Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
   
རོག་ཕུར་སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར། དྷརྨཱ་ཤྲཱི།
   


 
previousརོག་ཕུར་སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར། དྷརྨཱ་ཤྲཱི།next

རོག་ཕུར་སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར། དྷརྨཱ་ཤྲཱི།

རོག་ཕུར་སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར་ཞེས་བྱ་བ་བཞུགས་སོ། །འདི་ནི་སྨིན་སློབ་ཀྱི་ལག་ལེན་གཙོ་བོར་བྲིས་པ་ཡིན་པས་དཔེ་རྒྱུན་ལ་དམ་པར་བྱའོ། ། རྡོ་རྗེ་ཕུར་བུའི་སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །བདེ་ཆེན་ཡེ་ཤེས་རྣམ་འགྱུར་ལས། །དཔག་མེད་ཁྲོ་ཚོགས་འབར་བའི་གཟིས། །བདུད་དགྲ་དབྱིངས་སུ་སྒྲོལ་མཛད་པ། །བླ་མ་རྡོ་རྗེ་གཞོན་ནུར་འདུད། །གདུག་ཅན་མིང་མཐར་བརླག་བྱེད་པའི། །རྡོ་རྗེ་ཕུར་བུའི་སྨད་ལས་ཁྲིགས། །འབར་བའི་བསྐལ་མེས་བདུད་སྡེའི་དཔུང་། །སྲེག་བྱེད་དགྲ་པོའི་འཁྲུལ་འཁོར་བཅའ། །འདི་ལ་གསུམ་སྟེ། དམིགས་པའི་ཡུལ། སྒྲུབ་པའི་ཐབས། གྲུབ་པའི་འབྲས་བུའོ། དང་པོ་ནི། བསྒྲལ་བྱ་སྒྲོལ་བའི་ཡུལ་སྙིང་རྗེས་དམིགས་པར་བྱའོ། །གཉིས་པ་ནི། སྨད་ལས་ལ་བརྟེན་ནས་དགྲ་བགེགས་སྒྲོལ་བའི་ཐབས་དྲག་པོ་མངོན་སྤྱོད་ཀྱི་ལས་ཏེ། དེ་ལའང་སྒྲུབ་པའི་གཞི་བཟུང་བ་དང་། སྒྲུབ་པའི་རིམ་པ་དང་དངོས་གཉིས། དང་པོ་ནི། ལྟ་བའི་གདེངས་དང་བསྙེན་སྒྲུབ་ལས་གསུམ་ལ་དྲོད་ཚད་བརྙེས་པའི་སློབ་དཔོན་གྱིས། དཔའ་བརྟུལ་ཆེ་བ་དྲག་པོའི་འཁོར་དང་ལྷན་ཅིག །གནག་ཅིང་རྩུབ་ལ་གཉན་པ་མངོན་སྤྱོད་དང་རྗེས་སུ་མཐུན་པའི་གནས་སུ། སྒྲུབ་རྫས་སྤྱི་དང་། ཁྱད་པར་སྨད་ལས་ལ་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བསགས་ཏེ། མར་ངོའི་གཟའ་སྐར་དུས་ཚོད་དྲག་ཅིང་རྩུབ་པའི་དུས་སུ་སྒྲུབ་ཅིང་ལས་ལ་སྦྱོར་བའོ། །གཉིས་པ་ལ། བསྙེན་པ་གསུམ་བྱ་བ། ལས་སྦྱོར་གྱི་སྒོ་ནས་དངོས་གྲུབ་ཀྱི་བཅུད་བླང་བ། ལས་ཀྱི་ཁ་བསྐང་ཞིང་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྟོད་ལས་ཀྱི་བསྙེན་པ་གསུམ་ཡོངས་རྫོགས་སུ་བྱ་བ་དང་། དེ་གྲུབ་ནས་སྨད་ལས་ཀྱི་བསྙེན་སྒྲུབ་ལ་འཇུག་པའོ། །དང་པོ་ནི། དུག་ཕུར་ནག་པོའི་ལས་བྱང་རྩ་བར། ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། །བསྙེན་པ་རྣམ་གསུམ་རྫོགས་བྱས་ནས། །ཞེས་གསུངས་པ་ལྟར། ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ། དམ་ཅན་ཉེ་བར་བསྙེན་པ། ངན་སྔགས་ཉེ་བར་བསྙེན་པ་གསུམ་སྟེ། སྒྲུབ་ཐབས་དང་སྒྲུབ་ཁོག་ལྟར་བྱ་བ་ལས། ཕྱི་མ་གཉིས་ཀྱི་འཛབ་ཁང་དབྱེ་བ་དང་བསྟོད་པ་ནི། ཡེ་ཤེས་ལྷའི་བསྙེན་པ་འདྲ་ལ། འཛབ་བསྐུལ་གྱི་དོད་དུ། དམ་ཅན་བསྙེན་པའི་ཚེ་རྒྱས་པར་སོ་སོའི་བསྐུལ་གྱི་བཀོལ་བྱང་འོག་ནས་འབྱུང་བ་ལྟར་རམ། བསྡུ་ན་དེ་ཐུན་ཐ་མ་གཅིག་པུར་སྦྱར་ཞིང་ཐུན་གཞན་རྣམས་ལ། ཤྭ་ན་མུ་ཁའི་དུས་ལ་བབ། །ཅེས་སོགས་བབ་ལྔས་བསྐུལ་ལོ། །ངན་སྔགས་ཀྱི་ཚེ་སྒྲུབ་ཐབས་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་པ་ཉིད་ཀྱིས་བསྐུལ་བ་ཡིན་ནོ། །དེ་ལྟར་བསྙེན་པ་གསུམ་གྱིས་ཡེ་ཤེས་ཀྱི་ལྷ་གྲུབ་པའི་རྟགས་སྒྲུབ་ཁོག་ཏུ་བཤད་པ་ལྟར་དང་། དམ་ཅན་གྲུབ་པའི་རྟགས་སུ་རབ་སྲུང་མའི་སྐུ་དངོས་སུ་སྟོན། འབྲིང་དངོས་གྲུབ་ཀྱི་རྟགས་སྟེར། ཐ་མ་དགྲ་བོའི་གློ་སྙིང་ཕྱུང་བའམ་བླ་འཁྲིད་པ་དང་བསད་པ་སོགས་འབྱུང་། ངན་སྔགས་ཀྱི་རྟགས་སུ་རབ་དགྲ་བོའི་གློ་སྙིང་ཕྱུང་བ། འབྲིང་དགྲ་བོ་དངོས་སུ་འཁྲིད་པ། ཐ་མ་དགྲ་བོའི་བླ་བསད་པ་རྣམས་དངོས་ཉམས་གང་རུང་དང་། རྨི་ལམ་དུ་ཡང་རྒྱ་མཚོ་འཐུང་བ། རི་རབ་འཕེན་པ། ཉི་ཟླ་སྤར་བས་འཛིན་པ་སོགས་འབྱུང་བའོ། །གཉིས་པ་དེ་གྲུབ་ནས་སྨད་ལས་ཀྱི་བསྙེན་སྒྲུབ་ལ་འཇུག་པ་ནི། དེ་ལས། དགྲ་བགེགས་རྣམ་གཉིས་བསྒྲལ་བའི་ཕྱིར། །དྲག་པོའི་གནས་སུ་དཀྱིལ་འཁོར་བྲི། །ཞེས་གསུངས་པ་ལྟར། སྟོད་ལས་སུ་བསྙེན་པ་ཡོངས་རྫོགས་ཀྱི་ལུགས་ཀྱིས་བསྙེན་པ་གསུམ་ལ་རྟགས་ཐོན་པ་དང་། སྟོད་ལས་ཀྱི་སྒྲུབ་པ་བསྡུས་ཏེ། ཞག་འགའ་ངལ་གསོས་ནས། སྨད་ལས་ཀྱི་དཀྱིལ་འཁོར་ཨེ་ཀ་དམར་ནག་གི་ཚུལ་དུ་བཞེངས་ཏེ། བིདྱོཏྟ་མ་ལས། དབུས་ན་ཕོ་བྲང་ཨེ་ཡི་དཀྱིལ། །ཟླ་གམ་དབང་ཆེན་རཀྟའི་རྒྱ་མཚོ་འཁྲུག །ཆོས་སྐུ་སྐྱེ་མེད་མུ་ཁྱུད་ཟླུམ་པོར་འཁྱིལ། །མཁའ་དབྱིངས་བཅུ་དྲུག་ཨེ་ཡི་མཐའ་བསྐོར་ཏེ། །དུག་གསུམ་འཇོམས་ཕྱིར་ཐོད་པ་ཚར་གསུམ་དང་། བར་ཁྱམས་དང་ནི་ཡེ་ཤེས་སྒོ་བཞིར་ལྡན། །ཕྱི་རོལ་ཁོར་ཡུག་བསྐལ་པའི་མེ་རིས་བསྐོར། །ཞེས་གསུངས་པ་ལྟར། ལྟེ་བ་གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་དམར་པོ། མུ་ཁྱུད་ཐོད་ར་དཀར་པོ་རྣམས་འདྲ་བས་དེའི་ཕྱིར་གྲུ་ཆད་ཀྱི་ཐིག་ལ་རེག་པར་བསྐོར་བའི་མུ་ཁྱུད་མཐིང་ཀ་ཟླུམ་པོའི་ནང་གཞི་དམར་སྨུག་ལ། ཕྱོགས་མཚམས་བརྒྱད་དུ་ཨེ་གྲུ་གསུམ་ཟུར་ཕྱིར་བསྟན་རེ་དང་། དེ་དག་གི་དབལ་ཁ་བརྒྱད་ལ་གྲུ་གསུམ་ལོགས་ཕྱིར་བསྟན་རེ་སྟེ། གྲུ་གསུམ་མཐིང་ནག་བཅུ་དྲུག་བྲི། གྲུ་ཆད་ཁྲག་མཚོ་ཁྱམས་སེར་པོ། སྒོ་ཕྱོགས་མདོག །ཐོད་པ་ཚར་གསུམ་གྱི་རྩིག་པ་སོགས་དེ་ཕྱིན་སྟོད་ལས་ལྟར་རོ། །དེ་ནས་ཕྱག་རྒྱ་དགོད་པ་ནི། །ལྷ་ཕུར་ཉི་ཤུ་ལྔ་ལས། དབུས་ཀྱི་གྲུ་གསུམ་ལ་གཙོ་ཕུར། ཕྱོགས་མཚམས་ཀྱི་གྲུ་གསུམ་བརྒྱད་ལ་ཁྲོ་བོ་བརྒྱད། དབལ་ཁའི་གྲུ་གསུམ་བརྒྱད་ལ་ཟ་བྱེད་བརྒྱད། སྟེང་འོག་གི་ཁྲོ་བོ་ཟ་བྱེད་དང་བཅས་པ་ཤར་ནུབ་ཀྱི་ནང་ཐོད་རའི་རྩར་གྲུ་གསུམ་རེ་ལ་འགོད་ཅིང་། ཡུམ་རྣམས་ཀྱི་ཕྱག་རྒྱ་དམར་ནག་གྲུ་གསུམ་ཉིད་ཡིན་པས་གུད་དུ་དགོད་མི་དགོས་ཞེས་གསུངས་ཡང་། ཕུར་བུ་ལོགས་སུ་ཡོད་ན་གཙོ་བོ། ཁྲོ་བཅུ། ཟ་བྱེད་དེ་ཡབ་ཉེར་གཅིག་པོ་སོ་སོའི་མདུན་ངོས་སུ་ཡུམ་ཕུར་རྣམས་ཡབ་ལ་ཞལ་ཕྱོགས་པའི་ཚུལ་དུ་བཀོད་ཀྱང་མི་འགལ། དེ་ཕྱིན་སྒོ་བཞིར་སྒོ་ཕུར། ཁྱམས་ལ་དམ་ཅན་སྡེ་ལྔའི་ཕུར་བུ་བཅོ་ལྔ་རྣམས་དགོད། གཞན་ཡང་སྲས་མཆོག་དང་། མགྱོགས་ཕུར་སུམ་ཅུ་ཡང་འདུ་བྱའོ། །དེ་ནས་དམ་རྫས་བཤམ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་འབྲུ་སྣའི་རྗེན་ལ་དཔལ་ཆེན་པོའི་འདས་གཏོར་ཤ་ལྔ་བདུད་རྩི་ལྔས་བརྒྱན་པ་དར་ནག་གི་གདུགས་ཕུབ་པ་སྟེགས་ལ་བཀོད་པའི་གཡས་གཡོན་དུ་སྨན་རཀ །ཤར་ལྷོར་ཤྭ་ན་བཞིའི་གཏོར་མ་ཝ་ཁྱི་འཕར་སྤྱང་གི་ཤས་བརྒྱན་པ། ལྷོ་ནུབ་ཏུ་བསྭེ་མོ་བཞིའི་གཏོར་མ་ཁྲག་ཞག་འོ་མ་མར་བཞིིའི་དབུས་མཐེབ་ཀྱུས་བརྒྱན་པ། བྱང་ཤར་དུ་རེ་མ་ཏི་བཞིའི་གཏོར་མ་ནལ་བུའི་ཤ་ཁྲག་དང་ཁྲག་སྣ་སྙིང་སྣས་བརྒྱན་ཅིང་ཚིལ་ཆེན་གྱིས་ཁ་བཀབ་ལ་རྩེ་མོར་རྨ་བྱའི་སྒྲོ་གདུགས་ཕུབ་པ། ནུབ་བྱང་དུ་གིང་གསུམ་གྱི་གཏོར་མ་ཤ་གཟུགས་དང་སྟག་གཟིག་རས་མ་མདའ་དར་ལེ་བརྒན་རྣམས་ཀྱིས་བརྒྱན་པ་རྣམས་གཏའ་གཏོར་ཏེ། རྒྱུན་གཏོར་ཀྱང་ཅི་འབྱོར་པ་དང་། མཆོད་རྫས་ཚོགས་ཀྱི་ཡོ་བྱད་རྣམས་ཀྱང་བཤམ་མོ། །དེ་ནས་ལིངྒ་དང་། བྲུབ་ཁུང་བཅའ་བ་ནི། དཀྱིལ་འཁོར་ཀྱི་ལྷོ་ནུབ་ཏུ། ཕུང་ཤུལ། གཡུལ་བཀྱེ། དུར་ཁྲོད། གྲོག་མཁར་རྣམས་ཀྱི་ས་དུག་ཁྲག་དང་བོང་གཅིན་སོགས་ཀྱིས་སྦྲུས་པའི་བྲུབ་ཁུང་མེ་རི་རྩང་དམར་གྱིས་བསྐོར་ཞིང་། རོ་གཡམ་ལ་རྒྱ་གྲམ་བྲིས་པས་ཁ་བཅད་པའི་ནང་དུ། ལིངྒ་བྱད་ཐག་སྔོ་དམར་གྱིས་བཅིང་ཞིང་ཡུགས་སྐྲ་སྐེ་ལ་བཏགས་པས་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་བུར་བརྟོད་དེ་མགོ་ལྷོ་ནུབ་ལ་བསྟན་ནས་གན་རྒྱལ་དུ་བཞག་གོ། །དེ་ལ་ལིངྒ་ནི། དུར་ཁྲོད་ཀྱི་འཇག་མ་ཡུག་སྐྲའམ་རོ་རས་ཀྱི་སྐུད་པས་བསྡམས་པའི་རུས་ཤིང་ལ། དགྲ་ལ་ཁང་སའམ་དྲི་མ་དྲུག་གང་རྙེད་གྲོག་མཁར་གྱི་ས་དང་བསྲེས་པ་དུག་ཆུས་བརྫིས་པའི་འདམ་དང་། འདྲེ་ལ་གནས་རྟེན་གྱིས་ལུག་ཐུག་གི་ཆུས་བརྫིས་པའི་འདམ་སྟེ། སྔར་གྱི་རུས་ཤིང་ལ་ཁྱད་པར་གྱི་འདམ་གྱི་འདག་པ་བྱུགས་ནས་དགྲ་གཟུགས་ཇི་ལྟ་བ་དང་། འདྲེ་ལ་རྨི་ལམ་དུ་གང་བྱུང་གི་གཟུགས་ཁྲུ་གང་བ་གཅིག་བྱས་ལ། དེའི་སྙིང་གར་དགྲ་འདྲེའི་མིང་བྱང་བྲིས་པ་ལྟེ་བ་ལ་ཚོན་སྐུད་ཀྱིས་བཅིངས་ནས་འཇུག་པར་བྱ་སྟེ། མིང་བྱང་ནི། བྲི་གཞི་དགྲར་རོ་རས་དང་འདྲེར་དུག་ཤོག་ལ། དུག་ཁྲག་ཐལ་ཆེན་རྣམས་དང་སྦྱར་བའི་སྣག་ཚ་དང་། མཚོན་གྲིར་བསད་པའི་མི་རྐང་གི་རུས་པའི་སྨུག་གུས་ལིངྒའི་གཟུགས་བྲིས་པའི་སྙིང་གར་ནྲྀའམ་ཏྲིའི་མཐར་མིང་དང་། དཔྲལ་བར་རུས། བརླར་བླ་དྭགས། སྤྱི་བོ། སྙིང་ག །ཡན་ལག་བཞི། ལྕེ། དཔྲལ་བ། འདོམས་རྣམས་སུ་ལྷ་དང་དབྲལ་བ་ནས་སྟོབ་པའི་བར་གྱི་གབ་པའི་སྔགས་དྲུག་པོ་དང་། ལིངྒའི་ཐ་མ་བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་ཀྱིས་བར་མེད་དུ་འཁོར་བ་བྲིའོ། །གཞན་ཡང་ལྷ་དབྱེ་ལ་སོགས་པའི་ལས་དྲུག་གི་རྫས་དང་། མནན་བསྲེག་འཕང་བའི་རྫས་སོ་སོའི་བཀོལ་བྱང་ལྟར་བསགས་པ་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱའོ། །དེ་ལྟར་བཅས་ཀྱི་བཤམས་བཀོད་རྣམས་ཚར་ནས། བསྙེན་སྒྲུབ་ཀྱི་ཆོ་ག་ནི། དེ་ལས། ཐུན་མོང་ལས་རྣམས་རྫོགས་བྱས་ནས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །སྤྱན་དྲངས་མཆོད་ཅིང་བསྙེན་པ་འབུལ། །དྲུག་དྲུག་སུམ་ཅུ་རྩ་དྲུག་གིས། །སྒྲུབ་པའི་ལས་རྣམས་རྫོགས་བྱས་ལ། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཞེས་གསུངས་པས་སྨད་ལས་ཀྱི་བསྙེན་སྒྲུབ་ལས་གསུམ་པོ་དེ་ཟླ་བའི་ནག་ཕྱོགས་ཀྱི་ཉེར་གཅིག་ནས་དགུ་སྟོང་གི་བར་ལ་རྫོགས་པར་བྱེད་པ་སྟེ། དེ་ལ་དང་པོ་བསྙེན་པ་ནི། སྨད་ལས་ཀྱི་མགོ་ནོན་དུ་ཡེ་ཤེས་ལྷའི་བསྙེན་པ་དང་། དམ་ཅན་གྱི་བསྙེན་པ་གཉིས་ཁ་གསོ་བ་ཡིན་པས། དུས་བཞི་འམ་དྲུག་ཏུ་ལས་གཞུང་བསྲང་བ་སྟོད་ལས་དང་འདྲ་བ་ལས་འདིར་བཟླས་པའི་ཚེ། ཞག་དང་པོ་ལ་སྒྲུབ་ཐབས་ལྟར་བསྐྱེད་རིམ་དང་སྦྱར་བའི་ཡེ་ཤེས་ལྷའི་བསྙེན་པ་དང་། ཞག་གཉིས་པར་འཛབ་དགོངས། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པ་དམ་ཅན་རྣམས་ཀྱི་སྙིང་གར་ཕོག་པས་བསྐུལ་ཏེ་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་འཐིབས་ཀྱིས་བྱོན་ནས་རང་དབང་མེད་པར་ལས་བྱེད་པར་བསམ་ལ། བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་ཁོ་ན་བཟླའོ། །ཞག་གཉིས་ཀའི་ཐུན་ཐ་མའི་རྗེས་ཆོག་གི་ཚོགས་ཐ་མ་དང་འབྲེལ་བར་བྲུབ་ཁུང་གི་ལིངྒ་ལའང་དམིགས་ནས་བསྐྱེད་འགུགས་བསྟིམ་པ། སྲས་ཀྱི་ཕུར་བསྐོར་གྱིས་གཟིར་ཞིང་ཁྲོ་བཅུའི་སྔགས་ཀྱིས་ཐུན་རེ་ཡང་འཕང་སྟེ། ཞག་ཕྱི་མ་དྲུག་ལའང་འགྲེའོ། །གཉིས་པ་སྒྲུབ་པ་ནི། ཉེར་གསུམ་ནས་ཉེར་བརྒྱད་ཀྱི་བར་ཞག་དྲུག་ལ་རིིམ་པར། ཞག་དང་པོ་ལ་ལྷ་དང་ཕྲལ་བ། གཉིས་པར་གཟུགས་ལ་དབབ་པ། གསུམ་པར་བྱད་དུ་གཞུག་པ། བཞི་པར་སྨྱོ་རུ་གཞུག་པ། ལྔ་པར་རྡུལ་དུ་རློག་པ། དྲུག་པར་ཞལ་དུ་སྟོབ་པ། དེ་རེ་རེ་ལའང་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་ཉམས་སུ་ལེན་པ་སྟེ། ཐམས་ཅད་ལ་ཐུན་གྱི་ལས་གཞུང་བསྲང་བ་སྔར་ལྟར་ལས། བསྙེན་པའི་དོད་དུ་ལས་དྲུག་པོ་སྐབས་ཐོབ་ཀྱིས་སྦྱོར་བ་སྟེ། ཞག་དང་པོ་ལྷ་དང་ཕྲལ་བ་ལའང་དྲུག་ལས། ཕོ་ཉ་བསྐུལ་བ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་སྦྱར། རྫས་ནི། གུ་གུལ་དང་ཚིལ་ཆེན་གྱི་གསུར་གྱིས་བདུག །བྱ་རོག་དང་འུག་པའི་དང་རུ་ཐོགས་པས་ཕྱིར་འབྱེད་པའི་ཕྱག་རྒྱ་ཡང་བྱ། སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་ཁྲོ་ཆུང་དཔག་ཏུ་མེད་པ་དང་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟ་བུ་སྤྲོས་པས་སྐྱོབ་བྱེད་ཀྱི་ལྷ་ཐམས་ཅད་བྱ་རོག་འུར་རྡོས་བསྐྲད་པ་བཞིན་དུ་བྱེར་བར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་འདི་སྐྱོབ་བྱེད་ཀྱི་ལྷ་དང་ཕྲོལ་ཅིག །ཅེས་བརྗོད་དོ། །ཞག་གཉིས་པར་གཟུགས་ལ་དབབ་པ་ལའང་དྲུག་ལས། ཕོ་ཉ་ནི། སྤྲུལ་པ་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཕོབ་ཅིག་རྣམ་པར་གཟིར་བར་བྱོས། །ཞེས་སྦྱར། རྫས་ནི། སྡིགས་ཕུར་ཐོགས་ནས་འབེབས་ཚུལ་གྱི་ཕྱག་རྒྱ་བྱ་ཞིང་ཡུངས་ཀར་གྱིས་བྲབ། སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཨ་བེ་ཤ་ཡ་ཨ་བེ་ཤ་ཨ་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་བ་དང་ཡང་སྤྲུལ་དཔག་ཏུ་མེད་པ་སྤྲོས་པས་དགྲ་བགེགས་རྣམས་རང་དབང་མེད་པར་བཀུག་སྟེ་ལིངྒ་ལ་གཉིས་མེད་དུ་བསྟིམ་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་འདིའི་རྣམ་ཤེས་གཟུགས་ལ་ཕོབ་ཅིག །ཅེས་བརྗོད་དོ། །ཞག་གསུམ་པར་བྱད་དུ་གཞུག་པ་ལའང་དྲུག་ལས། ཕོ་ཉ་ནི། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས ལ་བབ། ཅེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་སྦྱར། རྫས་ནི། ཚོན་སྐུད་སྣ་ལྔ་དང་ཡུགས་སྐྲའི་སྐུད་པས་ཕྱིར་བཟློག་ཏུ་དཀྲི་ཞིང་ཡན་ལག་འཁྱིག་ཚུལ་གྱི་ཕྱག་རྒྱ་བྱའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་པ་ཡང་སྤྲུལ་དཔག་མེད་སྤྲོས་པས་དགྲ་བགེགས་རྣམས་རི་དྭགས་རྒྱར་ཚུད་པ་ལྟར་བཅིངས་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་གནོད་བྱེད་འདི་གྲུ་གུ་ཐུལ་དུ་ཆིངས་ཤིག །ཅེས་བརྗོད་དོ། །ཞག་བཞི་པར་སྨྱོ་རུ་གཞུག་པ་ལའང་དྲུག་ལས། ཕོ་ཉ་ནི། ཤྭ་ན་མུ་ཁའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཅེས་སྦྱར། རྫས་ནི། དུག་སྣ་དང་ད་དུ་རའི་སྐྱོ་མ་བླུགས་ཤིང་ཁར་བྱུག་ཚུལ་གྱི་ཕྱག་རྒྱ་བྱའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ཀྱིས་སྨྱོ་དུག་གི་ཆར་ཕབ་པས་དགྲ་བགེགས་རྣམས་སྨྱོ་ཞིང་འབོག་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་འདི་སྨྱོ་རུ་ཆུག །འབོག་ཏུ་ཆུག །དྲན་པ་ཉམས་སུ་ཆུག་ཅིག །ཅེས་བརྗོད་དོ། །ཞག་ལྔ་པར་རྡུལ་དུ་བརླག་པ་ལའང་དྲུག་ལས། ཕོ་ཉ་ནི། ས་བདག་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཞེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་སྦྱར། རྫས་ནི། རྡོ་རྗེ་ཐོ་བ་དང་གཏུན་ཁུང་གྲུ་གསུམ་ཐོགས་ཏེ་བར་དུ་བརྡུང་བའི་ཕྱག་རྒྱ་བྱ། སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་རྡོ་རྗེ་རི་རབ་ཀྱི་ཐོ་བ་ཐོགས་ནས་དགྲ་བགེགས་ཀྱི་ལུས་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས་ཤིག །ཅེས་བརྗོད་དོ། །ཞག་དྲུག་པར་ཞལ་དུ་སྟོབ་པ་ལའང་དྲུག་ལས། ཕོ་ཉ་ནི། བདག་ཉིད་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །ཞེས་སྦྱར། རྫས་ནི། བྲ་མའི་ཧོམ་ཆག་གང་བ་ཞིག་བརྩིགས་པར་མེ་སྦར་ལ་ལིང་ཆུང་གཅིག་སྲེག་ཅིང་ལིང་རོ་སྟོབ་ཚུལ་གྱི་ཕྱག་རྒྱ་བྱའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་བྷིནྡ་ཡ་བྷིནྡ་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་རྣམས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་བཞེས་པའི་ཚུལ་གྱིས་བསྡིགས་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ཐམས་ཅད་ལྷག་མ་མེད་པར་རོལ་ཅིག །ཅེས་བརྗོད་དོ། །གཉིས་པ་ལས་སྦྱོར་གྱི་སྒོ་ནས་དངོས་གྲུབ་ཀྱི་བཅུད་བླང་བ་ལ་གཉིས་ཏེ། དགྲ་ལས་བླང་བ་དང་། ལྷ་ལས་བླང་བའོ། །དང་པོ་ནི། ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ལས། རབ་ཀྱིས་དངོས་སུ་ཁུག་པར་འགྱུར། །འབྲིང་གིས་ལིངྒ་འགུལ་བར་ནུས། །འཕར་དང་རྡེག་དང་འཚེག་དང་འཁྲོལ། །ཐ་མས་ཉམས་དང་རྟགས་འོང་སྟེ། །དེ་ཚེ་བརྡེག་པའི་དུས་ལ་བབ། །ཅེས་པ་ལྟར་ལྷ་རྟགས་དང་དགྲ་རྟགས་གཏན་ལ་ཕེབས་ཤིང་། བླ་མི་འགྱུར་བའི་རྟགས་དངོས་སུ་བྱུང་ན་ཕྲལ་དུ་ཕུར་བུ་གདབ་པའི་ལས་ལ་འཇུག་སྟེ། གདབ་པའི་དུས་གནད་ཀྱང་དགྲའི་བླ་ཤ་བ་ཡིན་ན་སྲོད། ལུག་ནམ་ཕྱེད། ཕག་ཐོ་རེངས། བྱ་རྩེ་ཤར། བ་ལང་ཉི་དྲོས། རྟ་ཉིན་ཕྱེད། ར་ཉི་ནུབ་ཀྱི་ཐོག་ཏུ་གདབ་པར་བྱ་བ་ཡིན་ནོ། །དེ་ལ་འདིར་ནུབ་ཐ་མ་ལ་སྒྲུབ་ཞག་བདུན་པ། དགུ་སྟོང་གི་དུས་སུ་ལས་ལ་སྦྱོར་ཏེ། །ལས་ཀྱི་གཞུང་བསྲང་བ་རྫོགས་པར་བྱས་ནས། །བསྒྲལ་བའི་ཕྲིན་ལས་རྩོམ་པའི་སྔོན་འགྲོའི་རིམ་པ་ལ། བསྐུལ་བྱ་དཔང་གཟུགས་དམིགས་བྱ་བསྐྱེད། །དགུག་བསྟིམ་ཕུར་བསྐོར་གྱིས་གཟིར་བྱ། །ཞེས་པ་ལྟར་ལྔའི། དང་པོ་ཐུགས་དམ་བསྐུལ་བ་ལ་ཡང་གསུམ་ལས། རིག་འཛིན་བསྐུལ་བ་ནི། ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་རྣམས་ཀྱི་དུས་ལ་བབ། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཙནྡན་ནགས་ཚལ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །པཎ་ཆེན་བི་མ་མི་ཏྲ་ཡིས། །གངྒ་ལ་ཡི་ཆུ་བོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །བལ་པོ་ཤཱི་ལ་མཉྫུ་ཡིས། །མནྡྷ་ལ་ཡི་མཁར་སྒོང་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མཆིམས་སྟོན་ཤཱཀྱ་པྲ་བྷ་ཡིས། །འོན་ཅང་བྲག་ལ་ཕུར་བཏབ་ཚེ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས། །ཡར་གཙང་འདྲེས་པའི་ཆུ་བོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །ཤུད་བུ་དཔལ་གྱི་སེང་གེ་ཡིས། །ལྷ་སའི་སྤང་པོ་ཟངས་ཡག་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས། །སྒྲུབ་ཁང་རྒྱབ་ཀྱི་སྐྱེར་ཕུང་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མིང་པོ་དཔལ་གྱི་དབང་ཕྱུག་གིས། །རྩིབས་ཀྱི་སྤྱང་ཀི་སྔོན་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མི་ནུབ་རྒྱལ་བའི་སྙིང་པོ་ཡིས། །བདུད་སྤྲུལ་བྱ་རོག་ཐང་ཕབ་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །ངམ་འབྲེ་ཀླུ་ཡི་རྒྱལ་མཚན་གྱིས། །དགྲར་བཏབ་ཞོར་ལ་བགེགས་ཐུལ་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །དེ་སྲས་ངམ་འབྲེ་ས་ལེ་ཡིས། །དཀོར་བདག་རྒྱལ་པོ་བསྒྲལ་བའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །ལང་ལབ་བྱང་ཆུབ་རྡོ་རྗེ་ཡིས། །མཐུ་ཆེན་ར་ལོ་ཆེན་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སྣ་ནམ་ཤེས་རབ་ཚུལ་ཁྲིམས་ཀྱིས། །རྟག་རམ་མི་དགུ་བསྒྲལ་བའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །རྒྱ་གསུམ་སྨན་ཆུང་ལྷ་རི་བར། །སྟོད་ལས་བསྙེན་སྒྲུབ་བཀའ་བབ་ནས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །ཁྱུང་གཉིས་བློ་གྲགས་གུ་རུབ་ལྔར། །སྨད་ལས་མངོན་སྤྱོད་བཀའ་བབས་ནས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །རོག་གི་རིག་འཛིན་བཅུ་གཅིག་གིས། །ཡི་དམ་ལྷ་ཞལ་མངོན་མཇལ་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སོ་སྟོན་རྣམ་བཞི་ཀློང་ཡངས་པས། །བསྙེན་སྒྲུབ་བཟླས་བསྙེན་ཚད་ཕྱིན་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །གཞན་ཡང་རིག་འཛིན་བརྒྱུད་པའི་ཚོགས། །ཕྲིན་ལས་དྲག་རྩལ་ཅན་རྣམས་ཀྱིས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མ་གཡེལ་མ་གཡེལ་རིག་འཛིན་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །མཐུ་རྩལ་ནུས་པའི་དཔུང་བསྐྱེད་ཅིག །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་བཅས་སྤྱིར་བསྐུལ་བ་ནི། ཧཱུཾ། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། ཞེས་པ་ནས། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་པའི་བར་དང་། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ནས། མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པའི་བར་དང་། བདག་ཅག་རིག་འཛིན་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །ཞེས་པ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པའི་བར་གྱིས་བསྐུལ། དམ་ཅན་རྣམས་སྒོས་སུ་བསྐུལ་བ་ནི། བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་དམ་ཅན་རྣམས་སྤྲིན་ཕུང་འཐིབས་པ་ལྟར་བྱོན་ནས་ཅི་བཅོལ་གྱི་ལས་བྱེད་པར་བསམ་ལ། སྨན་རཀ་གཏོར་མར་སྦྲེང་ཞིང་གདུང་དབྱངས་རྐང་གླིང་གིས་དྲངས་པའི་རོལ་མོ་སྤྱུགས་གླུའི་སྒྲ་དང་བཅས་པས་དྲག་ཏུ་བསྐུལ་བར་བྱ་ཏེ། ཧཱུཾ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དྲག་པོའི་ཕུར་བུ་བསྒྲུབས་པའི་ཚེ། །ནམ་གྱི་སྟོད་ཀྱི་དམ་ཅན་མ། །འདི་ལྟར་བུད་མེད་ཡ་མཚན་ཅན། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ། །ལྕགས་ཀྱི་མི་མོ་ཆེན་པོ་ཞོན། །ཟངས་ཀྱི་འཕར་བ་ལྕེ་བརྒྱད་ལ། །ཟངས་ཀྱི་མི་མོ་ཆེན་མོ་ཞོན། །གཡུ་གཡི་ཝ་མོ་རྐང་གསུམ་ལ། །གཡུ་ཡི་མི་མོ་ཆེན་པོ་ཞོན། །དུང་གི་ཁྱི་མོ་རྐང་གསུམ་ལ། །དུང་གི་མི་མོ་ཆེན་པོ་ཞོན། །གཅིག་དང་འདྲ་བའི་མཆེད་སྡེ་བཞི། །ཤྭ་ན་མུ་ཁའི་དུས་ལ་བབ། །དྲག་པོའི་ཕུར་བུ་ངས་བསྒྲུབ་ཀྱིས། །དམ་ཚིག་ཚུལ་བཞིན་གནས་འདིར་གཤེགས། །མཐུན་པའི་དམ་རྫས་འདི་བཞེས་ཤིག །དམར་ཆེན་གཏོར་མ་འདི་གསོལ་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཧཱུཾ། ཡུལ་གྱི་མིང་ནི་བལ་པོའི་ཡུལ། །གནས་ཀྱི་མིང་ནི་ཡང་ལེ་ཤོད། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དྲག་པོའི་ཕུར་བུ་བསྒྲུབས་པའི་ཚེ། །ནམ་གྱི་གུང་གི་དམ་ཅན་མ། །འདི་ལྟར་བུད་མེད་ཡ་མཚན་ཅན། །ཐོད་པ་དགུ་བརྩེགས་གཞལ་ཡས་ནས། །དཔྱིད་ཀྱི་རྒྱལ་མོ་མཛད་པའི་ཚེ། །དཔལ་ལྡན་མཐིང་ནག་རེ་མ་ཏི། །དྲེལ་ཞོན་ཆེན་མོ་གཤེགས་སུ་གསོལ། །བྲག་དང་ཆུ་འཐབ་བར་ཞིག་ནས། དབྱར་གྱི་རྒྱལ་མོ་མཛད་པའི་ཚེ། །དཔལ་ལྡན་དམར་ནག་རེ་མ་ཏྲི། །གླ་ཞོན་ཆེན་མོ་གཤེགས་སུ་གསོལ། །མུ་ལེ་དགུ་སྐྱོང་མཚོ་འགྲམ་ནས། །སྟོན་གྱི་རྒྱལ་མོ་མཛད་པའི་ཚེ། །དཔལ་ལྡན་སེར་ནག་རེ་མ་ཛཿ །ཤ་ཞོན་ཆེན་མོ་གཤེགས་སུ་གསོལ། །རླུང་ནག་འཚུབ་མའི་ནང་ཤེད་ནས། དགུན་གྱི་རྒྱལ་མོ་མཛད་པའི་ཚེ། །དཔལ་ལྡན་ལྗང་ནག་རེ་མ་ཛུ། །བོང་ཞོན་ཆེན་མོ་གཤེགས་སུ་གསོལ། །གཅིག་དང་འདྲ་བའི་མཆེད་སྡེ་བཞི། །བདག་ཉིད་ཆེན་མོའི་དུས་ལ་བབ། །དྲག་པོའི་ཕུར་བུ་ངས་སྒྲུབ་ཀྱིས། །དམ་ཚིག་ཚུལ་བཞིན ༴ མཐུན་པའི་དམ་རྫས་འདི་བཞེས༴ དམར་ཆེན་གཏོར་མ་འདི༴ བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཧཱུཾ་བྷྱོ། ཡུལ་གྱི་མིང་ནི་བལ་པོའི་ཡུལ། །གནས་ཀྱི་མིང་ནི་ཡང་ལེ་ཤོད། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དྲག་པོའི་ཕུར་བུ་བསྒྲུབས་པའི་ཚེ། །ནམ་གྱི་ཆ་སྨད་དམ་ཅན་མ། །འདི་ལྟར་བུད་མེད་ཡ་མཚན་ཅན། །གཅིག་ནི་བལ་ཡུལ་གཏིང་ན་བཞུགས། །རྡོ་རྗེ་ཡ་བྱིན་མཐུ་མོ་ཆེ། །མར་ཁུའི་མཚོ་ལས་བཞེངས་ཏེ་གཤེགས། །བདུད་ཀྱི་བུ་མོ་ད་ཚུར་སྤྱོན། །གཅིག་ནི་མང་ཡུལ་གཏིང་ན་བཞུགས། །རྡོ་རྗེ་བསེ་བྱིན་འཕྲུལ་མོ་ཆེ། །ཁྲག་གི་མཚོ་ལས་བཞེངས་ཏེ་གཤེགས། །བཙན་གྱི་བུ་མོ་ད་ཚུར་སྤྱོན། །གཅིག་ནི་མོན་ཡུལ་གཏིང་ན་བཞུགས། །རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ། །འོ་མའི་མཚོ་ལས་བཞེངས་ཏེ་གཤེགས། །ཀླུ་ཡི་བུ་མོ་ད་ཚུར་སྤྱོན། །གཅིག་ནི་ཀོང་ཡུལ་གཏིང་ན་བཞུགས། །རྡོ་རྗེ་དེ་བྱིན་རྩལ་མོ་ཆེ། །ཞག་གི་མཚོ་ལས་བཞེངས་ཏེ་གཤེགས། །རྒྱལ་པོའི་བུ་མོ་ད་ཚུར་སྤྱོན། །གཅིག་དང་འདྲ་བའི་མཆེད་སྡེ་བཞི། །ས་བདག་བསྭེ་མོའི་དུས་ལ་བབ། །དྲག་པོའི་ཕུར་བུ་ངས་བསྒྲུབ་ཀྱིས། །དམ་ཚིག་ཚུལ་བཞིན་གནས་འདིར་གཤེགས། །མཐུན་པའི་དམ་རྫས་འདི་བཞེས་ཤིས། །དམར་ཆེན་གཏོར་མ་འདི་གསོལ་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཧཱུཾ་བྷྱོ། ཉི་མ་ཤར་ཕྱོགས་ཕ་གི་ན། །གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་ནས། །འཛིན་གིང་དཀར་པོ་དེ་ན་བཞུགས། །ཨིནྡྲ་སེམས་དཔའ་ད་ཚུར་སྤྱོན། །ཧཱུཾ་བྷྱོ། ཉི་མ་ལྷོ་ནུབ་ཕ་གི་ན། །གསང་བ་བྲག་དམར་ཡང་རྫོང་ན། །སྦྱོར་གིང་དམར་པོ་དེ་ན་བཞུགས། །རྡོ་རྗེ་ལེགས་པ་ད་ཚུར་སྤྱོན། །ཧཱུཾ་བྷྱོ། ཉི་མ་ནུབ་བྱང་ཕ་གི་ན། །ལྕགས་མཁར་ནག་པོ་སྒོ་མེད་ན། །སྒྲོལ་གིང་ནག་པོ་དེ་ན་བཞུགས། །ཡབ་ཤེད་ནག་པོ་ད་ཚུར་སྤྱོན། །གཅིག་དང་འདྲ་བའི་མཆེད་སྡེ་གསུམ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །དྲག་པོའི་ཕུར་བུ་ངས་བསྒྲུབ་ཀྱིས། །དམ་ཚིག་ཚུལ་བཞིན་གནས་འདིར་གཤེགས། །མཐུན་པའི་དམ་རྫས་འདི་བཞེས་ཤིག །དམར་ཆེན་གཏོར་མ་འདི་གསོལ་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཅེས་དང་བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་བཟླས་པས་ཀྱང་བསྐུལ། གཉིས་པ་དཔང་གཟུགས་པ་ནི། གསེར་དང་སྦྱར་བའི་ཛ་གད་ཀྱི་ཕུད་སྐྱེམས་ༀ་ཨཱཿཧཱུཾ་གིས། འདོད་ཡོན་ཟག་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་བྱིན་གྱིས་བརླབས་ནས། ཕྱོགས་བཅུར་འཐོར་བཞིན་དུ། ཧཱུཾ། བདག་གིས་མ་ཉེས་མ་ཡོའོ། གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །སྟེང་གི་ལྷ་ཡང་མི་འགུགས་སོ། །སྟེང་ན་གནས་པའི་ལྷ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །འོག་གི་ཀླུ་ཡང་མི་འགུགས་སོ། །འོག་ན་གནས་པའི་ཀླུ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །བན་གྱི་སྲུང་མ་མི་འགུགས་སོ། །བན་གྱི་སྔགས་སྲུང་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག ། བོན་གྱི་ལྷ་སྲུང་མི་འགུགས་སོ། །བོན་གྱི་ལྷ་སྲུང་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །འགོ་བའི་ལྷ་ལྔ་མི་འགུགས་སོ། །འགོ་བའི་ལྷ་ལྔ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །ཡུལ་ལྷ་གཉན་པོ་མི་འགུགས་སོ། །ཡུལ་ལྷ་གཉན་པོ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །སྣང་སྲིད་ལྷ་འདྲེ་མི་འགུགས་སོ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །དུས་གསུམ་རྒྱལ་བའི་བཀའ་བྱུང་བས། །ལས་ངན་འདི་ལ་མ་ཆགས་པར། །བག་ཟོན་བྱོས་ལ་རང་སར་དེངས། །དམ་ཉམས་འདིས་ཉེས་ངས་མ་ལན། །མ་ཉེས་མ་ཡོ་ཡེ་ཤེས་ལྷ། །དམ་ཅན་རྒྱ་མཚོ་ར་མདའ་ཟློག །སྲིད་པའི་ལྷ་འདྲེ་གྲོགས་ལ་འདུས། །ལྷ་སྲིན་སྡེ་བརྒྱད་དམ་ལ་འདུས། །ལེགས་ཉེས་ཞལ་ལྕེ་ལྷ་འདྲེས་ཆོད། །བདག་དང་འགྲས་པའི་དགྲ་བོ་འདི། །བསྒྲལ་བའི་ཞིང་བཅུ་ཚང་བ་སྟེ། །ཉམས་པ་བདུན་དང་སྐུ་དགྲ་ལྔ། །ཀུན་ལ་འདི་གཏོགས་ཆད་པ་ཆོད། །རྟགས་དང་མཚན་མ་མྱུར་དུ་སྟོན། །དྲིན་ལན་གཏང་རག་ཁྱེད་ལ་གཏོང་། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་གསོལ་བས་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་ཏེ་དྲག་པོའི་ལས་ལ་མངོན་དུ་ཕྱོགས་པས་བཞུགས་ཤིང་རང་ལ་གནང་བ་བྱིན་པར་བསམ་མོ། །གསུམ་པ་དམིགས་བྱ་བསྐྱེད་དེ་རྟེན་བཅའ་བ་ནི། ཨེ་བྷྲཱུཾ། བྲུབ་ཁུང་གྲུ་གསུམ་མཐིང་ནག་འབར་བ་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་གང་ཡིིན་པ་དེ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་མོ། །བཞི་པ་དགུག་ཅིང་བསྟིམ་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་རིག་སྔགས་གཟུངས་སྔགས་དང་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ །ཁྱད་པར་རིག་པ་འཛིན་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུག་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཅེས་ལན་གསུམ་དང་། བདག་ཅག་རིག་འཛིན་སྒྲུབ་པ་པོས། །ཞེས་པ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ལྕགས་ཀྱུའི་རྒྱ་དང་བཅས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོ་ཏྲི་ཡཾ་ཛཿ ནྲྀ་ཡཾ་ཛཿ ཞེས་ཕོ་ཉའི་ཚོགས་ཀྱིས་དབང་མེད་དུ་བཀུག་སྟེ། ཛཿཧཱུཾ་བཾ་ཧོཿ ཞེས་ལིངྒ་ལ་བསྟིམ་མོ། །ལྔ་པ་ཕུར་བསྐོར་གྱིས་གཟིར་བ་ནི། སྒྲུབ་ཐབས་ལས་བྱང་བཞིན་ནོ། །གཉིས་པ་བསྒྲལ་བའི་ལས་དངོས་ནི། ཕུར་བུ་གདབ་པ་སྟེ། དེ་ལ་གཉིས། རིམ་གྱིས་གདབ་པ་དང་། སུར་ཕུག་ཏུ་གདབ་པའོ། །དང་པོ་ལ་ལྔ་སྟེ། གཙོ་བོར་ལུང་གཉིས་ཀྱི་དགོངས་པ་ཕུལ་དུ་ཕྱུང་སྟེ་འདེབས་པ་དང་། དེའི་གྲོགས་ཕྲིན་ལས་མཐར་འབྱིན་པའི་ཕྱིར་ཕུར་བུ་གཞན་བཞི་པོ་རིམ་པར་འདེབས་པའོ། །དེ་ལའང་བཞི་ཀུན་གྱི་མགོ་ལ་གདགས་པ་དང་། གསུམ་ཀུན་གྱི་ཁོང་ཁྲར་གཏོང་བ་དང་། གཅིག་ཀུན་གྱི་གཞུག་ལ་གདགས་པའོ། །དང་པོ་བཞི་ཀུན་གྱི་མགོ་ལ་གདགས་པ་ནི། ཕུར་གདབ་ཀུན་གྱི་མགོ་སྟེ་སྐབས་འདིར་འདོགས་པའོ། །བཞི་གང་ཞེ་ན། སྔར་སྒྲུབ་ཞག་དང་པོ་བཞི་ལ་རིམ་པར་ཉམས་སུ་བླང་བ་ལྟར། ལྷ་དང་ཕྲལ་བ། གཟུགས་ལ་དབབ་པ། བྱད་དུ་གཞུག་པ། སྨྱོ་རུ་གཞུག་པ་དང་བཞི་སྟེ། ཆོ་ག་སྔར་བཤད་ཇི་བཞིན་སྐབས་འདིར་བླང་བར་བྱ་བ་ཡིན་ལ། འོན་ཀྱང་སྔགས་རྣམས་བདུན་ནམ་གསུམ་ཙམ་བཟླ་བ་ལས་འདིར་བཟླས་པ་ལ་གཙོ་བོར་མི་བྱེད་པ་ཁྱད་པར་རོ། །གཉིས་པ་གསུམ་ཀུན་གྱི་ཁོང་ཁྲར་བཏང་བ་ནི། གཏུན་དུ་བརྡུང་བ། མཚོན་གྱིས་གཏུབ་པ། ཐུན་གྱིས་བྲབ་པ་གསུམ་སྟེ། ཕུར་གདབ་རིམ་པ་ལྔ། སུར་ཕུག་ཏུ་གདབ་པ་དང་དྲུག་པོ་རེ་རེ་བཞིན་གྱི་རྗེས་སུ་སྦྱོར་བའོ། །གསུམ་པ་གཅིག་ཀུན་གྱི་གཞུག་ལ་གདགས་པ་ནི། གདབ་ལས་ཀུན་རྫོགས་རྗེས་སུ་ཞལ་སྟོབ་བྱེད་པ་ཡིན་ནོ། །དེ་ལྟར་བཞི་ཀུན་གྱི་མགོ་ལ་གདགས་པ་སྔོན་དུ་འགྲོ་བས། ཕུར་བུ་གདབ་པའི་ལས་དངོས་ལ་འཇུག་སྟེ། འདི་དག་གི་དུས་མེད་དུ་མི་རུང་བའི་ཏིང་ངེ་འཛིན་གསུམ་ཞེས་གསལ་བ་གསུམ་དང་ལྡན་པ་ལ་གལ་ཆེ་སྟེ། བདག་རྡོ་རྗེ་གཞོན་ནུའི་སྐུར་གསལ་བའི་ཏིང་ངེ་འཛིན་མེད་དུ་མི་རུང་སྟེ། མེད་ན་རང་ལ་ལྡོག །ཕུར་བུ་ཡཀྵ་མེ་དབལ་དུ་གསལ་བའི་ཏིང་ངེ་འཛིན་མེད་དུ་མི་རུང་སྟེ། མེད་ན་གཟས་པོ་ལ་མི་ཚུག་པས་རྡུགས། ལིངྒ་དགྲ་བགེགས་དངོས་སུ་གསལ་བའི་ཏིང་ངེ་འཛིན་མེད་དུ་མི་རུང་སྟེ། མེད་ན་གཞན་དམིགས་ཡུལ་མ་ཡིན་པ་ལ་འབྱམས་པའི་སྐྱོན་འབྱུང་བ་ཡིན་ནོ། །དེས་ན་གསལ་བ་གསུམ་དང་ལྡན་པས། ཕུར་གདབ་དང་པོ་གཙོ་བོར་ལུང་གཉིས་ཀྱི་དགོངས་པ་ཕུལ་དུ་ཕྱུང་སྟེ་འདེབས་པ་ནི། སྲས་མཆོག་གི་ཕུར་བུ་ལག་ཏུ་བླང་སྟེ། བསྐུལ་ཚིག་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །སོགས་བབ་བརྒྱད་དང་། བདག་ཅག་རིག་འཛིན་སྒྲུབ་པ་པོས། །ཞེས་པ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པའི་བར་གྱིས་བསྐུལ་ནས། བདག་ཉིད་དཔལ་ཆེན་པོར་གསལ་བའི་ལག་གཡས་གཡོན་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་དུ་གྱུར་པའི་ཐལ་མོའི་བར་དུ་སྲས་མཆོག་ཡཀྵ་མེ་དབལ་དུ་བྱིན་གྱིས་བརླབས་པའི་ཕུར་བུ་བསྒྲིལ་ཞིང་། ལིངྒ་དམིགས་བྱ་དངོས་སུ་གསལ་བར་བསམ་ལ། ཕུར་བུ་སྐུ་རི་རབ་ལྟར་བརྗིད་པའི་སྟེང་དུ་ཁྲོ་བོ་ཧཱུཾ་ཀཱ་ར། དེ་ཡི་སྟེང་དུ་ཨ་ཡིག་དཀར་གསལ། ༀ་ལཾ་ཧཱུཾ་ལཾ་སྟམྦྷ་ཡ་ནན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱན། ཧྲཱིཿཀྲྀ་བི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨ། ཞེས་བརྗོད་པས་ཨ་འོད་དུ་ཞུ་སྟེ་ཧཱུཾ་ཀཱ་ར་ལ་ཐིམ། དེ་ཡང་འོད་དུ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཕུར་བུ་ལ་ཁྱབ་པས་དཀར་སལ་གྱིས་སོང་། དེའི་འོད་ཟེར་དམིགས་བྱ་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ཏེ་བསྒྲལ་བའི་སྣོད་རུང་དུ་བྱས་པ་ནི་གཟས་པོའི་ཁྲུས་ལུང་ངོ་། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀ་ཏཾ་ཀ་ཏེ་ནས། པྲ་མརྔྷ་ན་ཡེ་དགྲ་བགེགས་འབྱུང་པོའི་ཙིཏྟ་མ་ར་ཡ་ཧཱུཾ་ཕཊ། ཅེས་ཕུར་བུ་སྙིང་དཀར་ནག་གི་མཚམས་སུ་བཏབ། ༀ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་སྙིང་ལ་སླེབས་པར་བཏབ་པས། སྒོ་ལྔའི་རྣམ་ཤེས་ཕུར་བུ་ལ་འདུས་པས་བྱུང་ཚོར་གྱི་སྒོ་འགགས། ཡང་ཀཱི་ལ་ཡ་བརྗོད་པས། ཡིད་ཤེས་དང་ཉོན་ཡིད་གཉིས་ཕུར་རྩེར་འདུས་པ་སྐམ་པས་ཉོན་མོངས་པ་རྩད་ནས་བཅད། ཡང་ཀཱི་ལ་ཡ་བརྗོད་པས། ཀུན་གཞིའི་རྟེན་སྙིང་ནང་ན་སྲོག་ཁྲག་གི་རླངས་པ་ལྟ་བུའི་ནང་དུ་ཚེ་བལ་རྒྱ་ལྟ་བུ། དེ་དབུས་ཀུན་གཞིའི་རྣམ་ཤེས་དངུལ་ཆུ་ཞུན་མ་ལྟར་གནས་པ་ལ་ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་འདུས་པ་དེ་ཕུར་རྩེར་ཡེར་གྱིས་བླངས་ནས་ཕུར་རྩེ་རང་ལ་བསྟན་ཏེ། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ། ཞེས་བརྗོད་པས། བཀྲག་མདངས་ཐམས་ཅད་བདག་ལ་ཐིམ་པས་བདག་ཉིད་བཀྲག་དང་གཟི་མདངས་འབར་བར་བསམ་པ་ནི་བདག་གི་ཚེ་ལུང་ངོ་། །དེ་ལྟར་ཡང་དགོངས་རྒྱུད་ལས། རྡོ་རྗེ་ཕུར་པས་སྐྱེ་ཤི་རྩད་ནས་གཅོད། །དཔེར་ན་དྲི་མ་ཆུ་ཡིས་འཁྲུ་བ་བཞིན། །ཁམས་གསུམ་དྲི་མ་ཡེ་ཤེས་ཆུ་ཡིས་འཁྲུ། །ཚེ་ལུང་ཁྲུས་ལུང་གལ་མཆོག་དམ་པ་ཡིན། །ཞེས་གསུངས། དེ་ནི་རང་གཞུང་ལ་བརྟེན་ཏེ་ཚེ་ལུང་ཁྲུས་ལུང་གི་དགོངས་པ་ཕུལ་དུ་བྱུང་བས་དགྲ་ལས་དངོས་གྲུབ་ཀྱི་བཅུད་བླང་བ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཁོང་ཁྲའི་ལས་གསུམ་གྱིས་བར་དུ་སྟོངས་གདབ་པ་ལས། གཏུན་དུ་བརྡུང་བའི་བསྐུལ་བ་ནི། ས་བདག་ཆེན་མོའི་དུས་ལ་བབ། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ དགྲ་བགེགས་མཱ་ར་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ། ཤྲཱི་གྷྲཾ་ཀ་ར་ཡེ། མ་ར་སེ་ན། པྲ་མརྔྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཞེས་ཐོ་བས་བརྡུངས། མཚོན་གྱིས་གཏུབ་པའི་བསྐུལ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ྄ཡ་྅྅྅ ཀ་ར་ཨི་དན་དྷ་དྷི་མ་མ་ཤྲཱི་གྷྲཾ་ཀ་ར་ཡེ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་མཚོན་གྱིས་གཏུབ། ཐུན་ལ་བསྐུལ་མེད་པས་སྔགས། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། སོགས་ཁྲོ་བཅུའི་སྔགས་ཀྱིས་ཐུན་བྲབ་བོ། །གཉིས་པ་མི་ལྡོག་པས་ཕྲིན་ལས་མཐར་འབྱིན་པའི་ཕྱིར་ཕུར་བུ་གཞན་བཞི་དེའི་གྲོགས་སུ་རིམ་པར་འདེབས་པ་ནི། རྡོ་རྗེ་ཕུར་བུ་གསང་བ་གདམས་ངག་ཅན་གྱི་རྒྱུད་ལས། སྒོ་བའི་ཕུར་བུ་མཚོ་བཞི་སྟེ། །ཡུམ་བརྒྱད་ལུས་ཀྱི་རྟེན་བརྒྱད་དང་། ཁྲོ་བཅུ་ཚོགས་བརྒྱད་ཞར་བྱུང་གཉིས། །གཉིས་ཀྱི་དགེ་སྡིག་ཆ་མཉམ་གདབ། །ཅེས་པ་ལྟར་བཞི་ལས། སྒོ་མ་བཞིའི་ཕུར་བུ་ལུས་ཀྱི་མཚོ་བཞི་ལ་གདབ་པ་ནི། སྒོ་མའི་ཕུར་བུ་བླངས་ལ། བསྐུལ་བ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད་ཀྱི་བར་སྔར་བཞིན་སྦྲེལ་བས་བསྐུལ་ནས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་ཡ་བིང་བིང་ཧཱུཾ་ཕཊ། ཅེས་ཤར་སྒོའི་པུ་ཤུད་མགོ་ཅན་གྱི་ཕུར་བུ་རུས་པའི་མཚོ་ཀླད་པ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ། ཅེས་ལྷོའི་སྐྱ་ཀའི་མགོ་ཅན་གྱི་ཕུར་བུ་དབུགས་ཀྱི་མཚོ་གློ་བ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། ཅེས་ནུབ་ཀྱི་སྲིན་བྱའི་མགོ་ཅན་གྱི་ཕུར་བུ་ཁྲག་གི་མཚོ་མཆིན་པ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བྱང་གི་ཁྲའི་མགོ་ཅན་གྱི་ཕུར་བུ་ཤའི་མཚོ་ཡན་ལག་ལ་གདབ་བོ། །རྡུངས་གཏུབ་བྲབ་སྟེ་ཁོང་ཁྲའི་ལས་གསུམ་གྱི་བར་དུ་སྟོངས་གདབ་པ་སྔར་ལྟར་རོ། །དེ་ནས་ཡུམ་བརྒྱད་ཀྱི་ཕུར་བུ་ལུས་ཀྱི་རྟེན་བརྒྱད་ལ་གདབ་པ་ནི། ཡུམ་བརྒྱད་ཀྱི་ཕུར་བུ་བླངས་ལ་བསྐུལ་བ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད་ཀྱི་བར་སྔར་ལྟར་སྦྲེལ་མཐར། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིང་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །སྔགས་རྣམས་ཀྱི་མགོར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་དང་། མཇུག་ཏུ། དགྲ་བགེགས་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་པ་གཉིས་ཀྱི་བར་དུ་སོ་སོའི་སྔགས་བཅུག་པ་འགྲེ་བར་བྱ་སྟེ། ཧཱུཾ་པ་ར་བི་ཏྱཾ་ཞེས་པས་སྙེམས་མའི་ཕུར་བུ་ལྟེ་བར་གདབ། དེ་བཞིན་དུ་ཙྪིནྡ་ཙྪིནྡ་ཞེས་པས་སྡེར་མོ་སྙིང་ག །བྷིནྡ་བྷིནྡ་ཞེས་པས་དུར་ཁྲོད་མ་དང་གཏུམ་མོ་དཔུང་པ་གཡས་གཡོན་ལ། གྲྀ་ཧྞ་གྲྀ་ཧྞ་ཞེས་པས་གཏུན་ཁུང་མ་དང་མདའ་སྙེམས་གཉིས་པུས་མོ་གཡས་གཡོན་ལ། །ཧ་ན་ཧ་ན་ཞེས་པས་རླུང་འབྱིན་གསང་བར། བནྡྷ་བནྡྷ་ཞེས་པས་གསོད་མ་མགོ་ལ་གདབ་བོ། །རྡུངས་གཏུབ་བྲབ་པ་སྟེ་ཁོང་ཁྲའི་ལས་གསུམ་གྱི་སྟོངས་འདེབས་སྔར་བཞིན་ནོ། །དེ་ནས་ཁྲོ་བཅུའི་ཕུར་བུ་རྣམ་ཤེས་ཚོགས་བརྒྱད་ཞར་བྱུང་གཉིས་ཏེ་བཅུ་ལ་གདབ་པ་ནི། ཁྲོ་བཅུའི་ཕུར་བུ་བླང་ནས་བསྐུལ་བ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །སྔགས་ཐོག་མཐར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཞེས་སྦྱོར་བ་སྔར་ལྟར་འགྲེ་བ་ལ། ཧ་ན་ཧ་ན་བཛྲ་ཞེས་རྣམ་རྒྱལ་རྣ་བར་གདབ། ད་ཧ་ད་ཧ་བཛྲ་ཞེས་དབྱུག་སྔོན་མིག །པ་ཙ་པ་ཙ་བཛྲ་ཞེས་གཤིན་རྗེ་གཤེད་སྣ་ལ། མ་ཐ་མ་ཐ་བཛྲ་ཞེས་མི་གཡོ་བ་ལྟེ་བར། ཛྭ་ལ་ཛྭ་ལ་བཛྲ་ཞེས་རྟ་མགྲིན་ལྕེ་ལ། སུ་རུ་སུ་རུ་བཛྲ་ཞེས་འདོད་རྒྱལ་གསང་བར། མུ་རུ་མུ་རུ་བཛྲ་ཞེས་ཧཱུཾ་ཀཱ་ར་མཚན་མ་ལ། ཀ་ཏཾ་ཀ་ཏེ་ཞེས་སྟོབས་ཆེན་ཡིད་ལ། ཛ་ཡེ་བི་ཛ་ཡེ་ཞེས་སུམ་རྒྱལ་ཀུན་གཞིའི་རྟེན་ནུ་མ་ལ། ཨ་ཛི་ཏེ་ཨ་པ་ར་ཛི་ཏི་མ་ར་སེ་ན་པྲ་མརྔྷ་ན་ཞེས་བདུད་རྩི་འཁྱིལ་བ་ཀུན་གཞིའི་རྟེན་སྙིང་ལ་གདབ་བོ། །རྡུངས་གཏུབ་བྲབ་པ་སྟེ་ཁོང་ཁྲའི་ལས་གསུམ་གྱིས་སྟོངས་འདེབས་སྔར་བཞིན་ནོ། ། དེ་ནས་ཡུམ་གཉིས་ཀྱི་ཕུར་བུ་དགེ་སྡིག་ཆ་མཉམ་སྟེ་གདབ་པ་ནི། ཡུམ་གཉིས་ཀྱི་ཕུར་བུ་བླང་ལ་བསྐུལ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པའི་བགེགས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དང་། དགྲ་བགེགས་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ་གཉིས་ཀྱི་བར་དུ། སརྦ་ཨཱ་ན་ཡ་ཞེས་པས་མཐོ་རིས་ཀྱི་སྒོ་དགག་ཕྱིར་སྒྲ་འབྱིན་སྤྱི་བོར། ཏ་ཐཱ་ཡ་ཏ་ཐཱ་ཡ་ཞེས་པས་ངན་འགྲོའི་སྒོ་དགག་ཕྱིར་བསྐྱོད་མའི་ཕུར་བུ་རྐང་མཐིལ་དུ་གདབ་བོ། །རྡུངས་གཏུབ་བྲབ་པ་སྟེ་ཁོང་ཁྲའི་ལས་གསུམ་གྱིས་སྟོངས་འདེབས་པ་སྔར་བཞིན། གཉིས་པ་སུར་ཕུག་ཏུ་གདབ་པ་ནི། དམ་ཅན་གྱི་ཕུར་བུ་རྣམས་བླངས་ལ་བསྐུལ་མེད་པས་བཞི་སྙིང་སྦྲེལ་བའི་སྔགས་ཉིད་ཀྱིས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ། མ་ར་སེ་ན། པྲ་མརྔྷ་ན་ཡེ། དགྲ་བགེགས་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་པས་ཕུར་བུ་རེ་རེའི་སྔགས་དང་བཅས་པས་གནས་ལ་ངེས་མེད་དུ་གདབ་བོ། །རྡུངས་གཏུབ་བྲབ་པ་སྟེ་ཁོང་ཁྲའི་ལས་གསུམ་གྱིས་བར་དུ་སྟོངས་འདེབས་པའང་སྔར་བཞིན་ནོ། །གསུམ་པ་གཅིག་ཀུན་གྱི་གཞུག་ལ་གདགས་པ་ནི། ཞལ་དུ་སྟོབ་པ་སྟེ། ལིང་རོའོ་མགོ་དང་སྨད་གཉིས་མནན་བསྲེག་གི་རྫས་སུ་གུད་དུ་ཕྱུང་ལ། སྟོད་ཀྱི་ཆ་སོགས་སྙིགས་མའི་ལུས་བདུད་རྩིར་སྦར་བས་ཧོམ་གཟར་གྱིས་གཏོར་མར་བསྟབ་ལ། བསྐུལ་ནི། བདག་ཉིད་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་བྱོས། །ཞེས་བསྐུལ་ཞིང་། སྤྲོ་ན་ལས་བྱང་ལྟར། ཧཱུཾ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །ཞེས་སོགས་དང་། ཧོཿ དཔལ་ཆེན་འཁོར་བཅས་ཤ་ལ་དགྱེས། །ཞེས་སོགས་ཀྱང་སྦྲེལ་ནས། སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་ཡ་བྷིནྡྷ་ཡ་དགྲ་བགེགས་སརྦ་བིགྷྣཱ་བཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་པས་བདག་རྩ་བའི་དཀྱིལ་འཁོར། ཕཊ་ཕཊ་ཕཊ། ཅེས་པས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། བཛྲ་ཡཀྵ་ཀྲོ་དྷ་ཞེས་པས་སྲས་མཆོག་སྒོ་མ་དམ་ཅན་སོགས་ཀྱི་ཞལ་དུ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་སྟོབ་པས། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཅེས་དགྱེས་པའི་བཞད་སྒྲ་དང་བཅས་པས་ལྷག་མེད་དུ་རོལ་ནས་དངོས་གྲུབ་སྩོལ་ཏེ་འོད་གསལ་དུ་ཞུ། དེ་ལས་སད་པའིི་སྣང་ཆ་ཆོས་ཉིད་ཀྱི་བདེན་པའི་ངང་བསྐྱང་ངོ་། །དེ་དག་ནི་དགྲ་ལས་དངོས་གྲུབ་བླང་བ་ཞེས་བྱའོ། །གཉིས་པ་ལྷ་ལས་བླང་བ་ནི། སྟོད་ལས་ནས་འབྱུང་བ་བཞིན་དུ་བླང་ངོ་། །གསུམ་པ་ལས་ཀྱི་ཁ་བསྐང་ཞིང་མཇུག་བསྡུ་བ་ལ་གཉིས་ལས། དང་པོ་མནན་བསྲེག་འཕང་གསུམ་གྱིས་ལས་ཀྱི་ཁ་བསྐང་བ་ནི། དངོས་གྲུབ་བླང་བའི་རྗེས་སུ་ཞི་བའི་སྦྱིན་སྲེག་ཀྱང་འགྲུབ་ན་བྱ་ཞིང་། འདིར་ལས་ཀྱི་ཁ་སྐོང་གི་སྦྱིན་སྲེག་ནི། དཀྱིལ་འཁོར་གྱི་ཤར་ལྷོར་དུག་ཤིང་ངམ་ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་པ་གཅིག་བརྩིགས་པའི་ནང་དུ། གོང་གི་ལིང་རོའི་སྨད་དང་། ལིང་ག་གསར་པ་གཅིག་ལའང་དགུག་བསྟིམ་བྱས་ཏེ་ཧོམ་དཀྱིལ་དུ་མགོ་མཐུར་བསྟན་གྱིས་བཞག་ལ་ཚིལ་ཆེན་གྱི་མར་ཁུས་བྲན། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨགྣེ་ཡེ་ཛྭ་ལ་རཾ། ཞེས་པས་མེ་སྦར། མེ་ཉིད་ཡེ་ཤེས་ཀྱི་མེ་ལྷ་དཔལ་ཆེན་པོའི་ལྷ་ཚོགས་སུ་བཞེངས་པར་བསམ་ལ། བབ་བརྒྱད་ཀྱིས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་བཏགས་ཏེ། ཞིང་ལྤགས་རས་དམར་དགྲ་བགེགས་ཀྱི་མིང་གཟུགས་བྲིས་པ་དང་། སྒྲུབ་གཏོར་གྱི་ཆ་ཤས་ཕུད་ཡུངས་ཀར་བཅས་པ་རྣམས་མར་ནག་དང་ལྷན་ཅིག་ཧོམ་གཟར་དུ་བླུགས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨགྣེ་ཧཱུཾ་ཕཊ། གནོད་བྱེད་དགྲ་བགེགས་ཙིཏྟ་ཛྭ་ལ་རཾ། བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། ད་ཧ་ད་ཧ། ཛྭ་ལ་ཛྭ་ལ་བཛྲ་ཧཱུཾ་ཕཊ། ཅེས་ལན་གསུམ་ཕུལ་བས། དགྲ་བགེགས་རྣམས་སྲེགས་པའི་དྭངས་མ་མེ་ལྷ་དཔལ་ཆེན་པོའི་ལྷ་ཚོགས་ཀྱི་ཞལ་དུ་བསྟབས་པས་བཞེས་པར་བསམ་ཞིང་། ལྷ་ཚོགས། བཛྲ་མུཿས་གཤེགས་སོ། །དེ་ནས་འཕང་བ་ཟོར་ནི། སྒྲུབ་གཏོར་ལྷག་མ་ལ་ཐུན་རོ་དང་ཐུན་སྣ་ཚོགས་བླུགས། ཟོར་གཏོར་ཐོགས། གཟུགས་ཁྲག་གིས་བྱུག་པའི་རྩེར་ཡུངས་ཀར་བཙུགས་པ་གོང་དུ་བཅས་བཤོམ་གྱི་དུས་ནས་དཀྱིལ་འཁོར་གྱི་ཤར་ལྷོར་འདུ་བྱས་ལ། ཕུད་འཐོར་བཞིན་དུ། ཧཱུཾ། བདག་གིས་མ་ཉེས་མ་ཡོའོ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །སྟེང་གི་ལྷ་ཡང་སྐུ་བཟུར་ཅིག །སྟེང་ན་གནས་པའི་ལྷ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །ཞེས་པ་ནས། སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། ། མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །ཞེས་པའི་བར་དཔང་གཟུག་གི་ཚིག་ཟུར་བསྒྱུར་བས་ཟོར་ལམ་བསལ་ལ། བབ་བརྒྱད་ཀྱིས་བསྐུལ་བའི་མཇུག་ཏུ་འཕྱོང་། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་བཏགས་ཏེ། སྔགས་ནི། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། པ་ར་བིདྱཾ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། དགྲ་བགེགས་གནོད་བྱེད་ཀྱི་ལྔ་ཕུང་ལ་ཐུན་བྷྱོ་བྷྱོ། ཞེས་གཟའི་རྒྱུ་ཐབས་དང་བསྟུན་ཏེ་འཕངས་པས་ཕོ་ཉའི་དམག་ཚོགས་ཀྱིས་ནད་མཚོན་དུག་ཆར་ཕབ་པས་དགྲ་བོ་ཡུལ་འཁོར་དང་བཅས་པ་ཐལ་བར་བརླག་པར་བསམ་མོ། །དེ་ནས་མནན་པ་ནི། ལིང་རོའི་མགོ་དང་སྦྱིན་སྲེག་གི་ཐལ་བ། ལིངྒ་གསར་པ་གཅིག་ལ་དགུག་བསྟིམ་དྲག་པོ་བྱས་པའི་སྙིང་གར་དུག་ཕུར་གཅིག་བཏབ་པ་ཐོད་ངན་དུ་བྲུབས། རེ་བས་སྒྲིལ། ཡུག་སྐྲས་ཕྱིར་བཟློག་དུ་བཅིངས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཏི་རི་མུཀྟ་ༀ་བཾ་ཧཱུཾ་ལཾ་སྟཾ་བྷ་ཡ་ནན། ཞེས་མང་དུ་བཟླས་ལ། ཐེམ་འོག་གམ་ལམ་རྒྱ་གྲམ་དུ་དོང་གྲུ་གསུམ་བྲུས་ཏེ། ཕུད་འཐོར་བཞིན་དུ། ཧཱུཾ། བདག་གིས་མ་ཉེས་སོགས་སྔར་ལྟར་ལས། སྟེང་གི་ལྷ་ཡང་མི་གནོན་ནོ། །སྟེང་ན་གནས་པའི་ལྷ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་མནན་པའི་ལས་མཛོད་ཅིག །ཅེས་པ་ནས། སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་མནན་པའི་ལས་མཛོད་ཅིག །ཅེས་པའི་བདེན་བརྡར་དང་བརྔན་བྱིན་ནས་བབ་བརྒྱད་ཀྱིས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །མནན་ནོ་ནོན་ཅིག་སྟྭམྦྷ་ཡ། །ཞེས་དོང་དུ་བསྐྱུར། སས་གཡོག་ཅིང་རྒྱས་གདབ། རོ་གཡམ་ལ་རྒྱ་གྲམ་བྲིས་པས་ཁ་བཅད་དེ། རི་རབ་ཀྱིས་མནན་པར་བསམ། དེའི་སྟེང་སཱཙྪ་ནག་པོ་གཅིག་ཀརྨ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་བསྣམས་པ་རང་འདྲའི་འཁོར་འབུམ་གྱིས་བསྐོར་བས་མནན་ཏེ་ནམ་ཡང་ཐར་བ་མེད་པར་བསམ་ཞིང་། ལས་བཞིའི་བྲོ་བརྡུང་ངོ་། །གཉིས་པ་གསོ་བ་རྣམ་པ་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་ལ། གསོ་བའི་དུས། གསོ་བའི་ཡུལ། གསོ་བའི་དགོས་པ། གསོ་བའི་ཐབས་སོ། །དང་པོ་ནི། བསྒྲུབ་བྱ་དམིགས་སུ་བསལ་བ་ལ་ལས་དྲག་པོ་རྩོམ་པའི་དུས་ཡིན་ན། ལས་ནམ་གྲུབ་པ་དང་གདོད་གསོ་བར་བྱ་ཡི། ལས་མ་གྲུབ་པར་གསོ་བ་སྔ་ན་ལས་མྱུར་དུ་མི་འགྲུབ་པའི་རྒྱུ་ཡིན་པར་གསུངས་སོ། །བསྒྲུབ་བྱ་དམིགས་བསལ་མེད་ན་ཕུར་བུ་བཏབ་པའི་རྗེས་ཉིད་ལ་གསོས་པས་ཆོག་གོ། །གཉིས་པ་ཡུལ་ནི་གསུམ་སྟེ། བདག་གསོ་བ། ཕུར་བུ་གསོ་བ། གཟས་པོ་གསོ་བའོ། །གསུམ་པ་དགོས་ཆེད་ཀྱང་གསུམ་སྟེ། བདག་གསོ་བ་ནི། དྲག་པོའི་ལས་ཀྱི་རྣམ་སྨིན་རྒྱུད་ལ་མི་གོས་པར་བྱ་བའི་ཆེད་དོ། །ཕུར་བུ་གསོ་བ་ནི། ཕྱག་རྒྱའི་ལྷ་རྣམས་གཟིར་མནན་གྱི་དམེ་བའི་ལས་ལ་སྦྱར་བས་བསོད་ནམས་ཀྱི་དོན་དུ་མི་རུང་བའི་ཕྱིར་བཟོད་པར་གསོལ་བའོ། །གཟས་པོ་གསོ་བ་ནི། སྙིང་རྗེ་བྱང་ཆུབ་ཀྱིས་ཟིན་པས་བསྒྲལ་བྱ་རྣམས་ལ་ཕན་གདགས་ཤིང་སྐྱོབ་པར་བྱ་བའི་ཕྱིར་རོ། །གསོ་བའི་ཐབས་ལའང་གསུམ་སྟེ། ལས་དང་བྱ་བའི་གསོ་བ་ནི། ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས་འབྱུང་བའི་ཆོ་ག་ཞིབ་མོ་ལྟ་བུའོ། །མན་ངག་གིས་གསོ་བ་ནི། དམིགས་བྱ་ཕུར་བུ་བདག་གསུམ་གྱི་བྱང་ཆུབ་ཀྱི་སེམས་ལྗང་དམར་མཐིང་ཁའི་འོད་རྣམ་པ་གསུམ་དབྱེར་མེད་འོད་ཀྱི་ཐིག་ལེ་གཅིག་ཏུ་བསྡུས་པ་མི་དམིགས་པར་སྦྱོར་བའི་མན་ངག་རིག་པ་མཆོག་གི་རྒྱུད་ལས་གསུངས་པ་ལྟ་བུའོ། །འདིར་ཕྲིན་ལས་རྡོ་རྗེ་གཞོན་ནུ་ཉིད་ནས་གསུངས་པའི་ཏིང་ངེ་འཛིན་གྱིས་གསོ་བ་ལ་ཕྱག་བཞེས་སུ་མཛད་པ་ཡིན་ཏེ། དེ་ལ་གསུམ་ལས། བདག་གསོ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབ་བོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙཱརྻ་དུས་ལ་བབ་བོ། །བརྣག་པ་དེ་ཁོ་ན་ལའོ། །ཞེས་བསྐུལ་ནས། ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས། གོང་དུ་བཏབ་པའི་ཕུར་བུའི་ཁྲོ་བོ་དེ་དག་ཡེ་ཤེས་ཀྱི་འོད་ཟེར་གོང་བུའི་རྣམ་པར་གྱུར་པ་ཚུར་འདུས་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་རང་ཉིད་གདོད་ནས་ལྷར་གསལ་བ་དེའང་སྐུ་ཆེ་ལ་ཡན་ལག་རགས་པ་ཆེ་བཙན་འགྲན་ཟླ་དང་བྲལ་བར་བསམ་པའོ། །ཕུར་བུ་གསོ་བ་ནི། གོང་དུ་བཏབ་པའི་ཕུར་བུ་དེ་ཕྱུང་སྟེ་དབལ་ནས་བཟུང་ལ་ཀཱི་ལ་ཡ་ཉེར་གཅིག་བཟླ་ཞིང་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་ཕུར་བུས་གང་། དེ་ཐམས་ཅད་སླར་འདུས་པས་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་སྨད་ཕུར་བུའི་རྣམ་པ་ཅན་སྐུ་རི་རབ་ལྟར་བརྗིད་ཆེ་བ་ལས། ཡེ་ཤེས་ཀྱི་མེ་འོད་འབར་ཞིང་འུར་སྒྲ་དྲག་པོ་སྒྲོགས་པར་བསྒོམས་པས། ལྷ་རྣམས་ལ་ཉེས་པས་མི་གོས་ཤིང་གཟི་བྱིན་དང་ལྡན་པར་བསམ་མོ། །གཟས་པོ་གསོ་བ་ནི། དཀར་ནག་གི་མཚམས་སུའོ། །ཞེས་བརྗོད་ཅིང་ཕུར་བུ་སྒྲིལ་ཞིང་བཏབ་སྟེ། ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླས་པས་ཕུར་བུའི་ཡེ་ཤེས་ཀྱི་འོད་ཟེར་གཟས་པོའི་ཁམས་བཅོ་བརྒྱད་ཀྱིས་མཚོན་པའི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ནས། སེམས་ཉིད་རྡུལ་ཕྲན་དྭངས་མའི་ཐིག་ལེ་ཡི་གེ་ཧཱུཾ་གི་རྣམ་པར་གྱུར་པ། ཨ་ཡཾ་ཞེས་ཨ་ལས་བྱུང་བའི་ཟླ་དཀྱིལ་གྱི་སྟེང་དུ་བཞག་སྟེ། ཡཾ་ལས་བྱུང་བའི་རླུང་གིས་བཏེགས་ན། ཕཊ་ཅེས་འོག་མིན་གྱི་ཞིང་དུ་སྤར་ཏེ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་གནས་སྤར་བ་སྟེ། གནས་ལུང་དཔྱང་ཐག་གི་ཆོ་ག་ཐུགས་རྗེ་རྗེས་འཛིན་གྱི་ཕུར་གདབ་ཅེས་ཀྱང་བྱའོ། །རྒྱུན་གྱི་ཡི་དམ་ནར་མར་བྱེད་པའི་ཕུར་གདབ་ཀྱི་དུས་སུ་འདི་ཉིད་གོང་གི་ཚེ་ལུང་གི་མཇུག་ཏུ་སྦྲེལ་བས་ཆོས་ཀྱི་དབྱིངས་སུ་སྒྲོལ་བའི་ཐབས་ལ་མཁས་པའི་སྦྱོར་བ་སྟེ་བསྒྲལ་ལས་ཀྱི་གཙོ་བོ་ཉིད་ཚང་བར་འགྱུར་རོ། །གཞན་ཡང་ཚོགས་གཏོར་ཚེ་འགུགས་དཀྱིལ་འཁོར་བསྡུ་ཞིང་རྒྱུན་ཏིང་བྱ་བ་སོགས་ཐུན་མོང་གི་རྗེས་ཆོག་རྣམས་ལས་བྱང་དང་སྒྲུབ་ཁོག་ལས་འདོར་ལེན་གྱི་དམིགས་ཕྱེད་པ་ཤེས་པར་བྱ་བ་གཅེས་སོ། །གསུམ་པ་གྲུབ་པའི་འབྲས་བུ་ནི། འདིར་གཞན་སྟོབས་ཀྱི་ཐབས་ལམ་ལས་བྱུང་བའི་ཁྱད་པར་ཙམ་མ་གཏོགས་ཐོབ་བྱའི་ངོ་བོ་སྔར་བཤད་པ་བཞིན་ནོ། །ངག་བརྗོད་བསམ་འདས་དབྱིངས་ངོར་དགྲ་མེད་ཀྱང་། །རྣམ་རྟོག་འཁྲུལ་སྣང་དབང་གིས་དགྲར་ལངས་པ། །ཆོས་ཀུན་བདེན་མེད་རྟོགས་པའི་འཁྲུལ་འཁོར་གྱིས། །དཔལ་ཆེན་དཀྱིལ་འཁོར་རྒྱ་མཚོའི་དབྱིངས་སྒྲོལ་ཤོག །རྡོ་རྗེ་ཕུར་བུ་རོག་ལུགས་ལྷ་ནག་གི་སྨད་ལས་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར་ཞེས་བྱ་བ་འདི་ཡང་ཀོང་པོ་བདེ་ཆེན་སྟེང་ནས་སོ་སྟོན་ཁུ་དབོན་གྱིས་དོན་གཉེར་ཆེན་པོས་བསྐུལ་ཞིང་གཞིས་བཞུགས་ཁུ་དབོན་གྱིས་ཀྱང་གསོས་བཏབ་པའི་ངོར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རིགས་ཀྱི་ཅོད་པན་དུ་ཐོབ་པའི་སྨྱོས་བན་དྷརྨ་ཤྲཱིས་ཉིས་བྲིས་སྤངས་ཏེ་སྤེལ་བ་སིདྡྷི་རསྟུ།། །།


previousརོག་ཕུར་སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར། དྷརྨཱ་ཤྲཱི།next