས་པའི་རྗེས་སུ་འབྱུང་སྟེ། ཆོ་ག་སྤྱིའི་རྣམ་གཞག་ལ་ཁྱད་མེད། འཛབ་ནི་གཞི་སྙིང་གཅིག་ཏུ་དྲིལ་བ་ཁོ་ན་བཟླའོ། །དེ་ལ་ལྔ་སྟེ། དང་པོ་འཛབ་ཁང་དབྱེ། བར་དུ་འཛབ་བཟླ་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྔྷ་ན་ཡེ་དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ ཕཊ྄་ཅེས་ཟློས་ཤིང་། དམ་ཅན་རྣམས་ཤ་རུལ་ལ་སྦྲང་མ་འདུ་བ་བཞིན་ཐིབ་ཐིབ་བྱོན་པར་བསམ་མོ། །བསྐུལ་ནི་སྐབས་འདིར་དམ་ཅན་ཁོ་ན་བསྐུལ་ལོ། །བསྟོད་པ་འདྲའོ། །རྟགས་ནི་རབ་ཕུར་པའི་སྲུང་མའི་སྐུ་དངོས་སུ་སྟོན། འབྲིང་དངོས་གྲུབ་ཀྱི་རྟགས་སྟོན། ཐ་མ་དགྲའི་སྙིང་ཕྱུང་བའམ། བླ་ཁྲིད་པའམ། དངོས་སུ་གསོད་པ་འབྱུང་། དེ་ལྟར་དམ་ཅན་ལ་རྟགས་ཐོན་པ་དང་ངན་སྔགས་ཉེ་བར་བསྙེན་པར་བྱ་སྟེ་ཆོ་ག་སྤྱིའི་རྣམ་གཞག་ལ་ཁྱད་མེད། སྔགས་ནི་སྔགས་དྲུག་ཁོ་ན་བཟླ་སྟེ། དེ་ལ་ཡང་ལྔ་། འཛབ་ཁང་དབྱེ། འཛབ་བཟླ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ྄། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ྄། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ྄། དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་ཟློས་ཤིང་ལྷ་འདྲེ་དབང་དུ་བསྡུས། སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པར་བསམ་ཞིང་བཟླའོ། །བསྐུལ་ནི། སྐབས་འདིར་འདོད་པའི་དོན་ལ་གསོལ་བ་གདབ་བོ། །བསྟོད་པ་འདྲའོ། །རྟགས་ནི་རབ་དགྲ་བོའི་སྙིང་ཕྱུང་བ་དང་། འབྲིང་དགྲ་བོ་དངོས་སུ་ཁྲིད་ནས་བྱུང་བ་དང་། ཐ་མ་དགྲ་བོའི་བླ་བསད་པ་དང་། གཞན་ཡང་རྨི་ལམ་དུ་རྒྱ་མཚོ་ཧུབ་ཀྱིས་འདེབས་པ་དང་། རི་རབ་རྒྱང་མར་འཕེན་པ་དང་། ཉི་ཟླ་སྤར་བས་འཛིན་པ་ལ་སོགས་པ་འབྱུང་སྟེ། དགོངས་རྒྱུད་ལས། བསྙེན་སྒྲུབ་ཆོ་ག་ཚང་བྱས་ན། །འཛབ་གྲངས་བདུན་འབུམ་ཉི་ཁྲི་འདོན། །བཟླས་བརྗོད་ཉིན་མཚན་རྒྱུན་མི་གཅོད། །རྟགས་དང་མཚན་མ་འབྱིན་པ་དང་། །གདབ་པའི་དུས་ལ་བབ་པར་ཤེས། །ཞེས་སོ། །ཁྱད་པར་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ཐེམས་པར་འགྱུར་བའི་དུས་དང་གྲངས་ཀྱི་ཚད་ཀྱང་དེ་ཉིད་ལས། ཡུན་ནི་ལོ་ཟླ་ཙམ་དུ་བསྲིང་། །གྲངས་ནི་བྱེ་བ་བདུན་འབུམ་བཟླ། །ཞེས་སོ། །བསྡུས་དོན་ལ་གསུམ་ལས། གཙོ་བོ་བསྐྱེད་པའི་སྐབས་ཀྱི་ༀ་བཛྲ་ཀཱི་ལི་ཞེས་པ་ལ་སོགས་པ་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ། འོག་གདབ་ལས་ཀྱི་སུར་ཕུག་ཏུ་འདེབས་པའི་སྐབས་ཀྱི་ཀ་ཏཾ་ཀ་ཡེ་ཞེས་པ་ལ་སོགས་པ་དང་སྦྲེལ་བས་དམ་ཅན་ཉེ་བར་བསྙེན་པ། ལས་དྲུག་གི་སྐབས་ཀྱི་ཧ་ས་ཡ་ར་ཧ་ས་ཡ་ར་ལ་སོགས་པ་དང་སྦྲེལ་བས་ངན་སྔགས་ཉེ་བར་བསྙེན་པ་བསྟན་ཏོ། ཚིག་དོན་ནི། འབྲུ་བྱིན་རླབས་ཉམས་པར་འགྱུར་བས་མི་བཤད་གསུངས་ཀྱང་གནས་སྐབས་གཞན་དུ་ཤེས་པར་འགྱུར་རོ། །གཉིས་པ་སྟོད་ལས་དང་འབྲེལ་ཏེ་བསྙེན་པ་དང་། དབང་བསྐུར་བ་དང་། རྗེས་གསུམ་ནི། བསྒྲུབས་པའི་དོན་ཡལ་བར་མི་གཏོང་བའི་ཕྱིར་དངོས་གྲུབ་བླང་བ་དང་། འཁོར་མོས་པ་ཅན་སྨིན་པར་བྱས་པའི་ཕྱིར་དབང་བསྐུར་བ་དང་། སྒྲུབ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དངོས་གྲུབ་ཀྱི་རྟེན་ཞལ་ཟས་གསོག་པ་དང་། བར་ཆད་བསལ་བའི་ཕྱིར་མཚམས་བཅད་པ་དང་། བསྐུལ་ཚིག་གི་སྒོ་ནས་དངོས་གྲུབ་བླང་བ་དངོས་སོ། །དང་པོ་དངོས་གྲུབ་ཀྱི་རྟེན་ཞལ་ཟས་བསག་པ་ནི། མར་དང་ཟན་ལ་སོགས་པ་སྟེ་དཀར་བའི་རྣམ་པ་ཤར་དུ། ཁུར་བ་དང་ཤིང་ཐོག་ལ་སོགས་པ་སྟེ་སེར་བའི་རྣམ་པ་ལྷོར། ཤ་ལ་སོགས་པ་དམར་བ་ནུབ། །ཆང་ལ་སོགས་པ་སྔོ་བའི་རྣམ་པ་བྱང་དུ་བསག །རས་གསར་པས་ཁ་བཅད། ཧྲཱིཿའམ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་བོ། །བར་ཆད་བསལ་བའི་ཕྱིར་མཚམས་བཅད་པ་ནི། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པ་ལ་སོགས་པ་དང་། ཧཱུྃ་བཞི་པ་དང་། ཁྲོ་བོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་དོ། །བསྐུལ་ཚིག་གི་སྒོ་ནས་དངོས་གྲུབ་བླང་བ་དངོས་ལ་གཉིས་ཏེ། ཡེ་ཤེས་ལྷ་ལས་བླང་བ་དང་། །མཚན་མ་རྫས་ལས་བླང་བ་ནི། །ལྷ་ལས་བླངས་པའི་རྗེས་ལ་དངོས་གྲུབ་ཀྱི་ཆང་དེ་ནས་སྣོད་ཆེ་བ་གཅིག་ཏུ་བླུགས་ཏེ་བདུད་རྩི་བཏབ་ལ། ཚུལ་བཞིན་བྱིན་གྱིས་བརླབས་ཏེ་སྨན་མཆོད་རྒྱས་པ་གཅིག་བྱ། ངག་ཏུ་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས་སྐྱེས་ལན་གྱི་ཚུལ་དུ་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་དཀར་དམར་མཐིང་ག་གསུམ་བྱུང་སྟེ་ཛ་གད་ཀྱི་སྣོད་དུ་བབས། དེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་རྟགས་སུ་ཡི་གེ་ༀ་ཨཱཿཧཱུྃ་གསུམ་དུ་གྱུར་པར་བསམ་མོ། །དེ་ནས་ལྟ་བ་འཕང་དམས་ཀྱི་བཤགས་པ་བྱས་ལ། མུ་ཏིག་དཀར་པོ་དྲི་མེད་དང་ལ་སོགས་པས། དངོས་གྲུབ་ཚུལ་བཞིན་བླངས་ཏེ། ལྷག་མ་ཆང་དང་སྦྱར་ལ་རྣལ་འབྱོར་པ་རྣམས་རོལ་ལོ། །དེ་ཡང་བཛྲ་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་སོ། །གལ་ཏེ་མངོན་པར་འདོད་པའི་དངོས་གྲུབ་འདི་རང་ལས་སམ། འོན་ཏེ་གཞན་ལས་ཐོབ་པར་བྱེད་པ་ཡིན། །དང་པོ་ལྟར་མི་རིགས་ཏེ། རང་གཅིག་པུ་ལ་ཐོབ་བྱ་ཐོབ་བྱེད་གཉིས་འགལ་བའི་ཕྱིར་རོ། །གཉིས་པ་ལྟར་ཡང་མི་རིགས་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཁོ་ན་ལས་གཞན་མ་གྲུབ་པའི་ཕྱིར་རོ་ཞེ་ན། ལན་ནི། རང་གིས་རང་གི་སེམས་ཀྱི་ཆོས་ཉིད་ཡང་དག་པ་རྟོགས་པར་བྱ་བ་ལ་མཆོག་གི་དངོས་གྲུབ་ཅེས་ཐ་སྙད་དུ་བྱས་ཤིང་། དེ་ཉིད་མ་རྟོགས་རིང་དུ་བདག་གཞན་དུ་སྣང་ཞིང་ཞེན་པ་མེད་པའི་རྟགས་མ་གྲུབ་པ་ཡིན་ནོ། །འཁོར་མོས་པ་ཅན་སྨིན་པར་བྱ་བའི་ཕྱིར་དབང་བསྐུར་བ་ལ་ལྔ་སྟེ། གང་གིས་བསྐུར་བའི་མཁན་པོ་དང་། །གང་ལ་བསྐུར་བའི་ཡུལ་དང་། ཅིའི་ཕྱིར་བསྐུར་བའི་དགོས་པ་དང་། གང་བསྐུར་བའི་དབང་དང་། ཇི་ལྟར་བསྐུར་བའི་ཐབས་སོ། །གང་གིས་བསྐུར་བའི་མཁན་པོ་ནི། རྡོ་རྗེ་སློབ་དཔོན་མཚན་ཉིད་ལྔ་དང་ལྡན་པ་སྟེ། རྒྱུད་སྡེ་མཐའ་དག་ལ་མཁས་པ། ཏིང་ངེ་འཛིན་ལས་སུ་རུང་བ། དབང་ཐོབ་པ། གསང་ཐུབ་པ། ཐུགས་རྗེ་ཆེ་བའོ། །དེ་ཡང་ཀཱི་ལ་ཡ་བཅུ་གཉིས་པ་ལས། བློ་ཡངས་རྒྱུད་ལ་གོམས་པ་དང་། །ཏིང་འཛིན་ལས་སུ་རུང་བ་དང་། །ཕྱག་ན་རྡོ་རྗེའི་སྡེ་སྣོད་ལ། །སོམ་ཉི་མེད་ཅིང་ཐེ་ཚོམ་སྤངས། །གསང་བ་སྦས་པའི་ཐབས་མཆོག་རྣམས། །སྣོད་ངན་དག་ལ་མི་སྤེལ་ཞིང་། །གསང་བའི་དབང་མཆོག་ཐོབ་པ་ངེས། །ཞེས་སོ། །གང་ལ་བསྐུར་བའི་ཡུལ་ཡང་སློབ་མ་མཚན་ཉིད་དྲུག་དང་ལྡན་པ་སྟེ། གང་ཞེ་ན། རྐྱེན་ཐུབ་པ། བློ་བརྟན་པ། དམ་ཚིག་ལ་གནས་པ། བློ་སྦྱངས་པ། དེས་ཤིང་འཇམ་པ། ཟབ་མོའི་དོན་ལ་མི་སྐྲག་པ་སྟེ། དེ་ཉིད་ལས། རྐྱེན་ཐུབ་མི་ལྡོག་དམ་ཚིག་གནས། །ཤེས་རབ་གསུམ་ལ་བློ་སྦྱངས་ནས། །མན་ངག་ལུང་ལ་རྟག་པར་དགའ། །དེས་ཤིང་འཇམ་ལ་སྙན་པར་སྨྲ། །ཐབས་དང་ཤེས་རབ་ཟབ་མོའི་དོན། །གཉིས་མེད་དོན་ལ་མི་སྐྲག་ཅིང་། །སློབ་དཔོན་ངག་ལ་ཁུར་བྱེད་པ། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ལ་དབང་བསྐུར་དཀྱིལ་འཁོར་བྲི། །ཞེས་སོ། །གང་བསྐུར་བའི་དབང་ནི་གཉིས་ཏེ། ཁྱད་པར་དང་ཐུན་མོང་ངོ་། །ཁྱད་པར་ནི་ཕུར་པའི་དབང་ལ་སོགས་པ་བཅུའོ། །ཐུན་མོང་ནི་ཇི་ལྟར་འདོད་པའོ། །ཅིའི་ཕྱིར་བསྐུར་བའི་དགོས་པ་ནི། ཨ་བྷི་ཥེ་ཀ་ཏའི་སྒྲ་ལས་དྲངས་ན་མ་དག་པ་དག་པར་བྱེད་པའི་ཕྱིར་ན་དབང་སྟེ། སློབ་བུའི་རྒྱུད་ཀྱི་སྒྲིབ་པ་ཅི་རིགས་སུ་དག་པར་བྱེད་པའི་དགོས་པ་ཡོད་དོ། །ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མ་སྨིན་པ་སྨིན་པར་བྱེད་པའི་ཕྱིར་ན་དབང་སྟེ། སློབ་མའི་རྒྱུད་མཚུངས་ལྡན་དང་བཅས་པ་དེ་མ་སྨིན་པར་གནས་པ་ལ་སློབ་དཔོན་གྱིས་དབང་བསྐུར་བའི་སྒོ་ནས་ནུས་པ་མཐུ་ཅན་དུ་བྱས་ཏེ། སློབ་བུའི་རྒྱུད་སྨིན་པར་བྱེད་པའི་དགོས་པ་ཡོད་དོ། །གལ་ཏེ་དབང་གིས་སློབ་མའི་རྒྱུད་དག་ཅིང་སྨིན་པར་བྱེད་ནུས་ན་ད་གྲོལ་བའི་ལམ་བསྒོམ་ཅི་དགོས་ཞེ་ན། འདིས་རྣམ་པར་གྲོལ་བའི་ལམ་ཉམས་སུ་བླང་དུ་མི་རུང་བའི་སྣོད་ཀྱི་དྲི་མ་འདག་ཅིང་། དེ་ཉིད་ཀྱིས་ལམ་ཉམས་སུ་ལེན་པའི་སྐལ་བ་ཅན་དུ་འགྱུར་པས་ན་སྣོད་སྨིན་པར་བྱེད་པའི་ཆོ་ག་ཞེས་བྱའོ། །དེས་གྲོལ་ལམ་བསྒོམ་མི་དགོས་པའི་ཁྱབ་པ་མ་གྲུབ་པ་ཡིན་ནོ། །ཇི་ལྟར་བསྐུར་བའི་ཐབས་ལ་དྲུག་སྟེ། རྡོ་རྗེ་སློབ་དཔོན་གྱིས་བགེགས་བསྐྲད་པ་དང་། སློབ་མས་དབང་བསྐུར་བར་ཞུ་བ་འབུལ་བ་དང་། སློབ་དཔོན་གྱིས་གནང་བ་སྦྱིན་པ་དང་། སློབ་མས་མེ་ཏོག་འབུལ་བ་དང་། །སློབ་དཔོན་གྱིས་དབང་རྫས་བྱིན་གྱིས་བརླབ་པ་དང་། སློབ་བུ་གྲལ་ལ་འདུག་སྟེ་དབང་བསྐུར་བ་དངོས་སོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་གྱིས། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པ་ལ་སོགས་ཁྲོ་བོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་དོ། །སློབ་མས་ཞུ་བ་དབུལ་བ་ནི། ཕྱག་སྔོན་དུ་འགྲོ་བས། སློབ་དཔོན་དམ་པ་དགོངས་སུ་གསོལ། །ཞེས་པ་ལ་སོགས་པོའི་སྒོ་ནས་ཞུ་བ་འབུལ་བའོ། །སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། མཆོག་ཏུ་གསང་བའི་ཆོས་ཉིད་ཅེས་པ་ལ་སོགས་པའི་སྒོ་ནས་དབང་གང་འདོད་པ་བསྐུར་བར་གནང་བ་སྦྱིན་ནོ། །སློབ་མས་མེ་ཏོག་དབུལ་བ་ནི། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་པ་ལ་སོགས་པའི་སྒོ་ནས་ཞུ་བའི་ཡོན་རྣམས་དབུལ་ལོ། །སློབ་དཔོན་གྱིས་དབང་རྫས་བྱིན་གྱིས་བརླབ་པ་ནི། ཕུར་པ། ཚེ། བུམ་པ། མར་མེ། གཏོར་མ་རྣམས་ནི་དགོད་པའི་ཚེ་བྱིན་གྱིས་བརླབས་ཡོད་པས་འདིར་བརླབ་མི་དགོས་ཤིང་། ཞལ་ཟས་ནི་དངོས་གྲུབ་བསྟིམས་པ་ཉིད་བྱིན་གྱིས་བརླབས་པ་ཡིན་པས་ལོགས་སུ་མི་དགོས་ཤིང་། དབུ་རྒྱན་དང་ཅོད་པན་གཉིས་སྭཱ་ལས་རིན་ཆེན་འབྱུང་ལྡན་དུ་བསྐྱེད། རྡོ་རྗེ་ཧཱ་ལས་དོན་ཡོད་གྲུབ་པར་བསྐྱེད། དྲིལ་བུ་ཨཱྂཿལས་སྣང་བ་མཐའ་ཡས་སུ་བསྐྱེད་དོ། །ཐུན་མོང་གི་དབང་གཞན་འདོད་ན་ཡང་དབང་རྫས་ཚུལ་བཞིན་དུ་བྱིན་གྱིས་བརླབས་པའོ། །དབང་བསྐུར་བ་དངོས་ནི། དལ་གྱི་ནུབ་ཕྱོགས་སུ་ཁྲི་ཆེན་པོ་བཤམས་ཏེ། རྡོ་རྗེ་སློབ་དཔོན་བཞུགས་ལ་དབང་རྫས་མདུན་དུ་བཤམ། སློབ་བུ་རྣམས་གྲལ་རིམ་མེ་ཏོག་བོར་བ་བཞིན་དུ་འདུག་པ་ལ་དབང་བསྐུར་ཏེ། དེ་ཡང་དབང་རྫས། བསྐུར་བའི་གནས། བསྒྲག་པའི་ཚིག །བརྗོད་པའི་སྔགས། དགོངས་པ། སྙན་པའི་སྒྲ་དཀྲོལ་ཞིང་བཀྲ་ཤིས་བརྗོད་པའོ། །དང་པོ་བར་ཆད་བསལ་བའི་ཕྱིར། ཕུར་པའི་དབང་བསྐུར་ཏེ། དབང་རྫས་ནི་ལྷ་ཕུར་རྣམས་གཅིག་ཏུ་བསྡུས་པའོ། །བསྐུར་བའི་གནས་ནི་ལག་པ་ལའོ། །དགོངས་པ་ནི་རྡོ་རྗེ་གཞོན་ནུ་ལྷ་ཚོགས་རྣམས་སློབ་བུ་ལ་བསྟིམས་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ་ཞིང་སྨོན་ལམ་བྱའོ། །བུམ་པའི་དབང་གི་རྫས་ནི་བུམ་པ་ལྔ་གཅིག་ཏུ་བསྡུས་ཏེ་གཙོ་བོའི་བུམ་པས་དབང་བསྐུར་རོ། །གནས་ནི་མགོ་བོ་ལ། དགོངས་པ་ནི་ཡེ་ཤེས་ལྔ་ཡི་དབང་ཐོབ་པར་བསམ་མོ། །ཚེའི་དབང་གི་རྫས་ནི་ཚེ་བུམ་རྟེན་དང་བཅས་པའོ། །གནས་ནི་མགོ་ལའོ། །དགོངས་པ་ནི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་བྲལ་བར་བསམ་མོ། །དབུ་རྒྱན་གྱི་དབང་རྫས་ནི། དབུ་རྒྱན་དངོས། གནས་ནི་མགོ་བོའོ། །དགོངས་པ་ནི་རིགས་ལྔའི་དབང་ཐོབ་པར་བསམ་མོ། །ཅོད་པན་གྱི་དབང་རྫས་ནི་དར་མཐིང་ནག་གི་ཅོད་པན་ནོ། །གནས་ནི་མགོ་ལའོ། །དགོངས་པ་ནི་སྲིད་པ་གསུམ་དུ་གྲགས་ཤིང་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པར་བསམ་མོ། །རྡོ་རྗེའི་དབང་རྫས་ནི་རྡོ་རྗེའོ། །བསྐུར་གནས་ཐུགས་ཀའོ། །དགོངས་པ་ནི། བདེ་བར་གཤེགས་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པར་བསམ་མོ། །དྲིལ་བུའི་དབང་རྫས་ནི་དྲིལ་བུ་དང་ལྡན་པའོ། །གནས་མགྲིན་པར་རོ། །དགོངས་པ་ནི། དེ་གཞིན་གཤེགས་པའི་གསུང་གི་དབང་ཐོབ་སྟེ་ཁམས་གསུམ་དུ་ཟབ་མོའི་ཆོས་ཀྱི་སྒྲ་སྒྲོགས་པར་བསམ་མོ། །མར་མེའི་དབང་རྫས་ནི་མར་མེ་དངོས་སོ། །གནས་སྙིང་གའོ། །དགོངས་པ་ནི་བདེ་བར་གཤེགས་པའི་ཐུགས་ཡེ་ཤེས་དང་ལྡན་པར་བསམ། གཏོར་མའི་དབང་རྫས་སྒྲུབ་པའི་གཏོར་མའོ། །གནས་མགོ་ལའོ། །དགོངས་པ་ནི་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ་མོ། །ཞལ་ཟས་ཀྱི་དབང་རྫས་ནི་དངོས་གྲུབ་ཀྱི་ཞལ་ཟས་ཟླ་གམ་མོ། །གནས་ཁ་ལའོ། །དགོངས་པ་ནི་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང་། མི་ཟད་པའི་གཏེར་དང་ལྡན་པར་བསམ་མོ། །དེ་དག་གི་ཚིག་དང་སྔགས་ལས་བྱང་ནས་བྱུང་བ་བཞིན་ནོ། །བར་བར་དུ་སྙན་པའི་སྒྲ་དཀྲོལ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། །དབང་གཞན་ནི་ཅི་རིགས་པར་སྦྱར་རོ། །དེ་ནས་རྣལ་འབྱོར་པ་རྣམས་དངོས་གྲུབ་ཀྱི་ཞལ་ཟས་ལ་རོལ་པར་བྱའོ། །དེ་ཡང་། དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་སོ། །སྒྲུབ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་མཇུག་བསྡུ་བ་ལ་དྲུག་སྟེ། མཁའ་འགྲོ་མ་མཉེས་པར་བྱ་བའི་ཕྱིར་གཏོར་མ་གཏོང་བ། རྟག་པའི་མཐའ་བསལ་བའི་ཕྱིར་དལ་བསྡུ་བ། ལྷག་ཆད་བསྐང་བའི་ཕྱིར་བཤགས་པ། བར་ཆད་བསལ་བའི་ཕྱིར་བྲོ་བརྡུང་བ། འདོད་པའི་དོན་བསྒྲུབ་པའི་ཕྱིར་སྨོན་ལམ་གདབ་པ། བཀྲ་ཤིས་པར་བྱ་བའི་ཕྱིར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པའོ། །དང་པོ་མཁའ་འགྲོ་མ་མཉེས་པར་བྱ་བའི་ཕྱིར་གཏོར་མ་གཏོང་བ་ནི། སྨན་རཀ་སྦྲེང་ཞིང་ཡར་གྱི་གནས་བདུན་མཆོད་དེ། གཏོར་མ་དལ་གྱི་ཤོད་དུ་ཕབ་ལ་ཕུད་ལྷག་བསྲེའོ། །དེ་ནས་མར་གྱི་གནས་བདུན་ལ་སྦྱིན་ཞིང་ཕྲིན་ལས་བཅོལ། ཕྱི་རོལ་དུ་གཏོར་མ་ཁྱེར་ལ་བརྟན་མ་བསྐྱང་ཞིང་གཏོར་ཟློག་བྱའོ། །རྟག་པའི་མཐའ་བསལ་བའི་ཕྱིར་དལ་བསྡུ་བ་ནི། ནང་དུ་ལོག་ལ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པའི་ཚིག་དང་། ༀ་བཛྲ་མུཿཞེས་པས། ཡེ་ཤེས་ཀྱི་དལ་སྤྱན་དྲངས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་ལོ། །དམ་ཚིག་གི་དལ་ཧཱུྃ་བཅུ་གཅིག་གིས་བསྡུ་སྟེ། ཧཱུྃ་ཞེས་དང་པོ་གཞལ་ཡས་ཁང་འོད་དུ་ཞུ་ནས་སྒོ་མ་བཞི་ལ་ཐིམ། གཉིས་པས་ལྷ་ཚོགས་རྣམས་ཀྱང་སྒོ་མ་ཁྲོ་མོ་བཅུ་ལ། གསུམ་པས་ཁྲོ་མོ་ཁྲོ་བོ་ལ། །བཞི་པས་ཡབ་རྣམས་གཙོ་བོའི་ཡུམ་ལ། ལྔ་པས་ཡུམ་ཡང་ཡབ་ལ། དྲུག་པས་ཡབ་ཡེ་ཤེས་སེམས་དཔའ་ལ། བདུན་པས་ཡེ་ཤེས་སེམས་དཔའ་ཧཱུྃ་ལ། བརྒྱད་པས་ཧཱུྃ་གི་ཞབས་ཀྱུ་ལ། དགུ་པས་འ་ཧ་ལ། བཅུ་པས་ཧ་ཟླ་ཚེས་ལ། བཅུ་གཅིག་པས་ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ཡང་ཇེ་ཆུང་ཇེ་ཆུང་ལ་སྟོང་པར་བསྒོམ་མོ། །དེ་ནས་སྔགས་བརྗོད་པ་ཙམ་གྱིས་བདག་ཉིད་ལས་ཀྱི་རྡོ་རྗེ་གཞོན་ནུ་བསྒོམ་མོ། །གལ་ཏེ་ལྷག་པའི་ལྷ་བསྐྱེད་ཅིང་སྤྱན་དྲངས་པ་དང་། བསྡུ་ཞིང་གཤེགས་སུ་གསོལ་བ་ལ་སོགས་པ་དག་འབྲས་བུ་བདེ་བར་གཤེགས་པ་ཉིད་དང་རྗེས་སུ་མཐུན་པའི་སྣང་བ་ཡིན་ནམ། གདུལ་བྱ་ལམ་པ་དང་རྗེས་སུ་མཐུན་པའི་སྣང་བ་ཡིན་དྲང་། དང་པོ་ལྟར་ན་བདག་གཞན་འགྲོ་འོང་ཚིག་མྱོང་ལ་སོགས་ཡོད་པའི་ཕྱིར་སངས་རྒྱས་ཀྱི་བར་འཁྲུལ་པའི་ཉེས་པ་མ་ཟད་པར་འགྱུར་ལ། གཉིས་པ་ལྟར་ན་བསྐྱེད་ཅིང་སྤྱན་དྲངས་པ་ལ་སོགས་ཀྱིས་ཉེ་བར་བསྙེན་ཅིང་དགྱེས་པས་ཚོགས་ཡོངས་སུ་རྫོགས་པ་བཞིན་དུ། བསྡུ་ཞིང་གཤེགས་སུ་གསོལ་བ་ལ་སོགས་ཀྱིས་རིང་དུ་སྤངས་ཤིང་ཐུགས་དང་འགལ་བ་ཉིད་ཀྱིས་སྡིག་ཏུ་འགྱུར་རོ། །རྟགས་ཐ་སྙད་པའི་ཚད་མས་གྲུབ་ལ། ཁྱབ་པ་མ་གྲུབ་ན་གདུལ་སྣང་མཐུན་པ་ཉམས་སོ་ཞེ་ན། ལན་ཕྱི་མ་དང་མཐུན་ཡང་བསྡུ་གཤེགས་སྡིག་ཏུ་འགྱུར་བའི་ཁྱབ་པ་མེད་དེ། གཅེས་པའི་ནོར་ལྐོག་ཏུ་སྦས་པ་དང་མགྲོན་བཟང་པོ་བཀྱེ་བ་དེ་དང་མི་འགལ་བ་བཞིན་ནོ། །ལྷག་ཆད་བསྐང་བའི་ཕྱིར་བཤགས་པ་བྱ་བ་ནི། བསྒྲུབ་པའི་སྔགས་བཟླས་ནོར་བ་དང་། ཏིང་ངེ་འཛིན་སྒོམ་ནོར་བ་དང་། ཡོ་བྱད་ཚུལ་བཞིན་དུ་མ་བཤམས་པ་རྣམས་བཤམས་ཏེ་བཤགས་པ་གང་ཡང་རུང་བ་བརྗོད་དོ། །བར་ཆད་བསལ་བའི་ཕྱིར་བྲོ་བརྡུང་བ་ནི། གཏོར་གཞོང་དག་ལེགས་པར་བཤལ་ཏེ་ཁ་སྦུབས་ལ། རྣལ་འབྱོར་པ་རྣམས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཏེ་དལ་གྱིས་མཐའ་ལ་བསྐོར་ཞིང་བྲོ་བརྡུང་། དེ་ཡང་དབང་དྲག་གིས་སྣ་དྲངས་ལ། ཞི་རྒྱས་ལ་མཐའ་གཏད་དོ། །འདོད་པའི་དོན་སྒྲུབ་པའི་ཕྱིར་སྨོན་ལས་གདབ་པ་ལ་བཞི་སྟེ། ཧོ། དགོངས་སུ་གསོལ་ཞེས་པ་ལ་སོགས་པའི་སྨོན་ལམ་གྱི་སྒོ་ནས་བཤགས་པ་བྱ། སྨོན་ལམ་གྱི་སྒོ་ནས་ཕྲིན་ལས་བཅོལ། སྨོན་ལམ་གྱི་སྒོ་ནས་དངོས་གྲུབ་གསོལ། །སྨོན་ལམ་གྱི་སྒོ་ནས་སྨོན་ལམ་གདབ་པའོ། །རྣལ་འབྱོར་པ་བཀྲ་ཤིས་པར་བྱ་བའི་ཕྱིར་བཀྲ་ཤིས་བརྗོད་པ་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་ལ་སོགས་པ་བཀྲ་ཤིས་གང་ཡང་རུང་བ་བརྗོད། དེ་ནས་ལྷ་དང་དམ་ཅན་རྣམས་དགྱེས་པར་བྱ་བའི་ཕྱིར་ཞག་གཅིག་གནས་བསྲུང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མི་ཡལ་བར་བྱ་བའི་ཕྱིར་ཞག་གསུམ་དུ་མི་ལ་ཕྱག་མི་བཙལ་ལོ། །དེ་ཡང་། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །ཞེས་སོ། །དེ་རྣམས་ནི་སྟོད་ལས་དང་འབྲེལ་བའོ། །དོན་གྱི་སྒྲུབ་པ་ཆ་གསུམ་དུ་གནས་ཏེ་བསྙེན་པར་རང་རྐྱང་པ། བསྙེན་པ་དབང་དང་འབྲེལ་པ། སྨད་ལས་ཀྱི་མགོ་ནོན་དུ་བསྙེན་པ་ཡོངས་རྫོགས་སུ་ཉམས་སུ་བླང་བ་ནི། ཞིབ་ཏུ་བླ་མའི་ཞལ་ལས་ཤེས་པར་བྱའོ། ༈ །སྨད་ལས་དུག་ཕུར་ནག་པོའི་ལས་བྱང་ལ་བརྟེན་ནས་དགྲ་བགེགས་ཚར་བཅད་པ་ལ་གཉིས་ལས། དང་པོ་སྒྲུབ་པ་ཐུན་མོང་གི་གཞི་ནི་ཕལ་ཆེར་སྔར་བསྟན་ཟིན་ལ། བྱེ་བྲག་འཁོར་ཕུན་སུམ་ཚོགས་པར་དྲག་པོ་བརྟུལ་ཞུགས་ཀྱི་འཁོར་མེད་ཐབས་མེད་ཅིང་། གཞན་གསུམ་མེད་ཀྱང་ཆོག །གཉིས་པ་ཁྱད་པར་གྱི་ཆོས་ལ་གསུམ་སྟེ། བསྙེན་པ་གསུམ་ལ་རྟགས་ཐོན་ནས་དངོས་གྲུབ་ཀྱི་བཅུད་བླང་བ་དང་། མནན་བསྲེག་འཕང་གསུམ་གྱིས་ལས་ཀྱི་ཁ་བསྐང་བ་དང་། གསོ་བ་རྣམ་པ་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་ནི། སྟོད་ལས་སུ་བསྙེན་པ་ཡོངས་རྫོགས་ཀྱི་སྒོ་ནས་རྟགས་ཐོན་པ་དེས། སྟོད་ལས་ཀྱི་སྒྲུབ་པ་བསྡུས་ཏེ་ཞག་འགའ་ངལ་གསོ་ནས། སྨད་ལས་ཀྱི་ཞལ་འབྱེད་པའོ། །དང་པོ་ལ་གསུམ་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་སྦྱོར་རོ། དང་པོ་ནི་སྨད་ལས་ཀྱི་མགོ་ནོན་དུ་ཡེ་ཤེས་ཀྱི་ལྷ་དང་དམ་ཅན་གྱི་བསྙེན་པ་ཁ་གསོ་བ་སྟེ། འདིར་ནི་ཉི་ཤུ་རྩ་གཅིག་ནས་དགུ་སྟོང་གི་བར་དུ་བསྙེན་སྒྲུབ་ལས་སྦྱོར་ཚར་གཅིག་རྫོགས་པར་བྱ་བ་ལས། ཁྱད་པར་དུ་ནུབ་དང་པོ་ལ་ཡེ་ཤེས་ལྷའི་བསྙེན་པ་བྱ་ཞིང་། གཉིས་པ་ལ་དམ་ཅན་གྱི་བསྙེན་པ་བྱས་ལ། གསུམ་པ་ནས་བསྒྲུབ་པར་བྱ་བའི་ཐབས་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ནི། ལས་དྲུག་ལ་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་ཉམས་སུ་བླང་སྟེ། དེ་ཡང་ནུབ་དང་པོ་ལ་ལྷ་དང་ཕྲལ། གཉིས་པ་ལ་གཟུགས་ལ་དབབ། གསུམ་པ་ལ་བྱད་དུ་གཞུག །བཞི་པ་ལ་སྨྱོ་རུ་གཞུག །ལྔ་པ་ལ་གཏུན་དུ་བརྡུང་། དྲུག་པ་ལ་ཞལ་དུ་བསྟབ་པ་སྟེ། དགོངས་རྒྱུད་ལས། ལུས་ལ་ལྷ་དབྲལ་གནས་ནས་དགུག །རྣམ་ཤེས་ལུས་བསྟིམ་བྱད་དུ་གཞུག །སྨྱོ་འབོག་ཐལ་བར་བརླག་པར་རྡེག །ཕུང་པོ་ཞལ་དུ་བསྟབ་དང་དྲུག །རེ་རེ་ལ་ཡང་དྲུག་དྲུག་སྟེ། །ཞེས་སོ། །དེ་རེ་རེ་ལ་ཡང་བསྐུལ། འཕྱང་། རྫས། སྔགས། ཕྱག་རྒྱ། ཏིང་ངེ་འཛིན་དང་དམོད་མོ་སྟེ་དྲུག་དྲུག་གོ། །དེ་ཉིད་ཉམས་སུ་ལེན་པ་ན་སྒྲུབ་པའི་རྣམ་བཞག་སྟོད་ལས་བཞིན་བྱ་སྟེ། དུས་དྲུག་གི་འཕྱང་དང་རྫས་ལ་བསྙེན་པའི་དོན་དུ་བྱ་བ་ལས། དང་པོ་ལྷ་དང་དབྲལ་བའི་བསྐུལ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པ་དང་། འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རྫས་ནི། གུ་གུལ་ཚིལ་ཆེན་ཁྱི་ལུད་ཀྱིས་བདུག་གོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ྄། ཅེས་སོ། །ཕྱག་རྒྱ་ནི། ལག་ཏུ་གུ་གུལ་ཐོགས་པས་ལིངྒ་བདུག་གོ། །ཏིང་ངེ་འཛིན་ནི། བདག་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་དགྲ་བགེགས་དེའི་འགོ་བའི་ལྷ་དང་ཕྲལ་ནས་སྐྱེས་བུ་ལྕེ་བཅད་པ་བཞིན་དུ་སོང་བར་བསམ་མོ། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་འདི་འགོ་བའི་ལྷ་དང་ཕྲོལ་ཅིག་ཅེས་པའི་དམོད་མོ་ཡང་བྱའོ། །གཉིས་པ་གཟུགས་ལ་དབབ་པའི་བསྐུལ་ནི། སྤྲུལ་པ་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས་ལ་སོགས་པ་ཚིག་གཉིས་འགྲེ། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་སོ། །རྫས་ནི་ཉུངས་ཀར་གྱི་ཆར་དབབ་པའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ྄། ཅེས་སོ། །ཕྱག་རྒྱ་ནི་རྡོ་རྗེ་བསྡམ་པའི་ཕྱག་རྒྱ་བཅས་ལ། ཐོག་ནས་མར་འབེབས་པའི་ཚུལ་དུ་བྱའོ། །ཏིང་ངེ་འཛིན་བདག་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་ལུས་རྟེན་མལ་དང་བཅས་པ་བཀུག་ནས་ལིངྒ་བསྟིམ་པར་བསམ་མོ། །དགྲ་བགེགས་འདིའི་གཟུགས་ལ་ཕོབ་ཅིག་ཅེས་དམོད་མོ་ཡང་བྱའོ། །གསུམ་པ་བྱད་དུ་གཞུག་པའི་བསྐུལ་ནི། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་སོ། །འཕྱང་ནི་དངོས་གྲུབ་འགྲེ། ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་སོ། །རྫས་ནི་ཚོན་སྣ་ལྔས་བཅིངས་སོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ྄། ཅེས་སོ། །ཕྱག་རྒྱ་ནི་ལིངྒ་འཆིང་བ་ལྟར་བྱའོ། །ཏིང་ངེ་འཛིན་ནི་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་དགྲ་བོའི་ཡན་ལག་གྲུ་གུ་ཐུལ་དུ་བཅིངས་པར་བསམ་མོ། །དགྲ་བགེགས་འབྱུང་པོ་བྱད་དུ་ཆུག་ཅེས་པའི་དམོད་མོ་ཡང་བྱའོ། །བཞི་པ་སྨྱོ་རུ་གཞུག་པའི་བསྐུལ་ནི། ཤྭ་ན་མུ་ཁའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཅེས་སོ། །རྫས་དུག་གཏོར་དང་། སྡིགས་ཕུར་རོ། །སྔགས་ནི་དགྲ་བགེགས་ཛྭ་ལ་པ་ཡ། ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། ཅེས་སོ། ཕྱག་རྒྱ་ནི་དུག་གཏོར་བླུགས་པ་ལྟར་བྱ་ཞིང་སྡིགས་ཕུར་འདྲིལ་བ་ལྟར་བྱའོ། །ཏིང་ངེ་འཛིན་ནི་དགྲ་བོ་སྨྱོ་ཞིང་འབོགས་པར་བསམ་མོ། །དགྲ་བགེགས་འབྱུང་པོ་སྨྱོར་ཆུག་ཅིག་ཅེས་པའི་དམོད་མོ་ཡང་བྱའོ། །ལྔ་པ་གཏུན་དུ་བརྡུང་བའི་བསྐུལ་ནི། ས་བདག་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་སོ། །རྫས་ནི་རྡོ་རྗེའི་ཐོ་བའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ་ཅེས་སོ། །ཕྱག་རྒྱ་ནི་ཐོ་བས་བརྡུང་བ་ལྟ་བུར་བྱའོ། །ཏིང་ངེ་འཛིན་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་དགྲ་བགེགས་དེའི་ལུས་རྡུལ་ཕྲན་བཞིན་བརླག་པར་བསམ་མོ། །དགྲ་བགེགས་འབྱུང་པོ་རྡུལ་དུ་རློག་ཅིག་ཅེས་པའི་དམོད་པ་ཡང་བྱའོ། །དྲུག་པ་ཞལ་དུ་བསྟབ་པའི་བསྐུལ་ནི། བདག་ཉིད་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཞེས་སོ། །རྫས་ནི་བྲ་མའི་ཧོམ་ཆག་གང་བརྩིགས་པ་བྱས་ལ་ལིང་ཆུང་གཅིག་ལ་སྦྱིན་སྲེག་ཚུལ་བཞིན་བྱའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ཡ་དགྲ་བགེགས་བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ྄། ཅེས་སོ། །ཕྱག་རྒྱ་ནི་ལིང་རོ་དང་གཏོར་མ་རྣམས་ལྷ་ཚོགས་པ་ལ་སྟོབ་པ་ལྟར་བྱའོ། །ཏིང་ངེ་འཛིན་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་བྱུང་ནས་དགྲ་བགེགས་ཀྱི་རུས་པ་ཤ་ཁྲག་རྣམས་རྗེས་ཤུལ་ཡང་མེད་པར་གསོལ་བའི་ཚུལ་དུ་མཛད་པར་བསམ་མོ། །དགྲ་བགེགས་འབྱུང་པོ་ཞལ་དུ་བསྟབ་བོ་ཞེས་དམོད་མོ་ཡང་བྱའོ། །དངོས་སུ་ཞལ་དུ་སྟོབ་པ་ནི་གཅིག་ཀུན་གྱི་མཇུག་ལ་གདགས་པའི་ཚེ་བྱེད་པ་ཡིན་ནོ། །བསྡུས་དོན་ལ་གསུམ་ལས། དང་པོ་བསྐུལ་ཚིག་ལ་གཉིས་སུ་གནས་པ་ལས། ཁྱེད་ཀྱི་དམ་ཚིག་ཅེས་པ་ལ་སོགས་པ་ནི་སྤྱི་བསྐུལ་ལས་དམ་ཚིག་ཆེན་པོ་ལ་སོགས་པ་ནི་སྒོས་བསྐུལ་ལོ། །དེ་བཞིན་དུ་གཉིས་པ་གདགས་པའི་འཕྱང་ལ་ཡང་གཉིས་སུ་སྣང་བས། དངོས་གྲུབ་བར་ཆད་བྱེད་པའི་ཞེས་པ་ལ་སོགས་པ་ནི་སྤྱི་འཕྱང་། གྲོགས་དང་བྲལ་བར་གྱིས་ལ་སོགས་པ་ནི་སྒོས་འཕྱང་ངོ་། །གསུམ་པ་གབ་པའི་སྔགས་ནི་ཧ་ས་ཡ་ར་ལ་སོགས་པའོ། །ཚིག་དོན་ནི་གདུལ་བྱ་གདུག་པ་ཅན་ལ་མངོན་སྤྱོད་ཀྱི་ལས་བྱ་བ་ལས་མི་འདའ་བའི་དམ་ཚིག་ཆེན་པོས་དགྲ་བགེགས་འགོ་བའི་ལྷ་དང་དབྲལ་བའི་དུས་ལ་བབ། དེ་ཡང་རང་གི་གནས་ནས་འགུགས་པ་ལ་ཁྲོ་བོའི་སྤྲུལ་པ་ཆེན་པོ་རྣམས་ཀྱིས་ཀུན་ནས་བསྒྲལ་བྱའི་ཤེས་པ་གཟུགས་ལ་དབབ་པའི་དུས་ལ་བབ། དེ་ཡང་རྒྱལ་པོའི་ཕྱག་བརྙན་ཏེ། གཤེད་མ་ལྟ་བུས་བྲོས་དབང་མེད་པར་ཚོན་སྐུད་ཀྱིས་བྱད་དུ་གཞུག་ཅིང་བཅིངས་པའི་དུས་ལ་བབ། དེ་ཡང་ཤྭ་ན་མུ་ཁ་སྟེ་དུག་ཆུས་སྨྱོ་ནས་རང་དབང་མེད་པར་སྨྱོར་གཞུག་པའི་དུས་ལ་བབ། དེ་ཡང་ས་ཆེན་པོ་ལ་གནས་པའི་རྡུལ་ཕྲན་ལྟར་ཕྱེ་མར་བརླག་པར་བྱ་བའི་ཕྱིར་གཏུན་དུ་བརྡུང་བའི་དུས་ལ་བབ། དེ་ཡང་དྲག་པོ་མངོན་སྤྱོད་ཀྱི་བདག་ཉིད་ཆེན་མོ་ཁྲོ་མོ་དབྱིངས་ཕྱུག་མ་རྣམས་ཀྱི་ཞལ་དུ་བསྟབ་པའི་དུས་ལ་བབ། ཐམས་ཅད་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་དགྲ་བགེགས་འདི་དག་བསྒྲལ་བའི་དུས་ལ་བབ། དེ་སྙོམས་ལས་དང་ཕྱིར་བཤོལ་མ་མཛད་པར་ཉིད་ཀྱི་ནུས་པ་དང་མཐུ་རྩལ་ཅི་ཡོད་པ་ད་ལྟ་ཉིད་དུ་དབྱུང་བའི་དུས་ལ་བབ་ཅེས་བྱ་ཞིང་། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ལ་བར་ཆད་བྱེད་པའི་དགྲའམ་བགེགས་ལུས་བདུད་དང་སྲིན་པོ་ལྟར་གདུག་པའི་ཆ་ལུགས་སུ་གནས་ཤིང་སེམས་ཅན་གཞན་ལ་གནོད་པའི་སྦྱོར་བ་ལ་ཞུགས་པས་ན་སྡང་སེམས་དང་ལྡན་པ་གང་ཡིན་པ་རྣམས། གྲོགས་ནི་དགྲ་བགེགས་གང་ཞིག་ལ་སྐྱོབ་པར་བྱེད་པའི་འགོ་བའི་ལྷ་ལྔ་སྟེ་དགྲ་ལྷ། སྲོག་ལྷ། མ་ལྷ། ཞང་ལྷ། ཡུལ་ལྷ་རྣམས་དང་བྲལ་ཏེ་བརྟེན་པའི་སྐྱབས་མེད་པར་གྱིས་ཤིག །བསྒྲལ་བྱའི་ཤེས་པ་ལིངྒ་ལ་ཕབ་ལ་ཕུར་བུ་དང་ཡུངས་ཀར་གྱིས་སྐད་ངན་དང་བཅས་ཏེ་རྣམ་པར་གཟིར་བར་གྱིས། དེ་ཡང་བཏང་སྙོམས་མ་ཡིན་པར་རིངས་པར་རང་གི་གནས་མལ་དང་བཅས་པར་ཁུག་ལ། སྙིང་ལྕགས་ཀྱུས་ཟུང་ཞིང་ཚོན་སྐུད་ཀྱིས་གྲུ་གུ་ཐུལ་དུ་རྣམ་པར་ཆིངས། དུག་ཆུས་སྨྱོ་ནས་རང་དབང་མེད་པར་ཐོལ་ཐོལ་སྨྲར་ཆུག་ཅིག །རྡོ་རྗེའི་ཐོ་བས་མགོ་ནས་རྒྱོབ་ཅིག །དེའང་ཡང་དག་ཏུ་བསྣུན་ཏེ་ལུས་ཐམས་ཅད་ཕྱེ་མར་གཏོགས་ཤིག །དལ་གསུམ་དུ་བསྒོམ་པའི་རྣལ་འབྱོར་པ་ངའི་དབང་དུ་བསྒྲལ་བྱ་དེ་གྱུར་ནས་ནི་ཕྱིས་བར་ཆད་མི་བྱེད་པའི་ཕྱིར་དུ་སྒྲུབ་པ་པོ་བདག་དང་བྱང་ཆུབ་ཀྱི་ལམ་ལ་ཞུགས་པ་ཀུན་གྱི་ཡང་བསྒོ་བའི་བཀའ་རྣམས་ཇི་ལྟར་བསྒོ་བ་རྣམས་ཉན་པར་གྱིས་ཤིག་པའོ། །ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ་ནི་ཐབས་ཤེས་རབ་ཐ་དད་དུ་ཕྲོལ་ཅིག་པའོ། །ཨཱ་བེ་ཤ་ཡ་ཨཱ་བེ་ཕྱུང་། །ཤ་ཡ་ཧཱུྃ་ཕཊ་ནི་ཕོབ་ཅིག་ངེས་པར་ཕོབ་ཅིག་པ། ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ་ན་ཆིངས་ཤིག་ངེས་པར་ཆིངས་ཤིག་པ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄་ནི་སྨྱོར་ཆུག་ཅིང་ངེས་པར་སྨྱོར་ཆུག་ཅིག་པའོ། །ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄་ནི་རྟོགས་ཤིག་ངེས་པར་རྟོགས་ཤིག་པའོ། །བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ་ནི་རྣམ་པར་ཟུང་ཞིག་རྣམ་པར་ཟུང་ཞིག་པའོ། །ལས་སྦྱོར་གྱི་སྒོ་ནས་དངོས་གྲུབ་བླང་བ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གཉིས་ཏེ། དགྲ་ལས་བླང་བ་དང་། ལྷ་ལས་བླང་བའོ། །དང་པོ་དགྲ་ལས་བླང་བ་ནི། ཕུར་པ་གདབ་པ་སྟེ། དེ་ལ་གཉིས། རིམ་གྱིས་གདབ་པ་དང་། སུར་ཕུག་ཏུ་གདབ་པའོ། །དང་པོ་ལ་ལྔ་སྟེ། ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཐལ་ཕྱུང་དུ་གདབ་པ་དང་། སྒོ་མ་བཞིའི་ཕུར་པ་ལུས་ཀྱི་མཚོ་བཞི་ལ་གདབ་པ་དང་། ཡུམ་བརྒྱད་ཀྱི་ཕུར་པ་ལུས་ཀྱི་རྟེན་བརྒྱད་ལ་གདབ་པ་དང་། ཁྲོ་བོ་བཅུའི་ཕུར་པ་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་གདབ་པ་དང་། ཡུམ་གཉིས་ཀྱི་ཕུར་པ་དགེ་སྡིག་ཆ་མཉམ་སྟེ་གདབ་པའོ། །དེ་རེ་རེ་ལ་བཞི་ཀུན་གྱི་མགོ་ལ་གདགས་པ་དང་། གསུམ་ཀུན་གྱི་ཁོང་ཁྲར་གཏོང་བ་དང་། གཅིག་ཀུན་གྱི་གཞུག་ལ་གདགས་པའོ། །མགོ་ལ་གདགས་པ་ནི། ལྷ་དང་དབྲལ་བ། གཟུགས་ལ་དབབ་པ། བྱད་དུ་གཞུག་པ། སྨྱོར་གཞུག་པའོ། །ཁོང་དཀྱུས་སུ་གཏོང་བ་གསུམ་ནི་གཏུན་དུ་བརྡུང་བ་དང་། མཚོན་གྱིས་གཏུབ་པ། ཐུན་གྱིིས་བྲབ་པའོ། །གཅིག་མཇུག་ལ་གདགས་པ་ན་ཞལ་དུ་བསྟབ་པའོ། །དེ་ལ་དང་པོ་ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཐལ་ཕྱུང་དུ་གདབ་པ་ནི། སྐབས་དེར་ཏིང་ངེ་འཛིན་གསལ་གདབ། དམ་ཅན་བསྐུལ། ཕོ་ཉ་བཏང་། དཔང་གཟུག །ཕུར་བསྐོར་བྱའོ། །དེའི་དུས་སུ་གསལ་བ་གསུམ་དང་ལྡན་པར་བྱ་སྟེ། བདག་ཀུ་མ་རར་གསལ་བ་དང་། ཕུར་པ་ཡཀྴ་མེ་དབལ་དུ་གསལ་བ་དང་། ལིངྒ་དགྲ་བགེགས་དངོས་སུ་གསལ་བའོ། །དེ་ཡང་བདག་ཀུ་མཱ་རར་མ་གསལ་ན་རང་ལ་ལྡོག །ཕུར་པ་ཡཀྴ་མེ་དབལ་དུ་མ་གསལ་ན་གཟས་པ་པོ་ལ་མི་ཚུགས་ཏེ་རྡུགས་པ་ཉིད་དུ་འགྱུར་ལ། ལིངྒ་དགྲ་བགེགས་དངོས་སུ་མ་གསལ་ན་གཞན་དམིགས་ཡུལ་མ་ཡིན་པ་ལ་འབྱམས་སོ། །དེ་ནས་སྲས་མཆོག་གི་ཕུར་པ་ལག་ཏུ་བླངས་ཏེ། བསྐུལ་ཚིག་ནི་དམ་ཚིག་ཆེན་པོའི་དུས་ལ་སོགས་པ་དང་། བདག་ཅག་རིག་འཛིན་སྒྲུབ་པ་སོགས་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པ་ཡན་ཆད་བརྗོད་ལ་ཕུར་པ་དེ་སྐུ་རི་རབ་ལྟར་བརྗིད་ཆེ་བར་བསམ། དེའི་སྟེང་དུ་ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར་བསྒོམ། དེའི་སྟེང་དུ་ཨ་དཀར་པོ་དཔག་ཏུ་མེད་པར་བསམ། དེ་ནས་ངག་ཏུ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ༀ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱ ན་ཧྲཱིཿཀྲི་བི་ཀྲི་བཛྲ་ཧཱུྃ་ཀ་ར་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ སརྦ་བིགྷྣཱན་བཾ་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄། བཛྲ་ཧཱུྃ་ཀ་ར་ཧཱུྃ་ཨ་ཞེས་བརྗོད་པས་ཨ་དེ་རྣམས་འོད་དུ་ཞུ་སྟེ་ཧཱུྃ་ཀ་ར་ལ་ཐིམ། ཧཱུྃ་ཀ་ར་འོད་དུ་ཞུ་བ་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་བྱུང་སྟེ། ཕུར་པ་ལ་དཀར་ཞལ་བཏང་བ་ལྟར་གྱུར་ནས་སྒྲིབ་པ་བྱང་བར་བསམ། དེའི་འོད་གཟས་པ་པོ་ལ་ཐིམ་པས་སྒྲིབ་པ་བྱང་། གཟས་པ་པོ་དེ་བསྒྲལ་བའི་སྣོད་རུང་བར་བྱས་པར་བསམ་པ་ནི་ཁྲུས་ལུང་ངོ་། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་། ཕུར་པ་དེ་ལིངྒའི་སྙིང་ལ་སླེབ་པར་བཏབ་པས་སྒོ་ལྔའི་རྣམ་ཤེས་སྦྲའི་ཆོན་ཐག་བཞིན་ཕུར་པ་ལ་འདུས་པར་བསམ་མོ། །དེ་ནི་བྱུང་ཚོར་གྱི་སྒོ་བཀག་པའོ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་བརྗོད་པས་ཕུར་པའི་རྩེ་མོ་ལ་གཟས་པ་པོའི་ཡིད་ཀྱི་རྣམ་ཤེས་དང་ཉོན་མོངས་པ་ཅན་གྱི་ཡིད་གཉིས་འདུས་པ་ལ་རྡོ་ཚན་ལ་ཆུ་འདུས་པ་ལྟར་ཏོག་གིས་སྐམ་པར་བསམ་མོ། །དེ་ནི་ཉམས་པ་རྩད་ནས་གཅོད་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ། ཞེས་བརྗོད་པས་ཀུན་གཞིའི་རྟེན་སྙིང་དམར་པོ་གུར་ཕུར་པ་འདྲ་བའི་ནང་ན་སྲོག་ཁྲག་གི་རླངས་པ་ལྟ་བུའི་ནང་ཚེ་བལ་རྒྱ་ལྟ་བུ་གནས་པའི་ནང་ན་ཀུན་གཞིའི་རྣམ་པར་ཤེས་པ་དངུལ་ཆུའི་ཞུན་མ་ལྟ་བུ་ལ་ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་འདུས་ནས། ཕུར་པའི་རྩེ་མོར་བླངས་པར་བསམ་ལ་ཕུར་པ་བཏོན་ཏེ་རང་གི་སྙིང་གར་བསྟན་ནས་འདྲིལ་ཞིང་། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་པས་ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་བདག་ལ་ཐིམ་སྟེ། མེ་འབར་བ་ལ་མགར་བས་བསྐུལ་བ་བཞིན་དུ་བདག་ཉིད་བཀྲག་དང་གཟི་མདངས་དང་ལྡན་པར་བསམ་སྟེ། དགོངས་རྒྱུད་ལས། རྡོ་རྗེ་ཕུར་པས་སྐྱེ་ཤི་རྩད་ནས་གཅོད། །དཔེར་ན་དྲི་མ་ཆུ་ཡིས་འཁྲུ་བ་བཞིན། །ཁམས་གསུམ་ཡེ་ཤེས་ཆུ་ཡིས་འཁྲུ། །ཚེ་ལུང་ཁྲུས་ལུང་གལ་མཆོག་དམ་པ་འདི། །ཞེས་སོ། །དེ་ནས་བར་འདིར་ཐོ་བས་བརྡུང་། མཚོན་གྱིས་གཏུབ། ཐུན་གྱིས་བྲབ་པར་བྱ་སྟེ། བྱ་ཐབས་འོག་ནས་སྟོན་ནོ། །དེ་ནས་སྒོ་མ་བཞིའི་ཕུར་པས་ལུས་ཀྱི་མཚོ་བཞི་ལ་གདབ་སྟེ། སྒོ་མ་བཞིའི་ཕུར་པ་བླང་ལ་བསྐུལ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །མན་ཆད་ཁ་བསྐངས་པ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བིནྡྷ་ཡ་བིང་བིང་ཧཱུྃ་ཕཊ྄། ཅེས་བརྗོད་པས་ཤར་ཞི་བ་དངུལ་གྱི་ཕུར་པ་པུ་ཤུད་ཀྱི་མགོ་ཅན་རུས་པའི་མཚོ་ཀླད་པ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཕཊ྄། ཅེས་བརྗོད་པས་ལྷོ་རྒྱས་པ་གསེར་གྱི་ཕུར་པ་ཀཾ་ཀའི་མགོ་ཅན་དབུགས་ཀྱི་མཚོ་གློ་བ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ྄། ཅེས་པས་ནུབ་དབང་ཟངས་ཀྱི་ཕུར་པ་སྲིན་བྱའི་མགོ་ཅན་ཁྲག་གི་མཚོ་མཚེར་པ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ྄། ཅེས་པས་བྱང་དྲག་པོ་ལྕགས་ཀྱི་ཕུར་པ་ཁྲའི་མགོ་ཅན་ཤའི་མཚོ་མཁལ་མ་ལ་གདབ། དེ་ཅིའི་ཕྱིར་ཞེ་ན། མཚོ་བཞིས་ལུས་ཀྱི་ཟུངས་བསྐྱེད་པས་དེ་དག་པར་བྱ་སྟེ་བསྒྲལ་ལོ། །བརྡུང་གཏུབ་བྲབ་བོ། །ཡུམ་བརྒྱད་ཀྱི་ཕུར་པ་ལུས་ཀྱི་རྟེན་བརྒྱད་ལ་གདབ་པ་ནི། ཡུམ་བརྒྱད་ཀྱི་ཕུར་པ་བླངས་ལ་བསྐུལ་ནི། །སྲིད་པའི་ཕུར་པ་བསྒྲུབ་པ་དང་། །ཞེས་པ་དང་། དམ་ཚིག་ཆེན་པོའི་དུས་ལ་བབ། ཞེས་པ། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཞེས་པ་ནས། བསྒོ་བའི་བཀའ་འདི་ཉན་པར་གྱིས། །ཞེས་པའི་བར་བརྗོད་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་པ་ར་བིདྱཱ་ན་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་པས་སྙེམས་མ་ལྟེ་བར་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙྪིནྡྷ་ཙྪིནྡྷ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄་ཅེས་པས་གསོད་མ་མགོ་ལ་གདབ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ལུས་ཀྱི་རྟེན་ཡིན་པས་དེ་དག་པར་བྱས་ཏེ་བསྒྲལ་ལོ། །གཏུན་དུ་བརྡུངས། མཚོན་གྱིས་གཏུབ། ཐུན་གྱིས་བྲབ་བོ། །ཁྲོ་བོ་བཅུའི་ཕུར་པ་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་གདབ་པ་ནི། དལ་ནས་ཁྲོ་བོ་བཅུའི་ཕུར་པ་བླངས་ཏེ། བསྐུལ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཞེས་པ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །སྔོན་ཆད་ཇི་བཞིན་ཁས་བླངས་བཞིན། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཅེས་བརྗོད་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧ་ན་ཧ་ན་བཛྲ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་པས་རྣམ་པར་རྒྱལ་བ་རྣ་བ་ལ་གདབ། ༀ་ནས་འདྲ། ད་ཧ་ད་ཧ་བཛྲས་དབྱུག་པ་སྔོན་པོ་མིག་ལ་གདབ། པ་ཙ་པ་ཙས་གཤིན་རྗེ་གཤེད་པོ་སྣ་ལ་གདབ། མ་ཐ་མ་ཐས་མི་གཡོ་བ་ལྟེ་བ་ལ་གདབ། ཛྭ་ལ་ཛྭ་ལས་རྟ་མགྲིན་ལྕེ་ལ་གདབ། སུ་རུ་སུ་རུས་གཞན་གྱིས་མི་ཐུབ་པ་གསང་བར་གདབ། མུ་རུ་མུ་རུས་ཧཱུྃ་ཀ་ར་མཚན་མ་ལ་གདབ། ཀ་ཏཾ་ཀ་ཡེས་སྟོབས་པོ་ཆེ་ཡིད་ལ་གདབ། ཛ་ཡེ་བི་ཛ་ཡེས་ཁམས་གསུམ་རྣམ་རྒྱལ་ཀུན་གཞིའི་རྟེན་ནུ་མ་ལ་གདབ། །ༀ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སེ་ན་པྲ་མརྔྷ་ན། དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་བདུད་རྩི་འཁྱིལ་བ་ཀུན་གཞིའི་རྟེན་སྙིང་ལ་གདབ་བོ། །དེ་རྣམས་ལ་འདེབས་པ་ཅིའི་ཕྱིར་ན། རྣམ་པར་ཤེས་པ་ཚོགས་བརྒྱད་ནི་འཁོར་བའི་རྟེན་ཡིན་པས་དག་པར་བྱས་ཏེ་སྒྲོལ་ལོ། །བརྡུང་། གཏུབ། བྲབ། ཡུམ་གཉིས་ཀྱི་ཕུར་པ་དགེ་སྡིག་ཆ་མཉམ་སྟེ་གདབ་པ་ནི། ཡུམ་གཉིས་ཀྱིི་ཕུར་པ་བླངས་ལ། བསྐུལ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཞེས་བརྗོད་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཨཱ་ན་ཡ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་སྒྲ་འབྱིན་མ་སྤྱི་བོར་གདབ་སྟེ་མཐོ་རིས་སུ་སྐྱེ་བའི་སྒོ་དགག་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་བསྐྱོད་མ་རྐང་མཐིལ་དུ་གདབ། ངན་སོང་དུ་སྐྱེ་བའི་སྒོ་དགག་པའོ། །གལ་ཏེ་སྔར་ཚེ་ལུང་ཁྲུས་ལུང་གི་སྐབས་སུ་གཟས་པ་པོའི་རྒྱུད་ཀྱི་སྒྲིབ་པ་སྦྱང་། བྱུང་ཚོར་གྱི་སྒོ་དགག །ཉོན་མོངས་པ་རྩད་ནས་བཅད་ནས། ད་མཐོ་རིས་དང་ངན་སོང་དུ་སྐྱེ་བའི་སྒོ་དགག་ཅི་དགོས་ཤེ་ན། ལན་ནི། དགོས་པ་ཡོད་དེ། སྔར་ཚེ་ལུང་ཁྲུས་ལུང་གིས་ནི་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པའི་ཀུན་སློང་དང་བཅས་པའི་ལས་སྒྲིབ་ཟད་པར་བྱས་པ་ཡིན། འདིས་ནི་དེས་བསྐྱེད་པའི་འབྲས་བུ་ངན་སོང་དང་། མཐོ་རིས་ཀྱི་སྡུག་བསྔལ་མྱོང་འགྱུར་གྱི་སྐྱེ་སྒོ་བཀག་པའོ། །བརྡུང་། མཚོན་ཐུན་དབྱུང་ངོ་། །སུར་ཕུག་ཏུ་གདབ་པ་ནི། དམ་ཅན་གྱི་ཕུར་པ་རྣམས་བླངས་ལ་བསྐུལ་མེད་ཅིང་སྔགས་ནི་བཞི་སྙིང་གཅིག་ཏུ་དྲིལ་བ་ཁོ་ན་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་མར་སེ་ན་པྲ་མརྔྷ་ན་ཡེ། དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཕུར་བུ་རེ་རེའི་སྔགས་དང་བཅས་པས་གནས་ངེས་པ་མ་ངེས་པ་མེད་པར་གདབ་སྟེ། གཡག་རོ་ལ་ཚ་བས་བྱེད་པ་བཞིན་ནོ། གཏུན་དུ་བརྡུང་བའི་བསྐུལ་ནི། ས་བདག་ཆེན་མོའི་དུས་ལ་བབ། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུམ། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷའམ་འོན་ཏེ་བརླག་པར་འགྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཞེས་ཐོ་བས་བརྡུང་། མཚོན་གྱིས་གཏུབ་པའི་བསྐུལ་ནི། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ མ་མ་པཱ་ཤཱཾ་ཀུ་རུ་མ་ཏཾ་ཉ྄ཡ྅྅྅་ཀ་ར་ཨི་དན་དྷ་ཏི་མ་མ་ཤཱི་གྷྲཾ་ཀ་ར་ཡ་ཆྒཻ་མོ་སརྦ་བིགྷྣཱ་བཾ་ཧཱུྃ་ཕཊ྄། ཅེས་མཚོན་གྱིས་གཏུབ་བོ། །ཐུན་ལ་བསྐུལ་མེད། སྔགས་ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་ལ་སོགས་པས་ཐུན་བྲབ་བོ། །དེ་དག་གི་བར་རེ་རེ་འབྱུང་ངོ་། །གཅིག་ཀུན་གྱི་མཇུག་ལ་གདགས་པ་ནི། ཞལ་དུ་བསྟབ་པས་དེ་བསྐུལ་ཏེ། །བདག་ཉིད་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །བསྒོ་བའི་བཀའ་འདི་ཉན་པར་བྱོས། །སྔགས་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། །ཛཿཧཱུྃ་བྂ་ཧོཿ བིནྡྷ་ཡ་བིནྡྷ་ཡ། ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ཅེས་པས་ཞལ་དུ་བསྟབ་བོ། །བསྡུས་དོན་ལ་གཉིས་ཏེ། །གདབ་ལས་དངོས་དང་། །དེའི་གྲོགས་སོ། །དང་པོ་ལ་བཞི་ལས། ཚེ་ལུང་ཁྲུས་ལུང་གི་དགོངས་པ་ཕུལ་དུ་བྱུང་སྟེ་གདབ་པའི་བསྐུལ། བདག་ཅག་རིག་འཛིན་ཞེས་པ་ལ་སོགས་པ་དང་། །སྔགས་ནི་ༀ་ལཾ་ཞེས་བསྟན་པ་དང་ཡུམ་བརྒྱད་ཀྱི་ཕུར་པ་ལུས་ཀྱི་རྟེན་བརྒྱད་ལ་གདབ་པ་ནི་སྒོས་བསྐུལ་མེད་ཅིང་། སྔགས་ཧཱུྃ་པ་ར་བིདྱཱ་ན་ལ་སོགས་པས་བསྟན་པ་དང་། ཁྲོ་བོ་བཅུའི་ཕུར་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་གདབ་པ་ནི། བྲན་དང་བཀའ་ཉན་ལ་སོགས་པ་དང་། སྔགས་ནི་ཧ་ན་ཧ་ན་བཛྲ་ཞེས་པ་ལ་སོགས་པས་བསྟན་པ་དང་། ཡུམ་གཉིས་ཀྱི་ཕུར་པ་དགེ་སྡིག་ཆ་མཉམ་སྟེ་གདབ་པའི་སྒོས་བསྐུལ་ནི། གདུག་ཅིང་སྡང་སེམས་ལྡན་པ་ལ་སོགས་པ་དང་། སྔགས་སརྦ་ཨ་ན་ཡ་ལ་སོགས་པས་བསྟན་པའོ། །གདབ་ལས་ཀྱི་གྲོགས་ལ་གསུམ་ལས། གཏུན་དུ་བརྡུང་བའི་བསྐུལ་ནི། རྡུངས་ཤིག་རྡོ་རྗེ་འབར་ཞེས་པ་ལ་སོགས་པ་དང་། སྔགས་ནི་ཁ་ཐཾ་ཞེས་པ་ལ་སོགས་པའོ། །མཚོན་གྱིས་གཏུབ་པའི་བསྐུལ་ནི། རྡོ་རྗེ་གསང་བའི་ཞེས་པ་ལ་སོགས་པ་དང་། སྔགས་ནི་མ་མ་པ་ཤཾ་ལ་སོགས་པའོ། །ཐུན་གྱིས་བྲབ་པ་ལ་བསྐུལ་མེད། སྔགས་ནི་ཁྲོ་བོ་བཅུའི་ཞར་བྱུང་ངོ་། །ཚིག་དོན་ནི་སློབ་མ་དལ་དུ་འཇུག་པའི་ཚེ་དང་བར་དུ་ཕྲིན་ལས་གང་ལ་འཇུག་ཀྱང་ཁམས་གསུམ་གྱི་སེམས་ཅན་གྱིས་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། དེའང་སྨོན་འཇུག་གཉིས་ལས་སྔགས་ནི་འཇུག་པའོ། །འདས་མ་འོངས་ད་ལྟ་གསུམ་དུ་འཁོར་བའི་མཐའ་ལས་རྒྱལ་བ་ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱི་གདུང་གསོབ་པས་རིག་འཛིན་ཞེས་པ་ནི་དེ་ལྟ་བུའི་བྱ་བ་བྱེད་པ་སྟེ། ཀུན་འདུས་ལས། དང་པོ་དེ་ལས་བྱུང་བ་དང་། བར་དུ་དེ་ཡི་བརྒྱུད་འཛིན་ཏེ། །ཐ་མར་དེ་ཡི་བྱ་བ་བྱེད། །རིག་འཛིན་ཞེས་ནི་བསྟན་པ་ཡིན། །ཅེས་སོ། །བྱེ་བྲག་སྒྲུབ་པ་པོ་བདག་ཅག་ཕུར་པའི་སྒོར་ཞུགས་པ་རྣམས་ལ་ནི། ལུས་ངག་ཉེས་སྦྱོར་ལ་ཞུགས་པས་རང་གཞན་ལ་གནོད་པའི་དགྲ་དང་། རང་ངན་སོང་གསུམ་གྱི་སྒོར་ཞུགས་ཤིང་གཞན་གྱི་བདེ་བ་འཕྲོག་པ་གདུག་པའི་བགེགས། བླ་ན་མེད་པའི་བྱང་ཆུབ་ལ་བར་དུ་གཅོད་པའི་བདུད་རྣམས་ཏེ། གལ་ཏེ་རང་བྱང་ཆུབ་སྒྲུབ་པ་ལ་བདུད་བར་དུ་གཅོད་པར་བྱེད་པ་ཅི་ཞེ་ན། ཁོས་སྙམ་ནས་བྱང་ཆུབ་སྒྲུབ་པའི་ལམ་ལ་ཞུགས་ནས་རེ་རེ་གཉིས་གཉིས་ལ་མཐར་འཁོར་བ་སྟོང་ནས་ནག་པོའི་ཕྱོགས་ཕམ་གྱིས་དོགས་པའོ། །གཞན་ཡང་མཆོག་ཐུན་མོང་གི་དངོས་གྲུབ་འཕྲོག་ཅིང་རྣམ་པར་འཚེ་བར་བྱེད་པ་སྟེ། དེའང་རང་རྒྱུད་ཀྱིས་བསྡུས་པ་དང་གཞན་རྒྱུད་ཀྱིས་བསྡུས་པའི་འཚེ་བ་གཉིས་ལས། དང་པོ་ནི། རང་གི་ཉོན་མོངས་པ་དུག་ལྔས་ལས་བསགས་ནས་རང་སྡུག་བསྔལ་བར་བྱེད་པའོ། །གཉིས་པ་ནི། གཞན་འདོད་པའི་ལྷའི་རིས་ཀྱིས་བསྡུས་པའི་ལྷའི་བུའི་བདུད་ཀྱིས་ཆོས་སྒོར་ཞུགས་པ་རྣམས་ལ་འདོད་པའི་མདའ་ལྔ་འཕེན་པ་རྣམས་སོ། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས་ནི་རང་རྒྱུད་ཀྱིས་བསྡུས་པའི་ཉོན་མོངས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས་འདུལ་ཞིང་། ལྷའི་བུའི་བདུད་ནི་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་སྐུ་ཆེ་ལ་ཡན་ལག་རགས་པས་འདུལ་བའོ། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས་ནི་རང་རྒྱུད་ཀྱི་ཉོན་མོངས་པ་ཡེ་ཤེས་སུ་ངོས་ཟིན་པ་ཙམ་གྱིས་ཏེ། གཞན་གྱི་ནི་སྤྲུལ་པ་ཁྲོ་བོ་ཕོ་ཉ་བཀྱེ་བ་ཙམ་གྱིས་ནི། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་ནི། རང་རྒྱུད་ཀྱི་སྔོན་དེ་བཞིན་གཤེགས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཟད་པར་བྱས་པ་བཞིན་གཞན་གྱི་སྔོན་དཔལ་ཆེན་པོས་དྲག་པོའི་ལས་ཀྱིས་རུ་ཏྲ་བཏུལ་བ་བཞིན་ནོ། །དེས་རང་གི་ཉོན་མོངས་པ་རང་བཞིན་མེད་པར་རྟོགས་ཤིང་། གཞན་གྱི་ཚེ་ལུང་ཁྲུས་ལུང་གིས་བཏབ་པས་བསྒྲལ་བྱ་དེའི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བཤིག་པའོ། །བྱ་བ་ཅི་བྱེད་ན་རང་རྒྱུད་ཀྱི་ཉོན་མོངས་པ་ཡེ་ཤེས་སུ་རྟོགས་པར་གྱིས་ཤིག་པའོ། །གཞན་ཡང་བསྒྲལ་བ་དེས་གནས་སྐབས་ཀྱི་དུཿཁ་ཉམས་སུ་མྱོང་སྟེ་མཐར་ཐུག་གི་བདེ་བ་ཐོབ་པར་མཛད་པ་ཞིག་སྟེ། གཟས་པ་པོ་རྒྱལ་བ་ཡབ་ཡུམ་གྱི་སྲས་སུ་འཕེན་པའོ། །ༀ་ལཾ་གྱིས་སྐུ་རི་རབ་ལྟར་བརྗིད་ཆེ་བ། ཧཱུྃ་ལཾ་གྱིས་ཐུགས་རི་རབ་ལྟར་བརྗིད་ཆེ་བ། སྟྭཾ་བྷ་ཡ་ནན་གདུག་པ་ཅན་གནོན་པ། མོ་ཧ་ཡ་ན་དེ་ཡང་མིང་རུས་སུ་བཅས་པ་ནོན་ཅིག་པ། གང་གིས་ན་སྦྱོར་བ་གསལ་བ། ཧྲཱིཿཥྚིཿབི་ཀྲི་ཞེས་བྱ་སྟེ་བཅོམ་ལྡན་འདས་ཀྱིས་ཐབས་ཤེས་རབ་ཀྱི་སྦྱོར་བས་སོ། །བཛྲ་ཧཱུྃ་ཀ་ར་ཧཱུྃ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུྃ་ནི་ལས་མཁན་ཧཱུྃ་ཀ་རར་བསྐྱེད་པའི་རྡོ་རྗེ་ཕུར་བུས་ཐོབ་ཅིག་པའོ། །ཛཿཧཱུྃ་བཾ་ཧོཿནི་བསྒྲལ་བྱའི་ཤེས་པ་དེ་དགུག་གཞུག་བཅིངས་བརླག་པར་གྱིས་ཤིག་པ། སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ནི་དགྲ་བགེགས་ཐམས་ཅད་ལའང་རྡོ་རྗེ་ཕུར་པས་ཐོབ་ཅིག་པ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཧཱུྃ་ཀ་ར་ཧཱུྃ་ཨ་ཞེས་པ་ནི་ཧཱུྃ་ཀ་རར་བསྐྱེད་པའི་རྡོ་རྗེ་ལྟ་བུའི་ཚེ། ཚེ་ལུང་ཁྲུས་ལུང་གིས་ཤིག་པའོ། །ཧཱུྃ་པ་ར་བིདྱཱན་ནི་ཕ་རོལ་གྱི་ངག་རྣམ་པར་གནོན་པ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ྄་ནི་ཆོད་ཅིག་ཆོད་ཅིག་པ། བནྡྷ་བནྡྷ་ཧཱུྃ་ཕཊ་ནི་རྟོགས་ཤིག་རྟོགས་ཤིག་པའོ། །གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཕཊ་ནི་ཟུང་ཞིག་ཟུང་ཞིག་པ། ཧ་ན་ཧ་ན་ནི་རྒྱོབ་ཅིག་པ་རྒྱོབ་ཅིག་པ། བིནྡྷ་བིནྡྷ་ཧཱུྃ་ཕཊ་ནི་ཆིངས་ཤིག་ཆིངས་ཤིག་པའོ། །ལས་བྱེད་པའི་དང་པོ་ནས་བྲན་དང་ངག་སྒྲུབ་པས་བཀའ་ཉན་གང་དུ་མངགས་པར་འགྲོ་བ་ལས་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིག་ནི་འདིར་དུས་ལ་བབ་སྟེ། གང་ཞེ་ན་སྔོན་སེམས་ཅན་མ་ལུས་པའི་རང་གི་སྐལ་བ་ཇི་བཞིན་བྱེད་པ་སེམས་བསྐྱེད་ཅིང་དམ་བཅས་པ་ལས་འདའ་བར་མི་རིགས་པའོ། །ཁྱད་པར་དོན་བྱེད་པའི་ཕྲིན་ལས་དེ་ཡང་ཞི་བ་མ་ཡིན་ཏེ་དྲག་པོ་མངོན་སྤྱོད་ཀྱི་སྒོ་ནས་གདུག་པ་ཅན་བསྒྲལ་བ་ཉིད་དུ་མྱུར་དུ་མཛོད་ཅིག་པའོ། །ཧ་ན་ཧ་ན་བཛྲ་ནི་མེད་པར་བྱེད་པའི་རྡོ་རྗེ། ད་ཧ་ད་ཧ་བཛྲ་ནི་རླག་པར་བྱེད་པའི་རྡོ་རྗེ། པ་ཙ་པ་ཙ་བཛྲ་ནི་ཞི་བར་བྱེད་པའི་རྡོ་རྗེ། མ་ཐ་མ་ཐ་བཛྲ་ནི་སྟོང་པར་བྱེད་པའི་རྡོ་རྗེ། ཛྭ་ལ་ཛྭ་ལ་བཛྲ་ནི་སྨྲ་བར་བྱེད་པའི་རྡོ་རྗེ། སུ་རུ་སུ་རུ་བཛྲ་ནི་འགུགས་པར་བྱེད་པའི་རྡོ་རྗེ། མུ་རུ་མུ་རུ་བཛྲ་ནི་དབང་དུ་བྱེད་པའི་རྡོ་རྗེ། ཀ་ཏཾ་ཀ་ཡེ་བཛྲ་ནི་བདག་མེད་པའི་རྡོ་རྗེ། ཛ་ཡེ་བི་ཛ་ཡེ་བཛྲ་ནི་མ་རྒྱལ་བ་རྒྱལ་བར་བྱེད་པ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་ནི་སེམས་ཅན་གཞན་གྱིས་མི་ཐུབ་པ། མཱ་ར་སེ་ན་པྲ་མརྔྷ་ན་ནི་སྔགས་ཀྱིས་རབ་ཏུ་སྒྲོལ་ལ་ཆོད་ཅིག་པའོ། །ལུས་གདུག་སྟེ་སྲིན་པོའི་ཆ་ལུགས་སུ་གནས་པའི་ལམ་ལ་སོགས་པ་ལ་འཇུག་ཅིང་། སེམས་ཀུན་ནས་སྡང་བའི་སེམས་ཏེ་གནོད་པའི་སྦྱོར་བ་ཅན་ནི་ལམ་ལ་སོགས་པ་ལ་ཞུགས་པ་རྣམས། བར་ཆོད་བྱེད་པ་ནི་མཐུན་པའི་ཕྱོགས་ལྷའམ་འོན་ཏེ་མི་མཐུན་པའི་ཕྱོགས་བདུད་ཀྱང་རུང་སྟེ། སྒྲུབ་པ་པོ་བྱང་ཆུབ་སྒྲུབ་པ་ལ་མི་མཐུན་པའི་སྦྱོར་བས་མཆོག་ཐུན་མོང་གི་སིདྡྷི་འཕྲོག་ཅིང་བར་ཆད་བྱེད་པའི་དགྲ་བགེགས་རྣམས། སེམས་ཀྱི་མཐུ་དང་ལུས་ཀྱི་རྫུ་འཕྲུལ་མེད་པར་བྱས་ཏེ་སྐྱེས་བུ་ལྕེ་བཅད་པས་ཁྲག་གིས་མྱོང་བ་བཞིན་དུ་བྱོས་ཤིག་པའོ། །སརྦ་ཨཱ་ན་ཡ་ཧཱུྃ་ནི་ཐམས་ཅད་རིགས་དྲུག་ཏུ་སྐྱེ་བ་མེད་པར་གྱིས་ཤིག །ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄་ནི་དེ་བཞིན་དུ་འཁོར་བའི་ས་བོན་མ་ལུས་པར་ངེས་པར་རླག་པར་གྱིས་ཤིག་པ། གཏུན་པ་ཤེས་རབ་ཀྱི་རང་བཞིན་སྟེང་དུ་དགྲ་བགེགས་ལུས་རྡུལ་ཕྲན་བཞིན་རྡུངས་ཤིག །གང་གིས་ན་ཐབས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་འོད་དུ་འབར་བས་མཚན་མའི་གཏན་གྱིས་སོ། །གང་རྡུང་བར་བྱེད་ན་དལ་གསུམ་སྒོམ་པའི་རྣལ་འབྱོར་པའི་བཀའ་ཟབ་མོ་ལས་འདའ་བར་བྱེད་ཅིང་སྒོ་གསུམ་མི་དགེ་ལ་ཞུགས་པའི་སྡིག་ཅན་འདིའོ། །ཇི་ལྟར་ན་གཏན་གཏུན་ཐབས་ཤེས་རབ་གཉིས་སུ་མེད་པའི་རྡོ་རྗེ་ལས་བཟོད་པར་དཀའ་བའི་མེ་ལྕེ་འཕྲོས་པས་བསྒྲལ་བྱའི་སྙིང་ལུས་ཀྱི་དངོས་པོ་མ་ལུས་པ་བཅས་པ་མི་གནས་པར་བསྲེགས་ནས། དེ་ལ་བརྟེན་པའི་ངག་དང་ཡིད་ཀྱང་སྟེ། སྒོ་གསུམ་མ་ལུས་པ་རྡུལ་ཕྲན་བཞིན་དུ་ཕྱེ་མར་རློག་སྟེ་བརླག་པར་གྱིས་ཤིག་པའོ། །གཞན་ཡང་ཡུམ་གྱི་མཁའ་ཤེས་རབ་ཀྱི་རང་བཞིན་ཅན་ཁྲོ་མོ་འབར་བའི་གསང་གནས་གྲུ་གསུམ་གཏུན་ཁུང་དང་འདྲ་བ་དེ་ཉིད་དུ། ཡབ་ཀྱི་གསང་བའི་ཐབས་ཀྱི་རང་བཞིན་རྡོ་རྗེ་རྩེ་གཅིག་པའི་ཐོ་བས་ནི་དགྲ་བགེགས་གཟས་པ་པོ་གང་ཡིན་བརྡུངས་པར་བྱས་ན་ནུས་པ་ཅན་གྱི་ལྷ་མ་ཧཱ་དེ་བ་ཡང་རུང་སྟེ་བསྒྲལ་བར་ནུས་ན་གཞན་ལྟ་ཅི་སྨོས་ཞེས་བྱའོ། །ཁ་ཐཾ་ཁ་ཐཾ་ཁ་ཐཾ་ནི་རྡུངས་ཤིག་པའོ། །རྡོ་རྗེ་ནི་དབྱེར་མི་ཕྱེད་ཅིང་གསང་བ་ནི་དེ་ཉིད་རྟོགས་པར་དཀའ་བ་སྟེ་དེ་ཡང་རྟོགས་པ་ལས་བྱུང་བའི་བདེ་བར་གཤེགས་པའི་བཀའ་ལས་འདིར། །ལས་ངན་བྱེད་པས་བཀའ་ཁྱད་དུ་གསོད་པའི་སྡིག་ཅན་དུ་གྱུར་པ་དགྲའམ་བགེགས་གང་ཞིག་འདའ་ཞིང་བར་ཆད་བྱེད་པ་ནི། གདུག་པ་ཅན་འདུལ་བའི་སྟོབས་མངའ་བ་བདུད་ཀྱི་ཡང་བདུད་ཆེན་པོ་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་གདུག་པའི་ཚོགས་དེ་དག་གི་མགོའམ་ཀླད་པ་ཚལ་པ་བརྒྱ་རུ་དང་ལུས་དུམ་བུར་ཁོས་ཤིག་དང་སེམས་འོག་མིན་དུ་སྒྲོལ་ཅིག་ཅེས་བྱས་ལ། དེ་ལྟ་བུའི་སྟོབས་མངའ་བ་ཉིད་ཀྱི་ཕྱིར་ཉོན་ཅིག་ཅེས་པའོ། །དེ་ནས་འཕྲལ་གྱི་ཕོ་ཉ་གནོད་པར་བྱེད་པའི་བགེགས་དང་ཡུན་གྱི་བདེ་བ་འཕྲོག་ཅིང་ལོག་པར་འདྲེན་པའི་ཚོགས་ཁྱེད་རྣམས། །དལ་གསུམ་དུ་བསྒོམས་པའི་སྒྲུབ་པ་པོ་ངའི་བཀའ་ལས་འདའ་མ་བྱེད་ཅིག་པའོ། །མ་མ་པ་ཤཾ་ཀུ་རུ་ནི་བདག་གི་དབང་དུ་སྡུས་ཤིག་པའོ། །མ་ཏཾ་ཉ྄ཡ་྅྅྅ ཀ་ར་ཨི་དན་དྷཱ་ཏི་མ་མ་ཀརྨ་ནི་བདག་ཏུ་འཛིན་པར་བྱེད་པ་འདི་དྲག་པོའི་ཕྲིན་ལས་ཀྱིས་སོ། །ཤཱིགྷྲཾ་ཀ་ར་ཡེ་ནི་ཟད་པར་གྱིས་ཤིག་པའོ། །དེ་དག་ནི་དགྲ་ལས་དངོས་གྲུབ་བླང་བ་ཞེས་བྱ་ལ། ལྷ་ལས་བླང་བ་ནི་དངོས་གྲུབ་ཀྱི་ཞལ་ཟས་སོགས་སྟོད་ལས་བཞིན་བླང་ངོ་། །སྤྱི་དོན་གཉིས་མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་ཁ་བསྐང་བ་ནི་གཉིས་ཏེ། རང་རྐྱང་པ་ཉམས་སུ་ལེན་པ་དང་། ལས་སྦྱོར་གྱི་གྲོགས་སུ་བཏང་བའོ། །རང་རྐྱང་ཉམས་སུ་ལེན་ན་རང་རང་གི་ཆོ་གའི་བཀོལ་བ་ལྟར་བྱུང་བ་བཞིན་ནོ། །ལས་སྦྱོར་གྱི་གྲོགས་སུ་བྱ་བ་ནི་ཐུན་གོང་དུ་ཁོང་ཁྲར་སོང་བས་ལོགས་སུ་བྱ་རྒྱུ་མེད་ལ། སྦྱིན་སྲེག་ནི་དངོས་གྲུབ་བླང་བའི་རྗེས་ལ་བྱ། མནན་པ་ནི་གཏོར་མ་བསྐྱལ་ཏེ་ནང་དུ་ལོག་པ་ན། དེ་ནས་ཕྲིན་ལས་བཞིའི་བྲོ་བརྡུང་ངོ་། །གསོ་བ་རྣམ་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གསུམ་སྟེ། བདག་གསོ་བ་དང་། ཕུར་པ་གསོ་བ་དང་། གཟས་པ་པོ་གསོ་བའོ། །བདག་གསོ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྻའི་དུས་ལ་བབ་པའི་བརྣག་པ་དེ་ཁོ་ནའོ། །ཞེས་བསྐུལ་ཞིང་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་ལ་གོང་གི་ཕུར་པའི་ཁྲོ་བོ་དེ་དག་ཀྱང་འོད་ཀྱི་གོང་བུར་གྱུར། འོད་དེ་དག་བདག་ལ་འདུས་པས་མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ་བདག་ཡེ་ནས་གསལ་བ་དེ་ལས་ཀྱང་སྐུ་ཆེ་ལ་ཡན་ལག་རགས་པར་བསམ་མོ། །ཕུར་པ་གསོ་བ་ནི་གོང་གི་ཕུར་པ་བཏབ་པ་དེ་དག་རྩར་གྱིས་ཕྱུང་ནས་ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས་ནས་ཕུར་པ་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་དང་སྟོང་གསུམ་ཕུར་པས་གང་སྟེ། ཕུར་པ་དེ་དག་ཀྱང་སྐུ་ཆེ་ལ་ཡན་ལག་རགས་པ་སྒྲ་འུར་འུར་དང་གློག་ཀེམ་ཀེམ་དང་བཅས་པ། སྟོད་ཞལ་གསུམ་ཕྱག་དྲུག་པ། སྨད་ལྕགས་ཀྱི་ཕུར་པ་དབལ་ཟུར་གསུམ་པས་གང་བར་བསམ་མོ། །གཟས་པ་པོ་གསོ་བ་ནི། དཀར་ནག་མཚམས་སུའོ་ཞེས་བརྗོད་ཅིང་ཀཱི་ལ་ཡ་བཅོ་བརྒྱད་བཟླས་པས་སྔར་གྱི་བསྙེན་ཕུར་དེ་གཟས་པ་པོ་ལ་བཏབ། གཟས་པ་པོའི་སེམས་ཉིད་ཡི་གེ་ཧཱུྃ་དུ་གྱུར་ཏེ། དེ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་བཞག །ཡཾ་ལས་རླུང་གིས་བཏེགས་ནས་འོག་མིན་དུ་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕང་ངོ་། །གལ་ཏེ་གནས་སྤར་བའི་ཚེ་གཟས་པ་པོས་ཆོས་ཉིད་ཀྱི་བདེན་པ་མཐོང་ངམ་མ་མཐོང་ཡང་གྲང་། དང་པོ་ལྟར་ན་རྒྱུ་རང་གི་ཤེས་རབ་དང་ཏིང་ངེ་འཛིན་ལ་མ་ལྟོས་པར་འབྲས་བུ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ཕྱིར་རྒྱུ་མེད་ཀྱི་འབྲས་བུ་སྲིད་པར་འགྱུར་ཞིང་། གཉིས་པ་ལྟར་ན་གནས་སྤར་ཏེ་རྒྱལ་བའི་སྲས་སུ་བསྐྱེད་པ་ཉམས་སོ་ཞེ་ན། ལན་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་ཞིང་དེ་ཡང་རང་སྟོབས་ཀྱི་ཤེས་རབ་དང་ཏིང་ངེ་འཛིན་གྱི་མ་བྱུང་ཡང་། རྒྱུ་མེད་ཀྱི་འབྲས་བུ་འགྱུར་བའི་ཁྱབ་པ་མེད་དེ་གཞན་སྟོབས་ཀྱི་ཤེས་རབ་དང་ཏིང་ངེ་འཛིན་གྱི་འབྲས་བུ་ལས་བྱུང་བའི་ཕྱིར་རོ། །བསྡུས་དོན་ལ་གསུམ་ལས། བདག་གསོ་བ་ནི་ཆོས་ཉིད་ཅེས་པ་ལ་སོགས་པ། ཕུར་པ་གསོ་བ་ནི། བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་པ་ལ་སོགས་པ། གཟས་པ་པོ་གསོ་བ་ནི་ཀཱི་ལ་ཡ་ཞེས་པ་ལན་བཅོ་བརྒྱད་ཅེས་པ་ལ་སོགས་པའོ། །ཚིག་དོན་ནི་དལ་གྱིས་གཟས་པ་པོ་སྒྲོལ་ནུས་པ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་རང་བཞིན་གྱི་བདེན་པའི་མཐུ་སྟེ་མེའི་མཚན་ཉིད་ཚ་ཞིང་སྲེག་པར་ནུས་པ་བཞིན་ནོ། །དེའང་རྐྱེན་མེད་ན་མི་འབྱུང་བས་ཆོས་ཅན་གནས་སྐབས་ཀྱི་མཐུ་སྔགས་ཀྱི་བྱིན་གྱིས་བརླབས་པ་ལས་བྱུང་བའི་སྔགས་དང་ཕྱག་རྒྱས་སྒྲོལ་བར་བྱེད་དོ། །གཙུབ་ཤིང་གཙུབ་གཏན་སྐྱེས་བུ་ལག་པའི་རྩོལ་བ་ལས་མེ་འབྱུང་བ་ལྟ་བུའོ། །འོ་ན་གསང་སྔགས་དེ་བྱིན་རླབས་རེ་ཆེ་སྙམ་ན། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པའི་མཐུས་བདག་དང་གཞན་གྱི་དོན་དུ་འགྱུར་བའི་སྒྲོལ་བའི་མཛད་པ་འབྱུང་སྟེ། མེ་འདོན་པའི་ཀུན་སློང་གི་བསམ་པ་བཞིན་ནོ། །བསྒྲལ་ཞིང་ཉིད་གང་ཞེ་ན། ཨ་བྷི་ཙརྱའི་དུས་ལ་བབ་པའི་བརྣག་པ་དེ་ཁོ་ན་ཞེས་བྱ་སྟེ། མངོན་སྤྱོད་ཀྱི་ཕྲིན་ལས་བྱ་བའི་ཡུལ་ཡིན་ཅིང་ཡིད་ལ་བརྣག་པར་བྱ་བའི་ཡུལ་ནི་བསྒྲལ་བའི་ཞིང་བཅུ་ཁོ་ནའོ། །བཛྲ་ཀཱི་ལ་ཡ་ཞེས་ལན་ཉི་ཤུ་རྩ་གཅིག་བཟླས་པ་སྲས་མཆོག་གི་སྐུ། སྐུ་མདོག་ཕྱག་མཚན་དེ་བཞིན་རྒྱན་ཆས་བཅུ་དྲུག་གར་གྱི་རྣམ་འགྱུར་བཅས་པ་གསལ་གདབ་པའོ། །བཛྲ་ཀཱི་ལ་ཡ་ཞེས་བཅོ་བརྒྱད་བཟླས་པ་ནི་ཁམས་གསུམ་ས་དགུ་ལ་རྒྱུ་འབྲས་གཉིས་གཉིས་ཀྱི་དབྱེ་བ་དང་བཅས་པ་དག་པར་བྱ་བའི་ཕྱིར་ཡིན་ལ། བརྣག་པ་དེ་ཁོ་ནའི་བརྣག་པ་དེ་ཁོ་ན་ལའོ། །ཞེས་པ་ནི་གཟས་པ་པོ་ཀུན་གཞིའི་ཆོས་ཉིད་དྲི་མ་མེད་པའི་ཤེས་པ་དང་ཉོན་མོངས་པ་ཅན་གྱིི་ཡིད་དྲི་བཅས་གཉིས་སོ་སོར་འབྱེད་པའོ། །སྤྱི་དོན་གསུམ་པ་བསྒྲུབས་པའི་འབྲས་བུ་ལའང་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གོ། །དང་པོ་ནི། དེ་ལ་བསྡུ་བ་དང་འབྲེལ་ཏེ། ཆོས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་དང་། གཟུགས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། ཡེ་ཤེས་ཀྱི་ལྷ་རང་བཞིན་གནས་སུ་གཤེགས། དམ་ཚིག་གི་དལ་ཧཱུྃ་བཅུ་གཅིག་གིས་བསྡུས་ལ་སྟོང་པར་ཅུང་ཞིག་གནས་པའོ། །གཟུགས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ནི། ཧེ་རུ་ཀ་ལས་ཀྱི་རྒྱལ་པོས་ཏེ། ཕཊ྄་ཕཊ྄་ཕཊ྄་ཅེས་བརྗོད་པས་སྟོང་པའི་ངང་ལས་སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་གསུམ་གྱིས་ལྷག་གིས་ཁེངས་པར་བསམ་མོ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་ཚུར་འདུས་ཏེ་བདག་ལས་ཀྱི་རྡོ་རྗེ་གཞོན་ནུ་སྐུ་ཆེ་ལ་ཡན་ལག་རགས་པར་གྱུར་པར་བསམ་སྟེ། འགྲོ་ཉལ་འདུག་སྡོད་ཐམས་ཅད་དུ་དེའི་ང་རྒྱལ་དང་མ་བྲལ་བར་བྱའོ། །མཐར་ཐུག་ནི་དེ་ལྟར་སྟོད་ལས་དང་འབྲེལ་ཏེ་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དང་འབྲེལ་ནས་བར་ཆད་བསལ་ཏེ་ཉམས་སུ་བླངས་པས་ཟག་མེད་ཀྱི་རིག་འཛིན་ལ་སྦྱོར་བ་རིམ་གྱིས་ཐོབ་པར་བྱེད་དོ། །དེ་ཡང་མཐོང་ལམ་དུ་ཡི་དམ་ལྷའི་སྐུར་བརྟན་པ་ཐོབ་ཀྱང་འབྱུང་བ་སྙིགས་མའི་ལུས་མ་སྤངས་ཏེ། ལྷག་བཅས་སུ་མྱ་ངན་ལས་འདའ་བ་རྣམ་པར་སྨིན་པའི་རིག་འཛིན་དང་། འབྱུང་བའི་དྭངས་མ་རྡོ་རྗེའི་ལུས་སྐྱེ་འཆི་མེད་པར་གྱུར་ཏེ། ལྷག་མེད་དུ་མྱ་ངན་ལས་འདའ་བ་ཚེ་ལ་དབང་བའི་རིག་འཛིན་དང་། སྒོམ་ལམ་དུ་ལྷའི་སྐུ་རིགས་ལྔ་གང་རུང་གཅིག་གི་ཆ་ལུགས་སུ་སྣང་བ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། མཐར་རིགས་ལྔ་དབྱེར་མེད་རྡོ་རྗེ་འཛིན་པ་ཆེན་པོའི་ཆ་ལུགས་སུ་གྱུར་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། དེ་རྣམས་ཀྱི་མཐར་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་སངས་རྒྱ་བར་འགྱུར་ཏེ། དེ་ཡང་རྟེན་སྐུ་གཉིས་ནི་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་རིག་པའི་ཡེ་ཤེས་སུ་གྲོལ་བ་ཆོས་ཀྱི་སྐུ་དང་། གྲོལ་བ་ཡོན་ཏན་གྱི་ཁྱད་པར་གདུལ་བྱའི་ངོ་བོ་ལ་སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་པས་རང་བཞིན་མེད་པའི་སྣང་བ་སྒྱུ་མ་ལྟར་སྣང་པ་ནི་གཟུགས་ཀྱི་སྐུའོ། །གལ་ཏེ་སྐུ་གཉིས་ངོ་བོ་གཅིག་གམ་ཐ་དད་ཡིན་གྲང་། དང་པོ་ལྟར་ན་འགལ་འདུ་དངོས་པོའི་གཤིས་སུ་འགྱུར་ཏེ། སྣང་བཅས་གཟུགས་སྐུ་དང་། སྣང་མེད་ཆོས་སྐུ་ངོ་བོ་གཅིག་པའི་ཕྱིར་རོ། །གཉིས་པ་ལྟར་ན་གཟུགས་སྐུ་ལ་ཆོས་སྐུས་མ་ཁྱབ་པར་འགྱུར་ཞིང་། འདོད་པར་ཡང་མི་ནུས་ཏེ། འདི་ཉིད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་པས་གསལ་ཏེ་ཞེ་ན། ལན་ནི། ངོ་བོ་གཅིག་ཀྱང་འགལ་འདུ་དངོས་པོའི་གཤིས་སུ་འགྱུར་བའི་ཁྱབ་པ་མེད་དེ། ཆོས་སྐུ་སྣང་མེད་རང་དོན་ལ་ལྟོས་ཤིང་གཟུགས་སྐུ་སྣང་བ་གཞན་དོན་ལ་ལྟོས་པས་ཐ་དད་པའིི་ཕྱིར་ཚར་ནོན་གྱི་རིང་ཐུང་བཞིན་ནོ། །དེ་ཡང་གདུལ་བྱ་རྒྱུད་དག་པ་ལ་དག་པའི་མཚན་དཔེས་བརྒྱན་པ་སྣང་སྟེ། གསུང་གི་བརྗོད་པ་ལ་མ་ལྟོས་པར་དོན་བྱེད་པ་ལོངས་སྤྱོད་རྫོགས་པའི་སྐུ། །གདུལ་བྱ་དག་མ་དག་སྣ་ཚོགས་པ་ལ་མོས་པ་དང་རྗེས་སུ་མཐུན་པའི་མཛད་པ་སྣ་ཚོགས་པར་སྣང་བས་དོན་མཛད་པ་སྤྲུལ་པའི་སྐུ་གཉིས་སུ་འགྱུར་ཏེ། འདི་ཉིད་ལས། ཡེ་ཤེས་ཁྲོ་བོ་སྒྲུབ་པར་མཛོད། །ཅེས་སོ། །བརྟེན་པའི་ཡེ་ཤེས་གསུམ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་མེད་པར་ནམ་མཁའ་ལྟར་གཟིགས་པ་ཇི་ལྟ་བ་མཁྱེན་པ་དང་། ཆོས་ཅན་གྱི་རྣམ་པ་གྲངས་མེད་པ་པདྨའི་འདབ་མ་ལྟར་གཟིགས་པ་ཇི་སྙེད་པ་མཁྱེན་པ་དང་། དེ་ཡང་རང་གི་ངོ་བོ་སྣང་སྟོང་གཉིས་མེད་ཆུ་ཟླ་ལྟར་གཟིགས་པ་ཡོངས་སུ་མཁྱེན་པའི་ཡེ་ཤེས་ཏེ། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །ཞེས་སོ། །དེ་ཡང་ཆོས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་འབྲས་བུ་ཆོས་སྐུ་ཐོབ་སྟེ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་སོ། །གཟུགས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་མཐར་ཡང་གདུལ་བྱའི་དོན་ལ་གཟུགས་སྐུ་གཉིས་སུ་སྣང་བས་གདུལ་བྱའི་དོན་རྫོགས་པར་མཛད་དེ། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །ཞེས་སོ། །བསྡུས་དོན་ལ་གཉིས་ལས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་ནི། ཆོས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན། ཕཊ྄་ཕཊ྄་ཕཊ྄་ཅེས་པ་ནི་གཟུགས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ནོ། །ཚིག་དོན་ནི། ཧཱུྃ་ཧཱུྃ་ཧཱུྃ་གིས་རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་མི་དམིགས་པར་སྡུད་ཅིང་། ཕཊ྄་ཕཊ྄་ཕཊ྄་ཀྱིས་ཡང་དག་པར་སྐྱེ་བ་མེད་པའི་ཆོ་འཕྲུལ་སྐུ་གསུང་ཐུགས་སྣ་ཚོགས་པ་རྣམ་པར་སྤྲོ་བར་མཛད་པའོ།། །།ཇི་ལྟར་ཕ་ལམ་རྡོ་རྗེའི་སྙིང་པོ་དང་ནི་ཕྱག་རྒྱ་ཤེལ་མཚུངས་གང་། ཏིང་འཛིན་པདྨོའི་སྐུད་པས་རྣམ་བརྒྱུས་སྣ་ཚོགས་རིན་ཆེན་ཕྲེང་འདི། བླ་མའི་ཞལ་ཁྲིད་ལས་བྱུང་ཕྱག་བཞེས་ཡིད་འོང་རྒྱལ་མཚན་རྩེ་མོ་འདིས། །བདག་དང་གཞན་དོན་ཕུན་ཚོགས་ཡིད་བཞིན་མགུལ་ན་རྟག་ཏུ་ལྷང་ངེར་མཛེས། །གཞན་དུ་སངས་རྒྱས་བསྟན་ལ་སྡང་སོགས་པའི། །ཞིང་བཅུར་གྱུར་པ་ངེས་པ་འདི་ཡིས་ནི། །འཇོམས་བྱེད་གནམ་ལྕགས་ཐོག་གི་ཤུགས་འདྲ་ཞིང་། །གདུག་པའི་སྲོག་གཅོད་དུག་གི་སྤུ་གྲིའང་ཡིན། དེང་སང་སྒྲུབ་ཐབས་འདིར་འཇུག་སྐྱེ་བོ་སྐར་ཚོགས་ལྟར་མང་ཡང་། །ཇི་བཞིན་བླ་མའི་ཕྱག་བཞེས་མ་ནོར་ཟླ་བ་ལྟར་ཉུང་བས། །ལུང་དང་མི་ལྡན་རང་དགའི་སྤྱི་བརྟོལ་ཅི་ཡང་བྱེད་པས་ནོངས། །དེ་དག་ཤིན་ཏུ་མ་བཟོད་ཕྱིར་ན་ང་ཡིས་འདི་ལྟར་བྱས། །འོན་ཀྱང་རིན་ཐང་མེད་པའི་ནོར་བུ་ཡང་། །ཕར་ལ་བཙོང་བཞིན་བྲིན་པར་མི་འགྱུར་བས། །གཅེས་པའི་ནོར་མཆོག་ལྐོག་ཏུ་སྦེད་པ་ཡིན། །ཤེས་ལྡན་ཀུན་གྱི་ལུགས་སུ་གོ་བར་བྱོས། །འབད་པ་ལས་བྱུང་བསོད་ནམས་འབྲས་བུ་གང་ཡིན་དེས་ནི་གདུག་པའི་དགྲ་རྣམས་མ་ལུས་བདག་གི་དབང་གྱུར་ནས། །ཡང་དག་ལམ་ལ་འཚེ་བ་མེད་ཅིང་གནོད་པའི་བགེགས་རྣམས་དུས་ནི་རབ་ཏུ་ཞི་བྱས་ཏེ། །གསང་སྔགས་སྒྲུབ་པ་འདི་ནི་མི་ནུབ་དཔལ་གྱི་རོ་སྟེར་ལྷམ་མེར་ཕྱོགས་བཅུར་གསལ་བ་ཡིས། སྐལ་བཟང་བདེ་བར་འཚོ་ཞིང་དགའ་བས་ཚིམ་བྱས་སངས་རྒྱས་བསྟན་པའི་སྲོག་ཤིང་ཡུན་རིང་བརྟན་གྱུར་ཅིག །རྡོ་རྗེ་ཕུར་བུའི་རྩ་བའི་མངོན་པར་རྟོགས་པ་བླ་མའི་མན་ངག་གིས་ཞིབ་མོར་རྣམ་པར་བཤད་པ་གསལ་བར་བྱེད་པའི་ཊཱི་ཀ་ཉི་མའི་འོད་ཟེར་ཞེས་བྱ་བ། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་མང་པོ་ལ་ཡིད་གཞུངས་པར་གྱུར་པ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་བསྐྱོད་རྡོ་རྗེ་སྙེ་མོ་ཇོ་སྲས་བསོད་ནམས་དཔལ། ཞེས་བྱ་བས་སྦྱར་བའོ། །སརྦ་དཱ་མངྒ་ལཾ།། །།


previousདཔལ་རྡོ་རྗེ་ཕུར་པའི་ཊཱི་ཀ་ཉི་མའི་འོད་ཟེར། སྙེ་མོ་ཇོ་སྲས་བསོད་ནམས་དཔལ།next