Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས། འགྱུར་མེད་རྡོ་རྗེ།next

དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས། འགྱུར་མེད་རྡོ་རྗེ།

དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། དཔའ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས་ཞེས་བྱ་བ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ལ་གུས་པས་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེ་སེམས། །ཀུན་ཁྱབ་ཡེ་ཤེས་སྒྱུ་འཕྱུལ་དྲྭ་བའི་གར། །བཞི་བཅུ་རྩ་གཉིས་དཀྱིལ་འཁོར་འཁོར་ལོ་ཆེར། །མངོན་པར་སྣང་མཛད་བླ་མའི་ཞབས་ལ་འདུད། །དཔལ་ལྡན་རྒྱལ་བ་ཀུན་གྱི་དཀྱིལ་འཁོར་གཙོ། །མི་ཕྱེད་རྡོ་རྗེ་བཞི་དངོས་ཕྱག་རྒྱ་ཆེས། །འཁོར་འདས་རྒྱས་འདེབས་རྣམ་དག་རྣལ་འབྱོར་ལམ། །མངོན་པར་གསལ་བར་བྱེད་པ་འདི་ཁོ་ན། །གང་ཞིག་བསྟེན་ན་མཆོག་དང་ཐུན་མོང་གི། །དངོས་གྲུབ་སྐད་ཅིག་ཉིད་ལ་འབད་མེད་དུ། །འགྲུབ་འགྱུར་འདི་ལ་ངོ་མཚར་ཆེར་སྐྱེས་ནས། །བདག་ཀྱང་ཚུལ་འདི་བརྗོད་ལ་སྤྲོ་བར་གྱུར། །འདི་ལ་གསུམ་སྟེ། སྒྱུབ་པ་པོ་གང་ཟག །སྒྲུབ་པ་ལམ་རིམ། གྲུབ་པ་འབྲས་བུའོ། །དང་པོ་ནི། དཀྱིལ་འཁོར་འདིར་དབང་གིས་སྨིན་ཅིང་། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པ། རང་དང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་པ་ལ་རྩེ་གཅིག་པའི་བསམ་པ་དང་ལྡན་པའོ། །གཉིས་པ་ལམ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། སྔོན་འགྲོ་ལ་བདུན་གྱི། དང་པོ་བྱ་བའི་སྔོན་འགྲོ་ནི། དབེན་ཞིང་བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ། དམ་ཚིག་གི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། གྲལ་ཕྱག་དང་། ཚུལ་ཕྱག་སྔོན་དུ་འགྲོ་བས། འཇམ་པའི་སྟན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་སྟེ་རོལ་མོ་བྱིན་དབབ་པ་རྣམས་བྱ་བའོ། །གཉིས་པ་རྒྱུད་སྦྱང་བ་ནི། རང་གི་སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ས་སད་པར་བྱས་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དེ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་ལ་སོགས་པར་བརྗོད་ལ། ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ། ཀ་དག་གཉིས་སུ་མེད་པའི་ཀློང་དུ་རང་བབས་སུ་མཉམ་པར་བཞག་གོ། །གསུམ་པ་མཚམས་བཅད་པ་ལ། མཚན་མེད་དང་མཚན་བཅས་གཉིས་ལས། དང་པོ་ནི། ཧཱུཾ་ཞེས་བརྗོད་པས་འདི་ལྟར་གཟུང་བ་དང་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག །གཉིས་པ་ལ། བདེ་གཤེགས་རིགས་ལྔའི་མཚམས་གཅོད་རེ་རེར་ཡང་ཕྱག་རྒྱ་བཞི་ལས། སྐུ་ཕྱག་ཆེན་ནི། སྟོང་ཉིད་དེའི་ངང་ལས། ཧཱུཾ་བཛྲ་དྷྲིཀ྄ །ཅེས་བརྗོད་པས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་བསྒོམ་པའོ། །བཅའ་བ་དམ་རྒྱ་ནི། རྡོ་རྗེ་གསོར་བའི་ཕྱག་རྒྱ་བཅའ་བའོ། །བརྗོད་པ་ཆོས་རྒྱ་ནི། ཧཱུཾ། ལུས་ངག་ཡིད་གསུམ་རྡོ་རྗེ་ནི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །རྡོ་རྗེ་སེམས་དཔའ་དཔའ་བོ་ཡིན། །རྡོ་རྗེ་སེམས་དཔར་ང་གནས་པས། །ཡེ་ཤེས་རྡོ་རྗེ་གསོར་ཞིང་སྤྲོ། །ཧཱུཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཕཊ། ཅེས་བརྗོད། བསམ་པ་ལས་རྒྱ་ནི། རྡོ་རྗེའི་ཕྱག་རྒྱ་ལས་རྡོ་རྗེ་ཕྲ་མོ་གྲངས་མེད་པ་སྤྲོས་ཏེ། བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་མེའི་ར་བ་དང་བཅས་པས་ཡོངས་སུ་བསྐོར་བས་ཅིས་ཀྱང་མི་ཤིགས་པར་བསམ་ཞིང་། ཨེ་མ་འོ་རྡོ་རྗེ་ཆེ་མཆོག་གིས། །ཉིད་ཀྱི་མཚན་དུ་གསོལ་བ་ནི། །ཅིས་ཀྱང་མི་ཕྱེད་མི་ཤིགས་ལ། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན་མཆོག་ཏུ་གྱུར་པའོ། །ཚུལ་དེ་ལྟ་བུས་རིམ་པ་བཞིན། ༀ་ཛིན་ཛིཀ྄ །རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི༴ འཁོར་ལོ་བསྐོར་ཚུལ་བྱ་ཞིང་། ༀ། ལུས་ངག་ཡིད་གསུམ་འཁོར་ལོ་ནི། །སོགས་སྔར་བཞིན་ལས། རྣམ་པར་སྣང་མཛད་དཔའ་བོ་ཡིན། །རྣམ་པར་སྣང་མཛད་ང་གནས་པས། །ཡེ་ཤེས་འཁོར་ལོ་བསྐོར་ཞིང་སྤྲོ། །ༀ་ཙཀྲ་ཛྭ་ལཱ༴ འཁོར་ལོའི་ཕྱག་རྒྱ་ལས་འཁོར་ལོ་ཕྲ་མོ་གྲངས་མེད་པ་སྤྲོ་བསྡུས་འཁོར་ལོའི་གུར་ཁང་གིས་བཅིངས་ལ། ཨེ་མའོ་འཁོར་ལོ་ཆེ་མཆོག་གིས། །ཞེས་སོགས་སོ། །སྭཱཾ་རཏྣ་དྷྲིཀ྄ །རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའི༴ རིན་ཆེན་འདེབས་ཚུལ་བྱ་ཞིང་། སྭཱཾ། ལུས་ངག་ཡིད་གསུམ་རིན་ཆེན་སོགས། །རིན་ཆེན་འབྱུང་ལྡན་དཔའ་བོ༴ རིན་ཆེན་སེམས་དཔར་ང་༴ ཡེ་ཤེས་རིན་ཆེན་འདེབས༴ སྭཱཾ་རཏྣ་ཛྭ་ལཱ༴ རིན་པོ་ཆེའི་ཕྱག་རྒྱ་ལས་རིན་པོ་ཆེ་སྤྲོ་བསྡུས་རིན་པོ་ཆེའི་གུར་ཁང་གིས་བཅིངས་ལ། ཨེ་མ་འོ་རིན་ཆེན་ཆེ་མཆོག་སོགས། ཨཱཾ་ཨཱ་རོ་ལིཀ྄ །སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི༴ པདྨ་འདེབས་ཚུལ་བྱ་ཞིང་། ཨཱཾ། ལུས་ངག་ཡིད་གསུམ་པདྨ་སོགས། སྣང་བ་མཐའ་ཡས་དཔའ་བོ༴ པདྨ་སེམས་དཔར་ང་༴ ཡེ་ཤེས་པདྨ་འདེབས༴ ཨཱཾ་པདྨ་ཛྭ་ལཱ༴ པདྨའི་ཕྱག་རྒྱ་ལས་པདྨ་སྤྲོ་བསྡུས་པདྨའི་གུར་ཁང་གིས་བཅིངས་ལ། ཨེ་མའོ་པདྨ་ཆེ་མཆོག་སོགས། ཧཱཾ་པྲཛྙཱ་དྷྲིཀ྄ །དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པའི༴ རལ་གྲི་འདེབས་ཚུལ་བྱ་ཞིང་། ཧཱཾ། ལུས་ངག་ཡིད་གསུམ་རལ་གྲི་སོགས། ལས་ཀྱི་སེམས་དཔའ་དཔའ༴ ལས་ཀྱི་སེམས་དཔར་ང་༴ ཡེ་ཤེས་རལ་གྲི་འདེབས༴ ཧཱཾ་ཁདྒ་ཛྭ་ལཱ༴ རལ་གྲིའི་ཕྱག་རྒྱ་ལས་རལ་གྲི་སྤྲོ་བསྡུས་རལ་གྲིའི་གུར་ཁང་གི་བཅིངས་ལ། ཨེ་མའོ་རལ་གྲི་ཆེ་མཆོག་གིས་སོགས། དེ་ལྟར་ཕྱག་རྒྱ་རྣམ་པ་ལྔའི་གུར་ཁང་ཡེ་ཤེས་ཀྱི་མེ་ཁ་དོག་ལྔར་འབར་ཞིང་འཕྲོ་བ་དང་བཅས་པས་ཕྱོགས་ཐམས་ཅད་ཡོངས་སུ་ཁྱབ་ཅ ིང་ཅིས་ཀྱང་མི་ཤིགས་པར་བསམ་མོ། །བཞི་པ་བཤགས་པ་བྱ་བ་ནི། བཛྲ་ས་མཱ་ཛཿ ས་བླ་མ་རིག་འཛིན་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་དུ་སད་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོག་གི་བྱང་ཆུབ་ཚེ་འདི་ཉིད་ཀྱིས་མངོན་དུ་བྱ་སྙམ་པའི་དྲན་པས། ཚེ་རབས་ཐོག་མེད་ནས་བསགས་པའི་མི་དགེ་བའི་ལས་རྣམས་ལ་གནོང་ཞིང་འགྱོད། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད། སྔར་བྱས་ཀྱི་གཉེན་པོར་རྣམ་འབྱོར་གྱི་རིམ་པ་ལ་འཇུག་པར་བགྱིའོ་སྙམ་པའི་སེམས་བརྟན་པོས། ཧཱུཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་བཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུ ན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུཾ། ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་འགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀས་པ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མ་འཛེམས་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི། །ཉམས་གྲིབ་སྐྱོན་གྱིས་སྒོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པར་མཆིས་ན་རབ་ནོངས་བཟོད་པར་གསོལ། །ཞེས་བརྗོད་པས་སྡིག་སྒྲིབ་ཐམས་ཅད་བྱང་བར་མོས་ནས་མཉམ་པ་ཉིད་ཀྱི་དོན་ལ་བློ་བཞག་གོ། །ལྔ་པ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་བཅིངས་ཏེ། ལྷག་པའི་བསམ་པ་བརྟན་པོས། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡིས། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤོང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིགས་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུལ་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་བར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱིས་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆིས་ན། །དམ་པ་རྣམས་ཀྱིས་ནུས་མཐུ་སྩལ་དུ་གསོལ། །དྲུག་པ་བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བྱས་ལ། ༀ་ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབས། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི༴ བྱིན་གྱིས་རློབ་པའི༴ དབང་མཆོག་བསྐུར་བའི༴ དངོས་གྲུབ་སྩོལ་བའི༴ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར༴ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཞིང་། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་གིས་བསྡུས་པས། ནམ་མཁའ་གང་བའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབས་པར་བསམ་མོ། །བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཕྱི་མཆོད་རྣམས། ༀ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུཾ་ཕཊ་ཀྱི་བསང་། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་རང་ཉིད་རྡོར་སེམས་སུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས། ཨ་དྷཱུ་པུ་ཨཱ་གན་རྣམས་འཕྲོས། །སྥ་ར་ཎ་ཕཊ། ནམ་མཁའི་ཁམས་ཐམས་ཅད་ཁྱབ། སཾ་ཧ་ར་ཎ་ཧཱུཾ། འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་ནས་མཆོད་རྫས་རྣམས་ལ་ཐིམ་པར་གྱུར། ནམཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་ཤྲི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། བདེ་མཆོག་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་པ་ལས། རྡོ་རྗེ་ཞབས་བསིལ་མ་ལ་སོགས་པ། མཆོད་པའི་ལྷ་མི་ཁྲུས་གཞོང་དང་སྤོས་ཁང་མནྡཱ་རའི་མེ་ཏོག་ལ་སོགས་པ་ཐོགས་པས་ནམ་མཁའ་གང་བ་རྣམས་སུ་གྱུར་པར་བསམ་པས་བྱིན་གྱིས་བརླབས། དེ་ནས་བདུད་རྩི་བསང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་བྷྲཱུཾ་ཆད། བྷྲཱུཾ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། བདུད་རྩིའི་སྣོད་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར། མི་ཤ་དང་བྱང་སེམས་དཀར་པོ། ཤར་དུ་བ་ལང་གི་ཤ་དང་དྲི་ཆེན། ལྷོར་ཁྱི་ཤ་དང་ཤ་ཆེན། ནུབ་ཏུ་རྟ་ཤ་དང་རཀྟ། བྱང་དུ་གླང་པོ་ཆེའི་ཤ་དང་དྲི་ཆུ་རྣམས་ཀྱི་སྟེང་དུ། རིམ་པ་བཞིན། ཧཱུཾ་མཱུཾ་ༀ་ལཱཾ་སྭཱ་མཱཾ་ཨཱཾ་པཱཾ་ཧཱ་ཏཱཾ་རྣམས་ཀྱིས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འཁོར་ལོ་རིན་པོ་ཆེ་པདྨ་རལ་གྲི་སོ་སོའི་རིགས་ཀྱི་དྲིལ་བུ་རྣམས་སུ་གྱུར། ཧཱུཾ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི། དབུས་སུ་མི་བསྐྱོད་པ་ཡབ་ཡུམ་མཐིང་ག །ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཤར་དུ་རྣམ་སྣང་ཡབ་ཡུམ་དཀར་པོ། སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ལྷོར་རིན་འབྱུང་ཡབ་ཡུམ་སེར་པོ། །ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར་པོ། ཧཱཾ་པྲ་ཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་གུ་རྣམས་སུ་གྱུར། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུྃ་བྃ་ཧོཿ བོ་དྷི་ཙིཏྟ། སྥ་ར༴ སཾ་ཧ༴ རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་ༀ་གྱིས་མཚན་པའི་ཁ་གཅོད་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། ༀ་པདྨཱནྟ་ཀྲྀ་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུཾ་ཕཊ། རྟ་མགྲིན་དམར་པོ་པདྨ་དང་རྡོ་རྗེ་རྒྱ་གྲམ་འཛིན་པ་ལྟེ་བ་ཡན་ཆད་ཐོན་པ། རྭ་བཞི་ལ། ཤར་དུ་མི་ཕམ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོར་ཁྲོ་གཉེར་མ་སེར་མོ་ཞགས་པ༴ ནུབ་ཏུ་རོ་ལངས་མ་དམར་མོ་ལྕགས་སྒྲོག༴ བྱང་དུ་རལ་གཅིག་མ་ལྗང་གུ་དྲིལ་བུ་འཛིན་པ༴ ༀ་གྱི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། གཡོན་པའི་མཐེབ་སྲིན་གྱི་རྡོ་རྗེས་བདུད་རྩི་ལ་རེག་སྟེ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླས་ཤིང་། མཐར་གཡོན་བསྐོར་དུ་དཀྲུགས་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། ཡུམ་བཞི་བདུད་རྩི་ལ་ཐིམ་པར་བསམ་མོ། །གཏོར་མ་བྱིན་བརླབ་ནི། བསང་སྦྱངས། སྟོང་པ་ཉིད་ཀྱི་ངང་ལས། བྷྲཱུཾ་པདྨ་བ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲཱུྃ། གཏོར་གཞོང་པད་མའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ལ་ཨོཾ་གྱིས་མཚན་པར་གྱུར། སྥ་ར༴ སཾ་ཧ། ༀ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བཱ་དྱ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་བདུན་བརྗོད་པས། གཟུགས་རྡོ་རྗེ་མ་སོགས་ལྷ་མོ་ནམ་མཁའ་གང་བས་འདོད་ཡོན་དཔག་ཏུ་མེད་པར་སྤྲོ་བའི་བདག་ཉིད་དུ་གྱུར་བར་བསམ། རཀྟ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་བྷཉྫ་ཀ་པཱ་ལ་བྷྲཱུྃ། དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རཀྟ་ལ་ར་ཡིག་དམར་པོས་མཚན་པར་གྱུར། སྥ༴ སཾ༴ ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུག་པས་ནམ་མཁའ་གང་བར་བསམ་མོ། །གཉིས་པ་དངོས་གཞི་ལ། ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་རིམ་པ་དངོས་གཉིས། དང་པོ་ལ། ཀུན་རྫོབ་དང་། དོན་དམ་གཉིས་ལས། ཀུན་རྫོོབ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དོན་དམ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན༴ འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ༴ རྫོགས་པའི༴ གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་འོ༴ རྫོགས་པའི༴ དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ༴ རྫོགས་པའི༴ འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ། ཏིང་འཛིན་གསུམ་གྱི་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་དང་གསུམ། དང་པོ་ལའང་གསུམ་ལས། དེ་བཞིན་ཉིད་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་དུ་བསྒོམ་པའོ། །ཀུན་སྣང་ནི། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པའོ། །རྒྱུའི་ཏིང་ངེ་འཛིན་ནི། དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཞེས་པས་རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་དཀར་པོའི་རྣམ་པར་བསྒོམ་པའོ། །དེ་ཉིད་བརྟན་པའི་ཡན་ལག་ཏུ་སྤྲོ་བསྡུ་བྱ་བ་ནི། ཨ་སྥ་ར་ཎ་ཕཊ། ཨ་ཡིག་ལས་ཨ་གྲངས་མེད་པ་ནམ་མཁའ་གང་བར་འཕྲོས། སཾ་ཧ་ར་ཎ་ཧཱུཾ། མཁའ་ཁྱབ་ཀྱི་ཨ་རྣམས་གཞིའི་ཨ་ལ་ཐིམ་པར་གྱུར། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་པའི་དོན་དྲན་པར་བྱའོ། །གཉིས་པ་ལ་རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པ་གཉིས་ཀྱི། དང་པོ་ལ་གསུམ་ལས། དང་པོ་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པ་ནི། སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་རྣམས་ཆད། སྥ༴ སཾ༴ འཕྲོས་འདུས་འོད་དུ་ཞུ་བ་ལས་རིམ་པ་བཞིན། ཨེ་ཨཱ་ཀ་ཤ་མཎྜ་ལ། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ཝཱ་ཡུ་མཎྜ་ལ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བའི་བ་དན་གྱིས་མཚན་པ། ཝཾ་ས་མུ་དྲ་མཎྜ་ལ། ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་པྲྀ་ཐི་ཝི་མཎྜ་ལ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། སུཾ་གརྦྷེ་མཎྜ་ལ། སུཾ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རི་རབ་ཟུར་བཞི་པ། རཾ་ཛྭ་ལ་མཎྜ་ལ། རཾ་ལས་མེའི་ཁོར་ཡུག་ནམ་མཁའི་མཐའ་ཀླས་པར་འབར་བའོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། རི་རབ་ཀྱི་སྟེང་དུ་རྒྱུའི་ཨ་ལས་བྷྲཱུྃ་ཆད། སྥ༴ སཾ༴ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཌྜ་ལ་བྷྲཱུྃ། བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རིན་པོ་ཆེའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་པས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་ན་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲ་བ་ཕྱེད་པ། དར་དང་རྔ་ཡབ། དྲིལ་བུ་དང་མེ་ལོང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། བ་དན་བརྒྱད་བརྒྱད་དང་། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོ་བསྐོར་བ་ལ་གཟུགས་རྡོ་རྗེ་མ་སོགས་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་བརྒྱན་པ། སྒོ་ལོགས་ཀྱི་ཕྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས། རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། །སྣམ་འཕྱོང་གཞི་ལས་ཟ་ར་ཚགས། །རིན་ཆེན་སྒྲིལ་འཕྱང་ཤར་བུ་ཁྱུང་། །ཞེས་པའི་རིམ་པ་ཅན་གྱི་སྣམ་བུ་བརྒྱད་པ་བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གདུགས་དང་། རྒྱལ་མཚན་བ་དན་སྣ་ཚོགས་པ་དང་། གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་འཁྲོལ་བབས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང་། གཞན་ཡང་རིན་པོ་ཆེ་སྣ་བདུད་དང་། བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་བའོ། །གཞལ་ཡས་ཁང་གི་ནང་བར་ཁྱམས་གྲུ་བཞི་པས་ཀུན་ནས་བསྐོར་ཞིང་། གྲུ་ཆད་བཞི་གློ་འབུར་གྱིས་མཛེས་པའི་ནང་དུ། རྡོ་རྗེའི་ཕྲེང་བས་བསྐོར་བའི་འཁོར་ལོ་རྩིབས་བཞི་པ་ལྟེ་བ་དང་བཅས་པ་རྣམས་རིམ་པ་བཞིན་ཁྱད་པར་དུ་གྱུར་པས་སྤགས་པ། རྡོ་རྗེའི་ཟླུམ་བསྐོར་ལ་བརྟེན་པའི་ཀ་བ་རིགས་ཀྱི་མཚན་མ་ཅན་གཉིས་གཉིས་ཀྱི་ཕྱོགས་རེ་རེ་ནས་བཏེགས་པའི་སྟེང་རྡོ་རྗེའི་གདུང་གིས་མིག་མང་རིས་སུ་བྲེས་ཤིང་མཛེས་པར་ཕུབ་པའི་དབུས་ཕྱུར་བུ་སངས་རྒྱས་ཀྱི་གཙུག་ཏོར་ལྟར་ཀུན་ནས་ཟླུམ་པོར་འཁྱིལ་བའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་སྟོང་འོད་ཟེར་མཐའ་ཡས་པར་སྤྲོ་བས་མཛེས་པ། ནང་གི་སྟེང་དང་འོག་གི་གཞི་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ། ལྷ་དང་མི་ལས་ཁྱད་པར་དུ་གྱུར་པའི་ངོ་མཚར་དུ་མས་འཕགས་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པ་དྭངས་ཤིང་སྒྲིབ་པ་མེད་པར་ཀུན་ཏུ་གསལ་བ་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོའི་ལྟེ་བ་ལ་རྫོགས་པར་བསམ་ཞིང་། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་གསལ་གདབ་བོ། །གསུམ་པ་གདན་བསྐྱེད་པ་ནི། གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བ་དང་རྩིབས་བཞི་ལ་རིམ་པ་བཞིན། དབུས་སུ་སེང་གེ། ཤར་དུ་གླང་པོ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ། པཾ་པདྨ་མཎྜ་ལ། མ་སཱུ་རྱ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། སྣ་ཚོགས་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་དང་། ཟླ་བ་གང་བ་སྟེ་གདན་ལྔ་བརྩེགས། འཁོར་ལོའི་གོང་རས་དང་། གྲུ་ཆད་ཀྱི་གྲྭ་བཞིར། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པདྨ་དང་ཉི་ཟླའི་གདན་སུམ་བརྩེགས། ཁྱམས་ཀྱི་ཤར་ནུབ་གཉིས་སུ་རིན་པོ་ཆེའི་ཁྲིར། པཾ་པདྨ་མཎྜ་ལ། མ་སཱུ་རྻམཎྜ་ལ། ཨ་ཙནྡྲ་མཎྜ་ལ། པད་ཉི་ཟླ་བའི་གདན་བཞི་བརྩེགས། ལྷོ་བྱང་དང་མཚམས་བཞིར། པཾ་པདྨ་མཎྜ་ལ། སྣ་ཚོགས་པདྨའི་གདན་རེ་རེ། སྒོ་བཞིར། མ་སཱུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར་རེ་རེ་རྣམས་གསལ་བར་བསམ་ལ། སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའི་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པ་བཞིན་ནོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གསུམ་སྟེ། ལྷ་བསྐྱེད་པ་དངོས་དང་། གསལ་གདབ་པ། དབང་བསྐུར་བྱིན་རླབས་བྱ་བའོ། །དང་པོ་ནི། གཞིའི་ཨ་ཡིག་ལས་ཡི་གེ་བཞི་བཅུ་རྩ་གཉིས་ཐོན་ཏེ། སོ་སོའི་གདན་སྟེང་དུ་འཁོད་པ་ནི། དབུས་སུ་ཋ་ཐ། རྩིབས་བཞིའི་ཤར་དུ་ཊ་ཏ། ལྷོར་ཌ་ད། ནུབ་ཏུ་ཌྷ་དྷ། བྱང་དུ་ཎ་ན། རྩིབས་མཆན་གྱི་ཤར་ལྷོའི་གདན་ལ་ཀ་ཙ། ལྷོ་ནུབ་ཏུ་ཁ་ཚ། ནུབ་བྱང་དུ་ག་ཛ། བྱང་ཤར་དུ་གྷ་ཛྷ། གྲུ་ཆད་ཀྱི་ཤར་ལྷོའི་གདན་ལ་པ་ཡ། ལྷོ་ནུབ་ཏུ་ཕ་ཝ། ནུབ་བྱང་དུ་བ་ར། བྱང་ཤར་དུ་བྷ་ལ། ཁྱམས་ཀྱི་ཤར་དུ་ཀྵ། ནུབ་ཏུ་ཨ། ཤར་ལྷོར་ཨི། བྱང་དུ་ཨཱི། ལྷོར་ཨུ། ནུབ་བྱང་དུ་ཨཱུ། ལྷོ་ནུབ་ཏུ་ཨེ། བྱང་ཤར་དུ་ཨཻ། སྒོ་བཞིའི་ཤར་སྒོར་ང་ཤ །ལྷོ་སྒོར་ཉ་ཥ། ནུབ་སྒོར་མ་ས། བྱང་སྒོར་ཨོ་ཨ་ཧ་རྣམས་རང་རང་གི་ལྷའི་ཁ་དོག་དང་མཐུན་པར་སོ་སོའི་གདན་ལ་འཁོད་པའི་མཐར། ཨ་ཞེས་བརྗོད་པས་གཞིའི་ཨ་དེ་འོད་དུ་ཞུ་ནས་ཡིག་འབྲུ་རྣམས་ལ་ཁྱབ་པར་ཐིམ་པས་ཤིན་ཏུ་གསལ་ཞིང་འབར་བར་བསམ་ལ། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཨ་སྥ་ར་ཎ་ཕཊ། ཅེས་བརྗོད་པས། ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས། །སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ་ར་ཎ་ཧཱུཾ། སླར་འདུས་ནས་ཡིག་འབྲུ་རྣམས་ལ་ཐིམ་པ་འོད་དུ་ཞུ་བ་ལས། བཛྲ་ཙཀྲ་རཏྣ་པདྨ་ཁདྒ་གྷཎྜ། ཞེས་བརྗོད་པས། དབུས་སུ་རྡོ་རྗེ་དང་དྲིལ་བུ། རྩིབས་བཞིའི་ཤར་དུ་འཁོར་ལོ་དང་དྲིལ་བུ། །ལྷོར་རིན་པོ་ཆེ་དང་དྲིལ་བུ། །ནུབ་ཏུ་པདྨ་དང་དྲིལ་བུ། །བྱང་དུ་རལ་གྲི་དང་དྲིལ་བུ། །རྩིབས་མཆན་གྱི་ཤར་ལྷོར་རིན་པོ་ཆེའི་མྱུ་གུ་དང་མེ་ལོང་། ལྷོ་ནུབ་ཏུ་རལ་གྲི་དང་ཕྲེང་བ། ནུབ་བྱང་དུ་པདྨ་དང་པི་ཝཾ། བྱང་ཤར་དུ་རྡོ་རྗེ་དང་རྔ་ཡབ། གྲུ་ཆད་བཞིའི་ཤར་ལྷོར་ཀླུ་ཤིང་དང་སྤོས་ཁང་། ལྷོ་ནུབ་ཏུ་པུསྟི་དང་མེ་ཏོག །ནུབ་བྱང་དུ་རིན་པོ་ཆེའི་སྙེ་མ་དང་མར་མེ། བྱང་ཤར་དུ་ཨུཏྤལ་དང་དྲི་ཆབ། ཁྱབས་ཀྱི་ཤར་དུ་རྡོ་རྗེ། ནུབ་ཏུ་དྲིལ་བུ། ཤར་ལྷོར་པི་ཝཾ། བྱང་དུ་གོ་མཚོན། ལྷོར་གསེག་པར། ནུབ་བྱང་དུ་པུ་སྟི། ལྷོ་ནུབ་ཏུ་སྒྲོམ་བུ། བྱང་ཤར་དུ་མེ་ཆུ། ཤར་སྒོར་ནྲྀ་མགོ་གདེངས་པ་དང་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་རྩེ་ལྔ་དང་ཞགས་པ། ནུབ་སྒོར་ཐོད་པ་སྤྲུལ་གྱིས་དཀྲིས་པ་དང་ལྕགས་སྒྲོག །བྱང་དུ་རྡོ་རྗེ་རྒྱ་གྲམ་དང་དྲིལ་བུ་སྟེ་ཕྱག་མཚན་བཞི་བཅུ་རྩ་གཉིས་སུ་གྱུར། སྥ༴ དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ༴ སླར་འདུས་ནས་ཕྱག་མཚན་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཧཱུྃ་བཛྲ་དྷྲིཀ྄ །རང་ཉིད་དཀྱིལ་འཁོར་གྱི་དབུས་སུ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་དང་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དང་པོ་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་འཁོར་ལོ་དང་རིན་པོ་ཆེ། ཐ་མ་གཉིས་ཀྱིས་པདྨ་དང་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །མཱུཾ་དྷཱ་ཏྭེ་ཤྭ་རཱི། དེའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་ཕྱག་གཡས་དྲིལ་བུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་རྡོ་རྗེ་ཐུགས་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན། ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ། ཞི་བའི་ཉམས་དགུས་རྒྱས་པ། འོད་ཟེར་ཁ་དོག་དྲུག་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །ༀ་ཛི་ན་ཛིཀ྄ །ཤར་གྱི་རྩིབས་ལ་རྣམ་སྣང་དཀར་པོ། དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་། བར་པས་རྡོ་རྗེ་དང་རིན་ཆེན། ཐ་མས་པདྨ་དང་རལ་གྲི་འཛིན་པ། ལཱཾ་དྭེ་ཥ་ར་ཏི། ཡུམ་སྤྱན་མ་དཀར་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་འཁོར་ལོ་འཛིན་པ། སྭཱཾ་རཏྣ་དྷྲི་ཀ྄ །ལྷོར་རིན་ཆེན་འབྱུང་ལྡན་སེར་པོ། སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ། བར་པས་འཁོར་ལོ་དང་རྡོ་རྗེ། ཐ་མས་པདྨ་དང་རལ་གྲི་འཛིན་པ། མཱཾ་མོ་ཧ་ར་ཏི། མཱ་མ་ཀཱི་སེར་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རིན་པོ་ཆེ་འཛིན་པ། ཨཱཾ་ཨཱ་རོ་ལིཀ྄ །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་ཀྱིས་པདྨ་དང་དྲིལ་བུ། བར་བས་འཁོར་ལོ་དང་རིན་པོ་ཆེ། ཐ་མས་རྡོ་རྗེ་དང་རལ་གྲི་འཛིན་པ། པཱཾ་རཱ་ག་ར་ཏི། གོས་དཀར་མོ་དམར་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་པདྨ་འཛིན་པ། ཧཱཾ་པྲ་ཛྙཱ་དྷྲིཀ྄ །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ། ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་ཀྱིས་རལ་གྲི་དང་དྲིལ་བུ། བར་པས་འཁོར་ལོ་དང་རིན་པོ་ཆེ། ཐ་མས་པདྨ་དང་རྡོ་རྗེ་འཛིན་པ། ཏཱཾ་བཛྲ་ར་ཏི། དམ་ཚིག་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རལ་གྲི་འཛིན་པ། ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྱུང་གིས་རོལ་པའོ། །ཀྵཱིཾ་ཧི་རཱ་ཛ་ཡ། རྩིབས་མཆན་བཞིའི། ཤར་ལྷོར་ས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། སྒེག་མོ་དཀར་མོ་གཡས་ཡབ་ལ་འཁྱུད་ཅིང་། གཡོན་མེ་ལོང་འཛིན་པ། ཏྲཾ་ཨཱ་གརྦྷ་ཡ། ལྷོ་ནུབ་ཏུ་ནམ་སྙིང་སེར་པོ་གཡས་རལ་གྲི༴ གཡོན་དྲིལ་བུ༴ ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ། ཧྲཱིཾ་ཧཱ་ཧཱུཾ་པདྨ་པྲ་ད་མ། ནུབ་བྱང་དུ་སྤྱན་རས་གཟིགས་དམར་པོ་གཡས་པདྨ་དཀར་པོ༴ གཡོན་དྲིལ་བུ༴ ཧྲཱིཾ་གཱི་ཏི་རཱ་གོ་ཧཾ། གླུ་མ་དམར་མོ་པི་ཝཾ་འཛིན་པ། ཛྲིཾ་ཀུ་རུ་པཱ་ཎ། བྱང་ཤར་དུ་ཕྱག་རྡོར་མཐིང་ག་གཡས་རྡོ་རྗེ༴ གཡོན་དྲིལ་བུ༴ ཨ་ནིརྟི་རཱ་ག་ཡ་མྱེ། གར་མ་ལྗང་གུ་རྔ་ཡབ་འཛིན་པས་གར་རྒྱ་མཛད་པ། མཻ་དྷཱ་ར་ཎ་སྭཱ་ཧཱ། གྲུ་ཆད་བཞིའི། ཤར་ལྷོར་བྱམས་པ་དཀར་སེར་གཡས་ཀླུ་ཤིང་༴ གཡོན་དྲིལ་བུ༴ ཛཿདྷཱུ་པེ་པྲ་བེ་ཤ །བདུག་སྤོས་མ་དཀར་སེར་སྤོས་ཁང་འཛིན་པ། ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ལྷོ་ནུབ་ཏུ་སྒྲིབ་སེལ་དམར་སེར་གཡས་ཆོས་ཀྱི་འཁོར་ལོ༴ གཡོན་དྲིལ་བུ༴ ཧཱུཾ་པུཥྤེ་ཨཱ་བེ་ཤ །མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་འཛིན་པ། ཧཱུྃ་སྭ་རཱ་ཛ་ཡ་སྭཱ་ཧཱ། ནུབ་བྱང་དུ་ཀུན་བཟང་དམར་ལྗང་གཡས་རིན་པོ་ཆེའི་སྙེ་མ༴ གཡོན་དྲིལ་བུ༴ བཾ་དཱི་པ་སུ་གི་རཱི། མར་མེ་མ་དམར་ལྗང་མར་མེ་འཛིན་པ། མཱུཾ་ཤྲཱི་ཨཾ་རཱ་ག་ཡ་སྭཱ་ཧཱ། བྱང་ཤར་དུ་འཇམ་དཔལ་དཀར་ལྗང་གཡས་ཨུཏྤལ༴ གཡོན་དྲིལ་བུ༴ ཧོཿགནྡྷེ་ཙིཏྟ། དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཆོས་འཛིན་པ། སེམས་དཔའ་བརྒྱད་པོ་ཐམས་ཅད་ཀྱང་ཞབས་གཡས་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་ཤིང་། སེམས་མ་རྣམས་གཡོན་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་གྱིས་ཡབ་ལ་འཁྱུད་པའོ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཁྱམས་ཀྱི་ཤར་དུ་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱཿ ནུབ་ཏུ་ཀུན་ཏུ་བཟང་མོ་མཐིང་ག་གཡོན་སྟེང་དུ་བཞག་པའི་མཉམ་གཞག་གི་ཕྱག་རྒྱ་ཅན་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཀུན་བཟང་ཡབ་ཡུམ་རྣམས་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་། ཚུལ་དགུའི་ཉམས་ཀྱིས་རྒྱས་པའོ། །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཁྱམས་ཀྱི་ཤར་ལྷོར་ལྷའི་ཐུབ་པ་དཀར་པོ་པི་ཝཾ་འཛིན་པ། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། བྱང་དུ་ལྷ་མིན་གྱི་ཐུབ་པ་མཐིང་ག་གོ་མཚོན་འཛིན་པ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ལྷོར་མིའི་ཐུབ་པ་སེར་པོ་གསེག་པར་འཛིན་པ། ༀ་མུ་ནེ་བྲཾ་སྭཱ་ཧཱ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་དམར་ནག་པུསྟི་འཛིན་པ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། ༀ་མུ་ནེ་ཡེ་སྭཱ་ཧཱ། བྱང་ཤར་དུ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ། དྲུག་ཀའང་གཙུག་ཏོར་དང་ལྡན་ཞིང་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། འགྲོ་བའི་དོན་ལ་འགྲེང་སྟབས་སུ་གཤེགས་པའི་ཚུལ་ཅན་ནོ། །ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ཤར་སྒོར་གཤིན་རྗེའི་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ་འཛིན་པ། ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱུཾ་པྲ་ཛྙཱནྟ་ཀྲྀ ཏ་ཕཊ། ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་རྩེ་ལྔ་འཛིན་པ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ཞགས་པ་མ་སེར་ནག་ཞགས་པ་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱུཾ་པདྨནྟ་ཀྲྀཏ་ཕཊ། ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱི་དཀྲིས་པ་འཛིན་པ། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། བྱང་སྒོར་བདུད་རྩི་འཁྱིལ་བ་ལྗང་ནག་རྡོ་རྗེ་རྒྱ་གྲམ་འཛིན་པ། ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཁྲོ་བོ་བཞི་ཀའང་གཡོན་སྡིགས་མཛུབ་མཛད་ཅིང་། ཡུམ་རྣམས་གཡོན་པས་དུང་ཁྲག་སྟོབ་པའི་ཚུལ་ཅན་ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་ལ་རྣམ་པར་འགྱུར་བའི་ཞལ་ཅན། གར་གྱི་ཉམས་དགུས་སྒེག་ཅིང་། དུར་ཁྲོད་རོལ་པའི་ཆས་བརྒྱད་ཀྱིས་བརྒྱན་ཏེ། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་གདུག་པ་ཅན་ཚར་གཅོད་པའི་ཚུལ་གྱིས་བཞུགས་པ། དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་མེ་ལོང་ནང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་བ་ལྟར་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་འཁོར་ལོར་བཞུགས་པའོ། །གཉིས་པ་གསལ་གདབ་པ་ནི། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའི་ཚོགས་དང་ལྡན་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ཨུ ཏྤལ་ཀླུ་ཤིང་ལ་སོགས་མཚན། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང། །པི་ཝང་གར་མཁན་མཆོག་ཉིད་དེ། །མེ་ཏོག་ཕྲེང་དང་སྤོས་མཆོད་མ། །མར་མེ་བྱུག་པ་ལ་སོགས་པའི། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟེན། །དབུ་རྣམས་འཕྱོ་ཞིང་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། །ནྲྀ་མགོ་གདེང་དང་རྡོ་རྗེ་གནོན། །ཐོད་སྤྲུལ་ཆེན་པོ་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ སྒོ་བཞིར་གནས་པ་དེ་དག་ཀྱང་། །འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཏུ་བསྟན། །གསེག་པར་དང་ནི་པི་ཝང་དང་། །གོ་ཆ་པུསྟི་རིན་ཆེན་སྒྲོམ། །མེ་དང་ཆུར་ནི་རབ་ཏུ་བསྟན། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཡུམ་འགྱུར་མཉམ་རྫོགས་པདྨོའི་སྐྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །མཐིང་ཁ་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་པའི། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཁྲིགས་པ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡིས། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པ་གསལ་གདབ་བོ། །གསུམ་པ་ལ། དབང་བསྐུར་བ་དང་། བྱིན་གྱིས་བརླབ་པ་གཉིས་ལས། དང་པོ་ནི། དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྲོག་གི་གོར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་སོ་སོའི་ཕྱག་མཚན་གྱི་ལྟེ་བར་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བས་མཚན་པར་བསམ་ལ། ས་བོན་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲང་པར་བསམ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱ ཏྨ་ཀོ྅་ཧཾ། ཞེས་བསྐུལ་བས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར། ཆུ་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་རང་རིགས་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་མོས་ལ། ཕུང་པོ་ལྔ་དག་པའི་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱ། རིགས་ལྔའི་དབང་རྒྱ་གནས་སོ་སོར་འཇོག་ཅིང་དབང་སྔགས་བརྗོད་པའོ། །དེ་ཡང་རྡོ་རྗེའི་རིགས་མི་བསྐྱོད་པ་ལ་མཚོན་ན། རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་གཉིས་བརྐྱང་བ་སྤྱི་བོར་བཞག་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཕྱག་རྒྱ་དེ་ལས་མཛུབ་མོ་གཉིས་བརྐྱང་བ་དཔྲལ་བར་བཞག་ལ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྲིད་ལག་བརྐྱང་བ་རྣ་ལྟག་གཡས་པར། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེ་བོང་བརྐྱང་བ་ལྟག་པར། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེའུ་ཆུང་བརྐྱང་བ་རྣ་ལྟག་གཡོན་པར། ༀ་མ་ཧཱ་ཀྲྀ ཏྱཱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། གཙོ་བོ་ཡབ་ཡུམ། བྱེད་པོ་ཡབ་ཡུམ། ཐུབ་པ་དྲུག་དང་བཅུ་ལ་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། དེས་མཚོན་ནས། རིགས་གཞན་བཞི་ལའང་རིགས་གང་ཡིན་དེའི་སྔགས་དང་པོར་བརྗོད་ཅིང་། ཕྱག་རྒྱ་སྤྱི་བོའི་དབུས་སུ་འཇོག་ལ། གང་དབུས་སུ་སོང་བའི་སྔགས་རྒྱ་དང་རིགས་བདག་གི་ཤུལ་དུ་མི་བསྐྱོད་པ་འཇོག་པ་ལས། རྣམ་སྣང་གི་དབང་རྒྱ་དང་ཨཱ་དཪྴ་དང་པོར་བརྗོད་པའི་སྔགས་ཚན་ལྔས། རྣམ་སྣང་། ས་སྙིང་། བྱམས་པ། གཤིན་རྗེ་གཤེད་རྣམས་ཡུམ་དང་བཅས་པ་ལ་རྣམ་སྣང་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས༴ ས་མ་ཏཱ་དང་པོར་བརྗོད་པའི་སྔགས་ཚན་ལྔས། རིན་འབྱུང་། ནམ་སྙིང་། སྒྲིབ་སེལ། སྟོབས་པོ་ཆེ་རྣམས་ཡུམ་དང་བཅས་པ་ལ་རིན་འབྱུང་བདག་པོར་གྱུར་པའི༴ པྲ་ཏྱ་དང་པོར་བརྗོད་པའི་སྔགས་ཚན་ལྔས། སྣང་མཐའ། སྤྱན་རས་གཟིགས། ཀུན་བཟང་། རྟ་མགྲིན་རྣམས་ཡུམ་དང་བཅས་པ་ལ་སྣང་མཐའ་བདག་པོར་གྱུར་པའི༴ ཀྲྀ་ཏྱཱ་དང་པོར་བརྗོད་པའི་སྔགས་ཚན་ལྔས། དོན་གྲུབ། ཕྱག་རྡོར། འཇམ་དཔལ། བདུད་རྩི་འཁྱིལ་བ་རྣམས་ཡུམ་དང་བཅས་པ་ལ་དོན་གྲུབ་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་བསམ་མོ། །གཉིས་པ་ནི། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། །དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱའོ། །ༀ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ༀ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པར་བསམ་ཞིང་། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་པདྨ་ལ་གནས་པའི་ཨཱཾ་དམར་པོ། དེའི་འོད་ཟེར་གྱིས༴ གསུང་རྡོ་རྗེའི་ལྷ༴ ཨཱཾ་ལ་ཐིམ། དེ་བཞིན་གཤེག་པ་ཐམས་ཅད་ཀྱི་གསུང་དང་༴ ཨཱཾ་ཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ༴ རྡོ་རྗེ་ཕྱག་རྒྱ་མགྲིན་པར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེའི་འོད་ཟེར་༴ ཐུགས་རྡོ་རྗེའི༴ ཧཱུཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས༴ ཧཱུཾ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ༴ རྡོ་རྗེའི་ཕྱག་རྒྱ་སྙིང་གར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ་དྲུག་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ། མཆོད་པ་འབུལ་བ། བཤགས་པ་བྱ་བ། དངོས་གྲུབ་གསོལ་བ། དམ་བཅའ་བ། འཛབ་བཟླ་བའོ། །དང་པོ་ལ་བཞི་སྟེ། སྙན་གསན་དབབ་པ། སྤྱན་དྲང་བ་དངོས། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་ཏེ་བསྟིམ་པའོ། །དང་པོ་ནི། གཙོ་བོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དྭངས་མའི་སྲོག་ཧཱུཾ་མཐིང་ག་ཡེ་ཤེས་ལྔའི་རང་བཞིན་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བས། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས། གཟུགས་སྐུ་བཞི་བཅུ་རྩ་གཉིས་སྒྱུ་འཕྲུལ་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པ་ཅན་དུ་སད་པར་བསམ་ལ། མཐེའུ་ཆུང་གཉིས་སྦྲེལ་ཏེ་རྩེ་སྤྲད་པ་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས། ཧཱུཾ། སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་མཛད་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་ཁྱོད་བདག་སྐལ་བཟང་དཔལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྙན་གསན་ཕབ་ལ། གཉིས་པ་ནི། ༀ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉ་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །དམ་ཚིག་པའི་ཐུགས་ཀ་ནས་འཕྲོས་པའི་ཛཿཧཱུཾ་བཾ་ཧོཿས་དགུག་བཅིང་བསྡམས་ལ་དགྱེས་པ་བསྐྱེད་ནས། དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱར་དུ་བཞུགས་པར་བསམ་མོ། །གསུམ་པ་ནི། ༀ་བཛྲ་ས་མ་ཡ་ༀ། ཨཱཾ་བཛྲ་ས་མ་ཡ་ཨཱཾ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་བརྗོད་པས། རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་དུ་རྟོགས་པར་བྱ་བའོ། །བཞི་པ་ནི། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་བརྗོད་པས་ལྷ་རྣམས་དངོས་གྲུབ་སྩོལ་བ་ལ་ཕྱོགས་པར་གྱུར་པ་དང་། ༀ་བཛྲ་ས་མ་ཡ་ཧཱུྃ། ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་གྱུར་པར་བསམ། ༀ་བཛྲ་ས་མ་ཡ་སྟྭཾ། ནམ་མཁའ་ལྷའི་དཀྱིལ་འཁོར་ཉིད་དུ་གྲུབ་པར་མ་གྱུར་གྱི་བར་བརྟན་པར་བྱས། ༀ་བཛྲ་ས་མ་ཡ་ཧོཿ དེ་ཡང་ཤིན་ཏུ་དབང་དུ་གྱུར་ཏེ་དགྱེས་པ་ཆེན་པོས་རྗེས་སུ་ཆགས་པར་བྱས། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པས་བརྟན་ཅིང་གསལ་བར་བྱས་ནས། རིན་ཆེན་སེང་གེའི་གདན་ལ་ཡང་དག་ངེས་བཞུགས་ཤིང་། །རང་གི་ལྷ་མོ་དག་དང་སྲས་དང་གཡོག་འཁོར་བཅས་པ་རྣམས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །འཇིག་རྟེན་ལྷ་དང་བཅས་པ་རྣམས་ལ་ཕན་ཕྱིར་བཞུགས་སུ་གསོལ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ་ལོ། །གཉིས་པ་ལ། ཕྱག་དང་། མཆོད་པ་གཉིས་ལས། དེ་གཉིས་ཀའི་ཚེ་ཡང་། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས། མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་དེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་དང་མཆོད་པ་སོགས་ལས་ཀྱི་རིམ་པ་ལ་འཇུག་པར་མོས་པའོ། །དེའི་དང་པོ་ཕྱག་འཚལ་བ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིང་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས་ལ༴ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ༴ ངོ་མཚར་ཕོ་བྲག་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་སྲས་བཅས་ཐམས་ཅད་བསྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ༴ རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང་། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ༴ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས༴ བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ༴ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང་། །མཐར་བྱེད་སྒོ་བ་བཞི་ལ༴ རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །ཡེ་ཤེས་སྒོ་མ་བཞི་ལ༴ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ༴ དམིགས་མེད་ཆོས་ཀྱི་སྐུ་ལ༴ ལོངས་སྤྱོད་རྫོགས་པའི་སྐུ་ལ༴ ཅིར་ཡང་སྤྲུལ་པའི་སྐུ་ལ༴ མི་འགྱུར་རྡོ་རྗེ་སྐུ་ལ༴ མངོན་པར་བྱང་ཆུབ་སྐུ་ལ༴ དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ ཞེས་པས་ཕྱག་རྒྱའོ། །གཉིས་པ་མཆོད་པ་ལ་བཅུ་གསུམ་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ། མ་སཱུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར་ལྔ། གུང་མཛུབ་སྲིན་ལག་མཐེ་བོང་མཐེའུ་ཆུང་རྣམས་ལ། ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོའི་བྲེ་ཁ་ལྔ་ལ། ཨ་ཙནྡྲ་མཎྜ་ལ། ཟླ་བའི་དཀྱིལ་འཁོར་ལྔ། གུང་མཛུབ་སོགས་ལྔ་ལ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པར་བསམ་ལ། ཧཱུཾ། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མཱུྃ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཧཱུྃ་བཛྲ་དྷྲིཀ྄། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །མཱུཾ་དྷཱ་ཏྭེ་ཤྭ་རཱི། འབྲུ་བཞི་སྦས༴ ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ༴ འཁྲིལ་བའི༴ ༀ་ཛི་ན་ཛིཀ྄ །འབྲུ་བཞི་སྤས༴ ལཱཾ་སྒྲེང་རྩེ་མོར་དྲིལ༴ ཉི་མ༴ བཏུད་དེ༴ ལཱཾ་དྭེ་ཥ་ར་ཏི། འབྲུ་བཞི༴ སྭཱ་སྒྲེང་རྩེ་མོར་རིན་ཆེན་འབར། །ཟླ་བརྟུལ༴ འཁྲིལ་བའི༴ སྭཱཾ་རཏྣ་དྷྲིཀ྄ །འབྲུ་བཞི༴ མཱཾ་སྒྲེང་རྩེ་མོར་དྲིལ༴ ཉི་མ༴ བཏུད་དེ༴ མཱཾ་མོ་ཧ་ར་ཏི། འབྲུ་བཞི༴ ཨཱཾ་སྒྲེང་རྩེ་མོར་པདྨ་འབར། ཟླ་བརྟུལ་༴ འཁྲིལ་བའི༴ ཨཱཾ་ཨཱ་རོ་ལིཀ྄ །འབྲུ་བཞི༴ པཱཾ་སྒྲེང་རྩེ་མོར་དྲིལ༴ ཉི་མ་༴ བཏུད་དེ༴ པཱཾ་རཱ་ག་ར་ཏི། འབྲུ་བཞི༴ ཧཱ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ༴ འཁྲིལ་བའི༴ ཧཱཾ་པྲ་ཛྙཱ་དྷྲིཀ྄ །འབྲུ་བཞི༴ ཏཱཾ་སྒྲེང་རྩེ་མོར་དྲིལ༴ ཉི་མ༴ བཏུད་དེ༴ ཏཱཾ་བཛྲ་རཱ་ཏི། འདི་ནི་རྒྱལ་བ་ཐམས་ཅད་ཀུན། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་ཆེན་པོ་ཡིན། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཅེས་རིམ་པ་བཞིན་རིགས་ལྔ་སོ་སོའི་ཕྱག་རྒྱ་བཅའ་བ་སྟེ། དེ་ཡང་ཕྱག་རྒྱ་མདུན་དུ་བསྒྱུར་ནས་ཡབ་གཡོན་དང་ཡུམ་གཡས་སུ་དགྲོལ། དེའི་ཚེ་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་བ་ཕྱག་ཆེན། ས་བོན་ཆོས་རྒྱ། བཅའ་དམ་རྒྱ། དགྲོལ་བ་ལས་རྒྱ་སྟེ་རིགས་ལྔ་སྤྱི་དང་སོ་སོའི་ཕྱག་རྒྱ་བཞིའོ། །གཉིས་པ་ཀུན་བཟང་ནི། ༀ་ཧཱུཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་ཕྱི་ནང་གསང་བའི་འདོད་ཡོན་གྱི་དངོས་པོ་མཐའ་དག་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོར་འབུལ་ལོ། །གསུམ་པ་ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧཱ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མསྶ་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཞེས་པས་རིམ་པར་ཕྱག་ཞབས་བསིལ་ཞིང་ཞལ་དུ་གསོལ་བར་བསམ་མོ། །བཞི་པ་བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་སྟོན་ཅིང་། ༀ་ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུ་པེའི་མཆོད་པར་རོལ། །ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷཱུ། ཨུཏྤ ལ་མཐིང་ག་མེ་ཏོག་འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས༴ བཛྲ་པུཥྤེའི༴ ༀ་པ་ན་སོགས། པུཥྤེ་པུ། དབང་གི་ཕྱག་ན་སྒྲོན་མ་རྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ༴ བཛྲཱ་ལོ་ཀེའི༴ ༀ་པ་ན་སོགས། ཨཱ་ལོ་ཀེ་ཧྲཱིཿ ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་༴ བཛྲ་གནྡྷེའི༴ ༀ་པ་ན་སོགས། གནྡྷེ་གན། ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་ནས། ཤངས་ལ་སོགས་པའི་དབང་པོ་སོ་སོ་ལ་ཐིམ་པར་བསམ་ལ། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །མཆོད་ཆེན་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་པས། སྐྱེས་དང་སྐྱེས་ལན་གྱི་ཚུལ་དུ་ལྷ་རྣམས་མཉེས། ལྷ་མོ་རྣམས་སླར་བྱུང་སྟེ་རང་གི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ་མོ། །ལྔ་པ་སྨན་མཆོད་ནི། ༀ་ཧཱུཾ། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩི་སྨན། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་ལས་ཀྱི་མཆོག །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ག་བུར་ཤེལ་གྱི་པོག་ཕོར་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །མ་ལུས་འདུལ་བའི་ཐིག་ལེ་ཆེ། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་ནས། །བདུད་རྩི་དམ་པ་རིན་ཆེན་བཅུད། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་ཉིད། །རྒྱལ་བ་རྒྱ་མཚོའི་དངོས་གྲུབ་མཆོག །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བཞེས་ནས་ཀུན་ཏུ་དགྱེས་མཛོད་ལ། །བླ་མེད་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་སྤྱིར་འབུལ་ཞིང་། གཞན་ཡང་། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་སྩོལ་བླ་མ་དེ་རྒྱ་ལྷག་པའི་ལྷ། །དེ་དབང་སྤྲུལ་པའི་འཁོར་ལོར་བཅས་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྟོན་པ་ཀུན་བཟང་རྒྱལ་བ་རིགས་ལྔ་དང་། །རིགས་གསུམ་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ་ཨིནྡྲ་བྷཱུ་ཏི་ལ། །སྨན་མཆོད་འབུལ་ལོ༴ ༀ་སརྦ་ཏ་ཐཱ་ག་ཏ༴ སིཾ་ཧ་ཨུ་པ་རཱ་ཛ་གོ་མ་ས། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལ། །རྨ་ལོ་རིན་མཆོག་གཙུག་གྱེར་རྣམ་གཉིས་ལ། །སྨན་མཆོད་འབུལ་ལོ༴ ༀ་སརྦ༴ རྒྱལ་བའི་ཡོན་ཏན་གནུབས་ཆེན་སངས་རྒྱས་ཞབས། །ཁུ་ལུང་ཡབ་སྲས་ཉང་ཆེན་ཤེར་མཆོག་དང་། །ཡེ་ཤེས་འབྱུང་གནས་ཟུར་ཆེན་ཤཱཀ་འབྱུང་ལ། །སྨན་མཆོད༴ ༀ་སརྦ༴ ཟུར་ཆུང་ཀ་ཆེན་རྣམ་བཞི་སྒྲོ་ཕུག་པ། །རྩགས་ཚ་ཤཀ་རྡོར་ཤཱཀ་འབྱུང་རྡོ་རྗེ་འོད། །བསོད་ནམས་རྒྱལ་མཚན་ཆོས་སེང་སངས་རྒྱས་དཔལ། །སྨན་མཆོད༴ ༀ་སརྦ༴ བསོད་ནམས་མགོན་པོ་སྒྲོལ་ཆེན་དགེ་འདུན་འབུམ། །ཤཱཀྱ་བཤེས་གཉེན་བྲ་བོ་ཆོས་འབུམ་དང་། །དཀོན་མཆོག་བཟང་པོ་རྡོ་རྗེ་དཔལ་བཟང་པོར། །སྨན་མཆོད༴ ༀ་སརྦ༴ རྡོ་རྗེ་རྣམ་རྒྱལ་བློ་གྲོས་དཔལ་ལྡན་དང་། །ཀརྨ་གུ་རུ་གྲུབ་ཆེན་ཀུན་བཟང་མཚན། །ཕྲིན་ལས་ལྷུན་གྲུབ་ཆོས་རྒྱལ་བསྟན་འཛིན་ལ། །སྨན་མཆོད་འབུལ་ལོ༴ ༀ་སརྦ༴ འགྱུར་མེད་རྡོ་རྗེེ་ཆོས་དཔལ་རྒྱ་མཚོ་དང་། །རིན་ཆེན་རྣམ་རྒྱལ་ཨོ་རྒྱན་བསྟན་འཛིན་རྗེ། །ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་སྒྲོན་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ༴ སངས་རྒྱས་ཀུན་དགའ་མདོ་སྔགས་བསྟན་འཛིན་དང་། །རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏེར་ཆེན་མན་གྱི་ཁ་སྐོང་ཛྙཱ་ནས་སོ། །མཆན། བརྒྱུད་ཚུལ་ཁྱད་པར་ཅན་དུ་མ་ཡོད་མོད། འདྲེན་པར་འདོད་ན་གཞན་དུ་བལྟའོ། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །འགྲོ་བའི་དོན་མཛད་སྤྲུལ་སྐུ་ཐུབ་དྲུག་ལ། །སྨན་མཆོད༴ ༀ་སརྦ༴ གཞན་ཡང་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་དང་། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །ཞིང་སྐྱོང་གཞི་བདག་སྲིད་གསུམ་ཀ་དག་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་གུ་ཧྱ་ལག་གི་ཕྱག་རྒྱས་གཏོར་བས། ཡེ་ཤེས་ཀྱི་བདུད་རྩིའི་ཟེག་མ་མཁའ་ལ་སྤྲིན་བཞིན་ཆགས་པ་ལས་བདུད་རྩིའི་ཆར་ཆེན་པོ་བབས་ཏེ་ལྷ་ཚོགས་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་ལ། མཐར་དངོས་གྲུབ་བླང་བ་ནི། རང་གི་ལྕེ་ལ་ཧཱུཾ་ཡིག་དང་། སྨན་གྱི་སྟེང་དུ་ༀ་ཨཱཿཧཱུཾ་གསུམ་བསྒོམས་ཏེ། ༀ་ཨཱཿཧཱུཾ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་རིམ་པར་བརྗོད་ཅིང་བླངས་ནས་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །དྲུག་པ་གཏོར་མའི་མཆོད་པ་ནི། འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པས་དཀྱིལ་འཁོར་པ་རྣམས་དགྱེས་པ་བསྐྱེད་ནས་རང་ལ་གཉིས་མེད་དུ་གྱུར་པར་བསམ་ཞིང་། ༀ་ཧཱུྃ། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ༀ་ཨཱཿཧཱུཾ། སུ་ར་ཏ་ཨུ་པ་བྷྱཿཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ཞེས་དང་། ༀ་པ་ན་པེཾ་སོགས་བཞི་བསྣོལ་གྱིས་ཀྱང་མཆོད་དོ། །བདུན་པ་བདུད་རྩི་གསང་བསྣན་གྱི་མཆོད་པ་ནི། བདུད་རྩིའི་རྒྱུན་གཏོར་མར་ལན་གསུམ་དུ་སྦེང་ཞིང་། ༀ་ཨཱཿཧཱུཾ། མི་བསྐྱོད་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོ་ལ་བསྣམས་སུ་གསོལ། །ཨ་ལ་ལ་ཧོཿ བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམས་སུ་གསོལ། །ༀ་ཨཱཿཧཱུཾ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོཿ ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་བསྐམས་གཟིར་བ་ཡིས། །མྱོང་བྱེད་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྦྱོར་བའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོཿ ཞེས་པའི་དང་པོས་ལྷ་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླང་། གསུམ་པས་དེ་བཞིན་གཤེགས་པ་རྣམས་གཞན་དོན་ལ་བསྐུལ་བར་གསལ་གདབ་བོ། །བརྒྱད་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་གཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །དགུ་པ་བསྒྲལ་མཆོད་ནི། རང་གི་ཐུགས་ཀ་ནས་རཾ་ཡིག་དཔག་ཏུ་མེད་པ་ཆད། རཾ་བཛྲ་ཛྭ་ལ་རཾ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམ་ཞིང་། ཧཱུཾ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །བཅུ་པ་སྦྱོར་མཆོད་ནི། དཀྱིལ་འཁོར་པའི་ལྷ་ཡབ་རྣམས་ཀྱི་རྡོ་རྗེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར། ཧཱུཾ་ༀ་སྭཱ་ཨཱཾ་ཧཱས་མཚན་པའི་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་རྣམས་ཀྱི་མཁའ་ཨཱཿལས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུར། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པར་བསམ་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱེ། སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་འཁྱུད་སྡོམ་སྤྲད་ནས་སྙོམས་པར་ཞུགས་ལ། ཧཱུཾ་ཡིག་གླུར་ལེན་བཞིན་དུ་བསྐྱོད་པས་བྱང་ཆུབ་ཀྱི་སེམས་པདྨའི་དབུས་སུ་བབས་པ་དེ་ཉིད། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ་ཀྱིས་བྱང་ཆུབ་སེམས་ཀྱི་རྡུལ་ཕྲ་རབ་མཁའ་ཁྱབ་ཏུ་སྤྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་ཤིང་། སེམས་ཅན་ཐམས་ཅད་བདེ་བ་ཆེན་པོས་ཚིམ་པར་བསམ། སཾ་ཧ་ར་ཎ་ཧཱུཾ། བྱང་ཆུབ་སེམས་ཀྱི་འོད་ཟེར་བདེ་བ་ཆེན་པོའི་རོ་དང་ལྷན་ཅིག་པས་འདུས་ནས་སེམས་ལྔའི་མཐའི་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་རྒྱས་པ་ལ་བློ་བཞག་སྟེ། ༀ་ཧཱུཾ། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་དང་དབྱེར་མེད་པའི་ང་རྒྱལ་བྱའོ། །བཅུ་གཅིག་པ་འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། ༀ་ཧཱུཾ། བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ་པ་ནི་བླ་ན་མེད་པའི་དུག་གསུམ་ལམ་དུ་སློང་བའི་མཆོད་པའོ། །བཅུ་གཉིས་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། ༀ། དབང་པོའི་སྤྱོད་ཡུལ་རང་བཞིན་དངོས་པོ་མེད། །རྣམ་དག་བདུད་རྩིའི་རང་བཞིན་དུག་ལྔ་སེལ། །དམ་རྫས་དག་པ་ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་ཆོས་ལྔ་རང་བཞིན་དབྱེར་མེད་མཉམ། །དེ་ཕྱིར་དག་པས་དག་པ་ཉིད་མཆོད་ཕྱིར། །ཆོས་ཉིད་ལ་ནི་ཆོས་ཉིད་ཐིམ་པར་དབུལ། །དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལ། །ལོག་རྟོག་མཚན་མ་མང་པོའི་སྤྲིན་དཔུང་སྟེ། །ཡེ་ཤེས་ཉི་མའི་འོད་ཀྱིས་རབ་བརྒྱན་ནས། །དག་པའི་དོན་ཕྱིར་རྟོགས་ནས་མཆོད་པར་འབུལ། །མཉམ་ཉིད་བླང་དོར་མེད་ལ་སྙོམས་པར་འཇུག་པ་དང་། །བདེ་ཆེན་ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱན། །འདོད་ཡོན་ལྔ་ཡི་ལྷ་མོར་བྱིན་བརླབས་པ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་པས་མཆོད་པའི་རོལ་མོ་ཇི་སྙེད་པ་ཐམས་ཅད་ཀྱིས་འཁོར་གསུམ་ཡེ་ཤེས་སུ་དག་པ་མངོན་དུ་བྱས་ནས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་མཆོད་པའི་ང་རྒྱལ་བྱ་ཞིང་རོལ་མོ་ཡེ་ཤེས་ཀྱི་སྒྲས་བསྐུལ་ལོ། །བཅུ་གསུམ་པ་གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཧོཿ ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ། །ཧོཿ ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཧོཿ ༀ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོཿ ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ ཞེས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཆོས་ཉིད་ཀྱི་རང་སྒྲས་བསྟོད་པར་བྱའོ། །གསུམ་པ་བཤགས་པ་བྱ་བ་ནི། ཧོཿ སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེག་པ་རིགས་མཆོག་གཟུངས་ཀྱི་ཡུམ་གྱི་དབྱིངས་ན་རྣམ་པར་བཞུགས་པ་སེམས་དཔའི་ཚོགས། སེམས་མའི་འཁོར། ཡེ་ཤེས་ཆེན་པོའི་དབང་ཕྱུག་ཐམས་ལ་མཁས་པའི་བདག་ཉིད། སྒྲོལ་བའི་མཁའ་འགྲོ། རང་བཞིན་གྱི་རྣལ་འབྱོར་ངོ་བོ་ཉིད་ཀྱི་སྐུ། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དགོངས་སུ་གསོལ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས། དང་པོར་གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་པོ་མ་ནོར་མནོས་པ་ལས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་པར་མ་བགྲངས་པ། སྦྱོར་བ་མང་པོའི་བར་བསྐུམས་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླ་ལས་འདས་པ། དམ་རྫས་ལག་ལེན་རྔོ་མ་ཐོག་པ། ཛཔ྄་བཟླས་གྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། སེམས་ཅན་གྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང་། ཁྱད་པར་དུ་སྒྲུབ་པའི་དམ་ཚིག་དང་། ཁྱད་པར་གྱི་དམ་ཚིག་གཉན་པོ་མངོན་པར་མནོས་པ་ལས། ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་མཆིས་ན། དབྱིངས་ཉིད་ནམ་མཁའ་དང་འདྲ་བའི་ངང་གིས་སྐུ་བཟོད་པ་ཆེན་པོ་དང་དུ་བཞེས་ནས། ཚངས་པ་མཆོག་ཡིད་བཞིན་དུ་ཐོབ་པར་སྩལ་དུ་གསོལ། ཞེས་པས་རྒྱུད་དག་པར་བྱེད་པ་འགྱོད་ཚངས་བཤགས་པའི་རིམ་པའོ། །བཞི་པ་དངོས་གྲུབ་གསོལ་བ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས། དངོས་གྲུབ་ཀྱི་སྐལ་བ་དང་རིགས་བརྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། རྣམ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པ། སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་དབལ། སྦྱོར་བའི་དུག །རྣོ་བའི་མཚོན། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། སོ་སོའི་རྨི་ལམ་ངན་པ་དང་། ལྟས་ངན་པ། མི་ཤིས་པའི་རྐྱེན་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་མིང་ཙམ་ཡང་མི་གྲགས་པར་ཞི་བ་ཆེན་པོ་མཛད་དུ་གསོལ། གལ་ཏེ་ཞི་བས་བསྒྱུར་དུ་མི་བཏུབ་པ་ཞིག་མཆིས་ནའང་། དྲག་པོའི་ཕྲིན་ལས་ཀྱིས་དབང་དུ་བསྡུ་བ་དང་། གཟིར་ཞིང་མནན་པ་དང་། བསྒྲལ་ཞིང་སྤར་བ་ལ་སོགས་ཏེ། ཕྲིན་ལས་དྲག་ཐབས་རྣམ་པ་བཞིས་ཇི་ལྟར་འདུལ་བར་འཚམས་པ་བཞིན་མཛད་ནས་མིང་ཙམ་ཡང་མི་གྲགས་པར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཡང་། །གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི། །འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འབྱུང་བ་དང་། །ལུས་ངག་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་སྟེ། །རེ་སྨོན་ཐམས་ཅད་དུས་འདི་ཉིད་དུ་སྩལ་དུ་གསོལ། །ཞེས་འདོད་པའི་དོན་གསོལ་ལོ། །ལྔ་པ་དམ་བཅའ་བ་ནི། ལྷག་པའི་བསམ་པ་རྩེ་གཅིག་པས། ༀ་ཧཱུྃ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབས། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །དྲུག་པ་ཛཔ྄ ལ། དེ་ཉིད་བརྗོད་པ། ཛཔ྄་ཁང་དབྱེ་བ། ཛཔ྄་དངོས། སྐབས་ཀྱི་མཇུག་བསྡུ་བ་དང་བཞི་ལས། དང་པོ་ནི། ཡང་དག་དོན་གྱི་སྙིང་པོ་ནི། །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །གང་ནས་བཙལ་ཀྱང་མི་རྙེད་པས། །རང་རིག་དྲི་མེད་དག་པ་ཡིན། །དེ་ལ་རྟག་ཏུ་མོས་པ་ནི། །བསྙེན་པའི་དམ་པ་མཆོག་ཡིན་ནོ། །སེམས་ཉིད་ཐེག་པར་རབ་ངེས་ན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ད་ལྟ་ཉིད་དུ་མངོན་གྱུར་ཅིག །ཅེས་དེ་ཁོ་ན་ཉིད་ཀྱི་དོན་དྲན་པས་ངེས་ཤེས་བསྐྱེད་དོ། །གཉིས་པ་ནི། དབྱེ་གཞིའི་དཀྱིལ་འཁོར་ལེགས་པར་གསལ་བཏབ་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ཕཊ་ཛཿ ཞེས་བརྗོད་པས། དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས། མདུན་གྱི་ནམ་མཁར་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་མོས་པའོ། །གསུམ་པ་ནི། བདག་མདུན་གྱི་ལྷ་རྣམས་ཀྱི་ཡེ་ཤེས་སེམས་དཔའ་སོ་སོའི་ཐུགས་ཀར་རང་རང་གི་ཕྱག་མཚན་གྱི་ལྟེ་བར་དྭངས་མའི་སྲོག་ཧཱུཾ་ཡིག་ལ་སོགས་པའི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ་བཏབ་ལ། སྔགས་ཟློས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་པར་དམིགས་ལ། དམ་ཡེ་འཕྲོ་འདུ་སྟེ་གསལ་བ་གསུམ་དང་ལྡན་པའི་དང་ནས། བཟླ་བྱའི་སྔགས་ནི། ཧཱུྃ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭེ་ཤྭ་རཱི། ༀ་ཛི་ན་ཛིཀ྄ །ལཾ་དེ་ཥ་ར་ཏི། སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། ཧཱཾ་པྲ་ཛྙཱ་དྷྲིཀ྄ །ཏཱཾ་བ ཛྲ་ར་ཏི། ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུཾ་ལ་སྱ་ས་མ་ཡ་སྟྭཾ། ཏྲཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ཧྲཱིཾ་ཧཱ་ཧཱུཾ་པདྨ་པྲ་ད་མ། ཧྲཱིཾ་གཱི་ཏི་རཱ་གོ་ཧཾ། ཛྲིཾ་ཀུ་རུ་པཱ་ཎ། ཨ་ནིརྟི་རཱ་ག་ཡ་མྱེ། མཻ་དྷཱ་ར་ཎ་སྭཱ་ཧཱ། ཛཿདྷཱུ་པེ་པྲ་ཝེ་ཤ །ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨཱ་བེ་ཤ །ཧཱུཾ་སྭ་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། མཱུཾ་ཤྲཱི་ཨཾ་རཱ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ཧཱུཾ་ཡ་མཱནྟ་ཀྲྀ ཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ཧཱུཾ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་སོགས། ཧཱུཾ་པདྨནྟ་ཀྲྀ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་སོགས། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་ཀ རྨ་དྷ་རོ་མ་ཧཱ་སོགས། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཿ ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་མུ་ནེ་བྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། ཞེས་པ་རྣམས་རིམ་པ་བཞིན་བརྒྱ་དང་ཉེར་གཅིག་སོགས་གཙོ་འཁོར་གྱི་འགྲོས་དང་སྦྱར་ནས་བཟླས་ཞིང་། སྤྲོས་པ་ལ་དགའ་བས། རྣམ་ཤེས་ནམ་མཁའ་མ་སོགས་ཀྱི་ཛཔ྄་བསྐུལ་ཡང་བྱ་བར་བཤད་དོ། །དེ་ཡང་ངེས་རྫོགས་ལས། རྟགས་དང་དུས་དང་གྲངས་ཀྱི་དབྱེ་བས་རབ་འབྲིང་ཐ་མའི་ཚད་རྫོགས་ཀྱི་བར་དུ་བྱ་བར་གསུངས་ཀྱང་། མོས་སྒོམ་ཉིད་ཆོག་སོགས་ལ་ཅི་ནུས་ཙམ་བཟླ་བ་ཡིན་ནོ། །གཞན་དུ་མཁའ་ཁྱབ་ཀྱི་སྤྲོ་བསྡུའི་བཟླས་པ་ཉིད་མཆོག་ཏུ་བཤད་པ་ཡོད་ཀྱང་དོན་གྱི་གནད་གཅིག་གོ། །བཞི་པ་སྐབས་ཀྱི་མཇུག་བསྡུ་བ་ལ། བསྟོད་པ། བཤགས་པ། ཡེ་ཤེས་པ་བསྡུ་བ་དང་གསུམ། དང་པོ་ནི། གཞི་བསྟོད་བྱ་བར་གསུངས་པ་ལྟར། ཧཱུཾ། རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས། །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་། །མཐིང་ག་ཕྱག་ན་རྡོ་རྗེ་བར་བ་བསྣམས། །ཐུགས་མཆོག་རྡོ་རྗེ་སེམས་ལ་ཕྱག་འཚལ་བསྟོད། །གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད། །གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས་ངང་། །དུང་མདོག་ཕྱག་ན་འཁོར་ལོ་འབར་བ་བསྣམས། །སྐུ་མཆོག་རྣམ་སྣང་མཛད་ལ་ཕྱག་འཚལ་བསྟོད། །ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང་། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་། །གསེར་མདོག་ཕྱག་ན་རིན་ཆེན་འབར་བ་བསྣམས། །ཡོན་ཏན་རིན་ཆེན་འབྱུང་ལ་ཕྱག་འཚལ་བསྟོད། །འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས། །འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་ངང་། །ལེ་བརྒན་ཕྱག་ན་པདྨ་འབར་བ་བསྣམས། །གསུང་མཆོག་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད། །འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ། །ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང་། །ལྗང་གུ་ཕྱག་ན་རལ་གྲི་འབར་བ་བསྣམས། །ཕྲིན་ལས་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད། །འབྱུང་བ་རྣམ་དག་རིགས་ཀྱི་ཡུམ་ཆེན་ལྔ། །ཀུན་བཟང་སྤྱན་མ་མཱ་མ་གོས་དཀར་སྒྲོལ། །ཐབས་ཀྱི་སྐུ་ལ་ཤེས་རབ་དགྱེས་འཁྲིལ་མ། །རིགས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་བསྟོད། །བསྐལ་བཟང་བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ནི། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །ཡོན་ཏན་མི་ཟད་སྤྲུལ་པ་བསམ་ཡས་པའི། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་བསྟོད། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་སྒོ་བ་ཆེན་པོ་ཡབ་ཡུམ་བརྒྱད། །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་འཁྱིལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད། །ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང་། །ཆོས་ཉིད་ཀུན་ཏུ་བཟང་པོ་འདུ་བྲལ་མེད། །ཆོས་ཉིད་ཁྱབ་བརྡལ་ཆེན་པོའི་ཡེ་ཤེས་ཀྱིས། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་བཞི་ལས་རིགས་བཞིའི་ཕྲིན་ལས་ཀྱིས། །འཇིག་རྟེན་དྲུག་གི་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དྲུག་གི། །དོན་མཛད་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད། །རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི། །ཆེ་བའི་ཡོན་ཏན་བརྗོད་ཀྱི་མི་ལང་ཡང་། །ཡོན་ཏན་ཆ་ཤས་བརྗོད་པའི་བྱིན་རླབས་ཀྱི། །རིག་འཛིན་སྔགས་འཆང་རྣལ་འབྱོར་བདག་ཅག་གི། །ལས་དང་ཉོན་མོངས་བག་ཆགས་གཏན་སྦྱངས་ནས། །ཚེ་འདི་ཉིད་ལ་རིག་འཛིན་ས་ཐོབ་སྟེ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །ཅེས་བསྟོད། གཉིས་པ་ནི། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ད ག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཞེས་བཟླས་པའི་ཉེས་བྱས་སུ་གྱུར་པ་ཐམས་ཅད་བཤགས་ཤིང་དག་པར་བྱའོ། །གསུམ་པ་ནི། རང་བཞིན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་རང་བཞིན་དབྱེར་མེད་དུ་རྟོགས་པའི་ཕྱིར། ༀ་བཛྲ་ས་མ་ཡ་ༀ་སོགས་ལྔ་དང་། ༀ། ཡེ་ཤེས་རྒྱལ་པོ་སོགས་ཀྱིས་རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་ནས། ༀ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས། ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ། ༀ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྟན་པར་བྱས། ༀ་བཛྲ་ས་མ་ཡ་ཧོཿ ཞེས་དབང་དུ་གྱུར་ནས་དགྱེས་ཤིང་ཆགས་པར་བྱས། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་བརྟན་ཅིང་གསལ་བར་བྱས་ནས་ཡི་གེ་བརྒྱ་པའང་བཟླའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། ཚོགས་ཀྱི་མཆོད་པ། བརྟན་མ་སྐྱོང་བ། ཉེར་བསྡུ་བྱ་བ། གོ་བགོ་ལུས་བསྲུང་། སྤྱོད་ལམ་གྱི་རྣལ་འབྱོར་དང་ལྔ། དང་པོ་ཚོགས་མཆོད་ལ་ལྔ་ལས། དང་པོ་བཤམ་ཞིང་བྱིན་གྱིས་བརླབ་པ་ནི། ཛ་གད་དང་མཱཾ་ས་གཙོ་བོར་གྱུར་པའི་ཡོ་བྱད་ཅི་འབྱོར་བ་བཤམས་ནས། བསང་ཆུ་གཏོར་ལ། ༀ་མ་ཧཱ་ཀྲོ་དྷེ་ཤྭ་རཱིས་བསང་། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱང་། མ་སཱུརྻ་མཎྜལ། ཞལ་ཟས་ཀྱི་སྣོད་དུ་ཉི་མ་ལ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ལས་བཟའ་བཏུང་གི་དངོས་པོ་ཡེ་ཤེས་ལྔའི་རང་བཞིན་བདུད་རྩི་རོ་བརྒྱ་པ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྲིན་འཕྲོ་བར་བསམ་ལ། ཡི་གེ་གསུམ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ༀ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །རིགས་བཞིའི་ལྷ་དང་ལྷ་མོ་དང་། །འཁོར་གྱི་སེམས་དཔའ་སེམས་མ་དང་། །ཀུན་བཟང་སྤྲུལ་པའི་ཚོགས་ཆེན་དང་། །སྒོ་བ་བཞི་སོགས་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་སོགས་ཀྱིས་ཚོགས་ཞིང་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་སད་པར་བྱས་ལ། ༀ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །སོགས་དང་། ༀ་ཤྲཱི་བཛྲ་ཨཾངྐུ་ཤ་ཛཿ དེ་བཞིན་དུ། པཱ་ཤ་ཧཱུཾ། སྥོ་ཊ་བཾ། གྷཎྜེ་ཧོཿས་དགུག་གཞུག་བཅིང་མཉེས་བྱ། གསུམ་པ་མཆོད་པ་ལ་གཉིས་ཀྱི། དང་པོ་ཏིང་ངེ་འཛིན་གྱི་མཆོད་པ་ནི། ༀ་ཧཱུཾ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །སོགས་དང་། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། སོགས་བཞི་བསྣོལ་དང་། ཧཱུཾ། རྡོ་རྗེ་སྒེག་མོ་རྡོ་རྗེ་ཅན། །སེམས་དཔའ་སྔོན་པོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལས། །བཛྲ་ལཱ་སྱེའི་མཆོད་པ་རོལ། །ༀ་ཤྲཱི་བཛྲ་རཱ་ག་ལཱ་སྱེ་ཧཱུཾ། ཡིད་བཞིན་རིན་ཆེན་འོད་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། །བཛྲ་མཱ་ལེའི་མཆོད་པ་རོལ། །མཱ་ལེ་ཏྲཱཾ། པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ་ཤེས་ལས། །བཛྲ་གཱིརྟཱིའི་མཆོད་པ་རོལ། །གཱི་ཏི་ཧྲཱིཿ གར་མཁན་འགྱིང་བག་གཟི་ལྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན༴ བཛྲ་ནཱིརྟིའི༴ ནཱྀརྟི་ཨ། ཞེས་མཆོད་དོ། །གཉིས་པ་ཚོགས་རྫས་ཀྱི་མཆོད་པ་ནི། ཞལ་ཟས་ཀྱི་ཕུད་རིམ་པར་སྤྲོས་ལ། ཧཱུཾ། ཐབས་དང་ཤེས་རབ་ལྡན་གྱུར་ཅིང་། །བྱང་ཆུབ་སེམས་དང་མ་ཆགས་པའི། །གཉིས་སུ་མེད་པར་ཐིམ་གྱུར་ནས། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །འདོད་ཡོན་ལྔ་པོ་ཐམས་ཅད་དང་། །སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །གཟུགས་མཛེས་ལྷ་དང་ལྷ་མོར་བརྟག །སྣ་ཚོགས་གཟུགས་ནི་ཐམས་ཅད་ཀུན། །སྣང་སྟོང་ངོ་བོ་ཉིད་ཀྱི་གཞི། །ཆོས་དབྱིངས་དག་པའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །འདོད་ཡོན་ཕྱག་ན་བསྣམས་ནས་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཐམས་ཅད་མ་ལུས་སྒྲ་རྣམས་ནི། །གྲགས་སྟོང་ངོ་བོ་ཉིད་ཀྱི་གཞི། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་འཇམ་པའི་སྒྲ །འདོད་ཡོན་ཕྱག་ན་སོགས། རྐང་པ་བཞི་གོང་བཞིན། བདེ་བ་ཚིམ་བྱེད་བསོད་ནམས་ཏེ། །ཚིམ་སྟོང་ངོ་བོ་ཉིད་ཀྱི་གཞི། །བརྗོད་མེད་མི་གནས་ཡེ་ཤེས་ཏེ། །རྡོ་རྗེ་ཆགས་མེད་པདྨའི་གསུང་། །འདོད་ཡོན་ཕྱག་ན་སོགས། བདེ་གཤེགས་དཀྱིལ་འཁོར་མ་ལུས་པ། །བདེ་བ་རོ་ཡིས་ཚིམ་བྱེད་པ། །རོ་སྟོང་ངོ་བོ་ཉིད་ཀྱི་གཞི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །ཐམས་ཅད་ཚིམ་བྱེད་རོ་ཡི་ལྷ། །འདོད་ཡོན་སོགས། རྡོ་རྗེ་རེག་བྱ་མྱོང་བྱེད་མ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །བདེ་མཆོག་དཀྱིལ་འཁོར་ཡངས་བྱེད་མ། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །རྡོ་རྗེ་རེག་བྱའི་ལྷ་མོ་ནི། །འདོད་ཡོན་སོགས། ཧོཿ བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཚོགས་ཀྱི་མཆོད་པ་ཆེན་པོ་འབུལ་ཞིང་མཆིས་ན། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་ཚིམ་ནས། །དམ་ཚིག་ཉམས་ཆགས་ཐམས་ཅད་སྐོངས་ཏེ། བླ་ན་མེད་པའི་དངོས་གྲུབ་དམ་པ་ཐོབ་པར་མཛད་དུ་གསོལ། ཞེས་འདོད་ཡོན་ལྔ་དང་། སུ་ར་ཏོ་བཅུ་དྲུག་ལ་སོགས་པའི་གླུ་གར་དང་རོལ་མོ་སྣ་ཚོགས་པས་མཆོད་ནས། བཞི་པ་ཚོགས་ལ་རོལ་བ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོ་འདུས་པའི་གཙོ་བོ་ལ་ཕྱག་བྱས་ཐབས་ཤེས་ཀྱི་རྫས་བསྣོལ་མར་དབུལ་ཞིང་། མཉམ་ཉིད་མི་གཡོ་མཉམ་པའི་སངས་རྒྱས་དཔལ། །ལོག་རྟོག་མཚན་མའི་སྤྲོས་པ་ངང་གིས་ཞི། །དམ་ཚིག་བཞིན་ལས་ཅི་བདེར་སྤྱད་ནས་ཀྱང་། །མཉམ་རྫོགས་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །ཞེས་སྟོབ། དེས་ཀྱང་པདྨའི་ཕྱག་རྒྱ་བསྐོར་ཞིང་། ཨ་ལ་ལ་ཧོཿ ཞེས་བླང་། དེ་ནས་གཞན་རྣམས་ལའང་རིམ་པར་སྟོབ། རྣལ་འབྱོར་པ་རྣམས་ལྷའི་ཏིང་ངེ་འཛིན་གསལ་བ་ལས། ཁྱད་པར་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཉིད་ལས་མི་གཉིས་པར་ཤེས་པས་ནང་གི་སྲེག་བླུགས་ཀྱི་ཆོ་ག་ཇི་ལྟ་བའི་དམ་ཚིག་གིས་ཚིམ་པར་རོལ་ཞིང་ལོངས་སྤྱད་དོ། །དེའི་མཐར། ཧོཿ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མ་ལུས་པ་དབང་དུ་འདུ་བར་གྱུར་ཅིག །མ་ཧཱ་མཱཾ་ས་གསོལ་བས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཅིག །རྡོ་རྗེའི་ཚེ་གསོལ་བས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོའི་ཕྲིན་ལས་ཀྱི་རྫུ་འཕྲུལ་སྣ་ཚོགས་ལ་དབང་འབྱོར་བར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །ལྔ་པ་ལྷག་མའི་མཆོད་པ་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས། ལྷ་མཆོད་པའི་ལྷག་མས་བསྣན་པ་དཀྱིལ་འཁོར་དང་ཧ་ཅང་མི་ཉེ་བའི་ཤར་ལྷོར་དྲིའི་མཎྜལ་ཟླུམ་པོར་བྱས་པའི་སྟེང་དུ་བཞག །རྩ་བའི་དཀྱིལ་འཁོར་གསལ་བ་ལས་ཁྱད་པར་ལྷག་མའི་གནས་སུ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། ལྷག་མའི་དཀྱིལ་འཁོར་མཚན་ཉིད་རྫོགས་པ་གདན་དང་བཅས་པའི་ནང་གི་དབུས་དང་ཕྱོགས་བཞིར། ཧཱུཾ་བཛྲ་དྷྲིཀ྄ །ༀ་ཛི་ན་ཛིཀ྄ །སྭཱཾ་རཏྣ་དྷྲིཀ྄ །ཨཱཾ་ཨཱ་རོ་ལིཀ྄ །ཧཱཾ་པྲ་ཛྙཱ་དྷྲིཀ྄ །རིགས་ཀྱི་ཡབ་ལྔ་སྐད་ཅིག་གིས་གསལ་བར་གྱུར། གཏོར་མ་དམ་ཚིག་གསང་བའི་ལོངས་སྤྱོད་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ༀ་ཨཱཿཧཱུཾ་ལན་གསུམ་དུ་བརྗོད་པས་བྱིན་གྱིས་བརླབས་ཏེ། ཧཱུཾ། ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །མཁའ་འགྲོ་ལྷག་སྡུག་མ་སྲིང་གིང་གི་ཚོགས། །ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས། །དམ་ཚིག་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཧོཿ མཁའ་འགྲོ་མ་གསང་བའི་རྒྱུད་དུ་གཏོགས་པའི་མཁའ་འགྲོ་སུམ་ཅུ་རྩ་གཉིས་སྔོན་གྱི་ཐུགས་དམ་དུས་ལས་མི་འདའ་བར་སྒྲུབ་པའི་སྟོང་གྲོགས་ལ་གཤེགས་ཤིག །ཨེ་ཨཱ་ར་ལི་ཧྲཱིཾ་ཧྲཱིཾ་ཛཿཧཱུྃ་བྃ་ཧོཿ ཌཱ་ཀི་ནི་ཧཱུྃ་ཛཿ ཞེས་བརྗོད་ཅིང་ཧེ་རུ་ཀའི་དམ་རྒྱ་དཔྲལ་བར་བཅིངས་ནས་སྤྱུགས་པའི་བརྡ་དང་བཅས་པས་སྤྱན་དྲངས་པས་མཁའ་འགྲོ་མ་སོ་གཉིས་སྤྲིན་གཏིབས་པ་བཞིན་བྱོན་ཏེ། རིགས་ལྔའི་གཙོ་བོ་ལ་གཙོ་མོ་བདུན། དོན་གྲུབ་ལ་དྲུག །གཞན་གསུམ་ལ་ལྔ་ལྔ་འཁྲིལ་ཞིང་སྒོ་མ་བཞི་གཙོ་བའི་གདན་གྱི་ཚུལ་དུ་བཞུགས་པ་ལ། མེ་ཏོག་ལ་སོགས་པས་སྤྱིར་མཆོད་ནས། དམར་གྱི་རཀྟ་གཏོར་མ་ལ་སྦྲེང་ཞིང་། ཧེ་རུ་ཀའི་ཐོད་པའི་ཐལ་མོའི་རྒྱ་དང་བཅས་པས། ༀ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཧཱུྃ་ཕཊ། དེ་བཞིན་དུ། བུདྡྷ་ཌཱ་ཀི་ནཱི་སོགས་ནས། ༀ་ཕཊ། ༀ་རཏྣ་ཌཱ་ཀི་ནཱི༴ ཏྲཱྃ་ཕཊ། ༀ་པདྨ་ཌཱ་ཀི་ནཱི༴ ཧྲཱིཿ ཕཊ། ༀ་ཀརྨ་ཌཱ་ཀི་ནི༴ ཨཱཿཕཊ། ཅེས་པ་གཏོར་མ་ཕུལ་ལ། ཧཱུཾ། རྣམ་དག་ཆོས་དབྱིངས་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་འབྱུང་། །རང་རང་ལས་ཀྱིས་བསྐུལ་འགྱུར་བས། །སྤྲུལ་པ་བསམ་ཡས་མཁའ་ལ་འགྲོ། །འཇའ་ཚོན་མདོག་འཛིན་རིགས་ལ་སྤྲུལ། །མི་རོ་སྐམ་པོའི་གདན་སྟེང་ན། །ཐུགས་རྗེས་སྤྲུལ་པ་ཅིར་ཡང་སྟོན། །མཐིང་ག་མི་བསྐྱོད་ལ་སོགས་གཟུགས། །སུམ་ཅུ་རྩ་གཉིས་ཀུན་འཛིན་ཅིང་། །མི་ཐོད་ཁྲག་གིས་བཀང་བ་དང་། །ཁ་ཊྭཱཾ་ཏྲི་ཤུལ་གཤོལ་གྲི་བསྣམས། །རང་རང་ལག་ཆ་སྣ་ཚོགས་ལྡན། །དཔའ་བོའི་གཟུགས་ཅན་ཁ་མིག་བགྲད། །ཉི་ཟླའི་ཚུལ་དུ་མཁའ་ལ་འགྲོ། །ཟས་སུ་ཤ་དང་ཁྲག་དང་ནི། །ཁྲག་དང་ཚིལ་བུ་རྒྱུ་མ་ཟ། །ཡང་དག་ཉིད་དེ་འཇིག་རྟེན་ཉིད། །སྤྲུལ་པའི་ཚུལ་གྱིས་གཟུགས་ལས་སྤྲུལ། །མཁའ་འགྲོ་མ་མོ་ཁྱོད་རྣམས་ཀྱང་། །སྔོན་ཚེ་བཅོམ་ལྡན་རིགས་ལྔ་ལ། །ཡེ་ཤེས་དབྱིངས་ལ་ཆགས་ཚུལ་དུ། །འཁྲིལ་ཞིང་རིགས་ལྔའི་སླས་སུ་བྱས། །བསྟན་པ་བསྲུང་བར་མནའ་བོར་བའི། །ཁས་བླངས་འགལ་བར་མི་བྱའི་ཕྱིར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་དང་། ཧཱུྃ། མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབས་འདི་གསོལ་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད་ཅིང་སྨན་དང་རཀྟས་ཀྱང་མཆོད་ནས། ཧོཿ ལྷག་སྡུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ཏེ། དམ་ཚིག་ཉམས་ཆག་ཐམས་ཅད་སྐོངས་ནས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། །སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། ཡ་ཧི་གཙྪ་ཞེས་པས། མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ་ལ། གཏོར་མ་ཕྱི་རོལ་དུ་བསྐྱལ། ཧཱུྃ་ཞེས་པས་ལྷག་མའི་དཀྱིལ་འཁོར་གྱི་རིགས་ལྔ་རང་ལ་བསྟིམ་ནས། མཎྜལ་ཀྱང་བསྡུའོ། །གཉིས་པ་བརྟན་མ་བསྐྱང་བ་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་སྨན་ཕུད་ཀྱི་བྲན་ལ། ཏྲཾ་སྥ༴ སཾ༴ ཏྲཾ་རཏྣ་ཏྲེ་ལོ་ཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཧཱུྃ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱོད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ༀ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། ཞེས་དང་། མ་ཧཱ་པཉྩ་སོགས་ཀྱི་སྨན་རཀ་སྦྲེང་། ཕྲིན་ལས་བཅོལ་ནས། ཡ་ཧི་གཙྪས་གཤེགས་གསོལ་བྱས་ལ། གཏོར་མ་གཙང་སར་བསྐྱལ་ལོ། །གསུམ་པ་ཉེར་བསྡུ་བྱ་བ་ནི། ཐུན་མཚམས་ལ་འཇུག་པའམ་ཉལ་བ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། ཞེས་པས་དཀྱིལ་འཁོར་གསལ་བཏབ་ལ། བཛྲ་པདྨ་ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་ཧཾ། ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུཾ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཞེས་བརྗོད་ཅིང་། ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་འཕྲོས་པས་སྣོད་བཅུད་ཐམས་ཅད་དག་ཅིང་འོད་གསལ་བར་བྱས། སཾ་ཧ་ར་ཎ་ཧཱུྃ། ཞེས་བརྗོད་པས། དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་ལ་ཐིམ། གཞལ་ཡས་ཁང་གི་རྒྱན་ཐམས་ཅད་ཡབ་རྣམས་ལ་ཐིམ། དངོས་པོ་ཐམས་ཅད་ཡུམ་རྣམས་ལ། ལྷ་ཡབ་ཐམས་ཅད་གཙོ་བོ་རྡོ་རྗེ་སེམས་དཔའ་ལ། ཡུམ་ཐམས་ཅད་དབྱིངས་ཕྱུག་མ་ལ། དེ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཧཱུྃ་ལ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག །ཉལ་བ་ལས་ལངས་པའམ་སྤྱོད་ལམ་ལ་འཇུག་པ་ན། ཧཱུྃ་བཛྲ་དྷྲིཀ྄ །ཅེས་བརྗོད་པས། རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུར་ལྡང་ངོ་། །བཞི་པ་གོ་ཆ་བགོ་ཞིང་ལུས་བསྲུང་བ་ནི། རང་ཉིད་རྡོར་སེམས་སུ་གསལ་བའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། བཛྲ་ཀཱ་ཝ་ཙི་རཀྵ་ཧཾ། ཞེས་བརྗོད་པས། ལུས་ཐམས་ཅད་རྡོ་རྗེ་རྒྱ་གྲམ་གྱི་གོ་ཆས་ཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བཅིངས་པར་བལྟས་ལ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བྱ། དེ་ནས་མཛུབ་མོ་གཡས་སུ་ཏྲཾ་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་མཆེ་བ་དང་སྡིགས་མཛུབ། གཡོན་དུ་ༀ་ལས་ཁྲོ་བོ་མི་འཆི་ཐབ་སྦྱོར་དམར་པོ་རྒྱ་གྲམ་དང་སྡིགས་མཛུབ་ཅན་དུ་བསྐྱེད་ལ། ལྟེ་བ་སྙིང་ག་ལྟག་པ་དང་། དཔྲལ་བ་སྤྱི་བོ་གནས་ལྔ་རུ། ༀ་ཏྲུཾ། ཞེས་བརྗོད་བཞིན་པར་འཛུབ་མོ་གཉིས་བསྣོལ་ནས་རིམ་པར་རེག་པས། གནས་དེ་དང་དེར་ཁྲོ་བོ་གཉིས་པོ་ཟུང་རེ་ཞབས་བསྣོལ་ནས་ཞལ་ཕྱིར་གཟིགས་ཏེ་བསྲུང་བའི་ལས་མཛད་པའི་ཐུགས་ཀ་ནས་རྡོ་རྗེའི་ལུ་གུ་རྒྱུད་བྱུང་བས་བསྲུངས་ཤིང་བརྟན་པར་བྱས་ལ། ༀ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ། ཞེས་རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བར་མོས། ༀ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ། རིན་པོ་ཆེའི་ཕྲེང་བ་བཅིངས་པར་བསམ་མོ། །ༀ་ཨཱརྻ་ལམྦྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿ དར་མཐིང་དམར་གྱི་ཅོད་པན་གྱིས་བརྒྱན་པར་བསམ་མོ། །ༀ་གུ་ཧྱ་ས་མ་ཡ་སྟྭཾ། ཞེས་བརྟན་པར་བསམ་ཞིང་། ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པར་བཟླས་པས་ཤིན་ཏུ་བརྟན་པར་བྱས་ལ། དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད་པ་རྣམས་ཀྱིས་མཐའ་རྒྱས་པར་བྱའོ། །ལྔ་པ་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ནི། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རང་བཞིན་དུ་ཡོངས་སུ་ཤེས་པས་སྤྱོད་ལམ་བསྐྱང་། སྒོམ་པས་དུབ་ན། རང་གི་རྩ་དབུ་མའི་ནང་དུ་ཐིག་ལེ་ཡུངས་འབྲུ་ཙམ་པ་གསལ་ཞིང་འཚེར་བ་མེ་སྟག་ཕུས་བཏབ་པ་ལྟར་འདུག་པར་བསྒོམ། ཡང་ན་སྔར་བཤད་པའི་ཉེར་བསྡུའི་སྙིང་གའི་ཧཱུྃ་ཡིག་ནཱ་དའི་བར་དུ་བསྡུས་པ་དེ་ཉིད་ཐིག་ལེ་ཕྲ་མོ་གསལ་ཞིང་འབར་བར་གྱུར་པ་ལ་གཏད་དེ་བསྒོམ་མོ། །དེས་ནི་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་འགྱུར་རོ། །ཟས་ཀྱི་རྣལ་འབྱོར་ནི། བཟའ་བཏུང་ལ་ཐ་མལ་པའི་གཙང་ཞེན་སྤངས་ནས་སྦྱངས་རྟོགས་སྤར་བས་བདུད་རྩིར་བྱས་ལ། ལག་པའི་དགང་བླུགས་ཀྱིས། ཞལ་གྱི་ཧོམ་ཁུང་དུ་ཕུལ་བ་གཏུམ་མོའི་མེས་བཞུ་བའི་དྭངས་མའི་བདུད་རྩི་སྙིང་གར་ཡེ་ཤེས་སེམས་དཔའ་སྲེག་ལྷའི་ཚུལ་དུ་བཞུགས་པའི་ཞལ་དུ་དྲངས་པར་བསམ་ལ་རོལ་པ་ནི་ནང་གི་སྦྱིན་སྲེག་དང་། སྲེག་པའི་སྙིགས་མ་ཐལ་བར་གྱུར་པ་ཕྱིར་སྦྱངས་པར་བསམ་ལ་རླུང་རོ་བསལ་བས་ནད་དང་དུག་ལ་སོགས་པས་མི་ཚུགས་པར་བཤད་དོ། །སྤྱི་དོན་གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ལ། ཇི་ལྟར་བསྒྲུབ་པ་དང་། དེས་གྲུབ་པའི་ཚད་བསྟན་པ་ལས། དང་པོ་ནི། དེ་ལྟར་བཤད་པའི་རིམ་པས་ཐུན་བཞི་ལ་སོགས་པས་ཐུན་གྱི་ངོ་བོ་དང་ཐུན་མཚམས་ཀྱི་རྣལ་འབྱོར་ཐམས་ཅད་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་ལྟ་བ་དང་། རྩལ་སྣང་དག་པ་རབ་འབྱམས་སྒྱུ་མ་ལྟ་བུའི་ལམ་ཁྱེར་དང་མ་བྲལ་བ་ལ་བསླབ་པར་བྱའོ། །གཉིས་པ་ནི། ཚུལ་དེ་ལྟ་བུས་རིམ་པར་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་སྐྱེ་བར་འགྱུར་བའི་རྒྱུད་སྨིན་པར་འགྱུར་བ་དང་། དེ་ལས་རྫོགས་པའི་རིམ་པ་ལ་བྱང་ཆུབ་པར་འགྱུར་ཞིང་། དེ་ཡང་གཡོ་བ་དང་། ཐོབ་པ་དང་། གོམས་པ་དང་། བརྟན་པ་དང་། མཐར་ཕྱིན་པའི་ཉམས་དང་ལྔའི་གནས་སྐབས་རྣམས་སྨིག་སྒྱུ་ལ་སོགས་པའི་དཔེ་ལྔས་མཚོན་པར་གཏན་ལ་ཕེབས་ཤིང་། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་པོ་དཀའ་བ་མེད་པར་མྱུར་དུ་འགྲུབ་པར་འགྱུར་བ་སྟེ། དང་པོ་ནི། ཇི་སྐད་དུ། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། གཉིས་པ་ནི། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར། །དགུག་དང་བཏང་དང་བཅིང་དང་དགྲོལ། །གསོ་དང་གསད་དང་ཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་ཇི་ལྟར་གསུངས་པ་བཞིན་འགྲུབ་པར་འགྱུར་རོ། །ཤིན་ཏུ་རྨད་བྱུང་གསང་བ་མཆོག་གི་གནས། །སྙིང་པོའི་མཐར་ཐུག་རྡོ་རྗེ་སེམས་དཔའ་ཆེ། །སྒྱུ་འཕྲུལ་དྲྭ་བ་ཟབ་དང་རྒྱ་ཆེའི་མཛོད། །རྡོ་རྗེ་འཛིན་དབང་ཀུན་གྱི་འཇུག་ངོགས་ཡིན། །དེ་ཡི་དཀྱིལ་འཁོར་བདེ་ཆེན་མཆོག་གི་གཞིར། །མྱུར་བདེར་བགྲོད་བྱེད་རྣལ་འབྱོར་བསྐྱེད་པའི་རིམ། །རབ་གསལ་སྒྲུབ་པའི་ཐབས་ཚུལ་བླ་ན་མེད། །ཡེ་ཤེས་ཆར་དུ་འབེབས་པའི་དངོས་གྲུབ་དཔྱིད། །འདི་ལས་སྐྱེ་འཆི་བར་དོའི་འཁྲུལ་འཁོར་དུ། །རྟག་ཏུ་མནར་ཞིང་ཐབས་བྲལ་མ་གྱུར་འགྲོ། །ཐབས་མཆོག་སྐུ་གསུམ་ལམ་གྱི་དེ་ཉིད་དོན། །ཇི་བཞིན་འཆར་བར་བྱེད་པའི་རྒྱུར་གྱུར་ཅིག །བདག་བློ་དམན་ཅིང་གཞུང་དོན་རྟོགས་དཀའ་བས། །ནོངས་པར་གྱུར་གང་རྡོ་རྗེ་ཅན་ལ་བཤགས། །དགེ་བ་འདི་དང་དུས་གསུམ་བསགས་ཡོད་ཀུན། །གསང་ཆེན་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་དུ་མས་ཡང་དང་ཡང་དུ་བསྐུལ་བ་དང་། རང་གཞན་མང་པོ་ལ་ཕན་པའི་ཆེད་དུ་སྒྱུ་འཕྲུལ་རྩ་བཤད་ཀྱི་རྒྱུད་དང་རྒྱ་གཞུང་རྣམས་དང་། དཔལ་ལྡན་ཟུར་པའི་བཤད་སྒྲུབ་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ཀྱི་བཀའ་དྲིན་གྱིས་འཚོ་བའི་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་རབ་མྱོས་ཀྱི་ལོ་ཁྲུམས་ཀྱི་ཉ་བའི་ཡར་ཚེས་དགེ་བ་ལ་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོའི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་མཁས་བཙུན་བཟང་པོའི་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་མཐོ་བའི་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིས་བགྱིས་པའོ། །འདིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །། ༈ སྒྱུ་འཕྲུལ་དྲྭ་བ་ཞི་བའི་སྒྲུབ་པའི་ཐབས། །ངོ་མཚར་ཆ་ཤས་གང་བའི་རི་བོང་ཅན། །གྲངས་མེད་ཆུ་སྣོད་དུ་མར་གསལ་འཆར་བ། སྨིན་གྲོལ་ཀུན་གསལ་སྒེག་མོའི་མཁའ་ལས་སོ། །བཀྲ་ཤིས།།


previousདཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས། འགྱུར་མེད་རྡོ་རྗེ།next