Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
   
   
རོག་ཕུར་གྱི་དབང་ཆོག་བདེ་ཆེན་མཆོག་སྟེར། དྷརྨཱ་ཤྲཱི།


 
previousརོག་ཕུར་གྱི་དབང་ཆོག་བདེ་ཆེན་མཆོག་སྟེར། དྷརྨཱ་ཤྲཱི།no next

རོག་ཕུར་གྱི་དབང་ཆོག་བདེ་ཆེན་མཆོག་སྟེར། དྷརྨཱ་ཤྲཱི།

རོག་ཕུར་གྱི་དབང་ཆོག་བདེ་ཆེན་མཆོག་སྟེར་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བདེ་ཆེན་མཆོག་སྟེར་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀུན་རིག་ཡེ་ཤེས་དཀྱིལ་འཁོར་ཆུ་འཛིན་ལས། །དབང་བཞིའི་ཆར་གྱིས་འགྱུར་བཅས་སྒྲིབ་པ་ཀུན། །སྦྱངས་ནས་འཕོ་མེད་བདེ་ཆེན་རྡོ་རྗེ་བཞིར། །སྨིན་མཛད་དྲིན་ཅན་བླ་མ་ཕྱག་གི་གནས། །ཁྲག་འཐུང་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་དུ། །སྐལ་ལྡན་འཇུག་ཅིང་སྨིན་བྱེད་དབང་བསྐུར་བའི། །ཆོ་ག་འཇུག་བདེའི་ངག་གིས་དོན་ཆེན་འབྲས། །མཆོག་ཏུ་སྟེར་བྱེད་ལས་ཀྱི་རིམ་པ་བརྩམ། །འདིར་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་སྐལ་ལྡན་གྱི་སློབ་མར་དབང་བསྐུར་བའི་ཆོ་ག་སྒྲུབ་པའི་རིམ་པ་ལ། ཐོག་མར་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། དཀྱིལ་འཁོར་བཞེངས་ཤིང་དབང་གི་ཡོ་བྱད་རྣམས་ཚང་ལ་བཀོད་ལེགས་པར་བཤམས་ནས། སྒྲུབ་མཆོད་ནི། སྒྲུབ་ཐབས་ལས་བྱང་གི་གཞུང་བསྲང་ཞིང་སྒྲུབ་ཁོག་ལས་ཁྱད་པར་གྱི་སྒོས་ཆོས་རྣམས་མ་འདྲེས་གཙང་དག་ཏུ་སྦྱོར་ཚུལ་དམིགས་ཕྱེད་པའི་སྒོ་ནས། བདག་མདུན་བུམ་གསུམ་ཐ་མི་དད་ཀྱི་ཚུལ་དུ་ལས་གཞུང་གི་བཟླས་པའི་བར་བསྒྲུབ་རྗེས། བུམ་པའི་དཀྱིལ་འཁོར་ལོགས་སུ་ཕྱེ་སྟེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །ཞེས་སོགས་ཀྱི་དགོངས་པས་བུམ་བཟླས་མཐར་ལྷ་འོད་ཞུ་དང་། རྗེས་འབྲེལ་དུ་སྒྲུབ་ཁོག་ལྟར་ལས་སྔགས་ཀྱིས་བསང་ཆུ་བསྒྲུབ་ཅིང་ཚོགས་གཏོར་རྣམས་ཀྱང་ཇི་ལྟར་རིགས་པར་བྱས་ལ། སློབ་དཔོན་བདག་ཉིད་འཇུག་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་ལས་ཀྱི་ཧེ་རུ་ཀས་མཛད་ཅིང་། བདག་ཉིད་རྣམས་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ཏེ་རྒྱས་པར་འཆད་འགྱུར་བཞིན་དབང་རྣམས་རྫོགས་པར་བླང་བའམ། བསྡུ་ན། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཞེས་རིག་པའི་མེ་ཏོག་དོར་ནས། རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་དུ་རྟོགས་པར་བྱས་ལ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་པ་ཙམ་གྱིས་བདག་ཉིད་ཞུགས་ནས། སློབ་མ་འཇུག་པར་གསོལ་བ་གདབ་པ་ནི། རྡོར་དྲིལ་འཛིན་པས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་གཞོན་ནུའི་གྲོང་ཁྱེར་མཆོག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། དཀྱིལ་འཁོར་ཡོལ་བས་བཅད། སློབ་མ་ཁྲུས་དང་ཕྱག་བྱས་ནས་གྲལ་དུ་འཁོད་པ་ལ། སྔོན་གཏོར་བྱིན་ནས། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་སོགས་ཀྱི་མཐར་ཁྲོ་བཅུའི་སྔགས་བརྗོད་པས། རང་གི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་ཀྱིས་བགེགས་རྣམས་བསྐྲད། སླར་འདུས་པ་ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་གུར་གྱིས་མི་ཤིགས་པར་བཅིངས། །དེ་ནས་ཆོས་བཤད་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སློབ་པའི་ཟུང་འཇུག་གི་ངོ་བོ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཆེན་པོ་གང་གི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་རྣམས་ལེགས་པར་ནོད་ནས་ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་བླང་དོར་མ་འཛོལ་བར་བགྱིས་ཏེ་ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱང་སྤྱིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ་དང་། བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བསྐོར་བར་མཛད་པ་ཡིན་ཡང་། རེ་ཞིག་སྤང་གཉེན་གྱི་སྒོ་ནས་བསྡུ་ན། །གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་ཅིག་ཏུ་གྲངས་ངེས་པ་ཡིན་ཏེ། དེ་སྐད་དུའང་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་གཞུང་དང་མན་ངག་ཙམ་གྱི་སྒོ་ནས་བསྡུ་ན། གཞུང་མཚན་ཉིད་ཕར་ཕྱིན་གྱི་ཐེག་པ་དང་། མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་ཡིན་ཏེ། དེ་ཉིད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར་ལས། འདིར་སྐབས་སུ་བབས་པ་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བཤད་པ་ལྟར་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་ཡིན་ཞིང་། དེ་ལ་ཡང་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ལྟ་སྤྱོད་ཙམ་གྱི་སྒོ་ནས་བསྡུ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་འདུ་བ་ལས། འདིར་ཕྱི་མ་སྟེ། དེར་ཡང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་ཡོད་པ་ལས། འདི་ནི་རྣལ་འབྱོར་བླ་ན་མེད་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟོན་པའི་གཞུང་རྒྱུད་ལུང་མན་ངག་གསུམ་ཡོད་པའི་དང་པོ་རྒྱུད་མ་ཧཱ་ཡོ་ག །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་རྫོགས་རིམ་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་བསྐྱེད་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ལས། འདིར་སྔ་འགྱུར་བཀའ་མའི་བཀའ་སྲོལ་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པའི་བྱེ་བྲག་ཕུར་པ་རོལ་པའི་རྒྱུད་དང་རྗེས་སུ་འབྲེལ་བ་སྟེ། དེ་ལའང་བརྒྱུད་སྲོལ་ཇི་སྙེད་ཅིག་ཡོད་པ་ལས། འདི་ནི་རོག་གི་མཁས་གྲུབ་ཆེན་པོ་རྣམས་ཀྱི་ཐུགས་དམ་ལྷའི་གཙོ་བོ། ཕུར་པ་རོག་ལུགས་སུ་གྲགས་པ་ཉིད་ཡིན་ཞིང་། འདི་ལ་སྨིན་གྲོལ་གྱི་རིམ་པ་གཉིས་ལས། རེ་ཞིག་སྨིན་བྱེད་ཀྱི་དབང་ཉིད་བསྐུར་བར་བྱེད་པ་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ཡོད་པ་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་རྣམས་ཆད་ལྷག་མེད་པར་སྔོན་དུ་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་ཡན་ལག་ཁྲུས་དང་བགེགས་བསལ་སྔོན་དུ་སོང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད་དེ་སློབ་བུས་མཎྜལ་ཕུལ་ནས། ཆས་སུ་གཞུག་པ་ནི། ༀ་ཨཱཿཧཱུཾ་གིས་མིག་དར་བཅིང་། ཨཱ་ཁཾ་ཝི་ར་ཧཱུཾ་གིས་མེ་ཏོག་གཏད་ལ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལམ་ལས་དྲངས་ཏེ་དཀྱིལ་འཁོར་གྱི་ཤར་སྒོའི་ཡོལ་བའི་དྲུང་དུ་བཀུག་པར་བསམ་ཞིང་། རྡོ་རྗེ་ཕྱེད་ལག་ཏུ་གཏད་དེ། འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །རྒྱུད་ལྔ་ལམ་གྱི་སྒོ་བཅད་ནས། །མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ། །བླ་མེད་གནས་སུ་དྲང་བར་བྱ། །བཛྲ་ས་མ་ཡ་ཛཿཞེས་དྲངས། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་བདག་གིས་དཀྱིལ་འཁོར་འདིར་འཇུག་པར་བྱའོ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་བྱེད་དུ་གཞུག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་ཉིད་དུ་རབ་བསྒྲུབས་ནས། །སེམས་ཅན་འཁོར་བར་འཁྱམས་པ་རྣམས། །བླ་མེད་གནས་སུ་བསྒྲལ་བར་བྱ། །ཞེས་ལན་གསུམ། དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་གསོལ་བ་གདབ་པ་འདིའི་རྗེས་ཟློས་བརྗོད། ཧཱུཾ། རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པར་འཚལ་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ཀྱང་། །བདག་གི་རབ་གནས་མཛད་དུ་གསོལ། །ཞེས་ལན་གསུམ། དེའི་ལན་དུ་སློབ་དཔོན་གྱིས་གནང་བ་བྱིན་པ་ནི། རིགས་ཀྱི་བུ་ཁྱོད་ཚུར་ཤོག་ཅིག །དེ་རིང་བདེ་གཤེགས་འཁོར་བཅས་ཀྱིས། །ཁྱོད་ནི་ནང་དུ་འཇུག་པ་ཡིན། །ཅི་འབྱོར་བ་ཡི་ཡོན་རྣམས་ནི། །དེ་རིང་ཉིད་དུ་བདག་ལ་ཕུལ། །ཞེས་དང་། འདོད་དོན་དྲི་བ་ནི། བུ་ཁྱོད་ལམ་བདེ་བས་འབྲས་བུ་བདེ་བ་ཆེན་པོ་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་པའི་ཐབས་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པར་མོས་སམ། ཞེས་དྲིས་པའི་ལན་དུ། མོས་ལགས། ཞེས་ཞུས་ནས། ཡོན་འབུལ་བ་ནི་འདིའི་རྗེས་ཟློས་མཛོད། ཨུ་ཧུ། བླ་མ་འགྲོ་བའི་མགོན་པོ་དཀྱིལ་འཁོར་ཆེན་པོའི་མངའ་བདག་ཁྱེད་ལ། ཆེ་སྟེ་རྟ་དང་གླང་པོ་ཆེ། འཛམ་བུའི་གླིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་ཕུལ་ཡང་ཆེ་ཞིང་རིང་བ་མ་མཆིས་ལ། ཆུང་སྟེ་ཁབ་དང་སྐུད་པ་ཙམ་ལས་མ་འབྱོར་ཡང་ཐུགས་རྗེས་བཟུང་འཚལ་བས། འདིར་ཅི་འབྱོར་པའི་དངོས་པོ་ཕྲ་མོ་འདི་བཞིན་འབུལ་བ་ལགས། ཞེས་ཡོན་མཚོན་བྱེད་ཙམ་མམ། མེད་ན་མཎྜལ་ཞིག་འབུལ་དུ་གཞུག །དེ་ནས་མེ་ཏོག་གི་ཕྲེང་བ་ཐལ་མོའི་བར་དུ་འཛིན་དུ་བཅུག་ནས་རང་གི་རིགས་ཀྱི་ལྷག་པའི་ལྷ་ལ་འབུལ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི། །སྐུ་གསུང་ཐུགས་ཀྱི་དབྱིངས་སུ་འབུལ་ལགས་ན། །རྣལ་འབྱོར་རྣམས་ལ་དངོས་གྲུབ་སྩལ་དུ་གསོལ། །པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དཀྱིལ་འཁོར་ལ་ལྟས་མེད་དུ་འདོར་དུ་བཅུག་སྟེ། གང་བབས་ཀྱི་ཕྱོགས་ལས་ལྷག་པའི་ལྷ་ཤེས་པར་འགྱུར་བ་ནི། དབུས་སུ་བབས་ན་རྡོ་རྗེ། ཤར་དུ་དེ་བཞིན་གཤེགས་པ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་རིགས་སོ། །གང་གིས་བཞེས་པའི་ལྷ་དེས་སླར་རང་གི་མགོ་བོར་བཅིངས་པ་དང་མཉམ་དུ་ཡེ་ཤེས་སེམས་དཔའ་རེ་བསྟིམས་པས་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་བཞུགས་པར་བསམ་དུ་བཅུག་སྟེ། ༀ་མ་ཧཱ་བོ་དྷི་ཙིཏྟ་ཧཱུཾ། ཞེས་མེ་ཏོག་སྤྱི་བོར་བཀོད། དེ་ནས་མིག་དབྱེ་བར་གསོལ་གདབ་པ་འདིའི་རྗེས་ཟློས་མཛོད། མ་རིག་མིག་གི་ལིང་ཐོག་གིས། །ཤིན་ཏུ་ལྡོངས་པར་གྱུར་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ཀྱང་། །ཉོན་མོངས་དྲི་མ་བསལ་དུ་གསོལ། །ཞེས་ཞུ། དེ་ནས་མིག་སྨན་གྱིས་བྱུག་པའི་གསེར་གྱི་ཐུར་མ་ཐོགས་ཏེ། ཧཱུཾ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །ཁྱོད་ཀྱི་དྲི་མ་བསལ་དུ་གསོལ། །ༀ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་མིག་དར་དཀྲོལ། ཡོལ་བ་བསལ་ནས། ཁྱོད་ཀྱི་མི་ཤེས་པའི་རབ་རིབ་དག་པས་ཡེ་ཤེས་ཀྱི་མིག་ཐོབ་སྟེ་ཐར་པ་ཆེན་པོའི་དཀྱིལ་འཁོར་གྱི་ནང་དུའང་ཞུགས་པ་ཡིན་པས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་སྙམ་དུ་མོས་ལ་ཕྱག་འཚལ་བཞིན་དུ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་བྱེད་དུ་བཅུག །དེའི་ཚེ་ཁ་དོག་གི་རྣམ་པ་ཡང་དཀར་སེར་དམར་ལྗང་སྣ་ཚོགས་ཀྱི་མདོག་གང་ལྟར་མཐོང་བ་དང་རྗེས་སུ་མཐུན་པར་ཞི་རྒྱས་དབང་དྲག་ལས་སྣ་ཚོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ལུང་ཡང་བསྟན། དེ་ནས་དམ་ཚིག་དཔོག་པ་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡན་ལག་ཉི་ཤུ་ལྔ་དང་བཅས་པ་ཚུལ་བཞིན་དུ་བསྲུང་བ་ལ་བསླབ་པར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་གཙོ་ཉིད་དང་། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལུས་དང་སྲོག་ལ་བབས་གྱུར་ཀྱང་། །ཞེ་སྡང་ངན་སེམས་མི་བསྐྱེད་དོ། །འདི་ནི་སྐུ་ཡི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་དེང་མི་འདའ། །ལུང་དང་ལྡན་པའི་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་སློབ་མ་ལ། །ཡི་དམ་གསང་བའི་ལྷ་ཕོག་སྟེ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད། །འདི་ནི་གསུང་གི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་དེང་མི་འདའ། །ཐུན་མོང་མ་ཡིན་གསང་ཆེན་འདི། །ནམ་ཡང་གཞན་དུ་སྨྲ་བ་མིན། །མན་ངག་གཞན་དུ་མི་སྤེལ་ལོ། །འདི་ནི་ཐུགས་ཀྱི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་དེང་མི་འདའ། །ས་མ་ཡ་ན་ར་ཀན། ཞེས་བྲོ་བོར་རོ། །དེ་ནས་དམ་ཚིག་བསྒྲག་པ་ནི། བདུད་རྩི་ལ། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བཟླས་པའི་དམ་ཆུ་ལྕེ་ཐོག་ཏུ་བྱིན་ཏེ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་མཆོག་ལས་མ་འདའ་ཞིག །ཅེས་བརྗོད་ལ། བདུད་རྩི་དེ་ཉིད་ལྕེ་ལ་བཞག་ཀྱང་སྙིང་ནང་དུ་སོང་སྟེ་ཧཱུཾ་མཐིང་ནག་གི་རྣམ་པར་གནས་པ་ལས། དམ་ཚིག་བསྲུང་ན་ཡེ་ཤེས་སེམས་དཔའི་ངོ་བོར་གྱུར་ནས་བྱིན་གྱིས་རློབ་ཅིང་། ཉམས་ན་རྡོ་རྗེ་གནོད་སྦྱིན་ཞེས་ལྕགས་སྡིག་མགོ་དགུ་པའི་རྣམ་པར་གྱུར་ནས་གཤེད་མ་བྱེད་པར་འགྱུར་རོ། །ཞེས་སློབ་དཔོན་གྱིས་བཤད་ལ། སློབ་བུས་ཀྱང་། ས་མ་ཡ་ན་ར་ཀན། ཞེས་བྲོ་བསྐྱལ་ལོ། །དེ་ནས་དམ་ཚིག་གི་ཁེ་ཉེན་བཤད་པ་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས་ལེགས་པར་བསྲུང་ན་མི་དགེ་བའི་ལས་བཅུའི་སྒྲིབ་པ་རྩ་བ་ནས་འདག་ཅིང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མངོན་དུ་ཐོབ་པར་འགྱུར། ཡན་ལག་གི་དམ་ཚིག་བསྲུང་ན་ཤེས་བྱའི་སྒྲིབ་པ་ཅི་རིགས་པ་འདག་ཅིང་སྤྱོད་ཡུལ་ཡང་དག་པའི་ལམ་དུ་ལོངས་པར་འགྱུར། གལ་ཏེ་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ན་རིམ་པ་ལྟར་བསྐལ་ཆེན་གཅིག་དང་གཉིས་དང་གསུམ་དུ་རྡོ་རྗེའི་དམྱལ་བར་ལྷུང་ཞིང་། དེ་ལས་འཐོན་ནས་ཀྱང་ཚེ་རབ ས་མང་པོར་ལུས་ལ་ནད་སྣ་ཚོགས་དང་། ངག་དིག་ལྐུག་དང་། སེམས་སྨྱོ་འབོག་ཅན་སོགས་སུ་སྐྱེ་བར་འགྱུར་ལ། ཡན་ལག་གི་དམ་ཚིག་ཉམས་ན་ཕྱིན་ཆད་ཟབ་མོའི་ཆོས་དང་འཕྲད་པར་མི་འགྱུར་རོ། །ཞེས་བཤད། དེ་ནས་ལྷ་དབབ་པ་ལ་སྤྱིར་ལས་དང་ཐུགས་རྗེ་འབྲེལ་བ་མོས་པའི་ལྷ། མེ་ཏོག་གང་ལ་ཕོག་པ་བབས་པའི་ལྷ། ལྷག་པའི་ལྷ་དཀྱིལ་འཁོར་གྱི་གཙོ་བོ་གསུམ་ལས། འདིར་ཕྱི་མའི་དབང་དུ་བྱས་ཏེ། དེང་ཕྱིན་ཆད་ཁྱོད་ཀྱིས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསལ་ལ་མ་འདྲེས་པ་སྣང་སྟོང་དབྱེར་མེད་དུ་བསྒོམ་པ་དང་མི་འབྲལ་བར་གྱིས་ཤིག །སྙིང་པོ་དབབ་པ་ནི། སློབ་དཔོན་གྱི་ཕྲེང་བ་དང་སྦྲེལ་ནས་ལག་ཏུ་གཏད་དེ། རིག་པ་སྲོག་གིས་སྦྲེལ་བའི་ཕྲེང་ཐག་ལ། །ཐབས་དང་ཤེས་རབ་འབྲེལ་བའི་ཕྲེང་བ་བརྒྱུས། །རྩེ་གཅིག་ལྷ་དང་འགྲོགས་པའི་ཏིང་འཛིན་གྱིས། །ཛཔ྄་བསྙེན་ཟུར་མ་ཆག་པར་བགྲང་བར་གྱིས། །ཞེས་གདམས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་རྗེས་ཟློས་ཀྱིས་ལན་གསུམ་བཟླར་བཅུག་ལ། དེང་ཕྱིན་ཆད་ལྷའི་ཐུགས་དམ་བསྐུལ་བའི་སྙིང་པོ་ཀཱི་ལ་ཡའི་སྔགས་གྲགས་སྟོང་གཞོམ་མེད་ཀྱི་སྒྲར་བཟླ་བ་དང་མི་འབྲལ་བར་གྱིས་ཤིག །དེ་ནས་གསང་མཚན་གདགས་པ་ནི། མེ་ཏོག་གང་ལ་བབས་པའི་རིགས་དང་མཐུན་པའི་མིང་། རྡོ་རྗེ་རྒྱལ་པོ། དེ་བཞིན་གཤེགས་པའི་བསྲུང་བ། རིན་ཆེན་མྱུ་གུ། ཆོས་ཀྱི་དབང་ཕྱུག །ལས་ཀྱི་རྡོ་རྗེ། ཞེས་པའམ། ཡང་ན་ལྷག་པའི་ལྷའི་མཚན་ལས་དྲས་ཏེ། ཕོ་རྣམས་ལ། རྡོ་རྗེ་དྲག་པོ་རྩལ། བུད་མེད་རྣམས་ལ། རྡོ་རྗེ་དབལ་ཕྲེང་མ། བྱིས་པ་རྣམས་ལ། རྡོ་རྗེ་མྱུ་གུ་རྩལ། ཞེས་བཏགས་ཏེ། འདི་ཞེས་བྱ་བའི་དེ་བཞིན་གཤེགས་པར་ས་འོག་ས་སྟེང་ས་བླ་གསུམ་དུ་གྲགས་པར་འགྱུར་རོ། །ཞེས་ལུང་བསྟན་ནོ། །དེ་ནས་དབང་དངོས་གཞིའི་དོན་དུ་སློབ་བུ་རྣམས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དམ་པ་དགོངས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་དབང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དེ་རིང་བདག་ལ་བསྐུར་དུ་གསོལ། །ཞེ་ལན་གསུམ་གྱིས་གསོལ་བ་གདབ་ཏུ་གཞུག །དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། མཆོག་ཏུ་གསང་བའི་ཆོས་འདི་ཡི། །ཁྱོད་ནི་གསང་བའི་སྣོད་ཡིན་ཏེ། །གསང་སྔགས་ཟབ་མོའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་སངས་རྒྱས་ཀུན་གྱི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །དེ་ནས་སློབ་མས་ཅི་འབྱོར་པའི་ཡོན་གྱིས་མེ་ཏོག་ཕུལ་བར་མོས་ལ་འདིའི་ཟློས་མཛོད། བླ་མ་སངས་རྒྱས་ཀུན་དང་མཉམ། །དཀྱིལ་འཁོར་ལྷ་དང་བཅས་པ་ལ། །ཅི་འབྱོར་པ་ཡི་མེ་ཏོག་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཐུགས་རྗེས་དགོངས་ཏེ་བཞེས་ནས་ཀྱང་། །བདག་གི་རབ་གནས་མཛད་དུ་གསོལ། །ཞེས་མེ་ཏོག་དབུལ་ལ། སློབ་བུ་དབང་སྟེགས་པདྨ་དང་ཉི་མའི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྐུའི་རྣམ་པས་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སད་ནས་བཞུགས་པར་གྱུར་པ་ལ་མེ་ཏོག་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་དང་དཀྱིལ་འཁོར་པ་དབྱེར་མ་མཆིས་པས་དབང་རྣམས་རིམ་པར་བསྐུར་བའི་མོས་པ་བྱེད་དུ་བཅུག་ལ། དང་པོར་བར་ཆད་བསལ་བའི་ཕྱིར་ལྷ་ཕུར་རྣམས་གཅིག་ཏུ་བསྡུས་པ་ལག་ཏུ་གཏད་དེ་དབང་བསྐུར་བས། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་བྱོན་ནས་རང་རང་ལ་ཐིམ་པའི་མོས་པ་མཛོད། ཧཱུཾ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྒྲུབ་པའི་བགེགས་དང་བདུད་རྣམས་གཞོམ་པའི་ཕྱིར། །སྐྱེ་བོ་དམ་ཅན་རྣམས་ལ་དབང་བསྐུར་བས། །རིགས་ལྔ་བརྟུལ་ཞུགས་གྲུབ་པའི་དབང་ཐོབ་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨཱཿ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཕུར་བུའི་དབང་བསྐུར་བས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་མེ་ཏོག་འཐོར་ཞིང་རོལ་མོ་འཁྲོལ་ཏེ་གཞན་རྣམས་ལའང་འགྲེའོ། །དེ་ནས་ཚེའི་དབང་ནི། བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་རྡོ་རྗེའི་གུར་ཅན་གྱི་ནང་དུ་བླ་མ་དཔལ་ཆེན་པོའི་སྐུ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་བདུད་རྩིའི་རྣམ་པར་བསྡུས་ནས་བསྐྱིལ་བར་མོས་ལ། ཚེ་བུམ་ཚེ་རྟེན་གྱི་འབྲང་རྒྱས་དང་བཅས་པ་མགོ་བོར་བཞག་ཏེ། ཧཱུཾ། སྐྱེ་ཤི་མེད་པ་རྡོ་རྗེ་ཚེ་ཡི་དབང་། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས་ནས་ཀྱང་། །སྐྱེ་ཤི་འཁོར་བའི་སྡུག་བསྔལ་བྲལ་བར་ཤོག །ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨཿ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་རྡོ་རྗེ་ཚེའི་དབང་བསྐུར་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་བྲལ་ནས་བདེ་བར་གཤེགས་པའི་སྐུ་ཚེ་དང་ལང་ཚོ་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བུམ་པའི་དབང་ནི། བུམ་པ་ལྔ་ཡོད་ན་གཞན་བཞིའི་ཆུ་གཙོ་བུམ་དུ་བསྡུས་ལ། སྟོང་པའི་ངང་ལས་ཁཾ་ལས་བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཧཱུཾ་ལས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྐད་ཅིག་གིས་གསལ་བ་ལ། ཡེ་ཤེས་པ་བཛྲ་ས་མཱ་ཛ། ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་ཏེ། གཉིས་སུ་མེད་པར་གྱུར་པའི་ལྷ་རྣམས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བའི་བུམ་པའི་ཆུས་དབང་བསྐུར་བར་མོས་ལ་སྤྱི་བོར་བཞག་སྟེ། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །བྱང་ཆུབ་སེམས་ཆུས་རབ་བཀང་བའི། །རྣམ་པར་དག་པའི་བུམ་པ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །བཛྲ་ཀ་ལ་ཤ་ཨ་བྷིཥིཉྩ་ཧཱུཾ། བུམ་ཆུ་བཏུང་ཞིང་ཁྲུས་བྱ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བུམ་པའི་དབང་བསྐུར་བས་ཡེ་ཤེས་ལྔའི་ཆུ་རྒྱུན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག །དབུ་རྒྱན་དང་ཅོད་པན་གཉིས་སྟོང་པའི་ངང་ལས་སྭ་ལས་རིན་ཆེན་འབྱུང་གནས་ཀྱི་སྐུར་བསྐྱེད། ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿས་དྲངས་བསྟིམ། ཞུ་བ་ལས་དབང་རྫས་སོ་སོར་གྱུར་པར་བསམ་ལ། དབུ་རྒྱན་ཐོགས་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱང་དག་གིས་དབང་བསྐུར་རོ། །ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་མགོ་ལ་བཀོན། སྐལ་ལྡན་རིག་པ་འཛིན་པ་ཁྱོད་པ་དབུ་རྒྱན་གྱི་དབང་བསྐུར་བས་རིགས་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅོད་པན་ཐོགས་ཏེ། ཆོས་ཉིད་ཅིར་ཡང་སྣང་བ་ལོངས་སྤྱོད་རྒྱན། །ནང་རྟགས་ཕྱིར་བསྟན་དར་དཔྱངས་ཁ་དོག་གསུམ། །ཆོས་ཀྱི་རྒྱལ་སྲིད་སྐུས་འདུལ་ཕྲིན་ལས་བཞི། །དར་དཔྱངས་དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷིཥིཉྩ་ཏྲཱཾ། ཞེས་མགོ་ལ་བསྐུར། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཅོད་པན་གྱི་དབང་བསྐུར་བས་སྲིད་པ་གསུམ་དུ་གྲགས་ཤིང་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དབང་རྫས་རྡོ་རྗེ་སྟོང་པའི་ངང་ལས་ཧཱ་ལས་དོན་ཡོད་གྲུབ་པའི་སྐུར་བསྐྱེད། ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿས་དྲངས་བསྟིམ། ཞུ་བ་ལས་རྡོ་རྗེར་གྱུར། རྡོ་རྗེ་ཐུགས་ཀར་བཞག་སྟེ། འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །དོན་གྱི་བྱང་ཆུབ་སེམས་ཡིན་ཏེ། །གཉིས་མེད་དོན་གྱི་ངོ་བོ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་བུདྡྷ་ལོ་ཙ་ན་བཛྲ་ཧཱུཾ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་རྡོ་རྗེའི་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དབང་རྫས་དྲིལ་བུ་སྟོང་པའི་ངང་ལས་ཨཱཾ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་བསྐྱེད། ཡེ་ཤེས་པ་བཛྲ་ས་མཱ་ཛ། ཛཿཧཱུཾ་བཾ་ཧོཿས་དྲངས་བསྟིམ། ཞུ་བ་ལས་དྲིལ་བུར་གྱུར། དྲིལ་བུ་མགྲིན་པར་བཞག་སྟེ། འདི་ནི་ཤེས་རབ་ཀུན་གྱི་དངོས། །ཡེ་ཤེས་དག་པའི་ངོ་བོ་སྟེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་བཛྲ་དྷརྨ་དྷཱ་ཏུ་གྷནྜེ་ཨཱཿ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དྲིལ་བུའི་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་ནས་ཁམས་གསུམ་དུ་ཟབ་མོའི་ཆོས་སྒྲ་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མར་མེའི་དབང་ནི། སྟོང་པའི་ངང་ལས་ཧཱུཾ་ཨ་ལས་ཀོང་བུ་ཆོས་ཀྱི་དབྱིངས། སྡོང་བུ་རིག་པའི་ཡེ་ཤེས། ཞུན་མར་རྟོག་མེད་རང་གསལ་ལས་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་མར་མེས་དབང་བསྐུར་བའི་མོས་པ་མཛོད། མར་མེ་སྙིང་གར་བཞག་སྟེ། དཔལ་ཆེན་ཡབ་ཡུམ་གསང་བའི་སྐུ་འདུས་པས། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་མེ་འབར་བ། །སྐུ་གསུམ་ལྷུན་གྲུབ་དག་པའི་མར་མེ་འདིས། །ཀུན་གཞི་གནས་འགྱུར་སྤྱན་དགུའི་ཡེ་ཤེས་སྦྱིན། །བཛྲ་ཛྙཱ་ན་ཛྭ་ལ་རཾ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་མར་མེའི་དབང་བསྐུར་བས་བདེ་བར་གཤེགས་པའི་ཐུགས་རིག་པའི་ཡེ་ཤེས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །གཏོར་མའི་དབང་ནི། སྟོང་པའི་ངང་ལས་གཏོར་སྣོད་ཆོས་ཀྱི་འབྱུང་གནས་སུ་གཏོར་རྫས་དཔལ་ཆེན་པོ་ཡབ་ཡུམ་འཁོར་བཅས་དང་གཏོར་ཀྱུ་འདོད་ཡོན་གྱི་ལྷ་མོའི་རྣམ་པར་གྱུར་པར་མོས་ལ། སྒྲུབ་གཏོར་གཙུག་ཏུ་བཞག་སྟེ། ཡུམ་ལྔ་བྷ་གའི་ཀློང་ཡངས་སུ། །ཉི་ཟླ་ཐབས་དང་ཤེས་རབ་ལ། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །དཀར་གྱི་ཐིག་བཀྱེ་དམར་གྱི་གུར་ཕུབ་པས། །ཐབས་ཤེས་གཉིས་མེད་ཆོས་ཀྱི་དབྱིངས་སུ་སྡུད། །འདུས་མ་བྱས་པའི་ཡེ་ཤེས་གྲོལ་བའི་དབང་། །ཐབས་ཤེས་གཉིས་སུ་མེད་པའི་དབང་ཐོབ་ཤོག །ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་གཏོར་ཆེན་ཡེ་ཤེས་ཕྱག་རྒྱའི་དབང་བསྐུར་བས་རྒྱལ་བ་ཀུན་གྱི་ཐུགས་དམ་སྐོང་ཞིང་བར་ཆད་ཐམས་ཅད་དབྱིངས་སུ་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཞལ་ཟས་ཀྱི་དབང་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་མཚོ་ལ་སྦྲང་ཆར་བབས་པ་ལྟར་དངོས་གྲུབ་ཀྱི་ཞལ་ཟས་ཟླ་གམ་ལ་ཐིམ་པས་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་དུ་གྱུར་པར་མོས་ལ། ཞལ་ཟས་ཀྱི་རོ་བཅུད་ཁར་བྱིན་ཏེ། འཇིག་རྟེན་འདི་ཡི་སྲིད་པའི་ཞལ་ཟས་ལ། །འདོད་པའི་ཡོན་ཏན་མི་ཟད་གཏེར་བསྡུས་ཏེ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཡིད་བཞིན་འདོད་དགུ་གཏེར་ལ་དབང་བསྐུར་བྱིན། །འཇིག་རྟེན་འདི་དང་ཕྱི་མ་ཐམས་ཅད་དུ། །འདོད་ཡོན་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ཨ་ལི་ཨུ་ལི་སཾ་བྷོ་ཨ་བྷི་ཥིཉྩ་ཧཱུཾ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དངོས་གྲུབ་ཀྱི་རྫས་ཞལ་ཟས་ལོངས་སྤྱོད་སྣ་ཚོགས་ཀྱི་དབང་བསྐུར་བས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་མི་ཟད་པའི་གཏེར་ལ་དབང་འབྱོར་པས་ཕུན་སུམ་ཚོགས་པའི་དངོས་གྲུབ་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་དབང་སོ་སོའི་མཐར་བཀྲ་ཤིས་ཀྱི་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག་གོ། །དེ་ལྟར་ཁྱོད་ཀྱིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་དབང་བསྐུར་བ་ལེགས་པར་ཐོབ་པས་རིག་པ་འཛིན་པའི་གོ་འཕང་ལ་མངའ་དབང་འབྱོར་བའི་ཕྱིར་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་དགོས་པས་དམ་ཚིག་གི་གནས་རྣམས་ལ་ནན་ཏན་དུ་སྒྲུབ་པར་གྱིས་ཤིག །ཅེས་གདམས། སློབ་མས་དམ་ཚིག་སྲུང་སེམས་ཀྱི་འདུན་པ་དྲག་པོས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་གྱིས་ཁས་བླང་། གཏང་རག་གི་མཎྜལ་དང་། ལུས་ལོངས་སྤྱོད་ཐམས་ཅད་འབུལ་བའི་བསམ་པས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཞེས་གསོལ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་ཞིང་། ཚོགས་ལ་རོལ་པ་དང་ལྷག་གཏོར་སོགས་རྗེས་ཆོག་རྣམས་ལས་གཞུང་བཞིན་ཤེས་པར་བྱའོ། །པདྨའི་མན་ངག་ཉིང་ཁུ་ཕུར་བུ་ཡི། །དབང་ཆོག་འཇུག་བདེར་སྤེལ་ལས་ཟབ་ཆོས་འདི། །མི་ནུབ་ཕྱོགས་བཅུར་རྒྱས་པས་འགྲོ་བ་ཀུན། །དཔལ་ཆེན་དཀྱིལ་འཁོར་གཅིག་ཏུ་ཡོངས་གྲུབ་ཤོག །ཅེས་རོག་ལུགས་ཕུར་བུའི་དབང་མཆོག་འདི་ཡང་སྟོད་ལས་སྒྲུབ་ཁོག་གི་ཡན་ལག་ཏུ་ཆོས་འདིའི་རིང་ལུགས་འཆང་བའི་བཤེས་གཉེན་རྣམས་ཀྱི་གསུང་ངོར། དྷརྨ་ཤྲཱིས་ཉིས་བྲིས་ཀྱི་རྩོལ་བ་དོར་ནས་ཤར་མར་སྤེལ་བ་སརྦ་བྷ་བ་བཛྲ་ཀཱི་ལ་སིདྡྷི་རསྟུ།། །།དེ་ལྟར་སྨིན་གླིང་ལོ་ཆེན་རིན་པོ་ཆེ་ཆོས་དཔལ་རྒྱ་མཚོའིི་གསུང་ཉིད་སོར་བཞག་ལ་མཚམས་སྦྱོར་སོགས་དཀྱུས་སུ་བཀོད་ནས་བཀླག་ཆོག་མར་བྱས་པ་འདི་ཡང་ཆོས་སྨྲ་བའི་བཙུན་པ་གཞན་ཕན་མཐའ་ཡས་པས་སྔ་འགྱུར་བཀའ་མའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་སྐབས་སུ་རང་གཞུང་དང་བསྟུན་ནས་ཞུས་ཤིང་དག་པར་བྱས་ཏེ་གཏན་ལ་ཕབ་པའོ།། །


previousརོག་ཕུར་གྱི་དབང་ཆོག་བདེ་ཆེན་མཆོག་སྟེར། དྷརྨཱ་ཤྲཱི།no next