Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན། པདྨ་འགྱུར་མེད་རྒྱ་མཚོ།
   
   
   
   
   
   


 
previousསྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན། པདྨ་འགྱུར་མེད་རྒྱ་མཚོ།next

སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན། པདྨ་འགྱུར་མེད་རྒྱ་མཚོ།

སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ། །སྒྱུ་འཕྲུལ་དྲ་བ་ཞི་བ་འབྲིང་པོའི་དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་རིག་ཡེ་ཤེས་གཉིས་འཛིན་འཁྲུལ་རྟོག་གིས། །འཆིང་བ་ཀུན་གྲོལ་མི་འགྱུར་བདེ་ཆེན་ཉིད། །བླ་མེད་སྐུ་བཞིའི་རྡོ་རྗེར་བྱང་ཆུབ་པ། །དྲིན་ཅན་བླ་མའི་ཞབས་ཟུང་གཙུག་གིས་མཆོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་པའི་ཤུལ། །གསང་ཆེན་སྙིང་པོའི་དེ་ཉིད་ངེས་པའི་དོན། །སྒྱུ་འཕྲུལ་དྲྭ་བ་ཞི་བའི་དཀྱིལ་འཁོར་དུ། །སྐལ་ལྡན་གཞུག་ཐབས་དབང་བསྐུར་ཆོ་ག་བྲི། །དེ་ལ་འདིར་ཧེ་རུ་ཀ་འདུས་པའི་རྒྱུད་ལས། དང་པོ་ས་ཡི་ཆོ་ག་སྟེ། གཉིས་པ་ལ་ནི་སྟ་གོན་གནས། །གསུམ་པ་འཇུག་པའི་ཆོ་ག་བྱ། །ཞེས་གསུངས་པ་ལྟར་ལས་ནུབ་དང་པོ་སའི་ཆོ་ག་དང་། གཉིས་པ་སྟ་གོན་གྱི་ཆོ་ག་གཞན་རྣམས་རྗེ་བླ་མས་མཛད་པའི་དཀྱིལ་ཆོག་རྡོ་རྗེའི་ཕྲེང་བ་ལྟར་བྱ་ཞིང་། འདིར་སློབ་མ་ལྷག་པར་གནས་པའི་ཆོ་ག་ནི་དཀྱིལ་འཁོར་གྱི་ཤར་ལྷོར་མཎྜལ་ཁྲུ་གང་བ་ལ་འཁོར་ལོ་རྩིབས་བཞི་པ་བྲི། སློབ་དཔོན་གྱི་དྲུང་དུ་སོ་ཤིང་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བྱའོ། །དེ་ནས་སློབ་བུ་རྣམས་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ་རྗེས་ཆོས་བཤད་ཐུན་མོང་བ་སྔོན་དུ་འགྲོ་བས། མཚམས་སྦྱོར་གྱི་ཁྱད་པར། འདི་ནི་སྡེ་སྣོད་དང་རྒྱུད་ཐམས་ཅད་ཀྱི་རྩ་བའམ་འཕྲོ་གཞི་ལྟ་བུར་གྱུར་པ་དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཏེ། དེ་ལའང་སྨིན་གྲོལ་གྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་སྨིན་བྱེད་ཀྱི་དབང་ཉིད་བསྐུར་བ་སྐབས་སུ་བབས་པ་ཡིན་ཞིང་། དབང་དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྐབས་འདིར་སྦྱོར་བ་སྟ་གོན་གྱི་བྱེ་བྲག་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་སྒྲུབ་པར་བྱེད་པ་ཡིན་པས། དེའི་སླད་དུ་ཐོག་མར་ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དང་འབྲེལ་བའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་འབུལ་བའི་མོས་འདུན་བགྱིས་ཏེ་ཞིང་ཁམས་འབུལ་མཛོད། ཅེས་བརྗོད་དེ་མཎྜལ་འབུལ། དེ་ནས་སློབ་མ་རྣམས་ཀྱིས་སེམས་བསྐྱེད་པར་བྱ་སྟེ། དེ་ལའང་གཉིས་ལས་དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དོན་དུ་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། གཉིས་པ་དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགགས། །འགགས་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ལན་གསུམ། དེའི་ལན་དུ་སློབ་དཔོན་གྱིས། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིས་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་དོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱོད་ལ་རབ་ཏུ་བསྟན་པར་བྱ། །ཞེས་བརྗོད། སྐབས་འདིར་དཀྱིལ་འཁོར་གྱི་དོན་བཤད་ལ་ངེས་ཤེས་བསྐྱེད་པར་བྱ་སྟེ། རྡོ་རྗེ་ལས་རིམ་ལས། དཀྱིལ་འཁོར་དོན་དང་ཡོན་ཏན་རྣམས། །གསལ་བྱས་རབ་ཏུ་བྲོད་པ་བསྐྱེད། །ཅེས་གསུངས་པས་སོ། །དེ་ལ་འདིར། གསང་བ་སྒྱུ་འཕྲུལ་པའི་ལུགས་ཀྱི་དཀྱིལ་འཁོར་ལ། ངོ་བོ། ངེས་ཚིག །དགོས་ཆེད། དབྱེ་བ་དང་བཞི་ལས། ངོ་བོ་ནི། བཀོད་པ་ལྷའི་འཁོར་ལོར་རྫོགས་པར་སྣང་བའོ། །ངེས་ཚིག་ནི། མཎྜ་ལའི་སྒྲ་ལས་དྲངས་ན་སྙིང་པོ་འཛིན་པའམ་སྙིང་པོ་ལེན་པ་དང་། ཟླུམ་པོའམ་བསྐོར་བའི་དོན་གྱིས་དཀྱིལ་འཁོར་རོ། །དགོས་ཆེད་ནི། ཚོགས་གཉིས་རྫོགས་པར་བྱེད་པའོ། །དབྱེ་བ་ནི། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་པ་ལྟར་བདུན་ལས། འདིར་འཇུག་བྱའི་དཀྱིལ་འཁོར་ནི་ལྷག་པ་གཟུགས་བརྙན་ཏེ། འདི་ལྟ་བུའི་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་འདི་འདྲ་མཐོང་བ་ཙམ་གྱིས་ཀྱང་བསྐལ་པ་བྱེ་བ་དུ་མར་བསགས་པའི་སྡིག་སྒྲིབ་འདག་པ་སོགས་ཕན་ཡོན་དང་ལྡན་ན་ཞུགས་ཤིང་དབང་བསྐུར་བས་ནི་ལྟ་ཅི་སྨོས་ཏེ་དེའི་ཕྱིར་དགའ་སྤྲོ་ཡང་དག་པར་བསྐྱེད་མཛོད་ཅིག །ཅེས་བསྐུལ་ལོ། །དེ་ནས་སློབ་མས་གསོལ་བ་གདབ་པ་ནི། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དོ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ། དེ་ནས་གནང་བ་སྦྱིན་ཅིང་དྲང་བ་ནི། ལག་གི་རྡོ་རྗེ་ལ་འཇུར་བཅུག་སྟེ། བུ་འདིར་ཤོག་ཅིག་ཅི་བདེ་བར། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་ངང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པོར་ཟུང་། །སྒྱུ་འཕྲུལ་དྲྭ་བའི་རྫོགས་དབང་བྱིན། །ཞེས་དྲངས་ལ། ཁྱད་པར་ཅན་གྱི་དོན་ལ་གསོལ་བ་གདབ་པ་ནི། བདག་ནི་ལས་མཆོག་སྐལ་བར་ལྡན། །དེང་ནས་ཐེག་པ་ཆེན་པོ་ལ། །བརྟན་པར་བྱ་ཕྱིར་བདག་ལ་ནི། །ཡེ་ཤེས་བསྲུང་བ་མཛད་དུ་གསོལ། །ཞེས་གསོལ། དེ་ནས་བགེགས་བསྐྲད་ཅིང་སྒྲིབ་པ་ཕྲལ་བ་ལ། སྔོན་དུ་འགྲོ་བ་དང་། དངོས་གཉིས། དང་པོ་ནི། ཚེ་མི་ཡར་བར་བྱ་བའི་ཕྱིར། དབང་ཕྱུག་གི་ཐུགས་ཀའི་ས་བོན་ལས་ཡི་གེ་བྷྲཱུྃ་རེ་སློབ་མའི་དཔྲལ་བར་སྤྲོས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཞེས་བརྗོད་པས། དུང་ཁང་དུ་ཟླ་གམ་དམར་པོའི་གཞལ་ཡས་ཁང་གནས་སྒོ་གཅིག་པ་སྒོ་ཁྱུད་ཅན་གཅིག་ཏུ་གྱུར། དེའི་ནང་དུ་ཧཱུྃ་ཡིག་གསལ་བ་ལས་ཧཱུྃ་ཞེས་བརྗོད་པས་སློབ་མའི་ཚེའི་དངོས་པོ་ཐམས་ཅད་ཧཱུྃ་ལ་བསྡུ། ༀ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། ཅེས་བརྗོད་པས། ཧཱུྃ་ཀཱ་ར་སྔོན་པོ་ཚེའི་བུམ་པ་བསྣམས་པ་དང་། ཟླ་གམ་གྱི་གནམ་སྒོ་ལ། ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་ཕཊ། ཅེས་བརྗོད་པས། ཁྲོ་བོ་མི་གཡོ་བ་ལྗང་ནག་རལ་གྲི་དང་སྡིགས་མཛུབ་ཅན་གཅིག་གིས་སྒོ་བསྲུང་བར་གྱུར། གཉིས་པ་ལ་བགེགས་བསྐྲད་པ་དང་། སྒྲིབ་པ་ཕྲལ་བ་གཉིས་ཀྱི། དང་པོ་ནི། སློབ་དཔོན་ཞེ་སྡང་རྡོ་རྗེར་གསལ་བས། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས། སྤྲུལ་པའི་ཁྲོ་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས། བདུད་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུའང་བཅོམ་ལྡན་འདས་སྒྱུ་འཕྲུལ་ཞི་ཁྲོ་རྣམ་པར་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། ཞེས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། འདིར་འདུས་པའི་སློབ་བུ་རྣམས་ལ་གནོད་ཅིང་འཚེ་བའི་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག །ཅེས་དང། ཧཱུྃ་བཞི་པའི་སྔགས་ལན་གསུམ་བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། གཉིས་པ་ནི། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ༀ་ཧཱུྃ་སྭཱ་ཨཱཾ་ཧཱཾ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ། ༀ་སུ་ར་ཏ་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི། ཞེས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ། ཞེས་ཕྱག་རྒྱ་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། གོང་ལྟར་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། སློབ་བུ་འདི་རྣམས་ཀྱི་རྒྱུད་ལ་ཡོད་པའི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ལྟ་བ་དམན་པའི་སྒྲིབ་པ་དང་། ཆོས་ཀྱིས་ཕོངས་པའི་སྒྲིབ་པ་དང་། བག་ཆགས་ངན་པའི་སྒྲིབ་པ་ལ་སོགས་ཏེ་སྒྲིབ་པའི་ཕུང་པོ་ཇི་སྙེད་པ་ཐམས་ཅད་ཕྱག་རྒྱའི་འོད་ཟེར་འདིས་བྲལ་བར་གྱུར་ཅིག །བཛྲ་བྷནྡྷ་ཏྲ་ཐ། ཞེས་པའི་སྔགས་མང་དུ་བརྗོད་ཅིང་ཕྱག་རྒྱ་སྤྲུགས་པས། རིགས་ལྔའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་པས་སློབ་བུའི་སྒྲིབ་པ་མཐའ་དག་བསྲེགས་ཤིང་སྦྱངས། དུང་ཁང་གི་ཁྲོ་བོ་གཉིས་ཀྱང་ཞུ་ལུགས་སུ་ཐིམ་པའི་རྐྱེན་གྱིས་བུའི་ལུས་ཀྱང་འོད་དུ་ཞུ་བའི་འོད་ཕུང་གསེར་ཞུན་མ་ལྟ་བུར་གནས་པར་བསམ། དེ་ནས་སློབ་བུ་ལྷར་བསྐྱེད་པ་ལ་བསྐུར་བརླབ་གོ་བགོ་ལུས་བསྲུང་བྱ་བ་ནི། ཧཱུྃ་ཞེས་བརྗོད་པས་དེ་ཉིད་ཧཱུྃ་ཡིག་དཀར་པོ་གཅིག་ཏུ་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་རྡོ་རྗེ་རྩེ་ལྔ་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོར་དྲིལ་འཛིན་པ་རྒྱན་དང་ཆ་ལུགས་ཐམས་ཅད་རྫོགས་པར་བསམ། སོ་སོའི་ཕྱག་རྒྱ་སློབ་མའི་མགོའི་གནས་ལྔར་བཞག་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཤཱུ་ནྱ་ཏའི་འཚབ་ཏུ། ཨཱ་དཪྴ། ས་མ་ཏཱ། པྲ་ཏྱ་བེཀྵ་ཎ། ཀྲྀ་ཏྱཱ་ནུཥྛཱ་ཎ་ཞེས་བཅུག་པས་དབང་བསྐུར། ༀ་ཨཱཿཧཱུྃ་ཞེས་བརྗོད་ཅིང་རྡོ་རྗེ་གནས་གསུམ་དུ་གཏུགས་པས་བྱིན་གྱིས་བརླབས། སླར་ཡང་རྡོ་རྗེ་རྩེ་ལྔའི་རྒྱ་བཅིངས་པས་གནས་གསུམ་དུ་བཞག་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ཝཱ་ཀ །ཙིཏྟ་ཞེས་བཅུག་པས། བྱིན་གྱིས་བརླབས་པའི་རྟགས་སུ་དཔྲལ་བར་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ་འཁོར་ལོ་ༀ་གྱིས་མཚན་པ་འཛིན་པ། མགྲིན་པར་གསུང་རྡོ་རྗེ་སྣང་མཐའ་དམར་པོ་པདྨ་ཨཱཿས་མཚན་པ་འཛིན་པ། སྙིང་གར་ཐུགས་རྡོ་རྗེ་མི་བསྐྱོད་པ་མཐིང་ག་རྡོ་རྗེ་ཧཱུྃ་གིས་མཚན་པ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པར་བསམ། རྡོ་རྗེ་གོ་ཆའི་ཕྱག་རྒྱ་སྤྱི་བོར་བཞག་ལ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་གོ་བགོ། མཛུབ་མོ་གཡས་སུ་ཏྲུཾ་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་མཆེ་བ་དང་སྡིགས་མཛུབ། གཡོན་དུ་ༀ་ལས་ཁྲོ་བོ་མི་འཆི་ཐབ་སྦྱོར་དམར་པོ་རྒྱ་གྲམ་དང་སྡིགས་མཛུབ་ཅན་དུ་བསྐྱེད་ལ། ༀ་ཏྲུཾ། ཞེས་ལྟེ་བ། སྙིང་ག །ལྟག་པ། དཔྲལ་བ། སྤྱི་བོ་རྣམས་སུ་རིམ་པར་མཛུབ་མོ་གཉིས་བསྣོལ་བ་རེག་པས། གནས་དེ་དང་དེར་ཁྲོ་བོ་གཉིས་པོ་ཟུང་རེ་ཞབས་བསྣོལ་ནས་ཞལ་ཕྱིར་གཟིགས་ཏེ་བསྲུང་བའི་ལས་མཛད་པའི་ཐུགས་ཀ་ནས་རྡོ་རྗེ་ལུ་གུ་རྒྱུད་བྱུང་བས་བསྲུངས་ཤིང་བརྟན་པར་བསམ་མོ། །དེ་ནས་སོ་ཤིང་དོར་བ་ནི། སོ་ཤིང་སོར་བཅུ་གཉིས་པ་དྲི་བཟང་གིས་བྱུགས་ཤིང་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་པ་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་བསམ་ལ་སྦྱིན་ཞིང་། དེས་ཀྱང་མཁའ་དབྱིངས་ཀྱི་རྒྱས་བཟུང་ལ་སོས་འཆའ་ཞིང་དྲུད་པ་ལྟར་བྱས་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་མོས་ནས། ༀ་ཛིཾ་ཧ་སཾ་ཝརྟི་ཧཱུྃ། ཞེས་མཎྜལ་གྱི་སྟེང་དུ་དོར་བས་ཚུགས་ན་བཟང་། ཕྱོགས་བཞིར་འགྱེལ་ན་ལས་བཞི། མཚམས་བཞིར་དངོས་གྲུབ་དམན་པ་འགྲུབ་པར་བསྟན། དེ་ནས་ཁྱོར་ཆུ་བླུད་པ་ནི། དྲི་བཟང་གི་ཆུ་ལ། ༀ་བཛྲ་ས་ཏྭ་ཨ། ཞེས་བརྗོད་པས། རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་ཞུ་བས་རྨི་ལམ་གསལ་བར་བྱེད་པའི་ནུས་པ་དང་ལྡན་པར་བསམ་ཞིང་ཁྱོར་བར་བླུགས་ལ། ༀ་སརྦ་སཾ་ཤོ་དྷ་ན་ཡེ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་འཐུང་དུ་བཅུག་ནས་ལྷག་མས་ཁ་ལག་བཀྲུ། དེ་ནས་སྲུང་སྐུད་འཆིང་བ་ནི། སྲུང་སྐུད་དམར་པོ་སུམ་སྒྲིལ་ལ། ༀ་བིགྷྣཱཾ་ཏ་ཀྲྀཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་མདུད་པ་གསུམ་བཏབ་པས། བར་ཆད་བསྲུང་བའི་ནུས་པ་དང་ལྡན་པར་བསམ་ལ། སྔགས་དེས་ཕོའི་དཔུང་པ་གཡོན་དང་མོའི་གཡས་འཆིང་ཞིང་མདུད་པའི་སྟེང་དུ་སྲིན་ལག་གིས་དྲིའི་ཐིག་ལེ་བྱས་ལ་རྒྱ་གྲམ་དུ་རེག་པས་བསྲུང བར་བསམ་མོ། །དེ་ནས་ཀུ་ཤ་བྱིན་པ་ནི། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས། རྨི་ལམ་མི་འཁྲུག་པའི་ནུས་པ་དང་ལྡན་པར་བསམ་ལ། ༀ་ཨཱ་དྷཱིཿཧཱུྃ་སྭཱ་ཧཱ། ཞེས་སྔས་དང་སྟན་གྱི་དོན་དུ་བྱིན། དེའི་རྗེས་སུ་དངོས་གྲུབ་ཀྱི་སྣོད་སྐྱོན་ངོ་ཤེས་པའི་ཆེད་དུ་དབང་གི་གེགས་བརྒྱད་བཤད་པར་བྱ་སྟེ། སངས་རྒྱས་ཀུན་གྱི་དངོས་གྲུབ་མཆོག །དབང་དང་བྱིན་རླབས་འབྱུང་བ་ནི། །དཔེར་ན་དྭངས་པའི་རྒྱ་མཚོ་ལ། །ཉི་ཟླའི་གཟུགས་བརྙན་འབྱུང་འགྱུར་གྱི། །རྙོགས་པའི་ཆུ་ལ་འགགས་འགྱུར་བཞིན། །བྱིན་རླབས་དབང་མཆོག་ཐོབ་པའི་གེགས། །རྣམ་པ་བརྒྱད་དུ་རྒྱལ་བས་བཤད། །སྟོན་པ་སྔོན་བྱུང་སློབ་དཔོན་ལ། །བཀའ་གཅོག་བརྙས་པར་བྱེད་པ་ནི། །དབང་དང་དངོས་གྲུབ་དང་པོའི་གེགས། །བླ་མེད་འགྲོ་བའི་རྡོ་རྗེ་སྤུན། །འཁུ་ལྡོག་གདུང་བའི་སེམས་མེད་ན། །དབང་དང་དངོས་གྲུབ་གཉིས་པའི་གེགས། །བྱང་ཆུབ་སེམས་ལ་འདུད་མེད་ཅིང་། །ཐར་ལམ་འདྲེན་པའི་ལྷ་སྤོང་བ། །དབང་དང་བྱིན་རླབས་གསུམ་པའི་གེགས། །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་བཞི་པའི་གེགས། །གསང་བས་གསང་བའི་ལྟ་སྤྱོད་རྣམས། །ཡོངས་ལ་འབྱིན་པ་གེགས་ལྔ་ཡིན། །ཐར་ལམ་སྟོན་ལ་འདུད་མེད་ཅིང་། །སེར་སྣས་བཅིངས་པ་དྲུག་པའི་གེགས། །གཟུ་ལུམ་དབང་བྱེད་ལས་ལ་སྤྱོད། །དངོས་གྲུབ་མྱུར་བའི་གེགས་བདུན་པ། །འདོད་པའི་ཁེ་གྲགས་ལྷུར་ལེན་ཞིང་། །གསང་བའི་དམ་ཚིག་སྤོང་བ་སྟེ། །འདི་ནི་བརྒྱད་པའི་གེགས་སུ་བསྟན། །ཉེས་པ་འདི་དག་སྤོང་བ་ནི། །དངོས་གྲུབ་དབང་གི་སྣོད་དུ་འགྱུར། །བུ་ཀྱེ་ནང་པར་འདྲི་བྱེད་པས། །དཀྱིལ་འཁོར་སྟེང་དུ་ལེགས་པར་ཉོལ། །ༀ་བཛྲ་ཡཀྵ་ཀྲོ་དྷ་ས་མ་ཡ་དཎྜ་ཧཱུྃ། ཞེས་ལས་བུམ་གྱི་ཆུས་གཏོར་ནས། དོ་ནུབ་སེང་གེ་ཉལ་ཐབས་ཀྱིས་བདེ་བར་ཉོལ་ལ། མཚན་མོའི་ཐུན་གསུམ་པ་ཐོ་རེངས་ཀྱི་དུས་རྨི་ལམ་བཟང་ངན་གང་རྨིས་པ་དེ་ནང་པར་བདག་ལ་སྨྲོས་ཤིག །ཅེས་བསྒོ། སློབ་བུ་རྨི་ལམ་ངན་ལ་རྨིས་པ་རྣམས་རྡོ་རྗེ་གནོད་སྦྱིན་གྱི་སྔགས། ༀ་བཛྲཀྵ་ཧཱུྃ་ཞེས་པ་དང་མཆེ་བའི་ཕྱག་རྒྱས་བསྲུང་། ཀུན་རྨི་ལམ་ངན་ན་དྲག་པོའི་སྦྱིན་སྲེག་སོགས་ཀྱང་བྱའོ། །དེ་ལ་རྨི་ལམ་བཟང་ངན་གྱི་མཚན་ཉིད་ནི། ཁྲུས་བྱེད་པ་སྐུ་གསུང་ཐུགས་རྟེན་མཐོང་བ་ལ་སོགས་པ་རྨིས་ན་བཟང་། ཐུར་དུ་འབབས་པ་ལ་སོགས་པ་མཐོང་ན་ངན་ནོ། །དེ་དག་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའོ། ༈ །དེ་ལྟར་ས་ཆོག་དང་སྟ་གོན་གྱི་རིམ་པ་རྣམས་སོང་ནས། ཐིག་ཚོན་གྱི་བྱ་བ། དཀྱིལ་འཁོར་རྒྱན་བཀོད། རབ་གནས་བྱ་བ། སྒྲུབ་མཆོད་རྣམས་རྗེ་བླ་མས་མཛད་པའི་དཀྱིལ་ཆོག་རིན་ཆེན་ཕྲེང་བ་དང་། སྒྲུབ་ཐབས་ཡེ་ཤེས་ཆར་འབེབས་ལྟར་བྱའོ། །འདིར་དབང་གི་ཆོ་ག་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། ཞུགས་པ་ལ་མངོན་པར་དབང་བསྐུར་བའི་ཆོ་ག་གཉིས། དང་པོ་ལ། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་བ། །བགེགས་བསྐྲད་ལྷར་རློབ་དམ་ཚིག་སྦྱིན། །དེ་ཉིད་དབབ་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་ཆོས་བཅོ་བརྒྱད་དུ་ཡོད་པ་ལས། དང་པོ་སློབ་དཔོན་འཇུག་པ་ནི། དཀྱིལ་འཁོར་བཞེངས་སྒྲུབ་ཀྱི་ལས་རིམ་ཀུན་ཚར་བ་དང་། སློབ་དཔོན་རང་ཉིད་སློབ་མ་འཇུག་པ་ལྟར་དཀྱིལ་འཁོར་དུ་ཞུགས་ཏེ། དབང་རྣམས་བདག་འཇུག་གི་ཚུལ་དུ་བླང་བའམ། མི་ནུས་ན་དཀྱིལ་འཁོར་གྱི་ཤར་སྒོར་གུས་པས་འདུག་སྟེ། རིག་པའི་མེ་ཏོག་དོར་ནས་དངོས་གྲུབ་སྐུལ་བ་སྒྲུབ་ཐབས་ལྟར་བྱས་པས་འགྲུབ་བོ། །གཉིས་པ་སློབ་མ་གཞུག་པར་བཟོད་གསོལ་གནང་བ་ཞུ་བ་ནི། ༀ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །ཞེས་གསོལ་བས་དེ་བཞིན་གཤེགས་པ་རྣམས་འཛུམ་པའི་མདངས་ཀྱིས་སློབ་བུ་དཀྱིལ་འཁོར་དུ་ཆུག་ལ་དབང་བཅོ་བརྒྱད་སྣོད་དང་འཚམས་པར་བསྐུར་ཅིག །ཅེས་གནང་བ་ཐོབ་པར་བསམ་མོ། །གསུམ་པ་ཁྲུས་བྱ་བ་ནི། སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ལས་བུམ་ཆུས་ཁྲུས་བྱས་ནས། མཚམས་གཅོད་སྲུང་འཁོར་སྒོམ་པ་སྔོན་དུ་འགྲོ་བས་ཆོས་བཤད་པར་བྱ་སྟེ། འདི་ལྟར། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སློབ་པའི་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཆེན་པོ་གང་གི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་རྣམས་ལེགས་པར་ནོད་ནས་ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་བླང་དོར་མ་འཛོལ་བར་བགྱིས་ཏེ། ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱང་སྤྱིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ་དང་། བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བསྐོར་བར་མཛད་པ་ཡང་ཡིན། རེ་ཞིག་སྤང་གཉེན་གྱི་སྒོ་ནས་བསྡུ་ན། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་ཅིག་ཏུ་གྲངས་ངེས་པ་ཡིན་ཏེ། དེ་སྐད་དུའང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་བ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་གཞུང་དང་མན་ངག་ཙམ་གྱི་སྒོ་ནས་བསྡུ་ན། །གཞུང་མཚན་ཉིད་ཕར་ཕྱིན་གྱི་ཐེག་པ་དང་། མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་ཡིན་ཏེ། དེ་ཉིད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར་ལས། འདིར་སྐབས་སུ་བབས་པ་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བཤད་པ་ལྟར་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་ཡིན་ཞིང་། དེ་ལའང་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ལྟ་སྤྱོད་ཙམ་གྱི་སྒོ་ནས་བསྡུ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་འདུ་བ་ལས། འདིར་ཕྱི་མ་སྟེ། དེར་ཡང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་ཡོད་པ་ལས། འདི་ནི་རྣལ་འབྱོར་བླ་ན་མེད་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟོན་པའི་གཞུང་རྒྱུད་ལུང་མན་ངག་གསུམ་ཡོད་པའི་དང་པོ་རྒྱུད་མ་ཧཱ་ཡོ་ག །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་རྫོགས་རིམ་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་བརྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་བསྐྱེད་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ལས། འདིར་སྔ་འགྱུར་བཀའ་མའི་བཀའ་སྲོལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལའང་ཐོག་མར་ངེས་ཤེས་འདྲེན་པ་བླ་མ་བརྒྱུད་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་ལྟར་གསུམ་ལས། དང་པོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་རིགས་དྲུག་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། འོག་མིན་ཆེན་པོའི་གནས་སུ། འཆད་པའི་སྐྱེས་བུ་དེ་བཞིན་གཤེགས་པ་ལྔ་ཡང་མངོན་པར་སྣང་བར་མཛད་ནས། རྡོ་རྗེ་གསང་བ་ལ་སོགས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཉིད་དགོངས་པ་བརྡའི་གསུང་གིས། དུས་རྟག་པ་རྒྱུན་གྱི་འཁོར་ལོར་བསྟན་པ་ནི་རྒྱལ་བ་དགོངས་བརྒྱུད་དོ། །རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས་རིགས་གསུམ་མགོན་པོས་ལྷ་ཀླུ་གནོད་སྦྱིན་གྱི་གནས་སུ་བཤད་ནས་དར་བ་དང་། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། ལངྐའི་ཡུལ་ཏེ་སིང་ག་ལའི་གླིང་གི་རི་བོ་མ་ལ་ཡའམ་དེང་སང་སུ་མ་ན་ཀཱུ་ཊའི་རི་ཞེས་གྲགས་པའི་རྩེ་མོར་གསང་བདག་གིས་ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་འཇོག་པོ། མི་ལས་སྐལ་ལྡན་ལི་ཙ་བི་དྲི་མེད་གྲགས་པ་སྟེ། དམ་པའི་རིགས་ཅན་དྲྭ་མ་ལྔ་ལ་བཤད་པ་རྣམས་ནི་རིག་འཛིན་བརྡ་བརྒྱུད་དོ། །དེ་ནས་གང་ཟག་སྙན་བརྒྱུད་ནི། གསང་བདག་གིས་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་ཟ་ཧོར་གྱི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་བ་བདུན་རྨིས་ཤིང་དེའི་རྗེས་ཐོག་ཏུ་ཇི་སྐད་དུ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར་རྒྱལ་པོ་ཉིད་ཀྱི་ཕོ་བྲང་གི་ཁང་ཐོག་ཏུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབས་ཤིང་། གསང་བའི་བདག་པོས་དངོས་སུ་བྱིན་གྱིས་བརླབས་ནས་དོན་གྱི་བརྒྱུད་པ་གཏད་དེ། ཚིག་གི་བརྒྱུད་པ་ལི་ཙ་བི་ནས་ལེན་པར་རྗེས་སུ་གནང་བཞིན་སླར་ཡང་དེ་ཉིད་ནས་ལེགས་པར་གསན་པ་སྟེ། དེ་ལྟར་ན། གསང་བའི་བདག་པོ་ནས་ལི་ཙ་བི་དྲི་མེད་གྲགས་པ། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛཿ ཨིནྡྲ་བྷུ་ཏི། ཨུ་པ་རཱ་ཛཿ སྲས་མོ་གོ་མ་དེ་ཝི་རྣམས་ལ་རིམ་པར་བརྒྱུད་དེ། ཐམས་ཅད་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་རང་རང་གི་ཚོམ་བུ་དང་བཅས་ཏེ་རྡོ་རྗེ་འཆང་ཆེན་པོའི་ས་ལ་མངོན་དུ་གཤེགས་པ་ཤ་སྟག་གོ། །སྲས་མོས་སྒེག་པ་རྡོ་རྗེ་དང་སློབ་དཔོན་སངས་རྒྱས་གསང་བ། དེ་གཉིས་ཀས་པཎ་ཆེན་བི་མ་ལ་མི་ཏྲ། དེས་བོད་དུ་ལོ་ཙཱ་བ་རྨ་གཉགས་གཉིས། རྨ་རིན་ཆེན་མཆོག་ནས་མཁས་པ་གཙུག་གྱེར་རྣམ་གཉིས། དེ་གཉིས་ལས་ཞང་དང་། གཉགས་ལོ་ཡེ་ཤེས་གཞོན་ནུ་ནས་སོག་པོ་དཔལ་ཡེ་ལ་བརྒྱུད་དེ། ཞང་དང་སོག་པོས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བསྐུར། དེ་ནས་གནུབས་ཡོན་ཏན་རྒྱ་མཚོ་ཡབ་སྲས་དང་། ཆོས་ལུང་གི་ཉང་ཁུ་དབོན་ནས་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། དེའི་སློབ་མ་རྩེ་མོ་བཞི་ལས་ལྟ་སྒོམ་གྱི་རྩེ་མོ་ཟུར་ཆུང་ཤེས་རབ་གྲགས་པ། དེའི་སློབ་མ་ཀ་བ་བཞི་དང་གླན་ཤཱཀ་བྱང་ལས། གསང་བདག་ཆེན་པོ་སྒྲོ་ཕུག་པ་ཤཱཀྱ་སེང་གེ་སོགས་ནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྗེ་གཏེར་ཆེན་བླ་མ་ཡབ་སྲས་ནས་རིམ་པར་བརྒྱུད་དེ། ཁོ་བོ་ཅག་གི་བླ་མ་དམ་པ་བཀའ་དྲིན་མཉམ་མེད་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་འདི་ཞེས་པའི་ཞལ་སྔ་ནས་བདག་རྒྱུད་དབང་གི་ཆུ་བོས་སྨིན་པར་མཛད་པ་ཡིན། བརྒྱུད་པ་དེ་ལས་བྱུང་བའི་ཆོས་དེ་ལའང་། ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང་། དེའི་ཉམས་ལེན་གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས་འདིར་དབང་བསྐུར་བའི་རིམ་པ་དེ་སྐབས་སུ་བབ་པ་ཡིན། དེ་ལ་དབང་གི་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས། རྒྱུད་ཀྱི་དྲི་མ་བྱང་བའམ་ཉམས་སྨད་པར་བྱས་ཤིང་། ཐར་པའི་མྱུ་གུ་མངོན་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་ས་བོན་ཁྱད་པར་ཅན་གསོས་ཐེབས་པས་ལམ་བསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་མཐུ་ཅན་དུ་སྨིན་པར་བྱས་པ་སྟེ། ས་བོན་གསོས་ཐེབས་པའི་ཆ་དེ་སྔགས་ཀྱི་སྡོམ་པའང་ཡིན་ལ། དམ་ཚིག་ཀྱང་ཡིན་ནོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར། ཡང་མངོན་པར་བླུགས་པས་ན་དབང་སྟེ། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་ན་དད་པ་ཅན་རྗེས་སུ་འཛིན་པ་ལ་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ལ་ནུས་པའི་དབང་ལྔ། བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་ལ་ཟབ་མོའི་དབང་གསུམ་གསུངས་ཏེ། རྩ་རྒྱུད་ཐར་ལོའི་འགྱུར་ལས། དད་དང་བརྩོན་འགྲུས་བརྟུལ་ཞུགས་ལ། །ཕན་དང་ནུས་པའི་དབང་བསྐུར་བྱ། །ཤེས་རབ་དབང་བསྐུར་རིམ་པར་བཅས། །བརྩེ་བས་ཆུད་མི་ཟ་བར་སྦྱིན། །ཞེས་གསུངས། དེ་ཡང་དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ལའང་རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོ མ་པ་འཛིན་པར་མི་བྱེད་ཅིང་། །དད་དང་ལྡན་པ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །ཞེས་པས་རེ་ཞིག་དབང་གི་སྣོད་དུ་མ་གྱུར་པའི་གང་ཟག་ཡིན་ནའང་། དཀྱིལ་འཁོར་དུ་བཅུག་པ་ཙམ་ལ་འགལ་བ་མེད་པར་གསུངས་མོད། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་བ་ནི་ནམ་དུའང་མི་རུང་སྟེ། ཇི་སྐད་དུ། དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་ཅེས་གསུངས་པའི་ཕྱིར། དེས་ན། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་གསུངས་པ་ལྟར་སྟ་གོན་དུ་གནས་པ་ཡན་ཆད་སོང་ནས། དངོས་གཞི་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ཡོད་པ་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་རྣམས་ཆད་ལྷག་མེད་པར་སྔོན་དུ་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་ཡན་ལག་ཁྲུས་དང་བགེགས་བསལ་བ་སྔོན་དུ་སོང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད་དོ། །བཞི་པ་གདོང་དགབ་པ་ནི། དར་རམ་རས་དམར་པོའི་མིག་དར། ༀ་ཨཱཿཧཱུྃ་གིས་འཆིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད་པ་སྙིམ་པར་ཐོགས་པས་ཐལ་མོ་སྦྱར་ལ། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ལྔ་པ་དྲི་བ་ནི། སློབ་དཔོན་གྱིས། བུ་ཁྱོད་ཅི་ལ་དགའ་ཞེས་དྲི། སློབ་བུས། སྐལ་བ་བཟང་ལ་བདག་དགའོ། །ཞེས་ལན་གདབ། དེ་ནས་ལག་གི་རྡོ་རྗེ་ཕྱེད་བྱིན་ལ། བུ་འདིར་ཤོག་ཅིག་ཅི་བདེ་བར། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པོར་ཟུང་། །སྒྱུ་འཕྲུལ་དྲྭ་བའི་རྫོགས་དབང་སྦྱིན། །ཞེས་རང་གི་མདུན་དུ་དྲངས། སྐབས་འདིར་དཀྱིལ་འཁོར་གྱི་ཡོལ་བ་བསལ། དྲུག་པ་ལུས་དབུལ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་འདས་པའི་སངས་རྒྱས་རྟོགས་པ་མངོན་དུ་གྱུར་པ་རྣམས་ལ་ལུས་ཕུལ་བར་བསམ་ལ་ཐལ་མོ་སྤྱི་བོར་སྦྱར་ཏེ། ༀ་སརྦ་བུདྡྷ་པཱུ་ཛོ་བ་སྠཱ་ནཱ་ཡ་ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པའི་སྣོད་རུང་དུ་བྱ་བའི་ཕྱིར་ད་ལྟར་གྱི་སངས་རྒྱས་བླ་མ་རྣམས་ལ་ལུས་ཕུལ་བར་བསམ་ལ་ཐལ་མོ་སྨིན་མཚམས་སུ་སྦྱར་ཏེ། ༀ་ཨཱ་ཙརྻ་པཱུ་ཛ་བ་སྠཱ་ནཱ་ཡ་ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི། སེམས་ཅན་ཐམས་ཅད་ཀྱི་དོན་མི་འདོར་ཞིང་མཐར་ཕྱིན་པར་བྱ་བའི་ཕྱིར་མ་འོངས་པའི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་ལུས་ཕུལ་བར་བསམ་ཐལ་མོ་སྙིང་གར་སྦྱར་ལ། ༀ་བ་ཀེ་ལ་ས་ཏྭ་པུ་ཙོ་བ་སྠཱ་ནཱ་ཡ་ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི། ཞེས་སློབ་བུས་ལུས་དབུལ། བདུན་པ་བགེགས་བསྐྲད་པ་ལ་སྔོན་དུ་འགྲོ་བ་དང་། དངོས་གཉིས། དང་པོ་ནི། ཚེ་མི་ཡར་བར་བྱ་བའི་ཕྱིར། དབང་ཕྱུག་གི་ཐུགས་ཀའི་ས་བོན་ལས་ཡི་གེ་བྷྲཱུྃ་རེ་སློབ་མའི་དཔྲལ་བར་སྤྲོས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཞེས་བརྗོད་པས། དུང་ཁང་དུ་ཟླ་གམ་དམར་པོའི་གཞལ་ཡས་ཁང་གནམ་སྒོ་གཅིག་པ་སྒོ་ཁྱུད་ཅན་གཅིག་ཏུ་གྱུར། དེའི་ནང་དུ་ཧཱུཾ་ཡིག་གསལ་བ་ལས་ཧཱུྃ་ཞེས་བརྗོད་པས་སློབ་མའི་ཚེའི་འདི་དངོས་པོ་ཐམས་ཅད་ཧཱུཾ་ལ་བསྡུ། ༀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཅེས་བརྗོད་པས། ཧཱུཾ་ཀཱ་ར་སྔོན་པོ་ཚེའི་བུམ་པ་བསྣམས་པ་དང་། ཟླ་གམ་གྱི་གནམ་སྒོ་ལ། ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་ཕཊ། ཅེས་བརྗོད་པས། ཁོ་བོ་མི་གཡོ་བ་ལྗང་ནག་རལ་གྲི་དང་སྡིགས་མཛུབ་ཅན་གཅིག་གིས་སྒོ་བསྲུང་བར་གྱུར། གཉིས་པ་ལ། བགེགས་བསྐྲད་པ་དང་། སྒྲིབ་པ་ཕྲལ་བ་གཉིས་ཀྱི། དང་པོ་ནི། སློབ་དཔོན་ཞེ་སྡང་རྡོ་རྗེ་གསལ་བས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས། སྤྲུལ་པའི་ཁྲོ་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས། བདུད་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བསམ་ལ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། འདིར་འདུས་པའི་སློབ་བུ་རྣམས་ལ་གནོད་ཅིང་འཚེ་བའི་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག །ཅེས་དང། ཧཱུྃ་བཞི་པའི་སྔགས་ལན་གསུམ་བརྗོད་ཅིང་གུ་གུལ་གྱི་བདུག །ཡུངས་ཀར་གྱིས་བྲབ། གཉིས་པ་ནི། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ༀ་ཧཱུྃ་སྭཱ་ཨཱཾ་ཧཱཾ། གཡོན་གྱི་སོར་མོ་ལྔ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ། ༀ་སུ་ར་ཏ་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལཱི། ཞེས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ། ཞེས་ཕྱག་རྒྱ་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། སློབ་བུ་འདི་རྣམས་ཀྱི་རྒྱུད་ལ་ཡོད་པའི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ལྟ་བ་དམན་པའི་སྒྲིབ་པ་དང་། ཆོས་ཀྱིས་ཕོངས་པའི་སྒྲིབ་པ་དང་། བག་ཆགས་ངན་པའི་སྒྲིབ་པ་ལ་སོགས་ཏེ་སྒྲིབ་པའི་ཕུང་པོ་ཇི་སྙེད་པ་ཐམས་ཅད་ཕྱག་རྒྱའི་འོད་ཟེར་འདིས་བྲལ་བར་གྱུར་ཅིག །བཛྲ་བནྡྷ་ཏྲ་ཐ། ཞེས་པའི་སྔགས་མང་དུ་བརྗོད་ཅིང་ཕྱག་རྒྱ་སྤྲུལ་པས། རིགས་ལྔའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་པས་སློབ་བུའི་སྒྲིབ་པ་མཐའ་དག་བསྲེགས་ཤིང་སྦྱངས། དུང་ཁང་གི་ཁྲོ་བོ་གཉིས་ཀྱང་ཞུ་ལུགས་སུ་ཐིམ་པའི་རྐྱེན་གྱིས་བུའི་ལུས་ཀྱང་འོད་དུ་ཞུ་བའི་འོད་ཕུང་གསེར་ཞུན་མ་ལྟ་བུར་གནས་པར་བསམ། བརྒྱད་པ་ལྷར་བརླབ་པ་ལ། སློབ་བུ་ལྷར་བསྐྱེད་ནས། བསྐུར་བརླབ་གོ་བགོ་ལུས་བསྲུང་བྱ་བ་ནི། ཧཱུྃ་ཞེས་བརྗོད་པས་དེ་ཉིད་ཧཱུྃ་ཡིག་དཀར་པོ་གཅིག་ཏུ་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་རྡོ་རྗེ་རྩེ་ལྔ་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོར་དྲིལ་འཛིན་པ་རྒྱན་དང་ཆ་ལུགས་ཐམས་ཅད་རྫོགས་པར་བསམ་མོ། །སོ་སོའི་ཕྱག་རྒྱ་སློབ་མའི་མགོ་བོའི་གནས་ལྔ་བཞག་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ ཏྨ་ཀོ྅་ཧཾ། ཤཱུ་ནྱ་ཏཱའི་ཚབ་ཏུ། ཨཱ་དཪྴ། ས་མ་ཏཱ། པྲ་ཏྱ་བེཀྵ་ཎ། ཀྲྀ་ཏྱཱ་ནུཥྛཱ་ཎ། ཞེས་བཅུག་པས་དབང་བསྐུར། ༀ་ཨཱཿཧཱུྃ་ཞེས་བརྗོད་ཅིང་རྡོ་རྗེ་གནས་གསུམ་དུ་གཏུགས་པས་བྱིན་གྱིས་བརླབས། སླར་ཡང་རྡོ་རྗེ་རྩེ་ལྔའི་རྒྱ་བཅིངས་པ་གནས་གསུམ་དུ་བཞག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ཝཱཀ །ཙིཏྟ་ཞེས་བཅུག་པས། བྱིན་གྱིས་བརླབས་པའི་རྟགས་སུ་དཔྲལ་བར་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ་འཁོར་ལོ་ༀ་གྱིས་མཚན་པ་འཛིན་པ། མགྲིན་པར་གསུང་རྡོ་རྗེ་སྣང་མཐའ་དམར་པོ་པདྨ་ཨཱཿས་མཚན་པ་འཛིན་པ། སྙིང་གར་ཐུགས་རྡོ་རྗེ་མི་བསྐྱོད་པ་མཐིང་ག་རྡོ་རྗེ་ཧཱུྃ་གིས་མཚན་པ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པར་བསམ། རྡོ་རྗེ་གོ་ཆའི་ཕྱག་རྒྱ་སྤྱི་བོར་བཞག་ལ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་གོ་བགོ། མཛུབ་མོ་གཡས་སུ་ཏྲུཾ་ལ ས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་མཆེ་བ་དང་སྡིགས་མཛུབ། གཡོན་དུ་ༀ་ལས་ཁྲོ་བོ་མི་འཆི་ཐབ་སྦྱོར་དམར་པོ་རྒྱ་གྲམ་དང་སྡིགས་མཛུབ་ཅན་དུ་བསྐྱེད་ལ། ༀ་ཏྲུཾ། ཞེས་ལྟེ་བ། སྙིང་ག །ལྟག་པ། དཔྲལ་བ། སྤྱི་བོ་རྣམས་སུ་རིམ་པར་མཛུབ་མོ་གཉིས་བསྣོལ་བ་རེག་པས། གནས་དེ་དང་དེར་ཁྲོ་བོ་གཉིས་པོ་ཟུང་རེ་ཞབས་བསྣོལ་ནས་ཞལ་ཕྱིར་གཟིགས་ཏེ་བསྲུང་བའི་ལས་མཛད་པའི་ཐུགས་ཀ་ནས་རྡོ་རྗེའི་ལུ་གུ་རྒྱུད་བྱུག་པས་བསྲུངས་ཤིང་བརྟན་པར་བསམ་མོ། །དགུ་པ་དམ་ཚིག་སྦྱིན་པ་ནི། སློབ་མས། ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཉེས་པར་མཛོད། །ཨ་ལ་ལ་སྟེ་དམ་ཚིག་སྐོང་། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །མི་ཕྱེད་རྡོ་རྗེའི་སྐུ་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་སྐུ་རུ་མཛད་དུ་གསོལ། །ཞེས་གསོལ། སློབ་དཔོན་གྱིས་བདུད་རྩི་ལ། ༀ་ཨཱཿཧཱུྃ་ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་འབྲུ་གསུམ་གྱི་རྣམ་པར་གསལ་བཏབ་ལ། ༀ་བཛྲ་ཨ་མྲྀ་ཏཾ་ཨ་དྷི་ཏིཥྛ་མཾ་ཧཱུྃ་ཧྲཱིཿཋཱཿ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་པ་བླ་མའི་ཕྱག་གཡས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་བླངས་ནས། ༀ་ཞེས་སློབ་མའི་དཔྲལ་བར་ཐིག་ལེ་བྱས་པས། དཔྲལ་བར་ༀ་དཀར་པོས་མཚན་པར་བསམ། དེ་ལས་འོད་ཟེར་དཀར་པོ་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་བསྡུས་ནས་ༀ་ལ་ཐིམ་པར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱིན་གྱིས་བརླབས་པས་སྐུའི་དམ་ཚིག་ཐོབ་པར་བསམ། དེ་བཞིན་དུ། དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །མི་ཕྱེད་རྡོ་རྗེ་གསུང་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་གསུང་དུ་མཛད་དུ་གསོལ། །ཞེས་གསོལ་བ་གདབ། ཡང་སྔར་བཞིན། ཨཾ་ཞེས་མགྲིན་པར་ཐིག་ལེ་བྱས་པས། ཨཱཾ་དམར་པོར་བསམ། དེ་ལས་འོད་ཟེར་དམར་པོ་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་བསྡུས་ནས་ཨཱཾ་ལ་ཐིམ་པར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱིན་གྱིས་བརླབས་པས་གསུང་གི་དམ་ཚིག་ཐོབ་པར་བསམ། ཡང་། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །མི་ཕྱེད་རྡོ་རྗེ་ཐུགས་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ཞེས་གསོལ་བ་གདབ། ཧཱུྃ་ཞེས་སྙིང་གར་ཐིག་ལེ་བྱས་པས་ཧཱུྃ་མཐིང་གར་བསམ། དེ་ལས་འོད་ཟེར་མཐིང་ག་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་བསྡུས་ནས་ཧཱུྃ་ལ་ཐིམ་པར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱིན་གྱིས་བརླབས་པས་ཐུགས་ཀྱི་དམ་ཚིག་ཐོབ་པར་བསམ། བཅུ་པ་དམ་ཚིག་དབབ་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །དེ་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟག་གནས་ཤིང་། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་བསྒོ། བཅུ་གཅིག་པ་ཆུ་ནན་བྱ་བ་ནི། དུང་ཞལ་དུ་ཙནྡན་དཀར་དམར་སྦྱར་བའི་ཆུ་ལས་སྔགས་ཀྱི་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་གྱུར། ཨེ་ཧྱེ་ཧིས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། ༀ་བཛྲ་ཡཀྵ་ཧཱུྃ། ཞེས་བཟླས་པས། ལྷ་འོད་དུ་ཞུ་བ་ཆུའི་རྡུལ་ཕྲ་རབ་ཏུ་བསམ་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར། །རྡོ་རྗེའི་ཆུ་འདི་བཏུང་བར་གྱིས། །ༀ་བཛྲ་ཨཀྵ་ཧཱུྃ་ཕཊ། ཅེས་རྡོ་རྗེས་ལྕེ་ལ་ལན་གསུམ་བཞག་ཅིང་ཉེས་དམིགས་ཀྱི་སྒོ་ནས་ཆུ་ནན་བྱ། དེ་ནས་ཕན་ཡོན་གྱི་སྒོ་ནས་ཆུ་ནན་བྱ་བ་ནི། སླར་ཡང་ཆུ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་ལ་སྔར་ལྟར། ཨེ་ཧྱེ་ཧིས་རང་འདྲཱ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། ༀ་བཛྲ་ས་ཏྭ་ཨ། ཞེས་བཟླས་པས། ལྷ་ཞུ་བ་ལས་བྱུང་བའི་བདུད་རྩིར་བསམ་ལ། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་དག་བསྲུང་བར་གྱིས། །དམ་ཚིག་བསྲུང་ན་དངོས་གྲུབ་པས། །རྡོ་རྗེའི་བདུད་རྩིའི་ཆུ་འཐུངས་ཤིག །ༀ་བཛྲ་ཨུ་ད་ཀ་ཧཱུྃ་ཕཊ། ཅེས་ལན་གསུམ་བྱིན་རྗེས་འདི་ལྟར་བརྗོད་དེ། དེ་ལྟར་བདུད་རྩིའི་ཆུ་འདི་བཞག་པ་ལྕེ་ལ་བཞག་ཀྱང་བབས་པ་སྙིང་གི་དཀྱིལ་དུ་བབས་ནས། གལ་ཏེ་དམ་ཚིག་མ་བསྲུང་ན། །ཆུ་དེ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་ཞོ་བཞིན་འཇིབ་པས་ཚེ་ཐུང་ཞིང་ནད་མང་བ་དང་། ཚེ་ཕྱི་མར་དམྱལ་བའི་སྡུག་བསྔལ་གྱིས་ཉམ་ཐག་པར་འགྱུར་རོ། །དམ་ཚིག་བསྲུངས་ན་ཆུ་དེ་རྡོ་རྗེ་སེམས་དཔར་གྱུར་ནས་དེ་རྟག་ཏུ་བྱིན་གྱིས་བརླབ་ཅིང་། ཚེ་འདིར་ཡང་དགེ་དགུ་དང་། སྨོན་བརྒྱད་དུ་གྱུར་ནས་ནད་བཞི་བརྒྱ་རྩ་བཞི་གདོན་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་པ་དང་། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ་འདྲེན་པའི་དེད་དཔོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །བཅུ་གཉིས་པ་དམ་ཚིག་བསྒྲག་པ་ནི། བླ་མའི་ཕྱག་གཡས་རྡོ་རྗེ་དང་བཅས་པ་སྤྱི་བོར་བཞག་ལ། ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་དོགས་པ་མེད་གྱིས་ལ། །འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། །གཞན་ཡང་སྟོང་ཁམས་ཐམས་ཅད་ན། །ཤེས་རབ་དབྱིངས་དང་འདོད་ཡོན་གཞན། །རབ་འབྲིང་ཐ་མ་ཐམས་ཅད་སྤྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་ཞིག་དམ་ལ་གནོད། །བརྟུལ་ཞུགས་ཅན་གྱིས་དེ་དྲོངས་ལ། །ཁྲག་ཆེན་སྙིང་ལས་བཏུང་བར་གྱིས། །འདི་ལ་མི་བྱ་ཅུང་ཟད་མེད། །སེམས་ཉིད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །བྱ་དང་མི་བྱ་ཅུང་ཟད་མེད། །ཅེས་བསྒོ། བཅུ་གསུམ་པ་རིན་ཆེན་དོར་བ་ནི། སྔར་གཏད་པའི་མེ་ཏོག་ཐལ་སྦྱར་གྱིས་བཟུང་བ་སློབ་དཔོན་གྱི་ལུས་གདོད་ནས་རིགས་ལྔའི་དཀྱིལ་འཁོར་དུ་བཞུགས་པ་ལ་འདོར་བར་གསུངས་ཀྱང་འཇུག་པ་བདེ་ཕྱིར་མཎྜལ་གྱི་ར་བ་འདི་ཉིད་རིགས་ལྔའི་ལྷར་བཞུགས་པ་ལ་དམིགས་ཏེ། མེ་ཏོག་ལ་སོགས་རིན་ཆེན་ཕྲེང་། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཐུགས་རྗེས་བཟུང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་འབབ་གྱུར་ཅིག །ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་འདོར་དུ་བཅུག་པས། དབུས་སུ་བབས་ན་རྡོ་རྗེའི་རིགས། ཤར་དུ་དེ་བཞིན། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་རིགས་ཏེ། དེ་ལྟར་རིགས་གང་ཡིན་ངོས་ཟུངས་ཤིག །ཅེས་བརྗོད་ལ། ༀ་པྲ་ཏཱི་གྲྀཧྞ་ཏྭཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཏིཥྛ། ཞེས་སྤྱི་བོར་འཆིང་། བཅུ་བཞི་པ་ལྷ་དབབ་པ་ནི། སློབ་བུ་རྣམས་ལུས་གནད་དྲང་པོར་བསྲངས་ཏེ་རླུང་རང་བབས་སུ་བཞག་ལ། སྙིང་ནང་དུ་ཆུ་ནན་གྱི་ཡེ་ཤེས་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་ཕྱག་ཕྱག་མཚན་ཡོངས་སུ་རྫོགས་པར་གསལ་བ་ལ་ཤེས་པ་སྐད་ཅིག་ཀྱང་མ་ཡེངས་པར་གྱིས་ཤིག །ཅེས་བསྒོས་ཏེ། རྡོ་རྗེ་རྩེ་གཅིག་པའི་རྒྱ་བཅས་ལ། ཧཱུྃ་བཛྲ་དྷྲིཀ྄ །ས་མ་ཡ་སྟྭཾ། ཞེས་ལན་གསུམ་བརྗོད་པས། རྡོ་རྗེ་སེམས་དཔའ་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམ་ལ། དབང་ཕྱུག་གིས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ༀ་བཛྲ་ས་ཏྭ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་འོག་མིན་ནས་ཡེ་ཤེས་སེམས་དཔའི་རང་བཞིན་རྡོ་རྗེ་སེམས་དཔའི་སྐུ་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་བྱོན་ནས་སློབ་མའི་སྤྱི་བོའི་སྟེང་གི་ནམ་མཁར་བཞུགས་པར་བསམ་ལ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབས། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་ཅིང་སྤོས་རོལ་བྱ། དེ་ནས་བླ་མའི་ཕྱག་གཡས་རྡོ་རྗེ་དང་བཅས་པ་སློབ་མའི་སྙིང་གར་བཞག་ལ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། བདེན་པ་ཆེན་པོས་བྱིན་གྱི་རླབས་ཀྱིས་བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་ཙིཏྟའི་དཀྱིལ་དུ་ཡེ་ཤེས་སེམས་དཔའི་རང་བཞིན་དུ་བཞུགས་ནས་འཇིག་རྟེན་འདིའི་དགེ་དགུ་དང་སྨོན་བརྒྱད་དུ་གྱུར་ཏེ། ཕྱི་མ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་ཅིག །གལ་ཏེ་དམ་ཚིག་ཉམས་ན་རྡོ་རྗེ་གནོད་སྦྱིན་དུ་གྱུར་ནས་སྲོག་རྩའི་ཁྲག་འཇིབ་པར་གྱུར་ཅིག །ཅེས་དམོད་བོར་ནས། པྲ་ཝེ་ཤ་ཡ་ཕཊ། ཅེས་པས་སྙིང་གི་སྒོ་ཕྱེ་ལ་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་སློབ་མའི་སྦྱི་བོ་ནས་ཞུགས་པ་སྙིང་གའི་རྡོ་རྗེ་སེམས་དཔའ་ལ་སིབ་སིབ་ཐིམ་པར་བསམ་ཞིང་སྤོས་རོལ་དང་བཅས་ཏེ། ཨ་ཝེ་ཤ་ཡ་ཨ། ཞེས་ཆུ་ནན་གྱི་ལྷ་དང་གཉིས་མེད་དུ་གྱུར་པར་བསམ་མོ། །བཅོ་ལྔ་པ་ལྷ་སྒོམ་པར་ནན་ཏན་བྱ་བ་ནི་འོག་ཏུ་དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་དང་སྦྲེལ་ནས་མཛད་པ་ཕྱག་ལེན་ནོ། །བཅུ་དྲུག་པ་མིག་དབྱེ་བ་ནི། དབང་ཕྱུག་གི་ཐུགས་ཀ་ནས་འོད་ཟེར་ཐུར་མ་འདྲ་བ་བྱུང་སྟེ། སློབ་བུའི་མ་རིག་པའི་ལིང་ཐོག་བསལ་བས་དག་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་མོས་ལ། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་བལྟ་བར་བྱ། །སངས་རྒྱས་གང་གི་རིགས་སུ་འཁྲུངས། །དངོས་གྲུབ་མཆོག་ཏུ་འགྱུར་བར་བྱ། །བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་མིག་དབྱེ་ཞིང་གདོང་གཡོགས་དགྲོལ། བཅུ་བདུན་པ་དཀྱིལ་འཁོར་བསྟན་པ་ནི། དབང་ཕྱུག་གིས་ཕྱག་ཤིང་ཐོགས་ཏེ། ཧེ་མཎྜ་ལ་པཱ་ཤྱ། ཞེས་པ་ཙམ་མམ། སྤྲོ་ན་འགྲེལ་པ་ཉི་སེང་མར་གསུངས་པ་ལྟར། དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་སྐྱེད་ཅིག །སངས་རྒྱས་གདུང་གི་རིགས་སུ་འཁྲུངས། །དམ་ཚིག་མཆོག་ཏུ་འགྱུར་བ་ཡི། །རྡོ་རྗེ་པདྨོ་རོལ་མོའི་མཆོག །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །གསང་སྔགས་རྣམས་ནི་སྒྲུབ་པར་གྱིས། །ཞེས་བལྟ་བར་བསྐུལ་ནས། དེ་ཡང་བསྲུང་བའི་འཁོར་ལོས་མི་ཕྱེད་པར་བཅིངས་པའི་ནང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་རྫོགས་པའི་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ། སྤགས་པ། ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ་མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་ཀླུབས་པ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། གདན་གྱི་རིམ་པ་ནི། རིགས་ལྔའི་གནས་སུ་མི་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། རིགས་ལྔ་དང་བྱ་བྱེད་ཀྱི་གནས་སུ་རེ་བ་ཡིད་བཞིན་དུ་སྐོང་བ་རིན་པོ་ཆེའི་གདན། རིགས་ལྔ་བྱ་བྱེད་སེམས་དཔའ་རྣམས་ཀྱི་གནས་སུ་གོས་པ་མེད་པ་པདྨའི་གདན་ལ་རང་བཞིན་གྱི་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར། ཐུབ་པ་དྲུག་ལ་པད་རྐྱང་དང་། མཐར་བྱེད་ཀྱི་གནས་སུ་ཉི་མའི་གདན་རེ་རེ་སྟེ། དེ་རྣམས་ནི་རྟེན་གྱི་དཀྱིལ་འཁོར་རོ། །བརྟེན་པ་ལྷའི་དཀྱིལ་འཁོར་ནི། དཀྱིལ་འཁོར་གྱི་དབུས་ཀྱི་གདན་ལ་རྣམ་པར་ཤེས་པ་གནས་སུ་དག་པ་ཐུགས་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་དང་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དང་པོ་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་འཁོར་ལོ་དང་རིན་པོ་ཆེ། ཐ་མ་གཉིས་ཀྱིས་པདྨ་དང་རལ་གྲི་འཛིན་པ་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་འབྱུང་བ་ནམ་མཁའི་ཁམས་གནས་སུ་དག་པ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་ཕྱག་གཡས་དྲིལ་བུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ་ཞི་བའི་ཚུལ་དགུས་བརྗིད་ཅིང་འོད་ཟེར་ཁ་དོག་དྲུག་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །རྩིབས་བཞིའི་ཤར་གྱི་རྩིབས་ལ་གཟུགས་ཕུང་དང་འབྱུང་བ་སའི་ཁམས་གནས་སུ་དག་པ་སྐུ་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་ཡུམ་སངས་རྒྱས་སྤྱན་མ། ལྷོའི་རྩིབས་ལ་ཚོར་ཕུང་དང་འབྱུང་བ་ཆུའི་ཁམས་གནས་སུ་དག་པ་ཡོན་ཏན་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་ཡུམ་མཱ་མ་ཀཱི །ནུབ་ཀྱི་རྩིབས་ལ་འདུ་ཤེས་དང་འབྱུང་བ་མེའི་ཁམས་གནས་སུ་དག་པ་གསུང་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་ཡུམ་གོས་དཀར་མོ། བྱང་གི་རྩིབས་ལ་འདུ་བྱེད་དང་འབྱུང་བ་རླུང་གི་ཁམས་གནས་སུ་དག་པ་ཕྲིན་ལས་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་ཡུམ་དམ་ཚིག་སྒྲོལ་མ། རྩིབས་མཆན་བཞིའི་ཤར་ལྷོར་མིག་ཤེས་དང་ཡུལ་གཟུགས་རྣམ་པར་དག་པ་ས་སྙིང་ཡབ་ཡུམ། ལྷོ་ནུབ་ཏུ་སྣའི་རྣམ་ཤེས་དང་ཡུལ་དྲི་གནས་སུ་དག་པ་ནམ་སྙིང་ཡབ་ཡུམ། ནུབ་བྱང་དུ་ལྕེའི་རྣམ་ཤེས་དང་ཡུལ་སྒྲ་གནས་སུ་དག་པ་སྤྱན་རས་གཟིགས་ཡབ་ཡུམ། བྱང་ཤར་དུ་རྣ་བའི་རྣམ་ཤེས་དང་ཡུལ་རོ་གནས་སུ་དག་པ་ཕྱག་རྡོར་ཡབ་ཡུམ། གྲུ་ཆད་བཞིའི་ཤར་ལྷོར་མིག་དབང་དང་འདས་པའི་དུས་གནས་སུ་དག་པ་བྱམས་པ་ཡབ་ཡུམ། ལྷོ་ནུབ་ཏུ་རྣ་བའི་དབང་པོ་དང་ད་ལྟར་གྱི་དུས་གནས་སུ་དག་པ་སྒྲིབ་སེལ་ཡབ་ཡུམ། ནུབ་བྱང་དུ་སྣ་དབང་དང་མ་འོངས་པའི་དུས་གནས་སུ་དག་པ་ཀུན་བཟང་ཡབ་ཡུམ། བྱང་ཤར་དུ་ལྕེ་དབང་དང་མ་ངེས་པའི་དུས་གནས་སུ་དག་པ་འཇམ་དཔལ་ཡབ་ཡུམ། ཁྱམས་ཀྱི་ཤར་ནུབ་གཉིས་སུ་ཡིད་ཆོས་གནས་སུ་དག་པ་བྱ་བྱེད་ཡབ་ཡུམ། ཁྱམས་ཀྱི་ཤར་ལྷོར་ང་རྒྱལ་གནས་སུ་དག་པ་ལྷའི་ཐུབ་པ། བྱང་དུ་ཕྲག་དོག་གནས་སུ་དག་པ་ལྷ་མིན་གྱི་ཐུབ་པ། ལྷོར་འདོད་ཆགས་གནས་སུ་དག་པ་མིའི་ཐུབ་པ། ནུབ་བྱང་དུ་གཏི་མུག་གནས་སུ་དག་པ་བྱོལ་སོང་གི་ཐུབ་པ། ལྷོ་ནུབ་ཏུ་སེར་སྣ་གནས་སུ་དག་པ་ཡི་དྭགས་ཀྱི་ཐུབ་པ། བྱང་ཤར་དུ་ཞེ་སྡང་གནས་སུ་དག་པ་དམྱལ་བའི་ཐུབ་པ། ཤར་སྒོར་རེག་པ་དང་རྟག་པར་ལྟ་བ་གནས་སུ་དག་པ་གཤིན་རྗེ་གཤེད་ཡབ་ཡུམ། ལྷོ་སྒོར་རེག་བྱ་དང་ཆད་པར་ལྟ་བ་གནས་སུ་དག་པ་སྟོབས་ཆེན་ཡབ་ཡུམ། ནུབ་སྒོར་རེག་བྱེད་དང་བདག་ཏུ་ལྟ་བ་གནས་སུ་དག་པ་རྟ་མགྲིན་ཡབ་ཡུམ། བྱང་སྒོར་རེག་ཤེས་དང་མཚན་མར་ལྟ་བ་གནས་སུ་དག་པ་བདུད་རྩི་འཁྱིལ་བ་ཡབ་ཡུམ་སྟེ་དེ་ལྟར་ན་སྒྱུ་འཕྲུལ་དྲྭ་བ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཆེན་པོ། རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པ་བསྐྱེད་མཛོད། དེའི་ནང་ནས་ཀྱང་ཁྱོད་ཀྱི་ཡི་དམ་གྱི་ལྷ་ནི་འདི་ཡིན་ཏེ། དེ་ཡང་སྔོན་མེ་ཏོག་དབུས་སུ་བབས་པ་རྣམས་ཀྱི་ཡི་དམ་གྱི་ལྷ་ནི་མི་བསྐྱོད་པ་དང་དེའི་སྙིང་པོ་སྔགས་ནི། ཧཱུྃ་བཛྲ་དྷྲིཀ྄ །ཅེས་པའོ། །དེ་བཞིན་དུ་ཤར་དུ་བབས་པ་རྣམས་ཀྱི་ཡི་དམ་གྱི་ལྷ་ནི་རྣམ་པར་སྣང་མཛད་དང་། སྙིང་པོ་སྔགས་ནི། ༀ་ཛི་ན་ཛིཀ྄ །ཅེས་པའོ། །ལྷོ་རུ་བབས་པ་རྣམས་ཀྱི་ཡི་དམ་གྱི་ལྷ་ནི་རིན་ཆེན་འབྱུང་ལྡན་དང་། སྙིང་པོ་སྔགས་ནི། སྭཱ་རཏྣ་དྷྲིཀ྄ །ཅེས་པའོ། །ནུབ་ཏུ་བབས་པ་རྣམས་ཀྱི་ཡི་དམ་གྱི་ལྷ་ནི་སྣང་བ་མཐའ་ཡས་དང་། སྙིང་པོ་སྔགས་ནི། ཨཱཾ་ཨཱ་རོ་ལིཀ྄ །ཅེས་པའོ། །བྱང་དུ་བབས་པ་རྣམས་ཀྱི་ཡི་དམ་གྱི་ལྷ་ནི་དོན་ཡོད་གྲུབ་པ་དང་། སྙིང་པོ་སྔགས་ནི། ཧཱ་པྲ་ཛྙཱ་དྷྲིཀ྄ །ཅེས་པ་ནི། དེ་ལྟར་ན་དུས་རྟག་ཏུ་ལྷ་དེ་དང་དེའི་མངོན་རྟོགས་སྒོམ་པ་དང་སྔགས་བཟླ་བ་ལ་བརྩོན་པར་གྱིས་ཤིག །ཅེས་བསྒོ། དེ་ནས་སྐབས་འདིར་རིགས་གང་ལ་བབས་པའི་གསང་མཚན་གདགས་པར་བྱ་སྟེ། དབུས་སུ་བབས་ན། རྡོ་རྗེ་སྙིང་པོ་རྩལ། རྡོ་རྗེ་ཡང་དག་རྩལ། རྡོ་རྗེ་ཐུགས་མཆོག་རྩལ། རྡོ་རྗེ་འགྱུར་མེད་རྩལ། རྡོ་རྗེ་དྲག་པོ་རྩལ། ཞེས་སོགས་དང་། མོ་རྣམས་ལ། རྡོ་རྗེ་དབྱིངས་ཕྱུག་རྩལ། ཞེས་པ་ལྟ་བུ། ཤར་དུ་བབས་ན། རྡོ་རྗེ་སྐུ་མཆོག་རྩལ། རྡོ་རྗེ་བདེ་གཤེགས་རྩལ། རྡོ་རྗེ་ལྷུན་གྲུབ་རྩལ། རྡོ་རྗེ་བཻ་རོ་ཙ་ན་རྩལ། ཞེས་སོགས་དང་། མོ་རྣམས་ལ། དེ་བཞིན་དབྱིངས་ཕྱུག་རྩལ། ཞེས་པ་ལྟ་བུ། ལྷོར་བབས་ན། རྡོ་རྗེ་ཡོན་ཏན་གཏེར་འབྱུང་རྩལ། རྡོ་རྗེ་དཔལ་མཆོག་རྩལ། རྡོ་རྗེ་རིན་ཆེན་སྙིང་པོ་རྩལ། ཞེས་སོགས་དང་། མོ་རྣམས་ལ། རིན་ཆེན་དབྱིངས་ཕྱུག་རྩལ། ཞེས་པ་ལྟ་བུ། ནུབ་ཏུ་བབས་ན། རྡོ་རྗེ་གསུང་མཆོག་རྩལ། རྡོ་རྗེ་མྱུ་གུ་རྩལ། རྡོ་རྗེ་དབང་ཕྱུག་རྩལ། རྡོ་རྗེ་མ་ཆགས་པདྨ་རྩལ། རྡོ་རྗེ་དྲི་མེད་རྩལ། ཞེས་སོགས་དང་། མོ་རྣམས་ལ། པདྨ་དབྱིངས་ཕྱུག་རྩལ། ཞེས་པ་ལྟ་བུ། བྱང་དུ་བབས་ན། རྡོ་རྗེ་ལས་རབ་རྩལ། རྡོ་རྗེ་ཁྱུང་གཤོག་རྩལ། རྡོ་རྗེ་ཐོགས་མེད་རྩལ། རྡོ་རྗེ་བདུད་འཇོམས་རྩལ། ཞེས་སོགས་དང་། མོ་རྣམས་ལ། ལས་ཀྱི་དབྱིངས་ཕྱུག་རྩལ། ཞེས་པ་ལྟ་བུ། རིགས་དང་མཐུན་པའི་མིང་གདགས་ཏེ། དེ་ལྟ་བུའི་མིང་དེ་ཉིད་མ་བརྗེད་པར་གྱིས་ཤིག །མ་འོངས་པའི་དུས་སུ་རིགས་དེ་དང་དེར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། ས་བླ། ས་འོག །ས་སྟེང་གསུམ་དུ་གྲགས་པར་འགྱུར་ཞིང་སེམས་ཅན་གྱི་དོན་བྱེད་པ་དང་། ཁྱད་པར་དུ་ཞེ་སྡང་ཅན་ལ་སོགས་པའི་གདུལ་བྱ་འདུལ་བར་འགྱུར་རོ། །ཞེས་བརྗོད་དོ། །དེ་ནས་ཁེ་ཉེན་བཤད་པའི་སྒོ་ནས་ལྷ་སྒོམ་པར་གདམས་པ་ནི། སྐལ་བ་མཉན་པའི་ཡེ་ཤེས་དེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན་ཕུང་བར་འགྱུར། །ལྷ་སྤངས་དགེ་སྤྱད་དོན་མེད་པས། །གང་གིས་ཕྱག་རྒྱ་འདི་སྤངས་ན། །ཉོན་མོངས་ངན་སོང་གནས་སུ་སྐྱེ། །བྱང་ཆུབ་འབྲས་བུ་འཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུན་ཡང་ཆད། །རིགས་ཆད་ཉིད་དུ་ལྟུང་བར་འགྱུར། །བདག་ཉིད་ལྷ་དང་མཉམ་སྦྱོར་བས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །གཅིག་དང་དུ་མ་ཡོངས་བྲལ་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་གསུངས། །ཞེས་བརྗོད། བཅོ་བརྒྱད་པ་ཡོན་འབུལ་བ་ནི། རྩ་རྒྱུད་ལས། དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །ཞེས་གསུངས་པས་ལུས་དང་ལོངས་སྤྱོད་ཐམས་ཅད་ལྟོས་མེད་དུ་ཕུལ་བའི་མོས་པས་དེ་མཚོན་བྱེད་དུ་མཎྜལ་འབུལ། དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ལ་བཞི་ལས། དང་པོ་དཀྱིལ་འཁོར་འདིར་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་པའི་ཡོན་ཏན་ནི། རྡོ་རྗེ་ལས་རིམ་ལས། སྒྱུ་འཕྲུལ་དྲྭ་བར་ལེགས་ཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། །ཞེས་གསུངས། གཉིས་པ་མཚན་མའི་དཀྱིལ་འཁོར་དུ་ཞུགས་པས་རང་བཞིན་འབྲས་བུའི་དཀྱིལ་འཁོར་དུ་ཞུགས་པ་དང་སྐལ་བ་མཉམ་པར་འགྱུར་པའི་ཡོན་ཏན་ནི། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་བརྟག་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་གསུངས། གསུམ་པ་མོས་པ་སྐྱེས་པ་ཙམ་གྱིས་རྒྱལ་བའི་སྲས་སུ་དགོངས་པར་འགྱུར་བའི་ཡོན་ཏན་ནི། རྩ་རྒྱུད་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་གསུངས། བཞི་པ་དཀྱིལ་འཁོར་དུ་ཞུགས་ནས་དམ་ཚིག་མ་ཉམས་ན་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་འགྱུར་བའི་ཡོན་ཏན་ནི། རྡོ་རྗེ་ལས་རིམ་ལས། རྡོ་རྗེ་འཛིན་པའི་རིགས་ངེས་ཤིང་། །གདོན་རྣམས་བཟློག་ཅིང་ངན་སོང་སྤོང་། །ལོངས་སྤྱོད་འདུ་བ་རྣམ་གཉིས་དང་། །ཡེ་ཤེས་སྤྱན་གྱི་གཞི་རུ་ངེས། །དེ་ལ་སོགས་པ་བསམ་ཡས་མཆོག །ཅེས་གསུངས། དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །གཉིས་པ་ཞུགས་པ་ལ་མངོན་པར་དབང་བསྐུར་བའི་ཆོ་ག་ནི། རྩ་རྒྱུད་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་པས། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་བཟུང་། །ཞེས་གསུངས་པ་ལྟར། སློབ་མ་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ། རང་གཞན་གྱི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བའི་རིམ་པ་དང་གསུམ། དང་པོ་ཕན་དབང་བསྐུར་བ་ལ། སྔོན་དུ་འགྲོ་བ་དང་། དངོས་གཉིས། དང་པོ་ནི། སློབ་མ་རྣམས་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་སྔོན་དུ་འགྲོ་བས། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བར་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་གསལ་བར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་འགྲེལ་པ་ཉི་སེང་མར་གསུངས་པ་ལྟར། སློབ་མ་དཀྱིལ་འཁོར་གྱི་ཤར་སྒོའི་ནང་རོལ་དུ་དབང་སྟེགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྡོ་རྗེ་མི་བསྐྱོད་པ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཁོད་པ་ལ་རུས། སངས་རྒྱས་དག་ནི་ཐམས་ཅད་ཀྱི། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཞེས་གནང་བ་བྱིན་ནས། སྤོས་དང་རོལ་མོར་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང་དབང་ཕྱུག་གིས་དཀྱིལ་འཁོར་གྱིས་ལྷ་ལ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་རྗེས། བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་མོས་ལ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ། ཧོཿ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་སློབ་དཔོན་འདི་ཞེས་བྱ་བས་སློབ་བུ་འདི་རྣམས་ལ་སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་མཐུ་བསྟན་དུ་གསོལ། དབང་བསྐུར་དུ་གསོལ། བྱིན་གྱིས་རློབ་ཏུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བསྒྲལ་ནས་ཀྱང་། །བྱིན་རླབས་དམ་པ་ནོད་པར་བྱའོ། །ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ལ་རང་ཉིད་དབང་ཁྲི་ལ་འདུག་པར་བྱའོ། །གཉིས་པ་ནི། རྡོ་རྗེ་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་པ་ལྟར་དབང་ཐམས་ཅད་ལ་དོན་བརྒྱད་བརྒྱད་དུ་བསྡུས་ནས་གསུངས་པ་ལས། དབང་རེ་རེ་ལ་ཡང་དྲུག་པ་ཡན་ཆད་གསེབ་ཚགས་སུ་འབྱུང་བར་ཤེས་པར་བྱ་ལ། དེ་ལ། སྙིང་པོ་ལྔ་དང་དབུ་རྒྱན་དང་། བུམ་པ་ཅོད་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་པའི་སྡོམས་ལྟར་ཕན་དབང་བཅུའི་དང་པོ་སྙིང་པོ་ལྔའི་དབང་བསྐུར་བ་ནི། དབང་རྫས་རིགས་ལྔའི་ཕྱག་མཚན་མདུན་དུ་བཤམས་ལ། ཧཱུྃ་བིགྷྣཱན་ཏ་ཀྲྀཏ་ཕཊ། ཅེས་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ༀ་ཨཱཿཧཱུྃ་སྭཱ་ཧཱ་ལས་སོ་སོའི་ཕྱག་མཚན་ས་བོན་གྱིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། སྣང་མཐའ་དམར་པོ་པདྨ་འཛིན་པ། མི་བསྐྱོད་པ་མཐིང་ག་རྡོ་རྗེ་འཛིན་པ། རིན་འབྱུང་སེར་པོ་རིན་ཆེན་འཛིན་པ། དོན་གྲུབ་ལྗང་གུ་རལ་གྲི་འཛིན་པ། ལྔ་ཀའང་གཡོན་དྲིལ་བུ་འཛིན་ཅིང་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་རང་རང་གི་ཡུམ་དང་འཁྲིལ་བའི་སྐུར་བསྐྱེད་ལ། ཨཱ་དཪྴ་སོགས་རང་རིགས་བདག་པོར་བྱས་པའི་སྔགས་ལྔ་ཚན་ལྔས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་བྱིན་གྱིས་བརླབས། བཛྲ་ས་མཱ་ཛཿས་དབབ། ཨེ་ཧྱེ་ཧིས་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་གྱིས་བརྟན་པར་བྱ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱི་མཆོད་ནས། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ཞུ་བ་ལས་བྱུང་བའི་དབང་རྫས་རིགས་ལྔའི་ཕྱག་མཚན་ས་བོན་གྱིས་མཚན་པར་གྱུར། དེ་ནས་དབང་ཕྱུག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་སློབ་མའི་དཔྲལ་བར་ཕོག་པའི་རྐྱེན་གྱིས་ཟླ་བའི་གདན་ལ་ༀ་ཡིག་དཀར་པོས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་འཁོར་ལོ་ༀ་གྱིས་མཚན་པར་གྱུར། སླར་ཡང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པར་གྱུར། དེ་ནས་དབང་རྫས་འཁོར་ལོ་དཔྲལ་བར་བཞག་པ་བདུད་རྩི་དྲི་ཆེན་གྱི་ཁམས་ལ་ཐིམ་པས་སྐུ་རྡོ་རྗེའི་དབང་ཐོབ་པར་མོས་ལ། ༀ། བདེ་གཤེགས་སྐུ་ཡི་ངོ་བོ་ལས། །མི་ཤིགས་རྡོ་རྗེ་རྒྱལ་བའི་གཙོ། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེ་སྐུ་ཡི་ངོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡང་དབང་ཕྱུག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པ་སློབ་མའི་མགྲིན་པར་ཕོག་པའི་རྐྱེན་གྱིས་པདྨའི་གདན་ལ་ཨཱཾ་ཡིག་དམར་པོས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་པདྨ་ཨཱཾ་གིས་མཚན་པར་གྱུར། སླར་ཡང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ་འཛིན་པས་རྒྱས་བཏབ་པར་གྱུར། དེ་ནས་དབང་རྫས་པདྨ་མགྲིན་པར་བཞག་པ་དམར་ཆའི་ཁམས་ལ་ཐིམ་པས་གསུང་རྡོ་རྗེའི་དབང་ཐོབ་པར་མོས་ལ། ཨཱཾ། བདེ་གཤེགས་གསུང་གི་ངོ་བོ་ལས། །མི་ཤིགས་རྡོ་རྗེ་ཆོས་ཀྱི་དབྱིངས། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེ་གསུང་གི་ངོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡང་དབང་ཕྱུག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པ་སློབ་མའི་སྙིང་གར་ཕོག་པའི་རྐྱེན་གྱིས་ཉི་མའི་གདན་ལ་ཧཱུཾ་ཡིག་མཐིང་གས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། སླར་ཡང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་མཐིང་ག་རྡོ་རྗེ་འཛིན་པས་རྒྱས་བཏབ་པར་གྱུར། དེ་ནས་དབང་རྫས་རྡོ་རྗེ་སྙིང་གར་བཞག་པ་དཀར་ཆའི་ཁམས་ལ་ཐིམ་པས་ཐུགས་རྡོ་རྗེའི་དབང་ཐོབ་པར་མོས་ལ། ཧཱུྃ། བདེ་གཤེགས་ཐུགས་ཀྱི་ངོ་བོ་ལས། །མི་ཤེགས་རྡོ་རྗེ་ཐུགས་ཀྱི་ཐུགས། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིན། །རྡོ་རྗེ་ཐུགས་ཀྱི་ངོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཡང་དབང་ཕྱུག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་སློབ་མའི་ལྟེ་བའི་གཡས་སུ་ཕོག་པའི་རྐྱེན་གྱིས་ཟླ་བའི་གདན་ལ་སྭཱ་ཡིག་སེར་པོས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་རིན་པོ་ཆེ་སྭཱས་མཚན་པར་གྱུར། སླར་ཡང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རིན་འབྱུང་སེར་པོ་རིན་ཆེན་འཛིན་པས་རྒྱས་བཏབ་པར་གྱུར། དེ་ནས་དབང་རྫས་རིན་པོ་ཆེ་ལྟེ་བའི་གཡས་སུ་བཞག་པ་ཤ་ཆེན་གྱི་ཁམས་ལ་ཐིམ་པས་ཡོན་ཏན་རྡོ་རྗེའི་དབང་ཐོབ་པར་མོས་ལ། སྭཱ། མི་འགྱུར་བ་ཡི་ཞིང་ཁམས་ལས། །མ་སྐྱེས་པ་ཡི་འབྲས་བུར་ལྡན། །མ་བསགས་པ་ཡི་ལོངས་སྤྱོད་འབྱུང་། །ཅིར་ཡང་འགྱུར་བའི་ཡེ་ཤེས་ཀྱིས། །རང་དབང་ཐབས་ཀྱིས་བསྒྱུར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡང་དབང་ཕྱུག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པ་སློབ་མའི་ལྟེ་བའི་གཡོན་དུ་ཕོག་པའི་རྐྱེན་གྱིས་ཟླ་བའི་གདན་ལ་ཧཱ་ཡིག་ལྗང་གུས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་རལ་གྲི་ཧཱས་མཚན་པར་གྱུར། སླར་ཡང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དོན་གྲུབ་ལྗང་གུ་རལ་གྲི་འཛིན་པས་རྒྱས་བཏབ་པར་གྱུར། དེ་ནས་དབང་རྫས་རལ་གྲི་ལྟེ་བའི་གཡོན་དུ་བཞག་པ་དྲི་ཆུའི་ཁམས་ལ་ཐིམ་པས་ཕྲིན་ལས་རྡོ་རྗེའི་དབང་ཐོབ་པར་མོས་ལ། ཧཱ། ཐབས་དང་ཤེས་གཉིས་མེད་པའི། །འདོད་ཆགས་ཆེན་པོའི་ཏིང་འཛིན་ལས། །ལས་དང་དངོས་གྲུབ་ཀུན་སྣང་བས། །མ་ལུས་མཉམ་པར་སྦྱོར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱ ཏྨ་ཀོ྅་ཧཾ། དེ་ལྟར་སྙིང་པོ་ལྔའི་དབང་བསྐུར་བས་ཁམས་ལྔའི་དྲི་མ་དག་ནས་འབྲས་བུ་ལྔ་མངོན་དུ་བྱེད་པའི་ནུས་པ་ཐོབ་པར་བསམ་ལ། དེ་དང་རྗེས་མཐུན་སྨོན་ལས་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་སྙིང་པོ་ལྔའི་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་དབུ་རྒྱན་གྱི་དབང་ནི། དབུ་རྒྱན་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡུམ་མཱ་མ་ཀཱི་དང་འཁྲིལ་བའི་སྐུར་བསྐྱེད་ལ། ས་མ་ཏཱ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ཞུ་བ་ལས་བྱུང་བའི་དབང་རྫས་དབུ་རྒྱན་དུ་གྱུར། དེ་ལྟ་བུའི་རབ་གནས་ཅན་གྱི་དབུ་རྒྱན་མགོ་ལ་བཀོན་ཏེ་དབང་བསྐུར་བས་རིན་པོ་ཆེའི་ཁང་བུ་ལྔ་ལྡན་དུ་མོས་ལ། སངས་རྒྱས་ཀུན་གྱི་རཏྣ་ཆེ། །དཔག་ཏུ་མེད་པའི་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔར་ལྡན་པས། །ཁམས་གསུམ་བདག་པོར་དབང་བསྐུར་རོ། །ༀ་རཏྣ་མ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། དེ་ནས་དབང་ཕྱུག་གི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར། དེ་ནས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་སྒྲེང་བ་གཤིབས་ཏེ་སྦྱར་བས། མི་བསྐྱོད་པ་ཡབ་ཡུམ་སྦྱོར་བ་མཛད། ཧཱུྃ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭེ་ཤྭ་རཱི། ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་པས་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་མཐིང་ག་བབས་པ་སློབ་མའི་སྤྱི་བོར་ཐིམ་པས་ཀུན་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་དག་པར་མོས་ལ། ཧཱུྃ། ཆོས་དབྱིངས་མཉམ་པ་ཆེན་པོ་ལས། །ཡེ་ཤེས་གསལ་བ་རྣམ་པར་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །སྐྱེ་མེད་ཆོས་ལ་དབང་ཐོབ་ཤོག །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡང་མཛུབ་མོ་གཉིས་སྒྲེང་བ་གཤིབས་ཏེ་སྦྱར་བས། རྣམ་སྣང་ཡབ་ཡུམ་སྦྱོར་བ་མཛད། ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་པས་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་དཀར་པོ་བབས་པ་སློབ་མའི་དཔྲལ་བར་ཐིམ་པས་ཀུན་གཞིའི་རྣམ་ཤེས་མེ་ལོང་ཡེ་ཤེས་སུ་དག་པར་མོས་ལ། ༀ། དག་ཅིང་གསལ་བའི་རང་བཞིན་ཏེ། །སྐྱོན་མེད་སེམས་ཉིད་རིན་པོ་ཆེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །སྲིད་པ་གསུམ་ལ་དབང་བསྒྱུར་ཤོག །ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡང་སྲིན་ལག་གཉིས་སྒྲེང་བ་གཤིབས་ཏེ་སྦྱར་བས། རིན་འབྱུང་ཡབ་ཡུམ་སྦྱོར་བ་མཛད། སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་པས་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་སེར་པོ་བབས་པ་སློབ་མའི་རྣ་ལྟག་གཡས་སུ་ཐིམ་པས་ཉོན་ཡིད་མཉམ་ཉིད་ཡེ་ཤེས་སུ་དག་པར་མོས་ལ། སྭཱཾ། ཁམས་གསུམ་རེ་སྐོང་རྒྱལ་པོ་སྟེ། །ཡིད་བཞིན་རིན་ཆེན་གཏེར་གྱི་མཆོག །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །འགྲོ་བའི་རེ་སྐོང་རྒྱལ་པོར་ཤོག །ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ ྅་ཧཾ། ཡང་མཐེ་བོང་གཉིས་སྒྲེང་བ་གཤིབས་ཏེ་སྦྱར་བས། སྣང་མཐའ་ཡབ་ཡུམ་སྦྱོར་བ་མཛད། ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་པས་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་དམར་པོ་བབས་པ་སློབ་མའི་ལྟག་པར་ཐིམ་པས་ཡིད་སོ་སོར་རྟོག་པའི་ཡེ་ཤེས་སུ་དག་པར་མོས་ལ། ཨཱཾ། ཉེས་པའི་སྐྱོན་བྲལ་དྲི་མ་མེད། །སྐྱེ་འགག་མེད་པའི་དངོས་གྲུབ་སྟེ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །སྲིད་གསུམ་ཉེས་དམིགས་སེལ་བར་ཤོག །ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡང་མཐེའུ་ཆུང་གཉིས་སྒྲེང་བ་གཤིབས་ཏེ་སྦྱར་བས། དོན་གྲུབ་ཡབ་ཡུམ་སྦྱོར་བ་མཛད། ཧཱཾ་པྲ་ཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་པས་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་ལྗང་གུ་བབས་པ་སློབ་མའི་རྣ་ལྟག་གཡོན་དུ་ཐིམ་པས་སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་དག་པར་མོས་ལ། ཧཱཾ། དབྱིངས་ཀྱི་དཀྱིལ་འཁོར་མཐར་ཕྱིན་ཅིང་། །གྲུབ་པ་ལས་ཀྱི་བྱེ་བྲག་ལས། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །སྐྱེ་འགྲོ་དབྱིངས་སུ་སྒྲོལ་བར་ཤོག །ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བས་རྣམ་ཤེས་ཚོགས་བརྒྱད་ཀྱི་སྒྲིབ་པ་དག་ནས་དེ་ཉིད་མ་སྤངས་ཡེ་ཤེས་ལྔར་གསལ་བའི་ནུས་པ་དངོས་སུ་ཐོབ་པའི་རྟགས་སུ་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་དབུ་རྒྱན་རིན་པོ་ཆེའི་ཁང་བུའི་སྙིང་པོ་ལ་བཞུགས་པས་དབུ་བརྒྱན་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་བས་རྣམ་པར་ཤེས་པའི་ཚོགས་བརྒྱད་མ་སྤངས་གནས་སུ་དག་ནས་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་བུམ་པའི་དབང་ནི། བུམ་པ་བསང་སྦྱངས། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ་ལས་སོ་སོའི་ས་བོན་ཕྱག་མཚན་གྱིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་མཐིང་ག་རྡོ་རྗེ་འཛིན་པ། རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། རིན་འབྱུང་སེར་པོ་རིན་ཆེན་འཛིན་པ། སྣང་མཐའ་དམར་པོ་པདྨ་འཛིན་ལ། དོན་གྲུབ་ལྗང་གུ་རལ་གྲི་འཛིན་པ། ལྔ་ཀའང་གཡོན་དྲིལ་བུ་འཛིན་ཅིང་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་རང་གི་ཡུམ་དང་འཁྲིལ་བའི་སྐུར་བསྐྱེད་ལ། ལྔ་ཚན་ལྔས་དབང་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་ཞུ་བ་ལས་བྱུང་བའི་དབང་རྫས་བུམ་པར་གྱུར། དེ་ལྟ་བུའི་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་མགོ་བོའི་གནས་ལྔར་གཏིགས་པ་རྩ་གནས་ཐིག་ལེས་གང་བ་ལ་ཐིམ་པར་མོས་ལ། བུམ་པ་ཟླུམ་པོའི་ཕོ་བྲང་། །སྣོད་བཅུད་མ་ལུས་ཀུན་བསྡུས་ནས། །ཐིག་ལེ་ཆེན་པོར་རྒྱས་བཏབ་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། །ༀ་བཛྲ་ཀཱ་ལ་ཤ་ཡ་བྷི་ཥིཉྩ་ཧཱུཾ། ༀ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ༀ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། ༀ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཿ དེ་ལྟར་བུམ་པའི་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བུམ་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་བས་ཕྱི་ནང་གི་དྲི་མ་ཡོངས་སུ་དག་ནས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་ཅོད་པན་གྱི་དབང་ནི། དར་མཐིང་དམར་གྱི་ཅོད་པན་བསང་སྦྱངས། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ཧཱུྃ་དང་ཨཱཾ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང་པདྨ་ཨཱཾ་གིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོར་སེམས་མཐིང་ག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། སྣང་མཐའ་དམར་པོ་གཡས་པདྨ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་རྫོགས་པའི་སྐྱིལ་མོ་ཀྲུང་གིས་གཞུགས་པ་རང་རང་གི་ཡུམ་དང་འཁྲིལ་བའི་སྐུར་བསྐྱེད་ལ། ཤཱུ་ནྱ་ཏཱ་དང་། པྲ་ཏྱ་བེཀྵ་ཎ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ཞུ་བ་ལས་བྱུང་བའི་དབང་རྫས་ཅོད་པན་དུ་གྱུར། དེ་ལྟ་བུའི་དར་དམར་མཐིང་གི་ཅོད་པན་མགོ་བོའི་གཡས་གཡོན་དུ་འཕུར་ཞིང་དཔྱངས་པ་རྩ་རོ་རྐྱང་གཉིས་ལ་ཐིམ་པར་མོས་ལ། ཅོད་པན་མི་འགྱུར་མངའ་བརྙེས་པས། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་དབང་། །ཁམས་གསུམ་ཀུན་གྱི་དབང་ཕྱུག་ཆེ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ༀ་བཛྲ་ཨཱརྱ་ལམྦྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿ ཧྲཱིཿ དེ་ལྟར་དར་མཐིང་དམར་གྱི་ཅོད་པན་གྱི་དབང་བསྐུར་བས་གདུག་པ་ཅན་ཟིལ་གྱིས་གནོན་ཅིང་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཅོད་པན་གྱི་དབང་བསྐུར་བས། དམར་པོ་གཡོན་ནས་གྱེན་དུ་འཕུར་བས་སྲིད་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་དབང་བྱེད་པ་དང་། མཐིང་ག་གཡས་ནས་མཐུར་དུ་འཕྱང་བས་ཁམས་གསུམ་གྱི་གདུག་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་ཕྲེང་བའི་དབང་ནི། ཕྲེང་བ་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་མཱ་མ་ཀཱི་དང་འཁྲིལ་བའི་སྐུ་བསྐྱེད་ལ། ས་མ་ཏཱ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ཞུ་བ་ལས་བྱུང་བའི་དབང་རྫས་ཕྲེང་བར་གྱུར། དེ་ལྟ་བུའི་ཕྲེང་བ་དྲྭ་མིག་ཅན་མགོར་བཅིངས་པ་ཐིག་ལེ་སོ་གཉིས་ལ་ཐིམ་པར་མོས་ལ། ཏྲཱཾ། གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས། །བྱང་ཆུབ་ཕྱོགས་རྣམས་ཤེས་རབ་རྒྱན། །མི་འཇིགས་སྟོབས་དང་དཔེ་བྱད་མཚན། །འབྲས་བུ་རྫོགས་པར་དབང་བསྐུར་རོ། །ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ། དེ་ལྟར་ཕྲེང་བའི་དབང་བསྐུར་བས་གཟུངས་དང་ཏིང་ངེ་འཛིན་སོགས་འབྲས་བུའི་ཆོས་ལ་མངའ་བརྙེས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཕྲེང་བའི་དབང་བསྐུར་བས། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལ་སོགས་པ་འབྲས་བུའི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དྲུག་པ་གོ་ཆའི་དབང་ནི། གོ་ཆ་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ཧཱཾ་ལས་རལ་གྲི་ཧཱཾ་གིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དོན་གྲུབ་ལྗང་གུ་གཡས་རལ་གྲི་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་དམ་ཚིག་སྒྲོལ་མ་དང་འཁྲིལ་བའི་སྐུར་བསྐྱེད་ལ། ཀྲྀཏྱཱ་ནུཥྛཱ་ན་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ཞུ་བ་ལས་བྱུང་བའི་དབང་རྫས་གོ་ཆར་གྱུར། དེ་ལྟ་བུའི་གོ་ཆ་ལུས་ལ་བཀོན་པས་ལུས་རྩའི་དྲྭ་བས་ཁེབས་པ་ལ་ཐིམ་པར་མོས་ལ། ཧཱུྃ། མི་ཤིགས་ཡེ་ཤེས་རྡོ་རྗེ་ནི། །སངས་རྒྱས་ཀུན་གྱི་ཡ་ལད་དེ། །ཁྱབ་པའི་ཚུལ་གྱིས་དྲྭ་བ་ཡིན། །དབང་མཆོག་དམ་པ་སྦྱིན་པར་བྱ། །ༀ་བཛྲ་རཀྵ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་གོ་ཆའི་དབང་བསྐུར་བས་རྒོལ་བ་གང་གིས་ཀྱང་མི་ཚུགས་པའི་ནུས་པ་དངོས་སུ་ཐོབ་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་གོ་ཆའི་དབང་བསྐུར་བས་བདུད་བཞིའི་དཔུང་ཚོགས་ལ་སོགས་པ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་རྒྱལ་མཚན་གྱི་དབང་ནི། རྒྱལ་མཚན་བསང་སྦྱང་། དབང་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོར་སེམས་མཐིང་ག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་དབྱིངས་ཕྱུག་མ་དང་འཁྲིལ་བའི་སྐུར་བསྐྱེད་ལ། ཤཱུ་ནྱ་ཏཱ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ཞུ་བ་ལས་བྱུང་བའི་དབང་རྫས་རྒྱལ་མཚན་དུ་གྱུར། དེ་ལྟ་བུའི་རྒྱལ་མཚན་ལག་ཏུ་གཏད་པ་གསང་བའི་དབང་པོ་ལ་ཐིམ་པར་མོས་ལ། ཧཱུྃ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ལོག་པར་ལྟ་བ་ཟིལ་གནོན་མཚན། །ཐམས་ཅད་ཚར་གཅོད་ཡེ་ཤེས་རྒྱ། །ཡོན་ཏན་མངོན་འབྱུང་དབང་བསྐུར་རོ། །ༀ་བཛྲ་ཀེ་ཏུ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་རྒྱལ་མཚན་གྱི་དབང་བསྐུར་བས་ལོག་ལྟ་ཅན་ཟིལ་གྱིས་གནོན་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་རྒྱལ་མཚན་གྱི་དབང་བསྐུར་བས་བདུད་བཞི་དང་མཐའ་གཉིས་ལས་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་གདུགས་ཀྱི་དབང་ནི། གདུགས་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་མཐིང་ག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་བསྐུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་དབྱིངས་ཕྱུག་མ་དང་འཁྲིལ་བའི་སྐུར་བསྐྱེད་ལ། ཤཱུ་ནྱ་ཏཱ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ཞུ་བ་ལས་བྱུང་བའི་དབང་རྫས་གདུགས་སུ་གྱུར། དེ་ལྟ་བུའི་གདུགས་སྤྱི་བོར་ཕུབ་པས་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ལ་ཐིམ་པར་མོས་ལ། ཧཱུྃ། གཉིས་མེད་ཡེ་ཤེས་རྟོག་བྲལ་བ། །རྨོངས་སོགས་སེམས་ཕྱིར་རང་བཞིན་སྟོང་། །ལོག་འབྱུང་རྒྱུ་འབྲས་མི་གདུང་བ། །ཐུགས་རྗེས་སྐྱོབ་པར་དབང་བསྐུར་རོ། །ༀ་བཛྲ་རཏྣ་ཚཱ་ཏྲཾ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་གདུགས་ཀྱི་དབང་བསྐུར་བས་ཉོན་མོངས་པས་གདུང་བ་ལས་སྐྱོབ་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་གདུགས་ཀྱི་དབང་བསྐུར་བས། བདག་དང་གཞན་གྱི་ཤེས་པའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ཐམས་ཅད་ཀྱི་གདུང་བ་བསིལ་བར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དགུ་པ་ཕྱག་རྒྱའི་དབང་ནི། རབ་གནས་སྔོན་དུ་དཀྱིལ་འཁོར་སྒྲུབ་མཆོད་བྱས་པ་ཉིད་ཀྱིས་ཁྱབ་ཅིང་། སྐབས་འདིར་དབང་བསྐུར་བ་སྟེ། དེ་ཡང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རིམ་བཞིན་བྱོན་ཏེ། སྤྱི་བོ་ནས་སོ་སོའི་རྟོག་ཚོགས་ལ་ཐིམ་པར་མོས་ལ། ཧཱུྃ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧཱུྃ་བཛྲ་དྷྲིཀ྄ །མཱུྃ་དྷཱ་ཏྭེ་ཤྭ་རཱི། ཨ་བྷི་ཥིཉྩ་ཧཱུྃ། གཟུགས་ཕུང་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །སྣང་མཛད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སྐུ་རུ་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཨ་བྷི་ཥིཉྩ་ཧཱུྃ། ཚོར་བ་ཆུ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །འབྱུང་ལྡན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ཨ་བྷི་ཥིཉྩ་ཧཱུྃ། འདུ་ཤེས་མེ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མཐའ་ཡས་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་གསུམ་དུ་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ། འདུ་བྱེད་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །དོན་གྲུབ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཕྲིན་ལས་དབང་བསྐུར་བས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧཱྃ་པྲ་ཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། ཨ་བྷི་ཥིཉྩ་ཧཱུྃ། མིག་གཟུགས་སེམས་ཕྱིར་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུྃ་ལཱ་སྱ་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུྃ། སྣ་དྲི་སེམས་ཕྱིར་མ་སྐྱེས་པ། །ནམ་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཏྲཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ། ལྕེ་སྒྲ་སེམས་ཕྱིར་མ་སྐྱེས་པ། །སྤྱན་རས་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧྲཱིཾ་ཧཱ་ཧཱུྃ་པདྨ་པྲ་ད་མ། ཧྲཱིཾ་གཱི་ཏི་རཱ་གོ་ཧཾ། ཨ་བྷི་ཥིཉྩ་ཧཱུྃ། རྣ་རོ་སེམས་ཕྱིར་མ་སྐྱེས་པ། །ཕྱག་རྡོར་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཛྲིཾ་ཀུ་རུ་པཱ་ཎ། ཨཾ་ནིརྟི་ར་ག་ཡ་མྱེ། ཨ་བྷི་ཥིཉྩ་ཧཱུྃ། མིག་དབང་འདས་དུས་མ་སྐྱེས་པ། །བྱམས་པ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མཻ་དྷཱ་ར་ཎི་སྭཱ་ཧཱ། ཛཿདྷུ་པེ་པྲ་ཝེ་ཤ །ཨ་བྷི་ཥིཉྩ་ཧཱུྃ། རྣ་དབང་ད་ལྟ་མ་སྐྱེས་པ། །སྒྲིབ་སེལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨ་ཝེ་ཤ །ཨ་བྷི་ཥིཉྩ་ཧཱུྃ། སྣ་དབང་མ་འོངས་མ་སྐྱེས་པ། །ཀུན་བཟང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧཱུྃ་སྭ་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། ཨ་བྷི་ཥིཉྩ་ཧཱུྃ། ལྕེ་དབང་མ་ངེས་པ་སྐྱེས་པ། །འཇམ་དཔལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་བས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿ གནྡྷེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རེག་པ་རྟག་པ་མ་སྐྱེས་སེམས། །གཤིན་རྗེ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྐུར་བས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་ཡ་མཱནྟ་ཀྲི་ཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། རེག་དབང་ཆད་པ་མ་སྐྱེས་སེམས། །སྟོབས་ཆེན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྐུར་བས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། རེག་ཡུལ་བདག་འཛིན་མ་སྐྱེས་སེམས། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྐུར་བས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། རེག་ཤེས་མཚན་འཛིན་མ་སྐྱེས་སེམས། །བདུད་རྩི་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྐུར་བས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་བིགྷྣནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ཡིད་ནི་རང་རིག་མ་སྐྱེས་སེམས། །ཀུན་ཏུ་བཟང་པོའི་རང་བཞིན་ལས། །ཏིང་འཛིན་བྱེད་པར་དབང་བསྐུར་བས། །མ་ལུས་ཀུན་གྱི་བྱེད་པར་ཤོག །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཨ་བྷི་ཥིཉྩ་ཧཱུྃ། ཆོས་ནི་དེ་བཞིན་མ་སྐྱེས་པ། །ཀུན་ཏུ་བཟང་མོའི་རང་བྱིན་ལས། །ཏིང་འཛིན་བྱ་བར་དབང་བསྐུར་བས། །མ་ལུས་ཀུན་གྱི་བྱ་བར་ཤོག །ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཨ་བྷི་ཥིཉྩ་ཧཱུྃ། ང་རྒྱལ་སེམས་ཕྱིར་མ་སྐྱེས་པ། །བརྒྱ་བྱིན་དབང་པོའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་ལྷ་རྣམས་འདུལ་བྱེད་ཤོག །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། ཁོང་ཁྲོ་སེམས་ཕྱིར་མ་སྐྱེས་པ། །ཐག་བཟང་རིས་ཀྱི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བའང་། །འགྲོ་བ་ལྷ་མིན་འདུལ་བྱེད་ཤོག །ༀ་མུ་ནེ་ཧཱུྃ་ཏྲུཾ་ཏྲཾ་སྭཱ་ཧཱ། ཨི་བྷི་ཥིཉྩ་ཧཱུྃ། འདོད་ཆགས་སེམས་ཕྱིར་མ་སྐྱེས་པ། །ཤཱཀྱ་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་མི་རྣམས་འདུལ་བྱེད་ཤོག །ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། གཏི་མུག་སེམས་ཕྱིར་མ་སྐྱེས་པ། །སེང་གེ་རབ་བརྟན་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་བྱོལ་སོང་འདུལ་བྱེད་ཤོག །ༀ་མུ་ནེ་བྲཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། སེར་སྣ་སེམས་ཕྱིར་མ་སྐྱེས་པ། །ཁ་འབར་དེ་བའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་ཡི་དྭགས་འདུལ་བྱེད་ཤོག །ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། ཞེ་སྡང་སེམས་ཕྱིར་མ་སྐྱེས་པ། །གཤིན་བུ་རྗེ་ཡི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་བས། །འགྲོ་བ་དམྱལ་བ་འདུལ་བྱེད་ཤོག །ༀ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་ལྷའི་དབང་བསྐུར་བས་རྟོག་ཚོགས་བཞི་བཅུ་རྩ་གཉིས་རང་ཁ་མའི་དྲི་མ་དག་ནས། སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་རང་སྣང་བའི་ནུས་པ་དངོས་སུ་སྐྱེས་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཕྱག་རྒྱའི་དབང་བསྐུར་བས། རྟོག་པ་བཞི་བཅུ་རྩ་གཉིས་མ་སྤངས་གནས་སུ་དག་ནས། སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་ཉིད་མངོན་དུ་གྱུར་ཏེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་སྒོམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་པ་བཟའ་བཏུང་གི་དབང་ནི། བཟའ་བཏུང་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་གཡས་འཁོར་ལོ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་སངས་རྒྱས་སྤྱན་མ་དང་འཁྲིལ་བའི་སྐུར་བསྐྱེད་ལ། ཨཱ་དཪྴ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ཞུ་བ་ལས་བྱུང་བའི་དབང་རྫས་བཟའ་བཏུང་དུ་གྱུར། དེ་ལྟ་བུའི་བཟའ་བཏུང་ཁར་སྦྱིན་པ་ལྕེ་ལ་གནས་པའི་རོ་འབབ་མ་ལ་ཐིམ་པར་མོས་ལ། ༀ། བཟའ་དང་བཅའ་དང་བཏུང་ལ་སོགས། །རང་སེམས་རྣམ་དག་རྒྱན་གྱི་ཕྱིར། །གཉིས་མེད་རོལ་པས་དབང་བསྐུར་བས། །བདུད་རྩི་ཡིད་བཞིན་སྐུ་ཐོབ་ཤོག །ༀ་བཛྲ་ཨ་མྲྀ་ཏ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བཟང་བཏུང་གི་དབང་བསྐུར་བས་ཡེ་ཤེས་ཀྱི་སྣང་བ་འདོད་ཡོན་གྱི་རོལ་མོར་མ་འགགས་པར་སྤྱོད་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་ཁྱོད་ལ་བཟའ་བཏུང་གི་དབང་བསྐུར་བས། འདོད་ཡོན་རྣམ་པ་ལྔ་ཆོས་ཉིད་ཀྱི་རྒྱན་དུ་རིག་ནས་མ་སྤངས་པར་རོལ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཕན་པའི་དབང་བཅུ་བསྐུར་བས་འདི་ཕྱིར་ཕན་པའི་ས་བོན་ཙམ་འཇོག་ཅིང་། ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་མཉན་དུ་རུང་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། ༈ །གཉིས་པ་རང་གཞིན་གྱི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་བསྐུར་བ་ལ། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་སྒོམ། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཕྲིན་ལས་དང་འཆད་དབང་། གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བའོ། །དང་པོ་གཉིས་ལས། དང་པོ་ཉན་དབང་ནི། སློབ་དཔོན་རིགས་དྲུག་པ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྷྲཱུྃ་ཡིག་དམར་སེར་གཉིས་ཆད་སློབ་བུའི་རྣ་བའི་འདོམ་རྩ་གཉིས་སུ་འཕྲོས་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བཞི་པ་གྲུ་བཞི་སྒོ་བཞི་པའི་གཞལ་ཡས་ཁང་དུ་གྱུར་པའི་ལྟེ་བ་དང་རྩིབས་བཞིར་པད་ཉི་ཟླ་བ་དང་། སྒོ་བཞིར་ཉི་མའི་གདན་རེ་རེ་གསལ་བའི་སྟེང་དུ་སྒྲ་གསལ་བའི་ཐིག་ལེའི་ངོ་བོ་ཉིད་དབུས་དང་རྩིབས་བཞིར་ཏྲཾ་ཡིག་ཟུང་ལྔ་དང་། སྒོ་བཞིར་ཧཱུྃ་ཛཿ ཧཱུྃ་ཧཱུྃ། ཧཱུྃ་བྃ། ཧཱུྃ་ཧོཿརྣམས་ལས་སོ་སོའི་ཕྱག་མཚན་དུ་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལ་དབུས་ཀྱི་གདན་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གཡས་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་མཱ་མ་ཀཱི་གཡས་དྲིལ་བུ་དང་གཡོན་རིན་པོ་ཆེ་འཛིན་པས་འཁྱུད་པ། རྩིབས་བཞིའི་ཤར་དུ་རྡོ་རྗེ་རིན་ཆེན་རིན་པོ་ཆེའི་མྱུ་གུ་དང་། ཕྲེང་བ་མ་ཕྲེང་བ་འཛིན་པ། ལྷོར་རྡོ་རྗེ་གཟི་བརྗིད་ཉི་མ་དང་། མེ་ཏོག་མ་མེ་ཏོག་འཛིན་པ། ནུབ་ཏུ་རྡོ་རྗེ་རྒྱལ་མཚན་རྒྱལ་མཚན་དང་། ཞགས་པ་མ་ཞགས་པ་འཛིན་པ། བྱང་དུ་རྡོ་རྗེ་བཞད་པ་ཚེམས་ཀྱི་ཕྲེང་བ་སྟོན་པ་དང་། བསིལ་ཡབ་མ་བསིལ་ཡབ་འཛིན་པ། ཐམས་ཅད་ཀྱང་སྐུ་མདོག་སེར་པོ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཚུལ་དགུས་བརྗིད་པ། ཤར་སྒོར་གཤིན་རྗེ་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ་དང་། ལྕགས་ཀྱུ་མ་སྔོན་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་རྩེ་ལྔ་དང་། ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་དང་། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་བདུད་རྩི་འཁྱིལ་བ་ལྗང་ནག་སྣ་ཚོགས་རྡོ་རྗེ་དང་། དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། ཡབ་ཡུམ་བརྒྱད་པོ་ཐམས་ཅད་ཀྱང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དབང་རྫས་གླེགས་བམ་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ཏྲཱཾ་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་གྱུར། རྣ་བའི་དཀྱིལ་འཁོར་ཆ་གཉིས་དང་དབང་རྫས་ཀྱི་ལྷ་ལ། ས་མ་ཏཱ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། སློབ་དཔོན་གྱི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཀྱིས་བསྐུལ་བས་ལྷ་ཐམས་ཅད་ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་རྣ་བའི་དཀྱིལ་འཁོར་ཆ་གཉིས་འོད་དུ་ཞུ་བ་སློབ་བུར་ཐིམ་པའི་རྐྱེན་གྱིས་སློབ་མ་ཡང་འོད་དུ་ཞུ་བའི་འོད་ཕུང་སེར་པོ་ལས་རིན་ཆེན་འབྱུང་ལྡན་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་ལས་གླེགས་བམ་དུ་གྱུར། དེ་ལྟ་བུའི་གླེགས་བམ་ལག་ཏུ་གཏད་པ་རྣ་བའི་ཐིག་ལེ་ལ་ཐིམ་པར་མོས་ལ། ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལ་མཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །དེ་ལྟར་ཉན་པའི་དབང་བསྐུར་བས་དེང་ཕྱིན་ཆད་བཀའ་ཕྱི་ནང་ཐམས་ཅད་ཉན་པའི་དབང་དམ་པ་ཐོབ་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཉན་པའི་དབང་བསྐུར་བས་དེ་བཞིན་གཤེགས་པའི་བཀའ་ཕྱི་ནང་ཐམས་ཅད་ལ་ཐོགས་པ་མེད་པར་ཉན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་སྒོམ་དབང་ནི། སློབ་དཔོན་རིགས་དྲུག་པ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྷྲཱུྃ་ཡིག་དམར་སེར་གཅིག་ཆད་སློབ་བུའི་སྙིང་གི་འདོམ་རྩར་འཕྲོས་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བཞི་པ་གྲུ་བཞི་སྒོ་བཞི་པའི་གཞལ་ཡས་ཁང་དུ་གྱུར་པའི་ལྟེ་བ་དང་རྩིབས་བཞིར་པད་ཉི་ཟླ་བ་དང་སྒོ་བཞིར་ཉི་མའི་གདན་རེ་རེ་གསལ་བའི་སྟེང་དུ་དྲན་པ་གསལ་བའི་ཐིག་ལེའི་ངོ་བོ་ཉིད་དབུས་དང་། རྩིབས་བཞིར་ཧཱུྃ་ཡིག་ཟུང་ལྔ་དང་། སྒོ་བཞིར་ཧཱུྃ་ཛཿ ཧཱུྃ་ཧཱུྃ། ཧཱུྃ་བཾ། ཧཱུྃ་ཧོཿརྣམས་ལས་སོ་སོའི་ཕྱག་མཚན་དུ་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དབུས་ཀྱི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་གཡས་དྲིལ་བུ་དང་གཡོན་རྡོ་རྗེ་འཛིན་པས་འཁྱུད་པ། རྩིབས་བཞིའི་ཤར་དུ་སེམས་དཔའ་རྡོ་རྗེ་འཁོར་ལོ་དང་། བརྟན་མ་རྡོ་རྗེ་དྲིལ་བུ་འཛིན་པ། ལྷོར་རིན་ཆེན་རྡོ་རྗེ་རིན་པོ་ཆེ་དང་། འབར་མ་རྡོ་རྗེ་དྲིལ་བུ་འཛིན་པ། ནུབ་ཏུ་ཆོས་རྡོ་རྗེ་པདྨ་དང་། སྡུད་མ་རྡོ་རྗེ་དྲིལ་བུ་འཛིན་པ། བྱང་དུ་ལས་ཀྱི་རྡོ་རྗེ་རལ་གྲི་དང་། བསྐྱོད་མ་རྡོ་རྗེ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ག་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཚུལ་དགུས་བརྗིད་པ། ཤར་སྒོར་གཤིན་རྗེ་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ་དང་། ལྕགས་ཀྱུ་མ་སྔོན་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་རྩེ་ལྔ་དང་། ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་དང་། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་བདུད་རྩི་འཁྱིལ་བ་ལྗང་ནག་སྣ་ཚོགས་རྡོ་རྗེ་དང་། དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། ཡབ་ཡུམ་བརྒྱད་པོ་ཐམས་ཅད་ཀྱང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དབང་རྫས་ཕྲེང་བ་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ་དུ་གྱུར། སྙིང་གི་དཀྱིལ་འཁོར་དང་དབང་རྫས་ཀྱི་ལྷ་ལ། ཤཱུ་ནྱ་ཏཱ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། སློབ་དཔོན་གྱི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཀྱིས་བསྐུལ་བས་ལྷ་ཐམས་ཅད་ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་སྙིང་གི་དཀྱིལ་འཁོར་འོད་དུ་ཞུ་བ་སློབ་བུར་ཐིམ་པའི་རྐྱེན་གྱིས་སློབ་མ་ཡང་འོད་དུ་ཞུ་བའི་འོད་ཕུང་མཐིང་ག་ལས་རྡོ་རྗེ་མི་བསྐྱོད་པ་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་ལས་ཕྲེང་བར་གྱུར། དེ་ལྟ་བུའི་ཕྲེང་བ་ལག་ཏུ་གཏད་པ་སྙིང་གི་ཐིག་ལེར་ཐིམ་པར་མོས་ལ། ༀ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །དེ་ལྟར་སྒོམ་པའི་དབང་བསྐུར་བས་དེང་ཕྱིན་ཆད་ལྷ་རྟོག་དབྱེར་མེད་དུ་སྒོམ་པ་ལ་དབང་ཐོབ་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་སྒོམ་པའི་དབང་བསྐུར་བས། རྣམ་པར་གྲོལ་བའི་ལམ་མཐའ་དག་ཐོགས་པ་མེད་པར་སྒོམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །འདིར་རང་རང་གི་ཡི་དམ་གྱི་ལྷ་གང་ཡིན་སྒོམ་པར་གསུངས་པས་མེ་ཏོག་གང་ལ་ཕོག་པའི་ལྷ་དེ་སྒོམ་པར་བཤད་ཀྱང་། དེང་སང་བསྙེན་སྒྲུབ་ལ་གཙོ་བོ་གོ་འཕོ་བའི་ཕྱག་ལེན་མི་མཛད་པ་ཤས་ཆེ་བས་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་རིགས་ཀྱི་ལྷར་སྦྱར་བ་སྟེ། འདི་ལ་སྔ་རབས་པ་རྣམས། ལྷག་པའི་ལྷ། བབ་པའི་ལྷ། མོས་པའི་ལྷ་ཞེས་གང་རུང་འབོགས་པར་གསུངས་པས་དང་པོའི་ལུགས་སོ། །གཉིས་པ་གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཕྲིན་ལས་དང་འཆད་དབང་བསྐུར་བ་གཉིས་ཀྱི། དང་པོ་ཕྲིན་ལས་ཀྱི་དབང་ནི། སློབ་དཔོན་རིགས་དྲུག་པ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྷྲཱུྃ་ཡིག་དམར་སེར་གཉིས་ཆད། སློབ་བུའི་ལག་པའི་འདོམ་རྩ་གཉིས་སུ་འཕྲོས་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བཞི་པ་གྲུ་བཞི་སྒོ་བཞི་པའི་གཞལ་ཡས་ཁང་དུ་གྱུར་པའི་ལྟེ་བ་དང་རྩིབས་བཞིར་པད་ཉི་ཟླ་བ་དང་། སྒོ་བཞིར་ཉི་མའི་གདན་རེ་རེ་གསལ་བའི་སྟེང་དུ་བྱ་བྱེད་གསལ་བའི་ཐིག་ལེའི་ངོ་བོ་ཉིད་དབུས་དང་རྩིབས་བཞིར་ཧཱྃ་ཡིག་ཟུང་ལྔ་དང་། སྒོ་བཞིར་ཧཱུྃ་ཛཿ ཧཱུྃ་ཧཱུྃ། ཧཱུྃ་བྃ། ཧཱུྃ་ཧོཿརྣམས་ལས་སོ་སོའི་ཕྱག་མཚན་དུ་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དབུས་ཀྱི་གདན་ལ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་གཡས་རྒྱ་གྲམ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་དམ་ཚིག་སྒྲོལ་མ་གཡས་དྲིལ་བུ་དང་གཡོན་རྒྱ་གྲམ་འཛིན་པས་འཁྱུད་པ། རྩིབས་བཞིའི་ཤར་དུ་རྡོ་རྗེ་ལས་རལ་གྲི་དང་། རྡོ་རྗེ་གར་མ་གར་བསྒྱུར་བ། ལྷོར་རྡོ་རྗེ་བསྲུང་བ་གོ་ཆ་དང་། རྡོ་རྗེ་བྱུགས་པ་མ་དྲིའི་དུང་ཆོས་འཛིན་པ། ནུབ་ཏུ་རྡོ་རྗེ་གནོད་སྦྱིན་ཕག་རྒོད་ཀྱི་མཆེ་བ་དང་། རྡོ་རྗེ་དྲིལ་བུ་མ་དྲིལ་བུ་འཛིན་པ། བྱང་དུ་རྡོ་རྗེ་ཁུ་ཚུར་ཁུ་ཚུར་བཅངས་པ་དང་། རྡོ་རྗེ་གནོད་སྦྱིན་མ་རྨ་བྱའི་སྒྲོ་འཛིན་པ། ཐམས་ཅད་ཀྱང་སྐུ་མདོག་ལྗང་གུ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཚུལ་དགུས་བརྗིད་པ། ཤར་སྒོར་གཤིན་རྗེ་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ་དང་། ལྕགས་ཀྱུ་མ་སྔོན་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་རྩེ་ལྔ་དང་། ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་དང་། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་བདུད་རྩི་འཁྱིལ་བ་ལྗང་ནག་སྣ་ཚོགས་རྡོ་རྗེ་དང་། དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། ཡབ་ཡུམ་བརྒྱད་པོ་ཐམས་ཅད་ཀྱང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དབང་རྫས་རྒྱ་གྲམ་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ཧཱཾ་ལས་རྒྱ་གྲམ་ཧཱཾ་གིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཡབ་ཡུམ་དུ་གྱུར། ལག་པའི་དཀྱིལ་འཁོར་ཆ་གཉིས་དང་དབང་རྫས་ཀྱི་ལྷ་ལ། ཀྲྀ་ཏྱཱ་ནུཥྛཱ་ན་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། སློབ་དཔོན་གྱི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཀྱིས་བསྐུལ་བས་ལྷ་ཐམས་ཅད་ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ལག་པའི་དཀྱིལ་འཁོར་ཆ་གཉིས་འོད་དུ་ཞུ་བ་སློབ་བུར་ཐིམ་པའི་རྐྱེན་གྱིས་སློབ་མ་ཡང་འོད་དུ་ཞུ་བའི་འོད་ཕུང་ལྗང་གུ་ལས་དོན་ཡོད་གྲུབ་པ་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་ལས་རྒྱ་གྲམ་དུ་གྱུར། དེ་ལྟ་བུའི་རྒྱ་གྲམ་ལག་ཏུ་གཏད་པ་ལག་པའི་ཐིག་ལེར་ཐིམ་པར་མོས་ལ། ༀ། ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །དེ་ལྟར་ཕྲིན་ལས་ཀྱི་དབང་བསྐུར་བས་ཕྲིན་ལས་རྣམ་པ་བཞིས་འགྲོ་བ་འདུལ་བའི་དབང་ཐོབ་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ་ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཕྲིན་ལས་བཞིའི་དབང་བསྐུར་བས། ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་སྤྱོད་ཅིང་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་འཆད་དབང་ནི། སློབ་དཔོན་རིགས་དྲུག་པ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྷྲཱུྃ་ཡིག་དམར་སེར་གཅིག་ཆད་སློབ་བུའི་ལྕེ་སྟེང་དུ་འཕྲོས་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བཞི་པ་གྲུ་བཞི་སྒོ་བཞི་པའི་གཞལ་ཡས་ཁང་དུ་གྱུར་པའི་ལྟེ་བ་དང་རྩིབས་བཞིར་པད་ཉི་ཟླ་བ་དང་། སྒོ་བཞིར་ཉི་མའི་གདན་རེ་རེ་གསལ་བའི་སྟེང་དུ་སྒྲ་གསལ་བར་བྱེད་པའི་ཐིག་ལེའི་ངོ་བོ་ཉིད་དབུས་དང་རྩིབས་བཞིར་ཧྲཱིཿ ཡིག་ཟུང་ལྔ་དང་སྒོ་བཞིར་ཧཱུྃ་ཛཿ ཧཱུྃ་ཧཱུྃ། ཧཱུྃ་བྃ། ཧཱུྃ་ཧོཿ རྣམས་ལས་སོ་སོའི་ཕྱག་མཚན་དུ་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དབུས་ཀྱི་གདན་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་གཡས་པདྨ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་གོས་དཀར་མོ་གཡས་དྲིལ་བུ་དང་གཡོན་པདྨ་འཛིན་པས་འཁྱུད་པ། རྩིབས་བཞིའི་ཤར་དུ་རྡོ་རྗེ་ཆོས་པད་མ་ཁ་འབྱེད་པ་དང་། རྡོ་རྗེ་གླུ་ལེན་མ་པི་ཝཾ་འཛིན་པ། ལྷོར་རྡོ་རྗེ་རྣོན་པོ་རལ་གྲི་དང་། རྡོ་རྗེ་མར་མེ་མ་མར་མེ་འཛིན་པ། ནུབ་ཏུ་རྡོ་རྗེ་རྒྱུ་འཁོར་ལོ་དང་། རྡོ་རྗེ་ལྕགས་སྒྲོག་མ་ལྕགས་སྒྲོག་འཛིན་པ། བྱང་དུ་རྡོ་རྗེ་སྨྲ་བ་རྡོ་རྗེའི་ལྕེ་དང་། རྡོ་རྗེ་གསལ་བཀྲ་མ་མར་མེ་འཛིན་པ། ཐམས་ཅད་ཀྱང་སྐུ་མདོག་དམར་པོ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་། ཚུལ་དགུས་བརྗིད་པ། ཤར་སྒོར་གཤིན་རྗེ་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ་དང་། ལྕགས་ཀྱུ་མ་སྔོན་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་རྩེ་ལྔ་དང་། ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་དང་། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་བདུན་རྩི་འཁྱིལ་བ་ལྗང་ནག་སྣ་ཚོགས་རྡོ་རྗེ་དང་། དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། ཡབ་ཡུམ་བརྒྱད་པོ་ཐམས་ཅད་ཀྱང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དབང་རྫས་འཁོར་ལོ་དུང་དང་ཕྱག་ཤིང་རྣམས་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ཧྲཱིཿལས་པདྨ་ཧྲཱིཿ ས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་སྣང་པ་མཐའ་ཡས་ཡབ་ཡུམ་དུ་གྱུར། ལྕེའི་དཀྱིལ་འཁོར་དང་དབང་རྫས་ཀྱི་ལྷ་ལ། པྲ་ཏྱ་བེཀྵ་ན་སྔོན་འགྲོས་བསྐུར། དབབ། དྲངས། བསྟིམ། བརྟན། མཆོད་ནས། སློབ་དཔོན་གྱི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཀྱིས་བསྐུལ་བས་ལྷ་ཐམས་ཅད་ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ལྕེའི་དཀྱིལ་འཁོར་འོད་དུ་ཞུ་བ་སློབ་བུར་ཐིམ་པའི་རྐྱེན་གྱིས་སློབ་མ་ཡང་འོད་དུ་ཞུ་བའི་འོད་ཕུང་དམར་པོ་ལས་སྣང་བ་མཐའ་ཡས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་ལས་འཁོར་ལོ་དུང་དང་ཕྱག་ཤིང་རྣམས་སུ་གྱུར། དེ་ལྟ་བུའི་དབང་རྫས་རྣམས་ལག་ཏུ་གཏད་པ་ལྕེའི་ཐིག་ལེར་ཐིམ་པར་མོས་ལ། ༀ། ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམ་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །དེ་ལྟ་འཆད་པའི་དབང་བསྐུར་བས་དེང་ཕྱིན་ཆད་བསྟན་པ་ཕྱི་ནང་ཐམས་ཅད་འཆད་པ་ལ་དབང་ཐོབ་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་འཆད་པའི་དབང་བསྐུར་བས། སེམས་ཅན་ཐམས་ཅད་ཀྱི་ཤེས་པའི་རྒྱུད་ལ་ཐེག་པ་མཐའ་དག་གི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བ་ནི། སློབ་དཔོན་རིགས་དྲུག་པ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྷྲཱུྃ་ཡིག་དམར་སེར་ལྔ་ཆད། སློབ་བུའི་མགོ་དང་ལག་མཐིལ་གཉིས་དང་རྐང་མཐིལ་གཉིས་རྣམས་སུ་འཕྲོས་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བཞི་པ་གྲུ་བཞི་སྒོ་བཞིའི་གཞལ་ཡས་ཁང་དུ་གྱུར་པའི་ལྟེ་བ་དང་རྩིབས་བཞིར་པད་ཉི་ཟླ་བ་དང་། ཁྲོ་བཅུའི་གནས་སུ་ཉི་མའི་གདན་རེ་རེ་གསལ་བར་གྱུར་པའི་ལག་པ་གཡས་ཀྱི་འཁོར་ལོའི་དབུས་དང་། རྩིབས་བཞིར་ཧཱུཾ་ཡིག་ཟུང་ལྔ། མགོ་བོའི་དབུས་དང་རྩིབས་བཞིར་ༀ་ཡིག་ཟུང་ལྔ། ལག་པ་གཡོན་གྱི་དབུས་དང་རྩིབས་བཞིར་སྭཱཾ་ཡིག་ཟུང་ལྔ། རྐང་པ་གཡོན་གྱི་དབུས་དང་རྩིབས་བཞིར་ཨཾ་ཡིག་ཟུང་ལྔ། རྐང་པ་གཡས་ཀྱི་དབུས་དང་རྩིབས་བཞིར་ཧཱཾ་ཡིག་ཟུང་ལྔ། སྤྱི་གཙུག །སྙིང་ག །ནུ་མ་གཡས་གཡོན། དཔུང་པ་གཡས་གཡོན། སོག་པ་གཡས་གཡོན། སོག་དབྲག །གཤང་ལམ་རྣམས་སུ་ཧཱུཾ་ཡིག་ཟུང་རེ་གསལ་བ་ལས་སོ་སོའི་ཕྱག་མཚན་དུ་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ལག་པ་གཡས་ཀྱི་འཁོར་ལོའི་དབུས་ཀྱི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་འཛིན་པ་འཁྱུད་པ། རྩིབས་བཞིའི་ཤར་དུ་སེམས་དཔའ་རྡོ་རྗེ་རྡོ་རྗེ་དང་། བརྟན་མ་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། ལྷོར་རིན་ཆེན་རྡོ་རྗེ་རིན་པོ་ཆེ་དང་། འབར་མ་རྡོ་རྗེ་མེ་འོད་འཛིན་པ། ནུབ་ཏུ་ཆོས་ཀྱི་རྡོ་རྗེ་པདྨ་དང་། སྡུད་མ་རྡོ་རྗེ་པུསྟི་འཛིན་པ། བྱང་དུ་རྡོ་རྗེ་ཕྲིན་ལས་ཤང་ལང་དང་། བསྐྱོད་མ་རྡོ་རྗེ་བ་དན་འཛིན་པ། མགོ་བོའི་འཁོར་ལོའི་དབུས་ཀྱི་གདན་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཡས་འཁོར་ལོ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་སངས་རྒྱས་སྤྱན་མ་གཡས་དྲིལ་བུ་དང་གཡོན་འཁོར་ལོ་འཛིན་པས་འཁྱུད་པ། རྩིབས་བཞིའི་ཤར་དུ་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་། ལཱ་སྱ་མ་མེ་ལོང་འཛིན་པ། ལྷོར་རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་དང་། དྷཱུ་པེ་མ་སྤོས་ཁང་འཛིན་པ། ནུབ་ཏུ་རྡོ་རྗེ་ཆགས་པ་མདའ་གཞུ་འགེངས་པ་དང་། རྡོ་རྗེ་ལྕགས་ཀྱུ་མ་ལྕགས་ཀྱུ་འཛིན་པ། བྱང་དུ་རྡོ་རྗེ་ལེགས་པ་སེ་གོལ་རྡེབ་པ་དང་། རྡོ་རྗེ་སྒྲོལ་མ་རྡོར་ཕྲེང་འཛིན་པ། ལག་པ་གཡོན་གྱི་འཁོར་ལོའི་དབུས་ཀྱི་གདན་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གཡས་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་མཱ་མ་ཀཱི་གཡས་དྲིལ་བུ་དང་གཡོན་རིན་པོ་ཆེ་འཛིན་པས་འཁྱུད་པ། རྩིབས་བཞིའི་ཤར་དུ་རྡོ་རྗེ་རིན་ཆེན་རིན་པོ་ཆེའི་མྱུ་གུ་དང་། ཕྲེང་བ་མ་ཕྲེང་འཛིན་པ། ལྷོར་རྡོ་རྗེ་གཟི་བརྗིད་ཉི་མ་དང་། མེ་ཏོག་མ་མེ་ཏོག་འཛིན་པ། ནུབ་ཏུ་རྡོ་རྗེ་རྒྱལ་མཚན་རྒྱལ་མཚན་དང་། ཞགས་པ་མ་ཞགས་པ་འཛིན་པ། བྱང་དུ་རྡོ་རྗེ་བཞད་པ་ཚེམས་ཀྱི་ཕྲེང་བ་སྟོན་པ་དང་། བསིལ་ཡབ་མ་བསིལ་ཡབ་འཛིན་པ། རྐང་པ་གཡོན་གྱི་འཁོར་ལོའི་དབུས་ཀྱི་གདན་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་པདྨ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་གོས་དཀར་མོ་གཡས་དྲིལ་བུ་དང་གཡོན་པདྨ་འཛིན་པས་འཁྱུད་པ། རྩིབས་བཞིའི་ཤར་དུ་རྡོ་རྗེ་ཆོས་པདྨ་ཁ་འབྱེད་པ་དང་། རྡོ་རྗེ་གླུ་ལེན་མ་པི་ཝཾ་འཛིན་པ། ལྷོར་རྡོ་རྗེ་རྣོན་པོ་རལ་གྲི་དང་། རྡོ་རྗེ་མར་མེ་མ་མར་མེ་འཛིན་པ། ནུབ་ཏུ་རྡོ་རྗེ་རྒྱུ་འཁོར་ལོ་དང་། རྡོ་རྗེ་ལྕགས་སྒྲོག་མ་ལྕགས་སྒྲོག་འཛིན་པ། བྱང་དུ་རྡོ་རྗེ་སྨྲ་བ་རྡོ་རྗེའི་ལྕེ་དང་། རྡོ་རྗེ་གསལ་བཀྲ་མ་མར་མེ་འཛིན་པ། རྐང་པ་གཡས་ཀྱི་འཁོར་ལོའི་དབུས་ཀྱི་གདན་ལ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་གཡས་རྒྱ་གྲམ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་དམ་ཚིག་སྒྲོལ་མ་གཡས་དྲིལ་བུ་དང་གཡོན་རྒྱ་གྲམ་འཛིན་པས་འཁྱུད་པ། རྩིབས་བཞིའི་ཤར་དུ་རྡོ་རྗེ་ལས་སྣ་ཚོགས་རྡོ་རྗེ་དང་། རྡོ་རྗེ་གར་མ་གར་བསྒྱུར་བ། ལྷོར་རྡོ་རྗེ་བསྲུང་བ་གོ་ཆ་དང་། རྡོ་རྗེ་དྲི་མ་བྱུགས་པ་འཛིན་པ། ནུབ་ཏུ་རྡོ་རྗེ་གནོད་སྦྱིན་ཕག་རྒོད་ཀྱི་མཆེ་བ་དང་། རྡོ་རྗེ་དྲིལ་བུ་མ་དྲིལ་བུ་འཛིན་པ། བྱང་དུ་རྡོ་རྗེ་ཁུ་ཚུར་ཁུ་ཚུར་དཀུར་བརྟེན་པ་དང་། རྡོ་རྗེ་གར་མ་ལྷའི་ན་བཟའ་པཉྩ་ལི་ཀ་འཛིན་པ། དེ་ལྟར་དཀྱིལ་འཁོར་ཆ་ལྔའི་ལྷ་ཚོགས་ཐམས་ཅད་ཀྱང་སྐུ་མདོག་རིགས་ཀྱི་ཁ་དོག་ཅན་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཚུལ་དགུས་བརྗིད་པ། ལུས་ཀྱི་གནས་བཅུ་ལས། སྤྱི་གཙུག་ཏུ་ཧཱུྃ་མཛད་སྔོ་སྐྱ་རང་རྟགས་མདའ་གཞུ། སྙིང་གར་རྣམ་རྒྱལ་དཀར་པོ་ཁ་ཊྭཱཾ་ག་དང་ཏྲི་ཤུལ། ནུ་མ་གཡས་སུ་དབྱུག་པ་སྔོན་པོ་དབྱུག་པ་དང་མེ་དཔུང་། དཔུང་མགོ་གཡས་པར་གཤིན་རྗེ་གཤེད་མཐིང་ག་བེ་ཅོན་དང་དགྲ་སྟྭ། སོག་སྟེང་གཡས་པར་མི་གཡོ་བ་ལྗང་དམར་སྤུ་གྲི་དང་ཞགས་པ། སོག་དབྲག་ཏུ་རྟ་མགྲིན་དམར་པོ་རལ་གྲི་དང་སྦྲུལ་ཞགས། སོག་སྟེང་གཡོན་པར་གཞན་གྱིས་མི་ཐུབ་པ་སྔོན་པོ་བྷཉྫ་དང་རྔ་ཡབ། དཔུང་མགོ་གཡོན་པར་བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ། ནུ་མ་གཡོན་དུ་ཁམས་གསུམ་རྣམ་རྒྱལ་སེར་པོ་འཁོར་ལོ་དང་མཆེ་བ། གཤང་ཁར་སྟོབས་པོ་ཆེ་དུད་ཁ་ཐོ་བ་དང་གཏུན་ཤིང་། ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དུང་དམར། བར་པ་གཉིས་རང་རྟགས། ཐ་མ་གཉིས་ཕུར་བུ་འདྲིལ་བ་ཞབས་བཞི་དོར་སྟབས་བགྲད་པ། གར་དགུའི་ཉམས་ཀྱིས་སྒེག་ཅིང་དུར་ཁྲོད་རོལ་པའི་ཆས་ཅན་རང་འོད་ཀྱི་ཡུམ་ཡབ་ཀྱི་མདོག་ཅན་གཡས་འཁྱུད་སྟབས་དང་གཡོན་དུང་དམར་ཡབ་ལ་སྟོབས་པ་ཁྲོ་མོའི་ཆས་ཅན་དང་འཁྲིལ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དབང་རྫས་རྡོར་དྲིལ་བསང་སྦྱང་། དབང་རྫས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་པད་ཉི་ཟླ་བའི་གདན་ལ་ༀ་དང་ཨ་ལས་རྡོར་དྲིལ་ས་བོན་གྱིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བྱེད་པ་པོ་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། བྱ་བ་མོ་ཀུན་ཏུ་བཟང་མོ་མཐིང་ག་ཕྱག་གཡོན་སྟེང་དུ་བཞག་པའི་མཉམ་གཞག་གི་ཕྱག་རྒྱ་ཅན་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཉིས་ཀའང་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཚུལ་དགུས་བརྗིད་པའོ། །དཀྱིལ་འཁོར་ཆ་ལྔ་ཁྲོ་བཅུ་དང་བཅས་པ་དང་དབང་རྫས་ཀྱི་ལྷ་ལ་ལྔ་ཚན་ལྔས་དབང་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། སློབ་དཔོན་གྱི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཀྱིས་བསྐུལ་བས་ལྷ་ཐམས་ཅད་ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་ལུས་དཀྱིལ་གྱི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་འོད་དུ་ཞུ་བ་སློབ་བུར་ཐིམ་པའི་རྐྱེན་གྱིས་སློབ་མ་ཡང་འོད་དུ་ཞུ་བའི་འོད་ཕུང་མཐིང་ག་ལས་ཀུན་ཏུ་བཟང་པོ་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་ལས་རྡོ་རྗེ་དང་དྲིལ་བུར་གྱུར། དེ་ལྟ་བུའི་རྡོར་དྲིལ་ལག་ཏུ་གཏད་དེ་སྙིང་གར་བསྣོལ་དུ་བཅུག་པ་ཡན་ལག་ལྔའི་རེག་ཤེས་ཀྱི་ཐིག་ལེ་ལ་ཐིམ་པར་མོས་ལ། ༀ། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །དེ་ལྟར་རྡོ་རྗེ་རྒྱལ་པོའི་དབང་བསྐུར་བས་དེང་ཕྱིན་ཆད་བདག་གཞན་གྱི་དོན་ཐམས་ཅད་སྒྲུབ་པ་ལ་དབང་ཐོབ་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བས་རྡོ་རྗེ་རྒྱལ་པོའི་ས་འཛིན་ཅིང་། དཀྱིལ་འཁོར་ཐམས་ཅད་ཀྱི་བྱེད་པོའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་པའི་དབང་ལྔ་བསྐུར་བས་རང་གཞན་གྱི་དོན་དངོས་སུ་བྱེད་པ་ལ་དབང་ཞིང་། ཁྱད་པར་གྱི་བསྐྱེད་རིམ་དང་རྫོགས་རིམ་རྗེས་མཐུན་པ་རྣམས་ཉན་སྒོམ་འཆད་པར་ནུས་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བ་ལ་གསུམ་ལས། དང་པོ་གསང་དབང་ལ། དཀྱིལ་འཁོར་བཅའ་བ་དང་། དངོས་གཉིས། དང་པོ་ནི། གོ་མ་ཡེས་ཁྱེམ་མེད་པར་བྱུགས་པའི་སྟེགས་བུ་ཚད་ལྡན་ལ་ཡུམ་གྱི་མཁའ་དཀྱིལ་མཚོན་བྱེད་པདྨ་དམར་པོར་འདབ་མ་བཞི་པ་སོར་བཞི་པའི་ཚད་ཅན་དང་། ཐབས་ཀྱི་གསང་བའི་ནོར་བུ་མཚོན་བྱེད་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་མཛུབ་གང་བའི་ཚད་ཅན་སོ་སོའི་མཚན་མ་དང་བཅས་པ་དག་བྱའོ། །གཉིས་པ་ནི། མཎྜལ་འབུལ་བ་སྔོན་དུ་འགྲོ་བས། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ལ་བླ་མས། བུ་འདིར་ཤོག་ཅིག་ཅི་བདེ་བར། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པོར་ཟུངས། །ཡེ་ཤེས་རང་གནས་རྫོགས་དབང་སྦྱིན། །ཞེས་གནང་བ་བྱིན། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གསལ་བའི་གནས་ལྔར་རྒྱལ་བ་རིགས་ལྔ་དང་། ལག་པ་གཡས་གཡོན་ཁ་དང་གསང་བའི་ཕྱི་རྣམས་སུ་ཁྲོ་བོ་བཞི་ཕྱག་རྒྱ་ལོ་ཉི་ཤུ་མ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་གསལ་བའི་གནས་ལྔར་རིགས་ཀྱི་ཡུམ་ལྔ་དང་། ཡན་ལག་བཞི་ལ་ཁྲོ་མོ་བཞི་རྣམས་གསལ་བར་གྱུར། ཤཱུ་ཱུནྱ་ཏཱ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཀྱི་གསང་གནས་ཧཱུཾ་ལས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ༀ་དཀར་པོར་གནས་པའི་བུ་ག་ཕཊ་ཀྱིས་བཀག་ཅིང་། རྭ་ལྔ་ལ་ཉི་མ་ལ་གནས་པའི་དཔའ་བོ་འབྲུ་ལྔ། ཡུམ་གྱི་མཁའ་པཾ་ལས་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མ་ལ་རཀྟ་ཨཾ་དམར་པོར་གནས་པའི་གེ་སར་ལ་ཨ། དབུས་དང་འདབ་བཞིར་ཟླ་བ་ལ་གནས་པའི་དཔའ་མོ་འབྲུ་ལྔས་མཚན་པར་བསམ་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱེ། ཞེས་སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་འཁྱུད་སྡོམ་སྤྲད་ནས་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་ཕྱིན་པ་ཡབ་ཀྱི་གསང་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨའི་སྣ་རྩེ་ལ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གསལ་བ་ལ་མཆོད་པ་ཕུལ་ཏེ། ཡུམ་མཁར་བསྐྱིལ་བའི་ཡབ་ཡུམ་གྱི་ཉི་ཟླ་བྱང་ཆུབ་ཀྱི་སེམས་གཉིས་འདྲེས་དེ་ཉིད་སློབ་བུའི་ལྕེ་ཐོག་ཏུ་བཞག་པར་མོས་ལ། ༀ། མི་བསྐྱོད་ཡབ་ཡུམ་རོལ་པ་ཡིས། །བདེ་བ་གསལ་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུྃ་ཚོགས་ཀྱིས། །པདྨོའི་ཡེ་ཤེས་བསྡུས་འཁྱིལ་བའི། །ཡུངས་ཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་བསྟིམ་པ་ཡིས། །རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱི། །ས་བོན་ཟུང་གསུམ་གཉིས་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་འཚིག་པ་བཞིན། །མི་སྐྱེ་ཐབས་ཀྱི་དབུགས་དབྱུང་ངོ་། །ཤྲཱི་མ་ཧཱ་སུ་ཁ་བཛྲ་བོ་དྷི་ཧཱུཾ་ཧོ་ༀ། ཞེས་བདུད་རྩི་སྦྱིན། དེ་ལྟར་དབང་བསྐུར་བས་ལྕེ་ཐོག་ཏུ་བཞག་པའི་བྱང་སེམས་ཧཱུཾ་གི་རྣམ་པར་གསལ་བ་དེ་ཉིད་ཡུངས་འབྲུ་ཙམ་གྱི་རྡོ་རྗེ་སེམས་དཔའ་ཤ་སྟག་ཏུ་གྱུར་པ་སྙིང་གར་ཐིམ་པས་ཆོས་ཀྱི་འཁོར་ལོའི་རྩ་ཆེན་བཞི་ལ་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་སྦྱངས་ནས་སེམས་ཉིད་རྣམ་པར་མི་རྟོག་པའི་རང་བཞིན་དོན་དམ་སྤྲོས་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་གནས་ངན་ལེན་གྱི་ས་བོན་བག་ཆགས་དང་བཅས་པ་དག་ནས་གནས་ལུགས་དོན་དམ་སྐྱེ་མེད་ཀྱི་ཡེ་ཤེས་མངོན་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་སླར་ཡང་བདེན་པ་བརྗོད་པ་ནི། རྡོར་དྲིལ་སློབ་བུའི་སྙིང་གར་བཟུང་ལ། ༀ། མི་འགྱུར་བ་ཡི་ཡེ་ཤེས་གནས། །མ་བཙལ་ཕྱིན་པས་བདེ་བའི་མཆོག །མ་བལྟས་གསལ་བའི་ཡེ་ཤེས་སྤྱན། །གོང་ན་མེད་པས་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གུ་ཧྱ་བྷྲཱུཾ་ཛྙཱ་ན་མཎྜ་ལ་ཛྙཱ་ན་གུ་ཧྱ་སིདྡྷི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བདེན་པ་བརྗོད། དེ་ཉིད་ནུས་པ་ཅན་དུ་བྱ་བའི་ཕྱིར་དབུ་རྒྱན་དང་ཅོད་པན་མཐིང་དམར་གྱིས་དབང་བསྐུར་ཏེ། དེ་ཡང་དབུ་རྒྱན་བསྐོན་ལ། ཧཱུྃ། ཐབས་མཁས་ཐུགས་རྗེའི་བྱིན་རླབས་ཀྱིས། །རིགས་ཀྱི་བུ་མཆོག་དབང་བསྐུར་ཕྱིར། །གསང་བའི་དབུ་རྒྱན་འདི་བཅིངས་པས། །རིགས་ཀྱི་བུ་མཆོག་དེང་ཕན་ཆད། །འཇིག་རྟེན་ཆེ་བ་ཀུན་གྱི་བླ། །ཆེ་བས་ཆེ་བ་ཟིལ་གྱིས་གནོན། །སངས་རྒྱས་ཆེ་བ་མཆོག་གནས་ནི། །རྣལ་འབྱོར་ཆེན་པོ་ཁྱོད་ཉིད་ཡིན། །ༀ་ཏ་ཐཱ་ག་ཏོ་གུ་ཧྱ་བཛྲ་རཏྣ་མུ་ཀུ་ཊ་ཏྲཾ་ཏྲཾ། བཛྲ་གུ་ཧྱ་སིདྡྷི་ཧཱུྃ། ཅོད་པན་བཅིངས་ལ། ཧ། ཁྱུང་གི་གཤོག་པ་གཡས་གཡོན་གདེངས་པ་ཡིས། །ཀླུ་རྣམས་ཟིལ་གྱིས་གནོན་པར་བྱེད་པ་ལྟར། །སྲིད་གསུམ་ཡོན་ཏན་མཆོག་ཏུ་རྫོགས་པ་ཡི། །སངས་རྒྱས་ཀུན་ལ་མཛེས་པའི་ཅོད་པན་མཆོག །མཆོག་ཏུ་ཆེ་བས་བདུད་བཞི་ཟིལ་གྱིས་གནོན། །ༀ་ཏ་ཐཱ་ག་ཏོ་མ་ཧཱ་གུ་ཧྱ་མཱ་ལ་ཨ་བྷི་ཥིཉྩ་ཧོཿ དེ་ནས་དབུགས་དབྱུང་བ་ནི། བུ་ཁྱོད་མཚན་མའི་རྟོག་བྲལ་ཞིང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཀུན་ལ་སྤྱོད་པའི་དབང་ཐོབ་ནས། །སློབ་མ་བདེ་ལ་འགོད་བྱེད་པའི། །དབང་ཕྱུག་ཆེན་པོར་དེང་གྱུར་ཏོ། །ཞེས་བརྗོད། གསང་བ་གཉེར་གཏད་པ་ནི། གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་ལ་བསྟན་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་འཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །བསྐལ་པར་ངན་སོང་མྱོང་བར་འགྱུར། །དེ་བས་ཤིན་ཏུ་གསང་བར་བྱ། །ཞེས་བསྒོ། གཉིས་པ་ཡེ་ཤེས་རང་གནས་སམ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། མཎྜལ་སྔོན་དུ་འགྲོ་བས་བླ་མ་ལ་ཕྱག་རྒྱ་མཚན་ལྡན་ལོ་བཅུ་དྲུག་མ་རྒྱུད་དག་པར་བྱས་པ་ཡང་ཕུལ་ཏེ། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་གསོལ་བ་གདབ། བུ་འདིར་ཤོག་ཅིག་ཅི་བདེ་བར། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པོར་ཟུང་། །ཡེ་ཤེས་རང་གནས་རྫོགས་དབང་སྦྱིན། །ཞེས་གནང་བ་བྱིན། དེ་ནས་སློབ་བུའི་གུང་མོ་གཡས་དང་ཕྱག་རྒྱའི་གུང་མོ་གཡོན་ལྟོ་སྦྱར་ཏེ། རཏྣའི་ཕྲེང་བས་བཅིངས་པའི་རྩེ་ནས་དབང་ཕྱུག་གི་མཐེབ་སྲིན་གྱིས་བཟུང་སྟེ་སློབ་མ་ལ་གཏད་པར་མོས་ལ། བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་བདེ་འདི་མ་སྤོང་ཞིག །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་པའི་ཕྱག་རྒྱ་ཁྱོད་ལས་བྱུང་། །སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྡམ་པ་མ་ཤེས་ན། །རྡོ་རྗེ་བསྐལ་པ་མཐའ་ཀླས་པར། །ཆོས་སྐུ་འཐོབ་པར་མི་འགྱུར་རོ། །ཞེས་གཏད། དེ་ནས་སློབ་མ་དང་གཏད་པའི་ཕྱག་རྒྱ་གཉིས་ཕན་ཚུན་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱས་རྗེས། སློབ་མ་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གསལ་བའི་གནས་ལྔར་རྒྱལ་བ་རིགས་ལྔ་དང་། ལག་པ་གཡས་གཡོན། ཁ་དང་གསང་བའི་ཕྱི་རྣམས་སུ་ཁྲོ་བོ་བཞི། ཕྱག་རྒྱ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་གསལ་བའི་གནས་ལྔར་རིགས་ཀྱི་ཡུམ་ལྔ་དང་། ཡན་ལག་བཞི་ལ་ཁྲོ་མོ་བཞི་རྣམས་གསལ་བར་གྱུར། ཤཱུ་ནྱ་ཏཱ་སྔོན་འགྲོས་བསྐུར། བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཡབ་ཀྱི་གསང་གནས་ཧཱུྃ་ལས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ༀ་དཀར་པོར་གནས་པའི་བུ་ག་ཕཊ་ཀྱིས་བཀག་ཅིང་། རྭ་ལྔ་ལ་ཉི་མ་ལ་གནས་པའི་དཔའ་བོ་འབྲུ་ལྔ། ཡུམ་གྱི་མཁའ་པཾ་ལས་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མ་ལ་རཀྟ་ཨཾ་དམར་པོར་གནས་པའི་གེ་སར་ལ་ཨེ་དབུས་དང་འདབ་བཞིར་ཟླ་བ་ལ་གནས་པའི་དཔའ་མོ་འབྲུ་ལྔས་མཚན་པར་བསམ་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱེ། ཞེས་སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་འཁྱུད་སྡོམ་སྤྲད་ནས་སྙོམས་པར་ཞུགས་པས། རྗེས་ཆགས་ཀྱི་རླུང་བསྐྱོད་པས་གཏུམ་མོ་འབར་བའི་རྐྱེན་གྱིས་བྱང་ཆུབ་ཀྱི་སེམས་ཞུ་བ་ལ་བརྟེན་ནས་རྩ་གནས་ཐམས་ཅད་ནས་ཐིག་ལེ་གཡོས་པས་བདེ་བ་འགོ་ལྡང་བའི་ཚུལ་དུ་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་དང་། བདེ་བ་ཕྱི་མ་ལ་འཇུག་པའི་ཚེ་སྔ་མ་འཇིག་ཅིང་མཐར་ཐམས་ཅད་འགགས་པ་འཇིག་འཇུག་བྱང་ཆུབ་ཀྱི་སེམས་དང་། རྟེན་ཅན་གྱི་བདེ་བ་རང་ས་ན་གནས་པ་མེད་པའི་ཚུལ་གྱིས་ཐམས་ཅད་གནས་པ་གནས་པ་བྱང་ཆུབ་ཀྱི་སེམས་དང་། སྔ་མའི་བདེ་བས་མཚོན་ནས་ཕྱི་མའི་བདེ་བ་ཐམས་ཅད་ལ་དམིགས་ཤིང་འདུན་པ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དེ་ལྟར་གནས་བཞིར་དགའ་བཞིའི་འགྲོས་ཀྱིས་སོང་བའི་ཡབ་ཡུམ་གྱི་རྩ་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་ཉི་ཟླའི་དྭངས་མ་མཁའ་གསང་རྡོ་རྗེ་དང་པདྨའི་རྩེར་འཕྲད་དེ་ཞལ་མཇལ་བ་ལས་ཐབས་ཉིད་ཤེས་རབ་ཏུ་སྦྱོར་བ། ཤེས་རབ་ཐབས་སུ་སྦྱོར་བ། ཐབས་ཤེས་གཉིས་མེད་དུ་སྦྱོར་བ་ཏེ་སྦྱོར་བ་གསུམ་གྱི་སྒོ་ནས་དངོས་པོ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་སེམས་ལྔའི་རིམ་པས་ཡས་བབས་བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ལ། ཧཱུཾ། རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་པའི་ཐིག་ལེ་སྔོན་ལས་བཞིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་དགོད་པའི་སྟོབས་ཀྱིས་བསྟིམ། །བདེ་བ་གཉིས་པའི་ངོ་བོ་ཉིད། །གསུམ་པའི་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་བར་ཤར་བས་གྱུར་པའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དེ་ལྟར་བསྐུར་ཚིག་གིས་ཉམས་སུ་མྱོང་བའི་དོན་ངོ་སྤྲོད་པས་སེམས་ཉིད་དོན་དམ་འོད་གསལ་དུ་དྭངས་པའི་རྟགས་སྣང་ལྷག་པ་ཀུན་རྫོབ་ཀྱི་ཡེ་ཤེས་སུ་ཤར་བས་ལྷན་སྐྱེས་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཡེ་ཤེས་རང་གནས་ཀྱི་དབང་བསྐུར་བས་ཤེས་བྱའི་དྲི་མ་དག་ནས་དོན་དམ་པ་འགག་མེད་ཀྱི་ཡེ་ཤེས་མངོན་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་རྡོར་དྲིལ་སློབ་བུའི་སྙིང་གར་བཟུང་ལ། ༀ། མི་འགྱུར་བ་ཡི་ཡེ་ཤེས་གནས། །མ་བཙལ་ཕྱིན་པས་བདེ་བའི་མཆོག །མ་བལྟས་གསལ་བའི་ཡེ་ཤེས་སྤྱན། །གོང་ན་མེད་པས་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གུ་ཧྱ་བྷྲཱུྃ་ཛྙཱ་ན་མཎྜ་ལ་གུ་ཧྱ་སིདྡྷི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བདེན་པ་བརྗོད། དེ་ནས་དབུགས་དབྱུང་བ་ནི། དེ་རིང་ཕན་ཆད་བུ་ཁྱོད་ནི། །རང་རིག་བདེ་ལ་གནས་པས་ན། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །ཡུམ་དང་འཇོ་མ་ཐམས་ཅད་ལ། །འདོད་བཞིན་སྤྱོད་པའི་དབང་ཕྱུག་འགྱུར། །རིགས་སུ་གྱུར་རྣམས་ཐབས་འདི་བཟུང་། །མཐུན་འཇུག་མཚམས་ལས་འགྲོ་འདུལ་བའི། །དབང་ཕྱུག་རྒྱལ་པོ་ཉིད་དུ་ངེས། །ཞེས་བརྗོད། གསུམ་པ་དབྱེར་མེད་བདེ་བ་ཆེན་པོའི་དབང་ནི། མཎྜལ་སྔོན་དུ་འགྲོ་བས་བླ་མ་ལ་ཕྱག་རྒྱ་མཚན་ལྡན་ལོ་བཅུ་གཉིས་མ་རྒྱུད་དག་པར་བྱས་པ་ཡང་ཕུལ་ཏེ། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེད་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་གསོལ་གདབ། བུ་འདིར་ཤོག་ཅིག་ཅི་བདེ་བར། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པོར་ཟུང་། །ཡེ་ཤེས་རང་གནས་རྫོགས་དབང་སྦྱིན། །ཞེས་གནང་བ་སྦྱིན། དེ་ནས་སློབ་བུའི་གུང་མོ་གཡས་དང་ཕྱག་རྒྱའི་གུང་མོ་གཡོན་ལྟོ་སྦྱར་ཏེ། རཏྣའི་ཕྲེང་བས་བཅིངས་པའི་རྩེེ་ནས་དབང་ཕྱུག་གི་མཐེབ་སྲིན་གྱི་བཟུང་སྟེ་སློབ་མ་ལ་གཏད་པར་མོས་ལ། བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་བདེ་འདི་མ་སྤོང་ཞིག །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་པའི་ཕྱག་རྒྱ་ཁྱོད་ལས་བྱུང་། །སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྡམ་པ་མ་ཤེས་ན། །རྡོ་རྗེ་བསྐལ་པ་མཐའ་ཀླས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་གཏད། དེ་ནས་སློབ་མ་དང་གཏད་པའི་ཕྱག་རྒྱ་གཉིས་ཕན་ཚུན་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱས་རྗེས། སློབ་མ་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གསལ་བའི་གནས་ལྔར་རྒྱལ་བ་རིགས་ལྔ་དང་། ལག་པ་གཡས་གཡོན། ཁ་དང་གསང་བའི་ཕྱི་རྣམས་སུ་ཁྲོ་བོ་བཞི། ཕྱག་རྒྱ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་གསལ་བའི་གནས་ལྔར་རིགས་ཀྱི་ཡུམ་ལྔ་དང་། ཡན་ལག་བཞི་ལ་ཁྲོ་མོ་བཞི་རྣམས་གསལ་བར་གྱུར། ཤཱུ་ནྱ་ཏཱ་སྔོན་འགྲོས། བསྐུར། བརླབ། དབབ། དྲངས་བསྟིམ། བརྟན། མཆོད་ནས། ཡབ་ཀྱི་གསང་གནས་ཧཱུཾ་ལས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ༀ་དཀར་པོར་གནས་པའི་བུ་ག་ཕཊ་ཀྱིས་བཀག་ཅིང་། རྭ་ལྔ་ལ་ཉི་མ་ལ་གནས་པའི་དཔའ་བོ་འབྲུ་ལྔ། ཡུམ་གྱི་མཁའ་བཾ་ལས་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མ་ལ་རཀྟ་ཨཾ་དམར་པོར་གནས་པའི་གེ་སར་ལ་ཨ། དབུས་དང་འདབ་བཞིར་ཟླ་བ་ལ་གནས་པའི་དཔའ་མོ་འབྲུ་ལྔས་མཚན་པར་བསམ་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱེ། ཞེས་སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་འཁྱུད་སྡོམ་སྤྲད་ནས། སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིར་ཡས་བབས་ཀྱི་རིམ་པར་དགའ་བ་བཅུ་དྲུག་གི་འགྲོས་ཀྱིས་ཕྱིན་པ་ལས་ཉི་ཟླ་ཟུང་འབྲེལ་གྱིས་མཚན་སོ་གཉིས་དང་། ཟླ་བའི་ཐིག་ལེ་རེ་རེ་བཞིན་ཡེ་ཤེས་ལྔའི་ཉམས་དང་ལྡན་པས་དཔེ་བྱད་བརྒྱད་ཅུ་རྫོགས་ཤིང་མངོན་ཤེས་དྲུག་ཀྱང་ཤར་ནས་ཡུམ་གྱི་རྩ་ཁ་ཁ་མུ་ཁའི་རྩེར་ཉི་ཟླ་གཉིས་འདྲེས་འཁྱིལ་བ་དེ་ཉིད་རྡོ་རྗེ་ནོར་བུར་བསྟིམ་པ་ཧཱུྃ་ཞེས་གྱེན་དུ་ལྡོག་པའི་སྦྱོར་བས་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བྱས་པའི་དགའ་བཞིའི་ཡེ་ཤེས་རེ་རེ་ལའང་དགའ་བ་བཞི་བཞི་སྟེ་བཅུ་དྲུག་གི་དང་པོ་བཞིས་ཚོགས་ལམ་དང་། དེ་ནས་རེ་རེས་སྦྱོར་མཐོང་། དེ་ནས་དགུས་སྒོམ་ལམ་ས་དགུ་རྫོགས་ཏེ། དགའ་བ་བཅུ་དྲུག་གི་མཐའ་མ་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་དེའི་ཚེ་ན་སྣང་སྟོང་གི་མཐའ་མ་བསྒྲིབས་པར་གསལ་བས་ཀུན་ཏུ་འོད་དང་། མི་ཤིགས་པའི་དྭངས་མས་ལུས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་ཅན། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་སུ་རང་སྣང་བས་ཡི་གེའི་འཁོར་ལོའི་ས་རྫོགས་ཏེ། མདོར་ན་ཐུན་མོང་དང་ཁྱད་པར་གྱི་ས་ལམ་ཐམས་ཅད་རྫོགས་པར་མོས་ལ། ཧཱུྃ། རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། །ཕུང་སོགས་ཕྱག་རྒྱའི་ཚོགས་དང་ལྡན། །དེ་ཟླ་བསིལ་བྱེད་ཤེས་རབ་དངོས། །དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེས་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་མཐའ་འགྲོ་འོང་རྫུ་འཕྲུལ་ཤེས། །གནས་ནས་ལོག་པ་ཐིམ་པའི་སྒྲ། །མཐའ་གཉིས་མ་གོས་པདྨ་ཅན། །སྤྲུལ་པའི་གནས་ནས་བཀྱེ་བ་ཡིས། །བཞི་བཅུ་ལྔ་སོགས་མཐའ་ཡས་ཀུན། །རང་བཞིན་ཉིད་ལས་རང་གསལ་བ། །བཅུ་གསུམ་ཡི་གེ་འཁོར་ལོར་བརྗོད། །ༀ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བསྐུར་ཚིག་གིས་ཉམས་སུ་མྱོང་བའི་དོན་ངོ་སྤྲད་པས་འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྒྱུར་ཏེ་མཆོག་ཏུ་མི་འགྱུར་བ་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་བྱས་པར་བསམ་མོ། །སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུའི་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བདེ་བ་ཆེན་པོའི་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས་སྐྱེ་འགག་གཉིས་སུ་མེད་པ་ཟུང་འཇུག་དོན་དམ་པའི་ཡེ་ཤེས་མངོན་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དང་དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ་ཟབ་མོའི་དབང་གསུམ་བསྐུར་བས་ཐུན་མོང་མ་ཡིན་པའི་རྫོགས་རིམ་རྣམས་ཉན་སྒོམ་ནུས་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་མ་ཐོབ་པའི་སྐྱོན་དང་། ཐོབ་པའི་ཡོན་ཏན་ནི། རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དབང་མ་ཐོབ་པའི་སྐྱོན་དང་། དུས་འདི་ཕྱིན་ཅད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་དབང་ཐོབ་པའི་ཕན་ཡོན་གསུངས་ཏེ། དེ་བས་ན་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་དང་པོར་དབང་ནོད་པ་ཤིན་ཏུ་ནས་གཅེས་པ་ཡིན་ནོ། །དེས་དབང་བསྐུར་བའི་རིམ་པ་དངོས་སོང་ནས། རྗེས་ཀྱི་རིམ་པ་ལ་བཞི་ཡོད་པའི། དང་པོ་དབང་རྟགས་སྦྱིན་ཅིང་བཀའ་བསྒོ་བ་ནི། སློབ་མའི་ལག་ཏུ་རྡོ་རྗེ་གཏད་དེ་གསོར་དུ་བཅུག་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །དྲིལ་བུ་གཏད་དེ་དཀྲོལ་དུ་བཅུག་ལ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་དབང་ཆེན་ཏེ། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་བཞིན་དབང་བསྐུར་རོ། །དེ་ནས་སླར་ཡང་རྡོར་དྲིལ་བསྣོལ་ནས་སློབ་བུའི་ལག་པ་གཡས་གཡོན་དུ་གཏད་དེ་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་དུ་བཅུག་ལ། བཛྲ་གཎྜེ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད། སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་རྟགས་རྡོ་རྗེ་དང་དྲིལ་བུ་གཏད་དེ་དབང་བསྐུར་བས་ཐབས་དང་ཤེས་རབ་གཉིས་སུ་མེད་པས་འགྲོ་བ་སེམས་ཅན་གྱི་དོན་རྒྱུན་མི་ཆད་པར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་དབང་ཕྱུག་དབང་ཁྲི་ལ་འདུག་པའི་ཞབས་གཡས་པ་ལ་མགོ་བོ་གཏུག་ཏུ་བཅུག་སྟེ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །ང་ཡི་ཇི་སྐད་བསྒོ་བ་བཞིན། །བུ་ཁྱོད་ཀྱིས་ནི་བྱ་དགོས་སོ། །ཞེས་བཀའ་བསྒོ། གཉིས་པ་བུམ་ཆུ་བླུད་ཅིང་སྨོན་ལམ་གདབ་པ་ནི། དབང་ཕྱུག་བཞེངས་ཏེ་དབུས་ཀྱི་བུམ་པ་བཏེགས་ལ། དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབང་བསྐུར་བས། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་བུམ་ཆུ་བླུད། ཏིཥྚ་བཛྲ། ཞེས་དབང་རྣམས་བརྟན་པར་བྱ། གོང་ལྟར་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོས་ཆེ་གེ་མོ་ལ་སོགས་པའི་སློབ་བུ་རྣམས་ལ་སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་བས། དུས་འདི་ཕྱིན་ཆད་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་མཐོ་རིས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་ཏེ། དེ་ལས་ཀྱང་རྒྱལ་བའི་སྲས་རིགས་ཕུན་སུམ་ཚོགས་པའི་སྲས་སུ་ངེས་པར་དབང་གི་འབྲས་བུ་མ་ལུས་པ་ལ་དབང་ཐོབ་ནས་སྲིད་པའི་སེམས་ཅན་མཐའ་དག་གི་དོན་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག །ཡུལ་ཕྱོགས་འདི་ལ་སོགས་ཏེ་རྒྱལ་ཁམས་ཐམས་ཅད་དུ་དུས་ཀྱི་འཁྲུག་པ་ཞི་བར་གྱུར་ཅིག །མཚོན་གྱི་བསྐལ་པ་ཉམས་པར་གྱུར་ཅིག །མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས་ཏེ་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །གསུམ་པ་དབང་ཕྱུག་གི་དབང་བསབ་ཅིང་སློབ་བུའི་ལུས་བསླུ་བ་ནི། དབང་ཕྱུག་ཀུན་ཏུ་བཟང་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་རྫས་ཀྱི་རབ་གནས་ཀྱི་ལྷ་རྣམས་གསལ་བཏབ་པ་ལས། སླར་ཡང་ཧཱུཾ་ཞེས་བརྗོད་ཅིང་བསྐུར་གནས་རྣམས་སུ་དབང་རྫས་རྣམས་གཏུགས་པས་ལྷ་རྣམས་འོད་དུ་ཞུ་བ་སོ་སོའི་མཚུངས་ལྡན་གྱི་རྒྱུ་ལ་ཐིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་དཔང་པོའི་ཚུལ་དུ་བཞུགས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འོད་དུ་ཞུ་ནས་དབང་ཕྱུག་ལ་ཐིམ་པས་སྔར་བས་ཀྱང་ནུས་པ་ཆེར་སྐྱེས་ཤིང་གཟི་འོད་འབར་བར་བསམ་མོ། །དེ་ནས་སློབ་བུ་རྣམས་ཀྱིས་ཕྱག་སྔོན་དུ་འགྲོ་བས་ཅི་འབྱོར་བའི་དངོས་པོས་ལུས་བསླུ་བར་བྱ་སྟེ། ཐལ་མོ་སྦྱར་ལ། གཉིས་མེད་རྒྱལ་བའི་མཆོག་ལ་རབ་གནས་ཤིང་། །སྐུ་གསུང་ཐུགས་ཀྱི་རོལ་པ་ཅིར་སྟོན་པའི། །བླ་མེད་སྨན་པའི་རྒྱལ་པོ་བཞུགས་སུ་གསོལ། །ཟང་ཟིང་རྫས་ཀྱི་དགོས་པས་མ་བྲེལ་ཀྱང་། །བདག་འཛིན་སྡུག་བསྔལ་རྟོག་པས་བཅིངས་པ་ཡི། །འཁོར་བའི་འདམ་རྫབ་ཀློང་ནས་དྲངས་བའི་ཕྱིར། །འབྱོར་པས་དམིགས་པའི་མཆོད་པ་བཞེས་སུ་གསོལ། །ཞེས་ལུས་བསླུ། བཞི་པ་གཏང་རག་གིས་མཆོད་ཅིང་ཡོན་དབུལ་བ་ནི། སློབ་བུའི་གཙོ་བོས་ཀ་པཱ་ལ་མཚན་ལྡན་བདུད་རྩིས་བཀང་བ་མར་ཆོལ་དང་བཅས་པ་བཏེགས་ལ། ཁྱོད་ནི་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཔལ། །དཔལ་གྱི་ཕྱག་རྒྱ་མང་པོ་ཐོབ་པའི་ཕྱིར། །དུས་གསུམ་ཀུན་ཏུ་སངས་རྒྱས་ཡིན་པའི་རྟགས། །རྡོ་རྗེ་ཆེ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་དབང་ཕྱུག་གི་ཞལ་དུ་དྲང་ཞིང་ཅི་འབྱོར་བའི་ཡོན་དབུལ། རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ་འབུལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་ཀྱང་མཐའ་བརྒྱན་པར་བྱའོ། །རྗེས་ཀྱི་ཆོ་ག་རྣམས་ཀྱང་སྒྲུབ་དཀྱིལ་བཞིན་ཤེས་པར་བྱའོ། །མཆོག་ཏུ་གསང་བ་གདོད་མའི་གནས་ལུགས་གང་། །འཁྲུལ་མེད་མངོན་སུམ་གསལ་བ་སྙིང་པོའི་བཅུད། །རྒྱལ་ཀུན་དགོངས་པའི་ཞེ་ཕུགས་དེ་ཁོ་ན། །ཇི་བཞིན་ཉིད་དུ་སྟོན་བྱེད་ངེས་པའི་ལམ། །ཞི་བ་བཞི་བཅུ་རྩ་གཉིས་དཀྱིལ་འཁོར་དུ། །སྐལ་ལྡན་སྨིན་པར་བྱེད་པའི་ཐབས་ཀྱི་སྒོ། །ཕན་ནུས་ཟབ་མོའི་དབང་གི་ཆོ་ག་འདི། །བློ་གསལ་སྙིང་གི་གདུང་བ་སེལ་ཕྱིར་སྤེལ། །ཡིག་རྙིང་རྣམས་ལ་རྐང་པས་འཇུག་འདོད་ཀྱང་། །འདབ་ཆགས་རིངས་པའི་བགྲོད་པ་ནམ་མཁའ་ལ། །བྱེད་པ་ཆོས་ཉིད་ཡིན་ཕྱིར་མདོ་སྒྱུ་གཉིས། །མ་འདྲེས་འབྱེད་པ་ཕྱོགས་འདིའི་ཁྱད་ཆོས་ཡིན། །གལ་ཏེ་ཉེས་བཤད་ནོངས་པའི་ཆ་མཆིས་ན། །འཕགས་དང་དམ་པའི་ཚོགས་ཀྱིས་བཟོད་མཛད་རིགས། །འདིར་འབད་དགེ་བས་ལུས་ཅན་འགྲོ་བ་ཀུན། །རྣམ་གྲོལ་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན་ཞེས་བྱ་བ་འདི་ནི་རང་གཞན་མང་པོ་ལ་ཕན་འདོད་དང་། རིགས་ཀྱི་གཅུང་འགྱུར་མེད་ཡིད་བཞིན་ལེགས་པར་གྲུབ་པའི་གསུང་གིས་ཀྱང་བསྐུལ་མ་བཏབ་པར་བརྟེན་དུས་གསུམ་རྒྱལ་བའི་སྤྱི་གཟུགས་སྐྱབས་མགོན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆེད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་སྨྱོས་བན་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེས་རང་ལོ་ཉེར་གཅིག་པ་མི་ཟད་པའི་ལོ་ཁྲུམས་ཟླའི་དམར་ཕྱོགས་ཀྱི་ཚེས་དགེ་བར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་རྫོགས་པར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།


previousསྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན། པདྨ་འགྱུར་མེད་རྒྱ་མཚོ།next