Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གསུམ་པ།


   
   
   
   
   
དཔལ་གསང་བ་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་འཆད་ཐབས་ཀྱི་ཆོ་གའི་རིམ་པ། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ།
   
   
   
   
   
   
   
   
   
   
   
   
   


 
previousདཔལ་གསང་བ་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་འཆད་ཐབས་ཀྱི་ཆོ་གའི་རིམ་པ། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ།next

དཔལ་གསང་བ་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་འཆད་ཐབས་ཀྱི་ཆོ་གའི་རིམ་པ། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ།

དཔལ་གསང་བ་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་འཆད་ཐབས་ཀྱི་ཆོ་གའི་རིམ་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཁྲི་ཆེན་པདྨ་དབང་རྒྱལ་གྱིས་མཛད་པ་བཞུགས་སོ། །ན་མོ་གུ་རུ་བྷྱཿ རྒྱུད་ཀྱི་འཆད་ཉན་ཚུགས་པའི་ཉིན་ཐོག་མར་སློབ་དཔོན་གྱིས་ཚིག་བདུན་གསོལ་འདེབས་དང་། རྣམ་ཐར་གསོལ་འདེབས་སྔོན་དུ་འགྲོ་བས་ཚོགས་ཞིང་བཛྲ་ས་མཱ་ཛཿས་སྤྱན་དྲངས་ནས་རྒྱུན་བཤགས་བྱ་བ་ནས་བཟུང་འདས་གཏོར་བསྔོ་བའི་བར་ཟབ་དོན་སྣང་བ་བཞིན་བཏང་། གཏོར་བསྔོས་ལེགས་ལྡན་གཏེར་གཞི་བཤགས་ཕྲིན་རྗེས་གྲོལ། སློབ་མ་རྣམས་འདུས་པ་དང་ཐམས་ཅད་སྡེབ་འདོན་གྱིས་ཚིག་བདུན་གསོལ་འདེབས་དང་། སྤྲོས་བྲལ་ཆོས་དབྱིངས་ལྷུ་གསུམ་གྱི་རྗེས། མཚོ་སྐྱེས་སྤྲུལ་སྐུས་ལུང་བསྟན་རྗེས་བཟུང་ཞིང་། །སོགས་ནས། ཀུན་ཁྱབ་འགྱུར་མེད་སོགས། བསླབ་གསུམ་རྣམ་དག་སོགས། སངས་རྒྱས་གཉིས་པ་སོགས། རྣམ་དག་སྨོན་ལམ་སོགས། རྒྱལ་བ་ཀུན་འདུས་སོགས། རྡོ་རྗེ་སློབ་དཔོན་སོགས་རྒྱུན་བཤགས་ལན་གཅིག་གི་རྗེས་སུ་སློབ་དཔོན་གྱིས། སོ་སོ་རང་རང་གི་དབུ་གཙུག་ཏུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་རེ་རེ་འོད་དུ་ཞུ་བ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང་འཛིན་པ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡུམ་སྙེམས་མ་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པའི་ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་དཀར་པོ་གསལ་ཞིང་འཚེར་བ། དེའི་མཐའ་བསྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་དྲི་མ་མེད་པས་གཡས་སུ་བསྐོར་བར་བསམ་ལ། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ལ་མོས་གུས་གདུང་ཤུགས་དྲག་པོས་ཡི་གེ་བརྒྱ་པ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་བདུད་རྩི་དཀར་པོའི་ཆུ་རྒྱུན་སྐྱ་ཆིལ་ཆིལ་བབས་པ་རང་གི་སྤྱི་བོ་ནས་ཞུགས། ལུས་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་བཞི་རྫོགས་སུ་ཐོབ་སྟེ་ཐུགས་རྒྱུད་བྱིན་གྱིས་བརླབས་པར་གྱུར་སྙམ་པས་ཡི་གེ་བརྒྱ་པ་གསོལ་འདེབས་ཀྱི་ཚུལ་དུ་ལྷན་ཅིག་གནང་བར་ཞུ། ཞེས་ཡིག་བརྒྱ་མང་ཞིག་བཟླ། མགོན་པོ་བདག་ནི་སོགས་ནས་མཛད་དུ་གསོལ། །བར། དེ་ལྟར་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་སོ་སོ་རང་རང་ལ་ཐིམ་པར་གྱུར། དེ་ནས་སློབ་དཔོན་གྱི་ལྕེའི་དཀྱིལ་འཁོར་གྱི་དབུས་དང་། སོ་སོ་རང་རང་གི་སྙན་གྱི་འདོམས་རྩ་གཉིས་སུ་བྷྲཱུཾ་ཡིག་དམར་སེར་རེ་རེ་འོད་དུ་ཞུ་བ་ལས། འཁོར་ལོ་རྩིབས་བཞི་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་གདན་དང་བཅས་པ་རེ་རེ་གསལ་བར་གྱུར། དེ་ནས་སློབ་དཔོན་གྱི་ལྕེའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿཟུང་ཞུ་བར་གྱུར་པ་ལས་སྣང་བ་མཐའ་ཡས་དམར་པོ་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པ་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། རྩིབས་བཞིའི་ཤར་ནས་རིམ་པ་བཞིན་ཧྲཱིཿཡིག་ཟུང་རེ་ཞུ་བ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཆོས་དང་རྡོ་རྗེ་པི་ཝང་མ། རྡོ་རྗེ་རྣོན་པོ་དང་རྡོ་རྗེ་མེ་སྒྲོན་མ། རྡོ་རྗེ་འཁོར་ལོ་དང་རྡོ་རྗེ་ལྕགས་སྒྲོག་མ། རྡོ་རྗེ་སྨྲ་བ་དང་རྡོ་རྗེ་གསལ་བཀྲ་མ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པ་ཅན་དུ་གྱུར། སོ་སོའི་སྙན་གྱི་དཀྱིལ་འཁོར་ཆ་གཉིས་ཀྱི་དབུས་སུ་ཏྲཱཾ་ཡིག་ཟུང་རེ་ཞུ་བ་ཡོངས་སུ་གྱུར་པ་ལས། རིན་ཆེན་འབྱུང་གནས་སེར་པོ་གཡས་རིན་པོ་ཆེ་དང་གཡོན་དྲིལ་བུ་འཛིན་པ་ཡུམ་མཱ་མ་ཀཱི་དང་མཉམ་པར་སྦྱོར་བའི་སྐུར་གྱུར། རྩིབས་བཞིའི་ཤར་ནས་རིམ་པ་བཞིན་ཏྲཱཾ་ཟུང་རེ་ཞུ་བ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རིན་པོ་ཆེ་དང་རྡོ་རྗེ་མཱ་ལྱེ་མ། རྡོ་རྗེ་ཉི་མ་དང་རྡོ་རྗེ་མེ་ཏོག་མ། རྡོ་རྗེ་རྒྱལ་མཚན་དང་རྡོ་རྗེ་ཞགས་པ་མ། རྡོ་རྗེ་བཞད་པ་དང་རྡོ་རྗེ་བདེ་བ་མ་སྟེ། ཐམས་ཅད་ཀྱང་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། དེ་ལྟར་དཀྱིལ་འཁོར་ཆ་གསུམ་ཀའི་སྒོ་བཞིར་ཧཱུཾ་ཛཿ ཧཱུཾ་ཧཱུཾ། ཧཱུཾ་བཾ། ཧཱུཾ་ཧོཿ ཞེས་པས་ཤར་སྒོར་གཤིན་རྗེ་གཤེད། ལྷོ་སྒོར་སྟོབས་པོ་ཆེ། ནུབ་སྒོར་རྟ་མགྲིན། བྱང་སྒོར་བདུད་རྩི་འཁྱིལ་བ་རྣམས་རང་རང་གི་ཡུམ་ལྕགས་ཀྱུ་མ་ལ་སོགས་པ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་ནས་སློབ་དཔོན་གྱི་ལྕེ་ཡི་དཀྱིལ་འཁོར་ལ་དབང་བསྐུར་བར་གྱུར། ༀ་མ་ཧཱ་པྲ་ཏྱེ་བེཀྵ་ཎ་སོགས་སྔགས་ཚན་ལྔ། སླར་ཡང་སྙན་གྱི་དཀྱིལ་འཁོར་ལ་དབང་བསྐུར་བར་གྱུར། ༀ་མ་ཧཱ་ས་མ་ཏཱ་སོགས་ལྔས་བསྐུར། དཀྱིལ་འཁོར་ཆ་གསུམ་ཀའི་གནས་གསུམ་བྱིན་གྱིས་བརླབས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་སོགས། བཛྲ་ས་མཱ་ཛཿ ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲས་བརྟན་པར་བྱས་ནས། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་ནས། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་པས་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་བའི་རྐྱེན་གྱིས་སློབ་བུ་ཡང་འོད་དུ་ཞུ་བ་འོད་ཕུང་སེར་པོ་ལས་རིན་ཆེན་འབྱུང་གནས་དང་། སློབ་དཔོན་འོད་དུ་ཞུ་བ་འོད་ཕུང་དམར་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར། གང་དག་རབ་འབྱམས་སོགས། ཞེས་བརྗོད་རྗེས་བདུད་ཚར་གཅོད་ཀྱི་སྔགས་ཚར་གཅིག་འདོན། དེ་ནས་རིམ་པར་ལོ་རྒྱུས་ནས་འཆད་པར་མཛད་ཅིང་། རྒྱུན་དུ་ཐུན་འགོར། ཏ་དྱ་ཐཱ། ཤ་མི་ཤ་མ་ཝ་ཏི། ཤ་མི་ཏ་ཤ་ཏྲུཾ། ཨངྐུ་རེ། མངྐུ་རེ། མཱ་ར་ཛི་ཏེ། ཀ་རོ་ཊེ། ཀེ་ཡཱུ་རེ། ཏེ་ཛོ་ཝ་ཏི། ཨོ་ལོ་ཡ་ནི། བི་ཤུདྡྷེ་ནིརྨ་ལེ་སཱ་ལ་པ་ན་ཡེ། ཁུ་ཁུ་རེ། ཁ་ཁ་གྲ་སེ། གྲ་ས་ནེ། ༀ་མུ་ཁི། པ་རཾ་མ་ཁི། ཨ་མུ་ཁི། ཤ་མི་ཏཱ་ནི། སརྦ་གྲ་ཧ། བནྡྷ་ནཱ་ནི། ནི་གྲྀ་ཧི་ཏྭ། སརྦ་པཱ་ར་པྲ་ཝཱ་དི་ན། བི་མུཀྟ་མཱ་ར་པཱ་ཤ །སྠཱ་བི་ཏྭ། བུདྡྷ་མུ་དྲ། ཨ་ནུཏྒ་ཏི་ཏ། སརྦ་མཱ་རེ། པུ་ཙ་རི་ཏ། པ་རི་ཤུ དྡྷེ། བི་གཙྪནྟུ། སརྦ་མཱ་ར་ཀརྨ་ཎི། ཞེས་ཚར་རེ་དང་། ཕྱི་དྲོའི་ཐུན་གྲོལ་རྗེས། བསོད་ནམས་འདི་ཡིས་སོགས་དགེ་བ་བསྔོ་བར་མཛད། གྲོལ་རྒྱུའི་ཐུན་མཐར། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །སོགས་དོང་སྤྲུགས་ནང་ལྟར། ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་བསྔོ་བ་དང་། རྒྱལ་བ་ཀུན་གྱི་གསང་ཆེན་སོགས། ཨོ་རྒྱན་དུས་གསུམ་སོགས། བགེག་རིགས་སྟོང་ཕྲག་སོགས། མི་འགྱུར་ལྷུན་པོ་སོགས་ཀྱིས་ཤིས་བརྗོད་ཅིང་། དེ་ལྟར་འགྲུབ་པར་བྱེད་པ་ཡང་སོགས་བྱ། སློབ་དཔོན་གྱིས་ཆོས་སྐྱོང་གཏོར་འབུལ་སོགས་རྗེས་ཆོག་མཐའ་རྒྱས་སུ་མཛད་པ་ཡིན་ནོ། །ཞེས་པ་འདི་སྨྱོས་རིགས་དགེ་སྦྱོར་ཀུན་བཟང་། སློབ་དཔོན་རྡོར་འཛིན། མཆན། ཆོས་མཛད་ཀུན་ལྡན་ནས་ཆོས་འཆད་སློབ་དཔོན་དུས་ལྷ་རྫས་དང་རིན་གཉིས་ཀྱི་སྐྱེས་བཅས་བསྐུལ་མ་གནང་བ་བཞིན། སྔ་དུས་ཇི་ལྟར་མཛད་པའི་ཆོག་ཁྲིགས་ཁུངས་མ་ཉིད་ལ་བརྟེན་ནས་ཟིན་བྲིས་སུ་བཏབ་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousདཔལ་གསང་བ་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་འཆད་ཐབས་ཀྱི་ཆོ་གའི་རིམ་པ། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ།next