Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བཞི་པ།


   
   
   
   
   
   
   
སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ། དྷརྨ་ཤྲཱི།
   
   
   
   
   
   
   
   
   


 
previousསྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ། དྷརྨ་ཤྲཱི།next

སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ། དྷརྨ་ཤྲཱི།

སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཁྱབ་བདག་སྟོན་པ་རྡོ་རྗེ་སེམས་དཔའ་ཉིད། །གདུལ་དཀའ་འདུལ་ཕྱིར་ཧེ་རུ་ཀ་དཔལ་གྱི། །རྣམ་རོལ་ལྔ་བཅུ་རྩ་བརྒྱད་དཀྱིལ་འཁོར་ལྷའི། །འཁོར་ལོར་སྣང་མཛད་དཔལ་ལྡན་བླ་མར་འདུད། །གང་གི་གོ་འཕང་འཁོར་ལོ་ཚོགས་ཆེན་སར། །སྐལ་ལྡན་མྱུར་བདེར་བགྲོད་བྱེད་ལམ་གྱི་མཆོག །རྡོ་རྗེ་འཛིན་དབང་ཚོགས་ཀྱི་གཤེགས་ཤུལ་ཉིད། །དམ་པའི་གསུང་གི་རྗེས་འབྲངས་འདིར་གསལ་ཏེ། །གྲུབ་པའི་འབྲས་བུ་ཅི་དགར་འབྱུང་བའི་སྒོ། །དབང་དང་སྒྲུབ་པའི་ཕྲིན་ལས་ལ་བརྟེན་ཅིང་། །དེ་ཡང་དཀྱིལ་འཁོར་ལས་དང་འབྲེལ་བའི་ཕྱིར། །ཟབ་དོན་རྡོ་རྗེའི་ཕྲེང་བ་རྣམ་པར་སྤེལ། །འདི་ལ་གསུམ་སྟེ། གང་བསྒྲུབ་པའི་གཞི། གང་གིས་སྒྲུབ་པའི་ཐབས། དེས་གྲུབ་པའི་འབྲས་བུའོ། །དང་པོ་ནི། ཇི་སྐད་དུ། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་དང་། བཤད་རྒྱུད་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་གསུངས་པ་ལྟར་རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་ཐམས་ཅད་ཀྱིི་འབྱུང་གནས་སུ་གྱུར་པ་གཞིའི་རྒྱུད་ཅེས་བྱ་བ་སྟེ། གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཅན་ནོ། །གཉིས་པ་ནི། གཞིའི་རྒྱུད་དེ་གློ་བུར་གྱི་དྲི་མ་ལས་བྲལ་བར་བྱེད་པ་ཐབས་ཀྱི་རྒྱུད་ཅེས་བྱ་བ་ལམ་གྱི་དངོས་པོས་བསྡུས་པའི་ཡན་ལག་ཅན་ཏེ། ཡན་ལག་གི་དངོས་པོ་བཅུར་གནས་པ་ཉིད་ལས་འདིར། གསང་བའི་སྙིང་པོའི་རྒྱུད་ཀྱི་དོན། །ཇི་སྙེད་བཅུ་ཡི་གཞི་ཉིད་ལས། །སྐབས་ཀྱི་དགོས་པ་དཀྱིལ་འཁོར་དབང་། །ཞེས་པའི་དང་པོ་དཀྱིལ་འཁོར་ལའང་། སྐབས་དགོས་ཐོག་མ་མཎྜལ་ལ། །རྒྱུད་ལས་གཞི་གཉིས་གཅིག་གསུངས་པ། །ཞེས་དཀྱིལ་འཁོར་བདུན་ལས་འདིར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྟོན་ཏེ། དེ་ལའང་། སྡོམ་ཚིག་ས་ཐིག་སྟ་གོན་དང་། །ཚོན་གྱིས་བྲི་དང་དབྱེ་བསྙེན་པ། །རབ་ཏུ་གནས་ཤིང་རྒྱས་པས་བསྲེག །འཇུག་པ་གཉིས་དང་ཡོན་ཏན་བཤད། །ཅེས་གསུངས་པ་ཉིད་ཀྱང་། སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་བྱ་བ་དང་གསུམ་དུ་གནས་པའོ། །སྦྱོར་བ་ལའང་བཞི་སྟེ། བསྙེན་པའི་ཆོ་ག་དང་། གཞི་གཟུང་བ་དང་། སའི་ཆོ་ག་དང་། སྟ་གོན་གྱི་ཆོ་གའོ། །དང་པོ་ནི། སློབ་མ་ལའང་དབང་བསྐུར་བ་ཙམ་གྱི་ཆེད་དུ་ཡིན་ན་མོས་སློབ་ཀྱི་ཚུལ་གྱིས། མཚན་མ་དང་། དུས་དང་། གྲངས་ཀྱི་བསྙེན་པ་གསུམ་རབ་འབྲིང་ཐ་མའི་སྒོ་ནས་གང་འགྲུབ་ཙམ་ཞིག་སྔོན་དུ་འགྲོ་བ་གཞིར་བྱས་ནས། ཁྱད་པར་གྱི་ཆེད་དུ་བསྙེན་པ་ཁ་གསོ་བ་ལ་འཇུག་ཅིང་། ཚོགས་སྒྲུབ་ཀྱི་ཆེད་ཡིན་ན་ནི་ལམ་ངེས་རྫོགས་ཀྱི་ཚུལ་གྱིས་ཕྱག་རྒྱ་སྤྲོས་བཅས་མན་ཆད་ལ་བརྟན་པ་ཐོབ་པར་བྱ་དགོས་པ་ཉིད་དོ། །གཉིས་པ་ལས་ཀྱི་གཞི་བཟུང་བ་ནི། ཆུ་བོ་འདུས་པའི་དེད་དཔོན་ལ། །ཞེས་པའི་མཚན་ཉིད་ཅན་གྱི་བླ་མས། སྲོག་ལུས་ལོངས་སྤྱོད་རྣམ་གསུམ་གྱིས། །གསང་བའི་རྒྱུད་ལས་གསུངས་པ་བཞིན། །མཉེས་བྱེད་གཞི་ཡངས་སློབ་བུའི་མཆོག །ཅེས་པའི་མཚན་ཉིད་ཅན་གྱི་སློབ་བུའམ་སྒྲུབ་གྲོགས་དང་བཅས་པ་སྟེ། གནས་དུས་ཡོ་བྱད་སོགས་ཕུན་སུམ་ཚོགས་པའི་ཆ་རྐྱེན་ཐམས་ཅད་བཟང་ཞིང་ཚོགས་པར་བྱ་བའོ། །གསུམ་པ་སའི་ཆོ་ག་ལ། བརྟག་བསླང་ཚད་དབང་སྦྱང་བསྲུང་སློབ། །ཡོངས་སུ་བཟུང་བས་རྫོགས་པ་ཡིན། །ཞེས་བརྒྱད་དུ་བཤད་པ་ལས་འདིར་བདུན་གྱི། དང་པོ་ས་བརྟག་པ་ལ། བརྟག་པ་དངོས་དང་། ངན་ན་སྦྱང་སྤོ་བྱ་བའོ། །དང་པོ་ལའང་། གཞི་དང་། ས་རང་གི་མཚན་ཉིད་ལ་བརྟག་པ་གཉིས་ལས། དང་པོ་ནི། གང་དུ་བྱ་བའི་གཞི་དེའི་ནམ་མཁའ་ཕྱག་རྒྱ་ལྔ་ཡི་དབྱིབས་ལྟ་བུ་དང་། བར་སྣང་གི་ཁ་དོག་དྭངས་ཤིང་གསལ་ལ་འཁོར་ལོ་ལ་སོགས་པའི་དབྱིབས་འདྲ་བ་ལ། ས་གཞི་ཤིས་པའི་ལོ་རྒྱུས་དང་ལྡན་ཅིང་། ཁ་དོག་མ་འདྲེས་ལ་སྣུམ་མདངས་ཆགས་པ། ཤར་རི་གཞོལ་བ། ཕྱོགས་ཀྱི་རི་སྒྲོས་བཟང་ཞིང་། ཤར་ལྷོར་གཤིན་རྗེ་གདུག་པའི་མདུང་རྩེ་ལྟ་བུ་མེད་པ་སོགས་མཚམས་ཀྱི་དགྲ་བཞི་མེད་པ་སྟེ། དང་པོ་ནམ་མཁའ་བར་སྣང་ས། །ནམ་མཁའ་ཕྱག་རྒྱ་ལྔ་དབྱིབས་ལ། །བར་སྣང་མདོག་དང་དབྱིབས་སུ་ཤེས། །ས་གཞི་ལོ་རྒྱུས་རྣམ་གཉིས་ཀྱིས། །བཀྲ་ཤིས་རྣམ་གཉིས་ལྡན་མི་ལྡན། །དབྱིབས་མདོག་ཕྱོགས་མཚམས་བརྒྱད་བརྟག་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། ཕྱིའི་སྐྱོན་ཐད་ཀ་སོག་ལེ་ལྟ་བུ་ལ་སོགས་པ་མེད་པ། ནང་གི་སྐྱོན། འོག་གཞི་གཏེར་དུ་བརྐོས་བརྟགས་ཏེ། །ཞེས་པ་ལྟར་བརྐོས་པ་ན་གསེག་མ་དང་། ཐལ་བ་དང་། ཤིང་དུམ་དང་། གྱོ་དུམ་དང་། རུས་པ་དང་། གསོང་དང་། སྲོག་ཆགས་ལ་སོགས་པ་མེད་པ། ཕྱི་ནང་གཉིས་ཀའི་སྐྱོན་ནྱ་གྲོ་དྷ་ལྟ་བུ་ལ་སོགས་པ་མེད་ཅིང་། བཀྲ་ཤིས་པའི་རྩྭ་དང་མེ་ཏོག་ཡོད་པ་དང་། ཁ་དོག་བཟང་ཞིང་སྣུམ་བག་ཆེ་བ། རྩིགས་མ་དང་རྒྱུས་པ་སོགས་ཉུང་ཞིང་། བརྐོས་པའི་ཁུང་བུས་དེ་ཉིད་ཀྱིས་བཀང་བ་ན་ལྷག་པར་གྱུར་པའོ། །གཉིས་པ་ངན་ན་སྦྱང་སྤོ་བྱ་བ་ནི། དེ་ལྟར་བརྟགས་པས་ངན་ན་ས་གཞན་དུ་སྤོ་བའམ། སྐྱོན་སྦྱངས་ཏེ་དག་པར་བྱས་པའི་གནས་སུ་བརྩམ་ཞིང་། ཁྱད་པར་ཁྲོ་བོ་ལ་མ་མོ་འདུ་བའི་དུར་ཁྲོད་ཤིས་པ་ཡིན་ཏེ། ཤིས་པ་མིན་ན་སྤོ་བའམ་སྦྱང་། །སྐྱོན་དག་སྤངས་ཏེ་དུར་ཁྲོད་དུ། །དངོས་གྲུབ་ཁྲོ་བོ་བསྒྲུབ་པར་བྱ། །ཞེས་སོ། །གཉིས་པ་ས་བསླང་བ་ལ། སྣང་བ་ལས་བསླང་བ་དང་། མི་སྣང་བ་ལས་བསླང་བའོ། །དང་པོ་ནི། བརྟགས་པས་རུང་བའི་ས་དེ་རྒྱལ་པོ་སོགས་གཞན་དབང་བ་ཞིག་ན་རིན་གཞལ་བ་སོགས་ཀྱི་སྒོ་ནས་བསླངས་ལ་བདག་དབང་བར་བྱའོ། །གཉིས་པ་ལ། བདེ་བར་གཤེགས་པ་དང་། སའི་ལྷ་མོ་འཁོར་བཅས་ལ་བསླང་བའོ། །དང་པོ་ནི། བརྟགས་པའི་གཞི་དེར་བ་བྱུང་དང་། དྲི་བཟང་དང་། བདུད་རྩི་ལྔ་ལ་སོགས་པའི་མཎྜལ་ཇི་ཙམ་བཞེངས་པར་འདོད་པའི་དཀྱིལ་འཁོར་ཚད་དང་མཉམ་པར་བྱས་ལ། མཆོད་གཏོར་བཤམས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ལ་མཆོད་ཅིང་བསྟོད་ནས་འདོད་དོན་གསོལ་ཏེ་ནམ་མཁའ་ལ་འདེགས་པའོ། །གཉིས་པ་ནི། ས་ལྷའི་མཎྜལ་དྲི་དང་བ་བྱུང་གིས་བྱུག་པར་ག་བུར་དང་ཙནྡན་གྱི་ཐིག་ལེ་གྲུ་བཞི་པ་མེ་ཏོག་གི་ཚོམ་བུ་བཅས་པ་དང་། ས་བདག་གཙོ་འཁོར་གྱི་མཆོད་གཏོར་གསེར་སྐྱེམས་དང་བཅས་པ་བཤམས་ཏེ། རྣམ་པར་མི་རྟོག་པའི་ངང་ལས། ཧཱུཾ་བིགྷྣཱནྟ་ཀྲྀ་ཏ་ཕཊ། ཅེས་བརྗོད་པས། རང་ཉིད་སྐད་ཅིག་གིས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་སེར་ཞལ་གཅིག་ཕྱག་གཉིས་པ་གཡས་སྣ་ཚོགས་རྡོ་རྗེ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཁྲོ་བོའི་ཆས་ཅན་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ་ལ། མཆོད་གཏོར་གསེར་སྐྱེམས་དང་བཅས་པ་རཾ་ཡཾ་ཁཾ་གིས་སྦྱང་། ༀ་ཨཱཿཧཱུཾ་གིས་འདོད་ཡོན་བདུད་རྩིའི་ཕུང་པོར་བྱིན་གྱིས་རློབ་ལ། རང་གི་ཐུགས་ཀ་ནས་ལཱཾ་ཡིག་སེར་པོ་གཅིག་ཆད་པ་མཎྜལ་གྱི་དབུས་སུ་གནས་པ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་ཞིང་འཛུམ་པ་དར་དང་རིན་པོ་ཆེས་བརྒྱན་པ། གཡས་གསེར་གྱི་བུམ་པ་དང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཕག་གི་ཁྲི་ལ་བཞུགས་ཤིང་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བར་བསམ་ལ། ཡེ་ཤེས་ལྔས་དབང་བསྐུར་ནས། རྣམ་སྣང་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན། སྐུ་གསུང་ཐུགས་བྱིན་གྱིས་རློབ། བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་པས་སྙན་བསྣན་ལ། མཆོད་ཡོན་སྦྲེང་བཞིན་དུ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ལྷ་མོ་བརྟན་མ་ཆེ། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་ཨེ་ཧྱེ་ཧི་བ་སུ་དྷཱ་རཱི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས་ཏེ། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ནས། འབྲུ་གསུམ་གྱིས་ནང་མཆོད་དང་། མིང་སྔགས་ལ་ཨི་དཾ་བ་ལིཾ་སོགས་བཏགས་པས་གཏོར་མ་ཕུལ་ལ། ས་ཡི་ལྷ་མོ་བརྟན་མ་འོག་ཕྱོགས་སྐྱོང་། །སྐུ་གསེར་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་འོད་ལྡན་ཕག་ཆེན་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བཀུར་མཆོད་པར་འབུལ། །ཞེས་བསྟོད་ནས། ༀ་པྲ་ཏི་བྷྱཿསྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་འདོད་པའི་ལས་སྩོལ་བ་ལ་དགྱེས་པའི་མདངས་ཕྱུངས་ཏེ་འཁོད་པར་བསམ་མོ། །དེ་ནས་འཁོར་གྱི་ས་བདག་མཆོད་པ་ནི། མཆོད་གཏོར་རྣམས་སྔར་བཞིན་བྱིན་གྱིས་བརླབས་ནས། སྙིང་གའི་འོད་ཟེར་དང་། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས་ཏེ། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ། ཧཱུཾ། རི་རབ་ཆེན་པོའི་གནས་དང་གླིང་བཞི་དང་། །རྒྱ་མཚོའི་འཇིང་གནས་གཙུག་ན་ནོར་བུ་འབར། །ཀུན་དགའི་བདག་པོ་དབང་བྱེད་ཆེན་པོ་དང་། །ཀུན་ཏུ་ས་ཡི་ལྷ་མོ་བརྟན་འབར་མ། །ས་བདག་མཐུ་ཆེན་འཁོར་གྱི་གནས་རྣམས་སུ། །མཆོད་སྦྱིན་གཏོར་མ་དམ་པ་འདི་བསྔོས་པས། །སོ་སོ་འཁོར་བཅས་རེ་བ་སྐོང་གྱུར་ནས། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ཅེས་མཆོད་ཅིང་། གསེར་སྐྱེམས་ཀྱང་ཕུལ། ཡ་ཧི་གཙྪས་རང་གནས་སུ་བཏང་ལ་མཆོད་གཏོར་རྣམས་གཤེགས། དེ་ནས་ལྷ་མོ་དགེ་བའི་དཔང་དུ་གསོལ་བ་ནི། ལག་གཡས་པའི་མཐེ་བོས་མཐེའུ་ཆུང་བསྣན་པ་ཏྲི་ཤཱུ་ལའི་རྒྱས་ས་ལ་ལན་གསུམ་གཏུག་ཅིང་། ཧཱུཾ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ཀྱིས་དཔང་མཛོད་ཅིག །ༀ་པྲ་ཏི་བྷྱཿསྭཱ་ཧཱ། ཞེས་གསོལ་ལ། ལག་གཉིས་ཁུ་ཚུར་གྱེན་བསྟན་གྱི་མཐེ་ཆུང་སྦྲེལ། མཛུབ་མོ་རྩེ་སྤྲད་པ་འདེགས་པའི་རྒྱས། བེ་གཱ་ཀྲ་མ་ཡཾ། ཞེས་པས་ལྷ་མོ་ནམ་མཁའ་ལ་དཔང་དུ་བཞུགས་པར་བསམ་མོ། །དེ་ནས་བཛྲ་ས་མ་ཡ་ཧཱུཾ་ཛཿས་དཔང་པོའི་ལྷ་རྣམས་ནམ་མཁའ་གང་བར་སྤྱན་དྲངས། ཧཱུཾ་བཞིས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་བསྡུས་ནས་བདག་ལ་ཐིམ་པས་བདག་གི་ལུས་འོད་ཀྱི་གོང་བུར་གྱུར་པར་བསམ་ལ། ༀ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཞེས་བརྗོད་པས་རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། མི་བཟད་པའི་ཁྲོ་བོ་འབར་བའི་སྡང་མིག་བགེགས་ལ་བལྟ་བའི་རྐང་མཐིལ་དང་སྙིང་གར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་མེ་རབ་ཏུ་འབར་བར་བསམ་ཞིང་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བས། གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང་། རོལ་མོའི་སྒྲ་སྦྱར། གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ་པ་ཁྲོ་བོའི་སྤྲིན་དུ་སྤྲོ་ཞིང་། སུམྦྷ་བཟླ་བས་རྡོ་རྗེ་གསོར་བ་དང་དྲིལ་བུ་འཁྲོལ་བཞིན་པས་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཏེ་བགེགས་བསྐྲད་ལ། ཧཱུཾ་རིང་པོར་བརྗོད་པས། ཁྲོ་བོ་རྣམས་སླར་འདུས་ནས་སྲུང་བའི་གུར་ཁང་སྣ་ཚོགས་རྡོ་རྗེ་མེ་རབ་ཏུ་འབར་བ་དང་བཅས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་བསམ་ལ། སའི་དབུས་སུ་བརྗིད་བག་དང་བཅས་པས་འདུག་སྟེ། སྔར་བཞིན་བཅས་པའི་ལག་གཡས་ཏྲི་ཤཱུ་ལའི་རྒྱས། ཇི་ལྟར་ཆེ་མཆོག་ཧེ་རུ་ཀས། །རུ་དྲ་བདུད་ཀྱི་སྡེ་བཏུལ་ནས། །ཆོས་ཀྱི་རྒྱལ་སྲིད་དཔུང་གཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པཱ་ཤཾ་སིདྡྷི་ཀུ་རུ་ས་མ་ཡ་སྟྭཾ། ཞེས་བརྗོད་པས་ལྷ་མོ་འཛུམ་པའི་དམངས་ཀྱིས་འོད་དུ་ཞུ་ནས་ས་གཞི་ལ་ཐིམ་པས། ས་གཞི་རིན་པོ་ཆེའི་རང་བཞིན་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་མོ། །གསུམ་པ་དཀྱིལ་འཁོར་གྱི་ཚད་ལ། གཟུགས་བརྙན་གྱི་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་བསྟན་པའོ། །དང་པོ་ལ་གསུམ་ལས། བསྡུས་པའི་ཚད་ནི། ཁྲུ་གང་པ་དང་། ཁྲུ་བཞི་པ་པའོ། །འབྲིང་ཚད་ནི། ཁྲུ་བཅུ་གཉིས་པ་དང་། བཅུ་དྲུག་པའོ། །རྒྱས་པའི་ཚད་ནི། ཁྲུ་ཉི་ཤུ་པ་དང་། ཉི་ཤུ་རྩ་ལྔ་པ་སྟེ། རེ་རེ་ལ་ཡང་ནང་གསེས་སུ་གཉིས་གཉིས་ཀྱིས་སྟོན་པ་ནི་གནས་ཁང་ཡངས་དོག་དང་། འབྱོར་བའི་ཁྱད་པར་དང་། གང་ལ་མོས་པའི་དབང་གིས་འདམ་ཁ་ཅན་དུ་གསུངས་པ་སྟེ། སློབ་བུའི་མོས་པ་དང་སྦྱར་ནས། །ལེགས་རྩིགས་ངོས་འཇམ་སྙོམས་པར་བྱ། །ཞེས་གསུངས་པ་ལྟར་འོག་ཏུ་ལས་དང་བྱ་བས་སྦྱང་བའི་སྐབས་སུ་དྲན་པར་བྱའོ། །གཉིས་པ་ནི། དཔག་ཚད་རྒྱང་གྲགས་རིམ་པ་བཞིན། །ཞེས་པས་རྒྱང་གྲགས་དང་དཔག་ཚད་སོགས་ནས་ཇི་སྲིད་མཁའ་ཁྱབ་ཀྱི་བར་དུ་རྣལ་འབྱོར་པའི་བློ་ཁྱད་དང་སྦྱར་ཏེ་གསུངས་སོ། །བཞི་པ་ས་དབང་དུ་བྱ་བ་ནི། ཟངས་སམ་དམར་པོའི་ཤིང་ལས་ཕུར་བུ་རྩེ་མོ་ཟླ་གམ་གྱི་གཟུགས་སུ་བྱས་པ་ཞིག་སྣོད་འབྲུས་བཀབ་ལ་སོགས་པར་བཙུགས་ཏེ་བཞག་ལ། ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛཿ ཞེས་བརྗོད་པས། རང་གི་སྙིང་གའི་ཧཱུཾ་ལས་པདྨ་ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས་པདྨ་དང་ཞགས་པ། འོག་མ་གཉིས་ཕུར་བུ་འདྲིལ་བ། སྨད་ཕུར་བུ་ཟླ་གམ་རབ་ཏུ་འབར་བའི་རྩེ་མོ་ཅན་དུ་ཕྱུངས་པ་བཀོད་པའི་ཕུར་བུ་དང་དབྱེར་མེད་དུ་བལྟས་ལ། ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་གཟི་བྱིན་དང་ལྡན་པར་བྱས་ལ། ཧཱུཾ། པདྨ་དབང་གི་ཁྲོ་མཆོག་ཆགས་པའི་སྐུ། །མ་ལུས་དབང་དུ་སྡུད་པའི་ལས་མཛད་པ། །འཛམ་གླིང་ཡེ་ཤེས་རིན་ཆེན་ས་འདི་དག །བདག་གི་བྱང་ཆུབ་གྲོགས་སུ་འགྱུར་བར་མཛོད། །ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝ་ཤཾ་མ་ན་ཡེ་ཧཱུཾ། ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་བཞིན་པར་དཀྱིལ་འཁོར་གྱི་གཞི་ལ་བཏབ་པས། ཕུར་བུ་ལས་བྱུང་བའི་འོད་ཀྱིས་ས་གཞི་ཐམས་ཅད་ཁྱབ་ཅིང་བདག་གི་དབང་དུ་གྱུར་པར་བསམ་མོ། །ལྔ་པ་ལ། སྡོམ་ནི་ལས་དང་སྦྱིན་སྲེག་དང་། །སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན། །ཞེས་པ་ལྟར་བཞི་ལས། དང་པོ་ལས་དང་བྱ་བས་སྦྱང་བ་ལ། ཐོག་མར་ལྟོ་འཕྱེ་བརྟག་སྟེ། གཟའ་ཉི་མ་རྒྱུ་བའི་སྟོན་ཟླ་ཐ་ཆུང་ལ་སོགས་པའི་ཟླ་བ་གསུམ་གསུམ་ལ་རིམ་པ་བཞིན། ཤར་ལྷོ་ནུབ་བྱང་དུ་མགོ་བལྟ་ཞིང་། ལྷོ་ལ་སོགས་པར་ཕྱོགས་ཏེ་ཉལ་བས། དེའི་ལྟོ་བའི་ཐད་ནས་ས་བརྐོ་བར་བྱའོ། །ཚད་ནི་དཀྱིལ་འཁོར་ཇི་ཙམ་བྱ་བའི་རྒྱའམ་ཁྲུ་གང་གྲུ་བཞི་ཙམ་པ་སའི་སྐྱོན་འབྱིན་ནུས་པར་བརྐོས་ཏེ། གྱོ་མོ་དང་། རུས་པ་དང་། སོལ་བ་ལ་སོགས་པའི་སྐྱོན་རྣམས་བསལ་ནས། སའི་ཕུད་ཀྱིས་དེ་བཞིན་གཤེགས་པ་རྣམས་མཆོད་ལ། ས་དེ་ཉིད་ཀྱིས་བཀང་བས་མཐོ་ན་བཟང་། མཉམ་ན་འབྲིང་། དམའ་ན་ངན་པའོ། །ཡང་དོང་དེ་ཁྲུ་གང་ཙམ་དུ་བྲུས་ནས་འཐས་པར་བཅགས་ལ་ཆུས་བཀང་སྟེ། ཡི་གེ་བརྒྱ་པ་བཟླ་བཞིན་དུ་གོམ་པ་ལྔ་བཅུར་ཕྱིན་ནས་ལྡོག་སྟེ་བལྟས་པས་གང་ན་རབ། ཕྱེད་ན་འབྲིང་། བསྐམས་ན་ངན་ཞིང་། དེ་ཉིད་གཡས་སུ་འཁྱིལ་ནའང་བཟང་། དེ་ལས་ལྡོག་ན་ངན་པའོ། །དེ་དག་ལས་བཟང་པོར་མཐོང་ནས་བརྐོས་པའི་ཁུང་བུ་དེ་ཉིད་དུ་རྫས་སུམ་ཅུས་གང་བའི་བུམ་པ་ཨ་ལས་ཟླ་བའི་སྟེང་དུ་ཏྲཾ་ལས་རིན་པོ་ཆེའི་མཆོད་སྡོང་དགོས་འདོད་འབྱུང་བའི་གཏེར་དུ་དམིགས་པ་བཅུག་སྟེ། སྔར་གྱི་ས་དང་ཤིས་པའི་ས་བཟང་པོ་གཞན་གྱིས་ཀྱང་བཀང་ལ། སྤོས་ཆུས་བཏབ་ནས་འཐས་པར་བཅགས་པའི་སྟེགས་བུ་དཔངས་སུ་ཁྲུ་གང་དང་། རྒྱར་ཁྲུ་གང་ལ་སོགས་པ་ནས་ཇི་ཙམ་འདོད་པའི་བར་བརྩིགས་ལ་ངོས་མཉམ་པར་བྱ་སྟེ། རྫས་སུམ་ཅུ། དྲི་བཟང། བ་བྱུང་ལྔ་དང་བཅས་པའི་གོ་མ་ཡེས་ཁྱབ་པར་བྱའོ། །གཉིས་པ་མེས་སྦྱང་བ་ནི། གོང་གི་མཚན་མ་རྣམས་ཤིན་ཏུ་ངན་པར་མཐོང་ན་གཞན་དུ་སྤོ་བའམ། ཞི་བའི་སྦྱིན་སྲེག་ཚུལ་བཞིན་དུ་བྱས་པས་བསལ་བར་བྱའོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། མཚན་མ་ངན་པ་འབྲིང་ཙམ་དུ་སྣང་ན། རང་གི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུཾ་མཐིང་ག་རེ་རེས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པར་བསམ་ལ། ༀ་བཛྲ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ས་ལ་ལན་གསུམ་བསྣུན་པས། རྡོ་རྗེ་དང་ཧཱུཾ་གི་འོད་ཀྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་ཡེ་ཤེས་རང་སྣང་གི་གཞིར་གྱུར་པར་བསམ་མོ། །བཞི་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ལ། མཚན་མེད་དང་། མཚན་བཅས་གཉིས་ཀྱི། དང་པོ་ནི། ས་དང་སར་འཛིན་པའི་འཁྲུལ་རྟོག་ཐམས་ཅད་སྟོང་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་སུ་རྣམ་པར་དག་པར་བསམ་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་སྦྱང་ངོ་། །གཉིས་པ་ནི། ཧཱུཾ་གི་སྒྲ་རིང་པོར་བརྗོད་པས། རང་རིག་སྐད་ཅིག་གིས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་ཡིག་མཐིང་ནག་འབར་བས་མཚན་པར་གྱུར། དེ་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུཾ་རྣམས་འོག་ཏུ་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས་འབྱུང་ལྔ་རིམ་བརྩེགས་ཀྱི་སྟེང་དུ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ། ཞེས་བརྗོད་པས། ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫ་འབར་བའི་དཀྱིལ་འཁོར་ཇི་ལྟར་འབྱུང་བར་འགྱུར་བ་བཞིན་དུ་བཀྲ་ལམ་གྱིས་གསལ་བར་བསམ་མོ། །དྲུག་པ་བྱིན་གྱིས་བརླབ་པ་ནི། གནས་ཁང་ལེགས་པར་བརྒྱན་ལ། སློབ་དཔོན་རྒྱས་པའི་ཆས་སུ་ཞུགས་ནས། རྡོ་རྗེའི་འགྲོས་ཀྱིས་མཐའ་བསྐོར་ཞིང་ཤར་སྒོ་ནས་ཞུགས་ཏེ་དབུས་ཀྱི་གདན་ལ་ཤར་དུ་ཕྱོགས་པས་འཁོད་ལ། བསྐྱེད་སྔགས་ཀྱིས་རང་ཉིད་སྐད་ཅིག་གི་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས་དབང་བསྐུར་བྱིན་གྱིས་རློབ། མཁའ་གསང་བརླབས་ནས་མཉམ་པར་སྦྱོར་བའི་བྱ་བས་སྲས་ཀྱི་ལྷ་ཚོགས་སུམ་ཅུ་སྤྲོ་བ་དང་། དབང་མོ་བསྐྱེད་པ་རྣམས་སྒྲུབ་ཐབས་ལྟར་གཞན་སྲས་ཀྱི་ཆོ་གས་གསལ་བཏབ་ལ། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིིས་དཀྱིལ་འཁོར་པ་དང་བཅས་པའི་དུས་གསུམ་གྱི་མགོན་པོ་སྲས་དང་བཅས་པ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བསམ་ཞིང་། ༀ་རུ་ལུ་རུ་ལུ་ཧཱུཾ་གིས་སྙན་བསྣན། ཨེ་ཧྱེ་ཧིས་སྤྱན་དྲངས། ཀུན་བཟང་ཞབས་བསིལ་བཞི་བསྣོལ་སོགས་ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་བྱའོ། །དེ་ནས་ཕྱོགས་བཞིར་གནས་པའི་སློབ་མ་བཞི། རྡོ་རྗེ། རིན་ཆེན། པདྨ། ཀརྨ་ཁྲོས་པའི་རྒྱལ་མོ་བཞིར་བསྐྱེད། བསྐུར། རློབ། དབབ། དྲང་། བསྟིམ། བརྟན་པར་བྱས་ལ། ལས་མཁན་ནམ་དེ་རྣམས་རང་རང་གིས་གཙོ་བོ་ལ་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་པ་སྔོན་དུ་འགྲོ་བས། ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བའི། །རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ལྷོ་ནས། ཡོན་ཏན་རིན་ཆེན་འབྱུང་བའི་གཙོ། །མ་ལུས་ཀུན་གྱི་རེ་སྐོང་བ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ནུབ་ནས། རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ཐམས་ཅད་ཀྱིས་ཐུན་མོང་དུ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་གསོལ་བ་གདབ་ཅིང་། བཞི་མེད་ན་གཅིག་གིས་ཀྱང་ཕྱོགས་དེ་དག་ཏུ་སོང་ནས་བྱ། དེ་ཡང་མེད་ན་བསྒོམས་པས་ཀྱང་རུང་ངོ་། །དེ་ནས་སློབ་དཔོན་གྱིས་རྡོར་དྲིལ་འཛིན་ཅིང་འཛུམ་པའི་མདངས་ཀྱིས་བལྟས་ཏེ། ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཆེ་གེ་མོ་སོགས་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བཟུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་རླབས་པར། །བདེ་བར་གཤེགས་པས་མཛད་དུ་གསོལ། །ཞེས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་བསྐུལ་ལ། ཧཱུཾ་བཞིས་བྱིན་བསྡུས་ནས་རང་ལ་བསྟིམ། དེ་ནས་སྙེམས་པ་དང་བཅས་པས་ལངས་ཏེ། འགྲོ་བ་རྣམས་ལ་སྙིང་རྗེས་བལྟས་ནས། སླར་ཡང་རང་ཉིད་ཞེ་སྡང་རྡོ་རྗེ་འཇིགས་ཤིང་རྔམས་པ་མི་བཟད་པའི་ཁྲོ་བོའི་སྤྲིན་སྤྲོ་བའི་སྐུར་གྱུར་པའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུཾ་ལས་བསྐལ་པའི་མེར་འབར་བས་ཀུན་ཏུ་བལྟ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་མི་ཕྱེད་པའི་ང་རྒྱལ་དང་ལྡན་པས། ཧཱུཾ། ང་ནི་སངས་རྒྱས་ཀུན་གྱི་བདག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །དབང་མཆོག་སྒྲུབ་པའི་ལས་བྱེད་ཀྱིས། །བགེགས་རྣམས་ཐམས་ཅད་གཞན་དུ་དེངས། །ཞེས་བརྗོད་པས། ཐུགས་ཀའི་ཧཱུཾ་ལས་ཁྲོ་བོའི་སྤྲིན་མི་བཟད་པར་སྤྲོ་ཞིང་། རྐང་མཐིལ་གཉིས་སུ་ཧཱུཾ་ལས་འབར་བའི་རྡོ་རྗེ་རེ་རེས་མཚན་པར་བསམ་ལ། རྡོ་རྗེ་གསོར་བ་དང་། དྲིལ་བུ་འཁྲོལ་ཞིང་། ཧཱུཾ་བཞི་པའི་དྲག་སྔགས་སྒྲོག་པ་དང་བཅས་པས་དབང་ལྡན་ནས་བརྩམས་ཏེ། རྡོ་རྗེའི་འགྲོས་ཀྱིས་གཡས་སུ་བསྐོར་ནས་དཀྱིལ་འཁོར་གྱི་གཞི་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་བརྟན་པར་བྱིན་གྱིས་རློབ་བོ། །བདུན་པ་བསྲུང་བ་ནི། སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ཞེས་པ་ནས། ཨེ་ར་པ་ཏི་ཡེ་ཛཿཧཱུཾ་བཾ་ཧོཿ ཞེས་པའི་བར་སྒྲུབ་ཐབས་ལྟར་གྱི་རྗེས་སུ། སླར་ཡང་རང་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་ཕྱུང་སྟེ། མདུན་དུ་བཀོད་པའི་ཕུར་བུ་རྣམས་དང་གཉིས་སུ་མེད་པར་གྱུར་པ་ནི། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། སོགས་དང་། ཞེས་བརྗོད་པས་ཁྲོ་བོ་བཅུར་གྱུར་ཏེ་ནས། དེ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་ཐོ་བ་ཐོགས་པ་སྤྲུལ་ཏེ། ཞེས་པའི་བར་དང་། ཁྲོ་བཅུ་སོ་སོའི་སྔགས་ཀྱི་མཐར། ༀ་གྷ་གྷ་གྷཱ་ཏ་ཡ་ནས་འབར་བ་སྲུང་བའི་འཁོར་ལོས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །ཞེས་པའི་བར་སྒྲུབ་ཐབས་ལྟར་བྱས་ལ། ཕྱོགས་གཡས་བསྐོར་དང་། མཚམས་གཡོན་བསྐོར། སྟེང་གི་ཕུར་བུ་ཤར་དང་། འོག་གི་ཕུར་བུ་ནུབ་ཏུ་གདབ་ཅིང་རྡོ་རྗེའི་གར་དང་སྟངས་སྟབས་ཀྱི་རོལ་པ་ཅི་རིགས་པའང་བྱའོ། །དེ་ལྟར་ཆོས་ཐམས་ཅད་སེམས་ལས་ལོགས་སུ་མེད་ལ། སེམས་ཀྱང་སྟོང་ཉིད་ནམ་མཁའི་རང་བཞིན་དུ་གནས་པས་བར་དུ་བཅད་བྱ་གཅོད་བྱེད་ཐམས་ཅད་དམིགས་སུ་མ་གྲུབ་པ་དེ་ཁོ་ན་ཉིད་ཀྱི་བསྲུང་བའོ། །སྔར་བཤད་པའི་སའི་ཆོ་ག་ཕལ་ཆེར་དཀྱིལ་འཁོར་གྱི་ཁང་པ་ལོགས་སུ་བྱེད་པ་དང་། བརྐོས་ནས་སྟེགས་བུ་བྱ་དགོས་པའི་སར་ཡིན་ལ། གཞན་དུ་ན་མི་སྣང་བ་ལ་བསླང་བ་ཙམ་སྔོན་དུ་འགྲོ་བས་དབང་དུ་བྱ་བ་དང་། སྔགས་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་བ་རྣམས་བྱས་ནས། ས་བྱིན་གྱིས་རློབ་པའི་ལས་ལ་འཇུག་ཅིང་། སྔར་དྲངས་པའི་ལས་རིམ་གྱི་སྡོམ་ཚིག་ཏུ་བསྲུང་བ། བྱིན་གྱིས་རློབ་པ། བཟུང་བ་ཞེས་པའི་རིམ་པས་གསུངས་ཀྱང་། འོག་ཏུ་དོན་འཆད་པའི་ཚེ་བསྲུང་རློབ་གཉིས་གོ་ལྡོག་ཅིང་། བཟུང་བ་སྟ་གོན་གྱི་དཀྱུས་སུ་བཤད་པ་ལྟར་བདེ་བས་འདིར་ཡང་དེ་བཞིན་བྱས་སོ། །དེ་དག་གི་ནུབ་དང་པོའི་བྱ་བའོ། །བཞི་པ་སྟ་གོན་ནམ་ལྷག་པར་གནས་པའི་ཆོ་ག་ལ། དེ་ཡང་ལས་རིམ་གྱི་རྩ་བའི་ས་བཅད་གཉིས་པ་ཐིག་ལ་གཉིས་ཀྱི་ཡེ་ཐིག་དང་། བཞི་པ་ཚོན་གྱིས་བྲི་བ་དང་། ལྔ་པ་རྣམ་པ་དགོད་པའི་དབྱེ་བ་རྣམས་ནི་ལག་ལེན་བདེ་ཕྱིར་འོག་ཏུ་དངོས་གཞིའི་སྐབས་སུ་འཆད་ཅིང་། དྲུག་པ་རྣམ་རྒྱལ་དང་ལས་བུམ་བསྙེན་པ། གཉིས་པའི་ནང་ཚན་ལས་ཐིག་གདབ་པ། བདུན་པ་རབ་གནས་ལ་གསུམ་ལས། ཡན་ལག་དང་སློབ་བུར་རབ་གནས་རྣམས་ས་བཅད་གསུམ་པ་སྟ་གོན་གྱི་ཁོངས་འདིར་བླངས་ཏེ་ལག་ལེན་འབྲེལ་བསྡེབས་ནས་གསེབ་ཚགས་སུ་འཆད་པར་བྱའོ། །དེ་ལ་གཉིས་ཏེ། ཡན་ལག་རབ་གནས་དང་། ཡན་ལག་ཅན་གྱི་རབ་གནས་སོ། །དང་པོ་ལ། ཤོམས་དང་། ཆོ་ག་དངོས་གཉིས་ཀྱི། དང་པོ་ནི། རྩ་བའི་དཀྱིལ་འཁོར་གང་དུ་བྱུང་བའི་དབང་ལྡན་གྱི་ཕྱོགས་སུ་ཁྲུ་དོ་པའི་མཎྜལ་དྲིས་བྱུག་ལ། སྣ་ཚོགས་པདྨ་འདབ་བརྒྱད་རྡོ་རྗེའི་ར་བ་དང་བཅས་པ་བྲི། དེའི་དབུས་སུ་ལས་བུམ་ཆས་ལྡན་རྡོ་རྗེ་རྒྱ་གྲམ་གྱི་མཚན་མ་ཅན་དགོད། ཤར་དུ་ཡེ་ཤེས་དང་ལས་ཀྱི་ཐིག་སྐུད། ལྷོར་རྡོ་རྗེ། ནུབ་ཏུ་ཐོད་ཆུ་བདུད་རྩི་ལྔ་ལྡན། བྱང་དུ་དྲིལ་བུ། དབུས་དང་མཚམས་ཀྱི་པད་འདབ་བཞི་ལ་རྡུལ་ཚོན་ལྔ་མདོག་རིགས་སྡེབས་པ་དཔའ་བོ་འབྲུ་ལྔ་བཀོད་པ་དང་། དེ་དག་གི་མཐར་མཆོད་གཏོར་སྤྱི་དང་མཐུན་པར་བཤམ་མོ། །གཉིས་པ་ནི། སྔོན་འགྲོ་ནས་བཟུང་བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པ་སྔོན་དུ་འགྲོ་བས་ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཉི་མའི་གདན་ལ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཧཱུཾ་བིགྷྣཱཾ་ཏ་ཀྲྀ་ཏ་ཕཊ། ཅེས་བརྗོད་པས། ཁྲོ་བོའི་མི་འཆི་ཐབས་སྦྱོར་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། ལས་རིགས་བདག་པོར་བྱས་པའི་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་རློབ། བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧིས་སྤྱན་དྲང་། ཛཿཧཱུཾ་བྃ་ཧོཿས་གཉིས་མེད་དུ་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲས་བརྟན་པར་བྱས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱི་མཆོད། རྡོ་རྗེ་རྩེ་གཅིག་པའི་རྒྱས་ལས་བུམ་ལ་རེག་སྟེ། ཧཱུཾ་བིགྷྣཱནྟ་ཀྲྀ་ཏ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་པའི་མཐར། ལྷ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་ཞིང་། བུམ་ཆུ་འཐོར་ཡབ་ཀྱིས་བླངས་ཏེ། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨ་ཏཱ་བཛྲ་སིདྡྷི་ཧཱུཾ། ཞེས་བརྗོད་ཅིང་། བདག་གནས་ཡོ་བྱད་ཐམས་ཅད་ལ་གཏོར་བས་ཉེས་སྐྱོན་དག་པར་བསམ་མོ། །དེ་ནི་ལྷག་གནས་ཐམས་ཅད་ལ་བསང་གཏོར་བྱ་བའི་དོན་དུའོ། །དེ་ནས་ཐིག་གི་ལྷག་གནས་ནི། རྒྱུ། གྲོགས། ཚད། གྲངས། རབ་གནས། གདབ་ཐབས། སྤྱོད་ལམ་དང་བདུན་ལས། ཡེ་ཐིག་དང་ལས་ཐིག་གཉིས་ཀའི་སྐུད་རྒྱུ་ཞིང་གི་བ་སུ་ཏའམ། རྒྱུས་ཆེན་ལ་བྱ་བར་གསུངས་ནའང་། ཡེ་ཐིག་གི་རྒྱུར་བྱ་བའམ། ཡང་ན་དམ་ཡེ་ཐུན་མོང་དུ་རས་བལ་ལ་སོགས་པ་དཔའ་བོའི་རིན་གྱིས་ཉོས་པ་ལ་ཁྱད་པར་གྱི་རྒྱུ་ཅུང་ཟད་རེ་བསྲེས་པའོ། །འཁལ་བའི་གྲོགས་ནི་གཞོན་ནུ་མ་མཚན་ལྡན་ལོ་བཅུ་དྲུག་ལོན་པ་ལ་སོགས་པའོ། །ཚད་སྲིད་དུ་འཛིན་པའི་ཆ་མ་གཏོགས་པ་དཀྱིལ་འཁོར་ལས་ཉིས་འགྱུར་དང་། སྦོམ་ཕྲ་སྒོའི་ཉི་ཤུ་ཆ་སྟེ་ཆ་ཆུང་གི་ལྔ་ཆའོ། །གྲངས་ནི་ཡེ་ཤེས་ཀྱི་ཐིག་སྐུད་ཚོན་སྣ་ལྔས་བསྒྱུར་བ་ལྔ་ཚན་ལྔའམ་ལྔ་ཚན་གཅིག་དང་། དམ་ཚིག་གི་ཐིག་སྐུད་དཀར་དམར་སྔོ་སྟེ་སུམ་ཚན་གསུམ་མམ་གསུམ་ཚན་གཅིག་གོ། །རབ་གནས། གདབ་ཐབས། སྤྱོད་ལམ་གསུམ་ནི་འོག་ཏུ་སྟོན་ནོ། །དེ་ནས་རྡོ་རྗེ་དང་དྲིལ་བུའི་རབ་གནས་ནི། ཧཱུཾ་བིགྷྣཱནྟཱ་ཀྲྀ་ཕཊ། ཅེས་ལས་བུམ་གྱི་ཆུས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་དཔལ་ཆེན་པོ། ཡར་གྱི་རྭ་ལྔ་ལ་ཁྲག་འཐུང་རིགས་ལྔ། མར་གྱི་རྭ་ལྔ་ལ་རིགས་ཀྱི་ཡུམ་ལྔ། ཡས་མས་ཀྱི་པདྨའི་འདབ་མ་བརྒྱད་ལ་གནས་མ་བརྒྱད་དང་ཡུལ་མ་བརྒྱད། དྲིལ་བུའི་ལྟེ་བ་དང་པདྨའི་འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་རིགས་ཀྱི་ཡུམ་ལྔ། མཚམས་བཞིར་གསང་བའི་ཡུམ་བཞི། ཞལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། རྩེ་མོའི་རྡོ་རྗེ་ཁྲག་འཐུང་རིགས་ལྔ་རྣམས་ཀྱི་སྐུར་གསལ་བར་བསྐྱེད་ལ། བསྐུར། རློབ། དབབ། དྲང་། བསྟིམ། བརྟན། མཆོད་ནས། ཧཱུཾ་ཨ། ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ། བཛྲ། གྷཎྜེ། ཞེས་བརྗོད་པས། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་དང་། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་པ་བརྟན་པར་བྱས་ལ། ཧཱུཾ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །འཁོར་དང་མྱ་ངན་འདས་པ་ཡིས། །ཆོས་ལ་དེ་བཞིན་དབང་སྒྱུར་ཤོག །ཅེས་བརྗོད་ཅིང་། རྡོ་རྗེ་གསོར། དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་ཐོད་ཆུའི་རབ་གནས་ནི། སྔར་བཞིན་བསང་སྦྱངས། སྟོང་པའི་ངང་ལས་དམ་རྫས་ཀྱི་སྟེང་དུ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་ལས་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་གསལ་བར་བསྐྱེད། བསྐུར། རློབ། དབབ། དྲང་། བསྟིམ། བརྟན། མཆོད་ལ། རུ་ལུ་ཅུང་ཟད་བཟླས་ལ། ཧཱུཾ་ཞེས་བརྗོད་པས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ་མོ། །དེ་ནས་ཚོན་གྱི་ལྷག་གནས་ནི། དགོས་ཆེད། རྒྱུ། གྲངས། རབ་གནས། དགྱེ་ལུགས། ཉེས་སྤོང་དང་དྲུག་ལས། དགོས་ཆེད་ནི། མཚོན་བྱ་ཡེ་ཤེས་ལྔ་མཚོན་བྱེད་རྡུལ་ཚོན་དུ་བསྟན་པའོ། །རྒྱུ་ནི། རབ་རིན་པོ་ཆེ་ལྔའི་ཕྱེ་མ་དང་། འབྲིང་འབྲུའི་ཕྱེ་མ་ཁ་བསྒྱུར་བ་དང་། ཐ་མ་སོ་ཕག་ལ་སོགས་པའི་ཕྱེ་མ་ཚོན་སྣ་ལྔས་ཁ་དོག་བསྒྱུར་བ་སྟེ། གང་ལྟར་ཡང་ཐལ་ཆེན་ཅུང་ཟད་བསྲེས་པའོ། །གྲངས་ནི། ཚོན་སྣ་ལྔ་སོ་སོ་ལ། ལྔ་ཚན་དུ་ཕྱེ་བའམ། ལྔ་ཚན་གཅིག་གིས་ཀྱང་ངོ་། །རབ་གནས་ནི། སྐབས་འདིར་ཐིག་ཚོན་ཐུན་མོང་དུ་བྱ་སྟེ། བསང་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཐིག་སྐུད་དང་ཚོན་སྣ་ལྔ་སོ་སོའི་སྟེང་དུ་ཉི་ཟླ་ལ་གནས་པའི་ཧཱུཾ་ཟུང་ལྔ་དང་། དམ་ཚིག་གི་ཐིག་སྐུད་ཀྱི་སྟེང་དུ་ཉི་ཟླ་ལ་གནས་པའི་ཧཱུཾ་ཟུང་གསུམ་གསལ་བར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོས་འདུས་སོ་སོའི་ཕྱག་མཚན་ས་བོན་གྱིས་མཚན་པ་རྣམས་ཡོངས་སུ་གྱུར་པ་ལས། ཁྲག་འཐུང་རིགས་ལྔ་དང་རིགས་གསུམ་རང་རང་གི་ཡུམ་དང་བཅས་པའི་སྐུར་གྱུར། བསྐུར། རློབ། དབབ། དྲང་། བསྟིམ། བརྟན། མཆོད་དེ། ཧཱུཾ། ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ་ནས་ཐིག་ཚོན་སོ་སོ་ལ་ཐིམ་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། རྡོ་རྗེ་གསོར་བཞིན་དུ། ཧོཿ མི་གནས་ཡེ་ཤེས་ཆེན་པོའི་བདག །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས། །ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །རྡོ་རྗེ་འཛིན་པ་བདག་གིས་ནི། །འཇིགས་བྱེད་ཆེན་པོ་ཧེ་རུ་ཀའི། །དཀྱིལ་འཁོར་བཞེངས་པར་འཚལ་ལགས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་མཐུ་དང་བྱིན་རླབས་སྩོལ། །བདག་ལ་རྡོ་རྗེ་ཡེ་ཤེས་ཀྱིས། །ཐིག་ཚོན་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། རང་གི་མིག་གཉིས་ཛཿཡིག་ལས་སྐྱེས་པའི་ཉི་ཟླར་བསམ་ལ། ༀ་དིཔྟ་དྲྀཥྚ་གུ་ཧྱ་ཛྙཱ་ན་ཛཿཛཿ ཞེས་བརྗོད་ཅིང་རྫི་མ་བསྐྱོད་པ་འབར་བའི་ལྟ་སྟངས་ཀྱིས་བསྐུལ་བས་ནམ་མཁའི་དེ་བཞིན་གཤེགས་པ་རྣམས་སྦྱོར་བ་མཛད་པར་མོས་ཏེ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཡེ་ཤེས་ལྔའི་སྔགས་རྣམས་བརྗོད་པས་དེ་རྣམས་བརྗོད་པས་དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ཁ་དོག་ལྔར་བྱུང་། ཡེ་ཤེས་ཀྱི་ཐིག་སྐུད་དང་ཚོན་སོ་སོ་ལ་ཐིམ་པས་དེ་ཉིད་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་ཞིང་། འབྲུ་ལྔ་བརྗོད་བཞིན་པར་སློབ་མ་དང་བཅས་པས་དང་པོར་སྲད་བུ་ལྔ་ཚན་རེ་རེ་སོ་སོར་སྒྲིལ། དེ་ནས་ལྔ་པོ་ཡང་གཅིག་ཏུ་བསྒྲིལ་ལ་བརྡོགས་ནས་གསེར་ལ་སོགས་པའི་སྣོད་དུ་བཞག །དེ་བཞིན་དུ་ཀཱ་ཡ་བཛྲ་སོགས་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་བརྗོད་པས་ནམ་མཁའི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་གསུམ་ནས་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། དམ་ཚིག་གི་ཐིག་སྐུད་སོ་སོ་ལ་ཐིམ་པས་དེ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པར་བསམ་ཞིང་། འབྲུ་གསུམ་བརྗོད་བཞིན་དུ་གསུམ་ཚན་རེ་རེ་སོ་སོར་སྒྲིལ། དེ་ནས་གསུམ་པོའང་གཅིག་ཏུ་སྒྲིལ་ནས་སྔར་བཞིན་བཞག །ཚོན་ལ། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླས་པས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རྡུལ་ཚོན་འབར་བར་བསམ་ཞིང་། བྲིས་པའི་ཡིག་འབྲུ་རྣམས་ཀྱང་མི་མངོན་པར་སྤུངས་ཤིང་བསྣུན་པར་བྱའོ། །ཚོན་དགྱེ་བ་དང་། ཉེས་སྤོང་ནི་འོག་ཏུ་སྟོན་ནོ། །གཉིས་པ་ཡན་ལག་ཅན་གྱི་རབ་གནས་ལ། བུམ་པ། སློབ་མ། ལྷ་ལྷག་པར་གནས་པ་དང་གསུམ་ལས། དང་པོ་བུམ་པ་རབ་གནས་ལ། ཤོམས་དང་། རབ་གནས་དངོས་གཉིས་ལས། དང་པོ་ནི། རྒྱས་པར་ན་མཚན་ཉིད་དང་ལྡན་པའི་བུམ་པ་ལྷ་གྲངས་དང་མཉམ་པའམ། བསྡུ་ན་རིགས་ལྔར་བསྡུས་ཏེ་ལྷ་བུམ་ལྔ། ཤིན་ཏུ་བསྡུ་ན་རྣམ་རྒྱལ་དང་། ལས་བུམ་གཉིས་ལས། རྣམ་རྒྱལ་ནི་དབུས་ཀྱི་ཁྲོ་བོ་གསང་བུམ་ཁོ་ནར་བསྡུས་ཀྱང་རུང་ངོ་། །དེའི་ཚུལ་ནི། ཕོ་མོའི་ཐོད་པ་མཚན་ལྡན་གྱི་ནང་དུ་ཆང་དང་རྫས་སུམ་ཅུའི་བཅུད་ཀྱིས་བཀང་བ་དར་མཐིང་དམར་གྱིས་བཅིངས་ཤིང་ལྕང་ལོས་བརྒྱན་པ་སྟེ། རྫས་སུམ་ཅུ་ནི། ལན་ཚྭ། སྦྲང་རྩི། བུ་རམ། ཨ་འབྲས། མར་ཏེ་སྙིང་པོ་ལྔ། ཧ་ས་དེ་བ། བྲྀ་ཧ་ཏི། སྭ་ད། ཀཎྜ་ཀ་རི། ཨ་པ་ར་ཙི་སྟེ་སྨན་ལྔ། གསེར་དངུལ་མུ་ཏིག་བྱུ་རུ་མུ་མེན་ཏེ་རིན་པོ་ཆེ་ལྔ། ནས་འབྲས་གྲོ་ཏིལ་སྲན་མ་སྟེ་འབྲུ་ལྔ། གུར་གུམ་གླ་རྩི་ཛ་ཏི་ཙནྡན་དཀར་དམར་ཏེ་དྲི་ལྔ། དེ་ལྟར་ལྔ་ཚན་ལྔ་པོའི་སྟེང་དུ་བདུད་རྩི་ལྔ་བསྣན་པས་སུམ་ཅུའོ། །དེ་ཡང་བུམ་པ་ལྷ་གྲངས་དང་མཉམ་པ་ལ་ནི་གང་དུ་བཞག་པའི་གནས་དཀྱིལ་འཁོར་གྱི་ལྷ་གནས་འབྱུང་འགྱུར་སོ་སོའི་གནས་དང་། བུམ་པ་ལྔ་པའི་ཚེ་ན་དཀྱིལ་འཁོར་གྱི་དབུས་ཀྱི་ལྟེ་བ་དང་ཕྱོགས་བཞི་སྟེ་གཙོ་བོ་རིགས་ལྔའི་གནས་སུ་མ་འཆོལ་བར་བཞག །བུམ་པ་གཅིག་ལས་མེད་ན་གཙོ་བོའི་གནས་སུ་དགོད། མཐའ་མཆོད་པ་རྣམས་ཀྱི་ཇི་ལྟར་མཛེས་པར་བསྐོར། ལས་བུམ་སྒོའི་ནང་རོལ་གྱི་གཡས་སམ་རང་གི་མདུན་སོགས་གང་བདེར་བསང་གཏོར་གྱི་དོན་དུ་བཞག །གཉིས་པ་ནི། བུམ་པ་རྣམས་ལས་ཐམས་ཅད་པས་བསང་། ཤཱུ་ནྱ་ཏཱས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫ་འབར་བའི་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བར་བསམ་ལ། བུམ་པ་ལྷ་གྲངས་དང་མཉམ་པ་ཡོད་ན་སོ་སོའི་གདན་ལ་ལྷ་དེ་དང་དེ་བསྐྱེད་ཅིང་། བུམ་པ་ལྔ་པའི་ཚེ་བླ་མ་གོང་མ་དག་གིས། དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ཚང་བ་དང་། ཤར་དུ་བུདྡྷ་ཁྲག་འཐུང་ལ། ཤར་དང་ཤར་ལྷོའི་གནས་མ་དང་ཡུལ་མ། སྒོ་མ་རྟ་གདོང་མ། ཤར་གྱི་དབང་མོ་བདུན་རྣམས་བསྡུས་པ་སོགས་རིགས་སོ་སོར་ཕྱེ་མོད་ཀྱང་། ཁྱབ་བྱ་དཀྱིལ་འཁོར་ཚང་བ་ཁྱབ་བྱེད་རྡོ་རྗེའི་རིགས་གཅིག་ཏུ་བསྡུས་རྗེས། སླར་ཡང་ཁྱབ་བྱེད་དང་ཁྱབ་བྱ་གཞན་བཞི་པོ་སོ་སོར་ཕྱེ་བ་ལ་དགོས་པ་ལྷག་པོ་མ་མཐོང་བས། འདིར་རྒྱུད་ཀྱི་གླེང་གཞི་དང་བསྟུན་ཏེ། དབུས་སུ་བཛྲ་ཧེ་རུ་ཀ་ལ་དབང་ཕྱུག་མའི་གཙོ་མོ་བཞི་དང་སྒོ་མ་བཞི། རིགས་གཞན་བཞི་ལ་རང་རང་གི་ཕྱོགས་དང་མཚམས་ཀྱི་གནས་ཡུལ་དང་། ཕྱོགས་ཀྱི་སྒོ་སྐྱོང་བཞི། དབང་མོ་ལྔ་ལྔ་རེ་བསྡུས་པ་སྐྱོན་གྱི་དགག་ཆ་ཆུང་བར་མངོན་ནོ། །བུམ་པ་གཉིས་པའི་ཚེ་རྣམ་རྒྱལ་བུམ་པའི་ནང་དུ་རང་རང་གི་གདན་ལ་ཧཱུཾ་ཟུང་ལྔ་དང་། ཧ་བརྒྱད་དང་། ཧེ་བརྒྱད་དང་། ཕཊ་བཞི། བྷྱོ་ཉི་ཤུ་རྩ་བརྒྱད་རྣམས་གནས་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་སོ་སོའི་ཕྱག་མཚན་ས་བོན་གྱིས་མཚན་པ་རྣམས་སུ་གྱུར། སྥ་ར་ཎ ཕཊ། སཾ་ཧ་ར་ཎ་ཧཱུཾ། སླར་ཡང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ༀ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཞེས་སོགས་སོ་སོའི་བསྐྱེད་སྔགས་རྣམས་རིམ་བཞིན་བརྗོད་པས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀ་ལ་སོགས་ཏེ་ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བར་བསམ་ལ། བསྐུར། རློབ། དབབ། དྲང་། བསྟིམ། བརྟན། མཆོད་པ་རྣམས་བྱས་ནས། གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་། ལྷ་སོ་སོའི་རྩ་སྔགས་གཙོ་འཁོར་གྱི་འགྲོས་སྦྱར་བ་ཅི་ནུས་སུ་བཟླས་པའི་མཐར། ༀ་ཏཔྡེ་ཏཔྡེ་མ་ཧཱ་ཏཔྡེ་སྭཱ་ཧཱ། ཞེས་ཐོད་ཆུ་བུམ་ནང་དུ་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། བདུག་སྤོས་ཀྱིས་བདུག་པར་བྱའོ། །སློབ་མར་དབང་བསྐུར་བ་དང་། རབ་གནས། བདག་འཇུག་ཙམ་དང་། སྒྲུབ་པ་དངོས་གྲུབ་ཀྱི་དབང་ལེན་པ་རྣམས་ལ་བུམ་པ་ངེས་པར་འཆའ་དགོས་མོད། སྒྲུབ་མཆོད་ཙམ་ལ་ངེས་པར་དགོས་པ་མ་ཡིན་ཀྱང་འགྲུབ་ན་ནི་ལེགས་སོ། །གཉིས་པ་སློབ་མ་ལྷག་པར་གནས་པའི་ཆོ་ག་ནི། དབང་ཆོག་ཏུ་ཤེས་པར་བྱའོ། །གསུམ་པ་ལྷ་ལྷག་པར་གནས་པའི་ཆོ་ག་ནི། ས་བཟུང་བའི་ས་ཁོངས་སྨོས་པ་ཉིད་དེ། དེ་ལ་ཐིག་གདབ་པ་དང་། ལྷག་གནས་དངོས་ལས། དང་པོ་ནི། ལྷག་གནས་བྱས་པའི་བུམ་པ་རྣམས་དབེན་པར་བཞུགས་སུ་གསོལ་ནས། ཐོག་མར། ༀ་ཨཱཿསརྦ་ཤོ་དྷ་ནེ་ཧཱུཾ་ཕཊ། ཅེས་ལས་བུམ་གྱི་ཆུས་དཀྱིལ་འཁོར་གྱི་གཞི་ལ་བསང་གཏོར་བྱས་ནས་བདུད་རྩི་དང་བཅས་པའི་དྲིས་བྱུག་ཅིང་འབྲི་བར་འགྱུར་བའི་དཀྱིལ་འཁོར་ནམ་མཁའ་ལ་གསལ་བར་དམིགས་ཏེ་དམ་ཚིག་གི་ཐིག་སྐུད་དྲི་ཞིམ་པོའི་ཐིག་ཆལ་ལས་ཕྱུངས་པ་ཆོ་ག་བཞིན་དུ་གཏོང་ལེན་བྱས་ལ། དང་པོ་ཤར་ནུབ་ཚངས་ཐིག་གདབ། །དབུས་ནས་ཕྱོགས་བཞིར་མཚན་མ་བྱ། །ཤར་ནུབ་ཚད་ནས་གཉིས་པ་དང་། །ཕྱོགས་བཞིའི་ཚད་ནས་ཟུར་ཐིག་བཙལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་གདབ། །དེ་ནས་ཆ་ཆེན་ནང་མ་གསུམ། །ཕྱེད་དུ་གཏུབས་ཏེ་དྲུག་ཏུ་བྱས། །དང་པོ་ཕྱེད་གདབ་ཕྱི་མ་ཕྱེད། །གཉིས་པ་དང་ནི་བཞི་པའི་ནང་། །བཞི་ཆ་གཅིག་རེ་གདབ་པར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་བསིལ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །དེ་ནི་ནང་གི་སྒོ་ཡིན་ནོ། །ཆ་ཆེན་བཞི་པ་ཕྱི་ཡི་ཁྱམས། །ལྔ་དགུ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བརྒྱད་པ་ཆ་བཞིར་བགོ། །ཕྱི་སྒོ་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་བཏབ་པ་ལས། །དང་པོ་ཕྱེད་གདབ་ཕྱི་མ་བཅད། །གཉིས་པ་ཆ་ཕྲན་བཞི་རུ་བསིལ། །དབུས་ནས་ཟླུམ་བསྐོར་ཆ་ཕྲན་ལྔ། །གཅིག་དང་ལྔ་དང་གཅིག་རྣམས་ནི། །ལྟེ་བ་མུ་ཁྱུད་རྩིབས་རྩིབས་བརྟེན། །དེ་ནས་ནང་གི་གློ་འབུར་གྱི། །དཀྱུས་སུ་སྒོ་ཚད་ཞེང་ཆ་ཕྲན། །ཁྱམས་རྩིག་འདོད་སྣམ་ཕ་གུ་དང་། །དྲྭ་ཕྱེད་ཤར་བུ་མདའ་ཡབ་སྟེ། །སྒོ་ཁྱུད་སྒོ་ཚད་འགྲམ་ལོགས་གཉིས། །དེ་ཡི་ཕྱེད་ཡིན་ནང་སྒོའོ། །ཕྱི་མ་རིམ་བཞིན་ཕྱི་ཁྱམས་རྩིག །འདོད་སྣམ་ཕ་གུ་དྲྭ་ཕྱེད་དང་། །ཤར་བུ་མདའ་ཡབ་རྣམས་ཀྱི་ས། །སྒོ་འཁྱུད་ཆ་ཆེན་འགྲམ་དང་ལོགས། །དེ་ཡི་ཕྱེད་ཡིན་མུན་པ་དང་། །ཀ་བ་ཀ་རྒྱན་ཆ་ཕྲན་རེ། །རྟ་བབས་བརྒྱད་པོ་ཆ་མཉམ་ལས། །དང་པོ་ཀ་རྒྱན་མཐའ་དང་མཉམ། །གཉིས་གསུམ་དེ་ནས་གཅིག་ཕྱིར་བསྐྱེད། །བཞི་པ་གཉིས་བསྐུམ་ལྔ་པ་གཅིག །ཕྱིར་འཕྱར་དྲུག་པ་གཉིས་སུ་བསྐུམ། །བདུན་བརྒྱད་རིམ་བཞིན་རེ་རེ་འཕྱར། །རིམ་པར་རྟ་རྐང་ཆུ་སྐྱེས་དང་། །སྒྲོམ་དང་ཟ་ར་ཚགས་སྣ་འཕྱོང་། །སྒྲིལ་འཕྱང་ཤར་བུ་ཁྱུང་མགོའོ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་ས་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱིས་གླང་རྒྱབ་དབུས། །མུན་པའི་ཕྱི་ཐིག་ཚངས་གནས་ཀྱི། །གཡས་གཡོན་ཆ་ཕྲན་གཉིས་འདས་ནས། །སྔར་བཞིན་བསྐོར་བ་མུན་པའི་མཐོངས། །མུ་རན་ཆ་ཕྲན་གཅིག་གིས་བསྐོར། །འཁོར་ལོ་ཉིས་འགྱུར་པདྨ་དང་། །གདུགས་ནི་ཆ་ཕྲན་རེ་རེའོ། །མདའ་ཐིག་ཟུར་ནས་ཆ་ཕྲན་གཅིག །དོར་མཐར་ཆ་ཕྲན་གཅིག་དང་གཉིས། །ཆ་ཆེན་གཅིག་དང་དེ་ཕྱེད་དང་། །ཆ་ཆེན་གཅིག་ཏུ་བསྐོར་བ་ནི། །རྩིབས་རྟེན་པདྨ་དུར་ཁྲོད་དང་། །རྡོ་ར་མེ་རི་རྣམས་ཀྱི་ས། །རྩ་ཐིག་སྒོ་ཁྱུད་འཛོམ་རྩེ་ནས། །རྩིབས་རྟེན་ཚངས་ཐིག་འཛོམ་པའི་བར། །གཡས་ནས་གཅིག་ཤོས་གཡོན་ནས་གཡས། །བསྐོར་བ་འོག་གཞི་འཁོར་ལོའི་རྩིབས། །ཞེས་པ་སྟེ། གདབ་པའི་ཆོ་ག་དང་། སྤྱོད་ལམ་ནི་ཡེ་ཐིག་གི་སྐབས་བཞིན་འདིར་ཡང་ཤེས་པར་བྱ་བ་ཉིད་དོ། །སྐབས་འདིར་སྐྱ་ཐིག་ཙམ་བཏབ་ནས། དམ་ཡེའི་ཐིག་འདེབས་ཚུལ་སྦྲེལ་ནས་འོག་ཏུ་གསུངས་པའང་དོན་ལ་གནས་པ་ཡིན་མོད་ཀྱི། འོན་ཀྱང་བྱ་སླ་བའི་ཆེད་དུ་ལས་ཐིག་འདིར་བཏབ་ནས་སྐྱ་ཐིག་མི་དགོས་པར་བྱས་པ་ཡིན་ནོ། །གཞན་དུ་ཁ་ཅིག་ལས་ཐིག་མ་བཏབ་པར་སྟ་གོན་གྱི་ལྷ་གནས་ངེས་པ་མི་རྟོགས་པའི་ཕྱིར་འདིར་ངེས་པར་འདེབས་དགོས་ཞེས་སྨྲ་ནའང་མཐའ་གཅིག་ཏུ་ངེས་པར་མ་མཐོང་ངོ་། །གཉིས་པ་ནི། ཐིག་གི་མཎྜལ་དེའི་མཐར་ལྷ་གྲངས་སོགས་ཅི་འབྱོར་བའི་མཆོད་པ་བཤམས་ལ། དཀྱིལ་འཁོར་གྱི་གནས་སུ་རང་ཉིད་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བའི་སེམས་སྤྲིན་ལས་བྷྲཱུཾ་འཕྲོས་ཏེ་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བསྐྱེད་ལ། ལྷ་གནས་སོ་སོར་རང་རང་གི་རྩ་སྔགས་ལ་མ་ཎི་པདྨ་ཡེ་སྭཱ་ཧཱ་བཏགས་པའི་སྔགས་བརྗོད་ཅིང་བྱང་སེམས་དཀར་དམར་ཙནྡན་དང་སྦྱར་བའི་ཐིག་ལེ་གཙོ་བོའི་གནས་སུ་གྲུ་བཞི་པ་དང་། གཞན་རྣམས་སུ་ཟླུམ་པོར་བྱས་ལ། མེ་ཏོག་གི་ཚོམ་བུ་བཀོད་ནས། གདན་བསྐྱེད། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཉི་ཟླའི་གདན་ལ་འདུག་པར་མོས་ལ། གཙོ་བོ་ཡབ་ཡུམ་གྱི་སྐུར་གསལ་བཏབ་པ་ལ་དབང་བསྐུར་བྱིན་གྱིས་རློབ། མཁའ་གསང་བྱིན་བརླབས་དང་ལྡན་པའི་སྒོ་ནས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོར་སྤྲོས་པ་ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་རྣམས་རང་རང་གི་གནས་ཇི་ལྟ་བར་བཞུགས་པར་བསམ་ལ། སྨུག་ནག་སྔོ་ནག་སེར་ནག་དང་། །ཞེས་སོགས་ཀྱིས་གསལ་གདབ། དབབ། དྲང་། བསྟིམ། བརྟན། མཆོད་བསྟོད་རྣམས་བྱས་ལ། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་བཞིན་པས། ༀ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །མགོན་པོ་དམ་ཅན་ཇི་སྙེད་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །སྲས་བཅས་ཐབས་ཅིག་གཤེགས་ནས་ཀྱང་། །ས་གཞི་ཡོངས་སུ་བཟུང་བར་མཛོད། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཞེས་གསོལ་བ་བཏབ་པས་ལྷ་ཐམས་ཅད་དགྱེས་པར་རོལ་པའི་གཟི་བྱིན་མཐའ་ཡས་པས་དེ་ཉིད་དུ་ཐིམ་པས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་པ་དེ་དག་ནི་ལྷག་གནས་ཀྱི་ཆོ་ག་སྟེ་ནུབ་གཉིས་པའི་བྱ་བའོ། །གཉིས་པ་དངོས་གཞིའི་ཆོ་ག་ལ། དཀྱིལ་འཁོར་བྲི་བ། རྣམ་པར་དགོད་པ། རབ་གནས། སྦྱིན་སྲེག །སྒྲུབ་ཅིང་མཆོད་པ། དབང་བསྐུར་བའོ། །དང་པོ་ལ། ཐིག་གིས་བྲི་བ་དང་། ཚོན་གྱིས་བྲི་བ་གཉིས་ལས། དང་པོ་ནི། ནངས་པར་བེ་གཱ་ཀྲ་མ་ཡཾ། ཞེས་འདེགས་པའི་རྒྱས་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་ལ། ཚོམ་བུ་རྣམས་གཞན་དུ་བསལ། སྔར་རབ་གནས་བྱས་པའི་ཡེ་ཤེས་ཀྱི་ཐིག་སྐུད་དེ་ཉིད་སློབ་དཔོན་བདག་པོའི་ང་རྒྱལ་གྱིས་ནུབ་ནས་ཤར་དང་། ཐིག་གཡོག་ཡུམ་དུ་མོས་པ་ཤར་ནས་ནུབ་ཏུ་ཕྱོགས་པ་ལ་གཡོན་པའི་ཁུ་ཚུར་གྱིས་ལྟེ་བར་བཟུང་ནས། ཛཿཛཿཛཿ ཞེས་བརྗོད་པས་ཐིག་སྐུད་ཀྱི་རྩེ་མོ་ནས་གཡས་པས་བཟུང་བ་ཐིག་གཡོག་ལ་གཏོད་ཅིང་། དེས་ཀྱང་དེ་སྐད་བརྗོད་ཅིང་དྲངས་ལ་ཤར་ནུབ་ཀྱི་ཚངས་ཐིག་དང་པོ་དང་། ལྷོར་གནས་ཏེ་བྱང་དུ་བལྟ་བས་ཚངས་ཐིག་གཉིས་པ་དང་། མེར་གནས་ཏེ་རླུང་དུ་བལྟ་བས་ཟུར་ཐིག་དང་པོ་དང་། བདེན་བྲལ་ནས་དབང་ལྡན་དུ་བལྟ་བས་ཟུར་ཐིག་གཉིས་པ་དང་། མེར་གནས་ཏེ་བྱང་དུ་བལྟ་བས་ཤར་གྱི་རྩ་ཐིག་དང་། རླུང་ནས་ལྷོར་བལྟ་བས་ནུབ་ཀྱི་དང་། སླར་ཡང་རླུང་ནས་ཤར་དུ་བལྟ་བས་བྱང་གི་དང་། ཡང་མེ་ནས་ནུབ་ཏུ་བལྟ་བས་ལྷོའི་རྩ་ཐིག་སྟེ། ཐིག་ཆེན་བརྒྱད་པོ་ལས་ཐིག་གི་སྟེང་གི་ནམ་མཁའ་ལ་མཐེབ་མཛུབ་གཉིས་ཀྱིས་སེ་གོལ་གྱི་སྒྲ་དང་བཅས་པས་གདབ་ཅིང་། སྔགས་ནི་ཐམས་ཅད་ལ། ༀ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ་ཕཊ། ཅེས་བརྗོད་པས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་སད་ཅིང་ཡེ་ཤེས་ཀྱི་ཐིག་དམ་ཚིག་གི་ཐིག་ལ་རོ་མཉམ་དུ་གྱུར་པར་བསམ་མོ། །ཐིག་སྐུད་སྔར་གྱི་སྣོད་དུ་བཞག་པ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ནས། དམ་ཚིག་གི་ཕྱག་རྒྱ་བཅས་ལ། བཛྲ་མུཿ ཞེས་པས་ཐིག་སྐུད་ཀྱི་ཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་གཤེགས། ཡེ་ཐིག་ཐེབས་ནས་དེ་ལ་འགོམ་དགོས་པ་བྱུང་ན་ཧྲཱིཿཞེས་སྒྲ་རིང་པོ་དང་། འདེགས་པའི་རྒྱས་ནམ་མཁར་བཏེགས་པའི་འོག་ནས་འཛུལ་བར་མོས་ཤིང་། སྒོ་ཐད་ཀྱི་རྩ་ཐིག་ཕྱིས་ལ། སླར་ཡང་ཕབ་ལ་བསྟིམ་མོ། །ཐིག་གི་སྤྱོད་ལམ་ནི། སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་ལྡན་སྒྲིམས་ཏེ་བྱ། །ཞེས་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པ་ཚོན་གྱིས་བྲི་བ་ནི། དབང་ཕྱུག་རྒྱས་པའི་ཆས་སུ་ཞུགས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ཕུར་པ་དངོས་སུ་བཏབ་པ་ཡིན་ན། ཚོན་སྣ་ལྔ་འབྱུང་རིགས་བསྡེབས་པས་མཱུཾ་ཏཱཾ་སོགས་རིམ་པར་བརྗོད་ཅིང་ཁུང་བུ་མཉམ་པར་བཀང་ལ་འབྱུང་བ་རིམ་བརྩེགས་སུ་བསྒོམ། སླར་ཡང་གཡས་པའི་མཐེབ་སྲིན་གྱིས་ཚོན་རྩི་ལྔ་ཅུང་ཟད་བླངས་པ་གཡོན་པའི་མཐིལ་དུ་བཞག་ལ། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླས་ལ། གཡས་པའི་སོར་མོ་ལྔ་ལ་ཉི་མའི་སྟེང་དུ་ཡབ་ཀྱི་འབྲུ་ལྔ། གཡོན་པའི་སོར་མོ་ལྔ་ལ་ཟླ་བའི་སྟེང་དུ་ཡུམ་གྱི་འབྲུ་ལྔ་གནས་པར་བསམ་སྟེ། གཡས་པའི་སོར་མོ་ལྔ་ཚོམས་ཀྱིས་གཡོན་པའི་ཚོན་རྩི་ཁུང་བུའི་སྟེང་དུ་བཀོད་ལ། དོན་ཡེ་ཤེས་རིན་པོ་ཆེའི་རང་བཞིན་རྟགས་ཀེང་རུས་ཆེན་པོའི་རི་རབ་ཏུ་གྱུར་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་གནས་པས་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ་རྩིག་པ་ལྔ་ཕྱི་ནས་ལྗང་དམར་སེར་དཀར་སྔོ་བ་རྣམས་ཞེང་ཐིག་སྐུད་གང་དང་དཔངས་མཐེའུ་ཆུང་ཕྱེད་ཙམ་པ་མ་འདྲེས་ཤིང་སྙོམས་པ་སྒོ་ཚད་གཅིག་གི་ཚད་ཙམ་དུ་བྲིས་ཏེ་ཀ་པཱ་ལས་བཀབ་ནས་བཞག་གོ། །རྩིག་པ་སྦྲེལ་རན་པ་ན་ཁ་ཕྱེ་ལ་པྲ་བརྟག་སྟེ། ཀུ་ཀུ་རཱ་ཛས་མཉམ་སྦྱོར་དཀྱིལ་ཆོག་ཏུ། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །གཡོན་པོས་གདུང་བ་བསྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆིའམ་ན་བར་འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་གསུངས་པ་ལྟར་ཤེས་པར་བྱ་ཞིང་། གལ་ཏེ་མ་འགྲུབ་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྐྱོན་ཐམས་ཅད་སེལ་བ་ཡིན་ནོ། །སློབ་དཔོན་གྱིས་རྫོགས་པར་བྲི་མི་ནུས་ན། སློབ་མ་རྣམས་ཀྱིས་ཀྱང་ལག་པ་བྱིན་བརླབས་སྔར་བཞིན་བྱས་ནས་བྲི་བར་བྱ་སྟེ། དེ་ལ་དབུས་ཀྱི་ལྟེ་བ་མཐིང་ག །མུ་ཆད་དང་གྲུ་ཆད་ལྗང་གུ། རྩིབས་བཞི་སེར་པོ། རྩིབས་མཆན་དམར། རྩིབས་རྟེན་སྔོན་པོ་ལ་རྡོ་རྗེའི་ཕྲེང་བ། གློ་འབུར་དང་། སྒོ་རྣམས་ཕྱོགས་མདོག །ཁྱམས་ནང་མ་སེར་པོ་དང་ཕྱི་མ་ཁྲག་ཁྱམས། རྩིག་པ་ནང་མ་ནང་ནས་སྔོ་དམར་དཀར་པོ་དང་། ཕྱི་མ་ནང་ནས་མཐིང་དཀར་སེར་དམར་ལྗང་བ། འདོད་སྣམ་དམར་པོ། ཕ་གུ་སེར་པོ་ཐོད་པས་དཀྲིགས་པ། དྲྭ་བའི་གཞི་ནག་པོ་ལ་སྦྲུལ་དང་ཐོད་ཕྲེང་གི་དྲྭ་བ་དང་དྲྭ་བ་ཕྱེད་པ། གཞི་སྔོན་པོ་ལ་རྐང་ལག་གི་ཤར་བུ། མདའ་ཡབ་དཀར་པོ་མཆོད་རྟེན་རིས། མུན་པ་དང་གླང་རྒྱབ་ནག་པོ། ཞིང་སྨུག་གི་ཀ་བ། རྟ་བབས་སྣམ་བུ་བརྒྱད་ནི། རྟ་རྐང་གཞི་སྔོན་པོ་ལ་རྡོ་རྗེ་འགྲེང་བུ་སེར་པོ། ཆུ་སྐྱེས་དམར་པོ་སྒྲོམ་མཛེས་ཚོན། ཟར་ཚགས་དཀར་པོ་ལ་གཞི་ནག་པོ། སྣ་འཕྱོང་སེར་པོ། སྒྲིལ་འཕྱང་གཞི་ནག་པོ་ལ་དྲྭ་བ་དཀར་པོ། ཤར་བུ་དཀར་པོ་གཞི་སྔོན་པོ་ལ་སྒྲིགས་པ། རྒྱ་ཕུབས་ཁྱུང་མགོ་མཐིང་ག །པདྨ་དམར་པོ། འཁོར་ལོ་དང་རི་དྭགས་སེར་པོ། ཞིང་གི་གདུགས། འོག་གཞིའི་འཁོར་ལོ་ཕྱོགས་མདོག །ཕྱི་ཁྱམས་ལྗང་གུ། གེ་སར་སེར་པོ། འདབ་མ་སྣ་ཚོགས། དུར་ཁྲོད་ཀྱི་གཞི་ནག་པོ་ལ་ཆོས་རྣམས་ཀྱིས་འཇིགས་པར་བརྒྱན་པ། རྡོ་ར་གཞི་མཐིང་ག་ལ་རྡོ་རྗེ་དཀར་པོའམ་སེར་པོ། མེ་རི་སྣ་ཚོགས་སམ་དམར་སེར། རྟ་བབས་དང་མདའ་ཡབ་ཀྱི་ཁོར་ཡུག་ལ་ཞིང་གི་རྒྱལ་མཚན་དང་། བདན་ལ་སོགས་པ་དང་། སྒོའི་ཕྱི་རོལ་དུ་སྐྱེས་བུ་གསལ་ཤིང་གི་ཕུག་པ་དང་། ལྗོན་ཤིང་། རཀྟའི་རྫིང་བུ་རྣམས་ཕྱོགས་རེར་གཉིས་གཉིས་སྤེལ་མར་བྲིས་ལ། ཚོན་གྱིས་བྲི་བའི་ལས་རྣམས་རྫོགས་པའི་མཐར། ཚོན་ལྷག །ཀུན་བཟང་། ཞབས་བསིལ། བཞི་བསྣོལ་སོགས་ཀྱིས་མཆོད་ནས། བཛྲ་མུཿས་ཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་གཤེགས་ནས་དམན་པ་རྣམས་དབེན་པར་བཞག་གོ། །ཉེས་སྤོང་ནི། བག་མེད་གྱུར་པའི་ཉེས་པ་ཡང་། །བཤད་པའི་རྗེས་སུ་ཤེས་པར་བྱ། །ཞེས་པས་ཐིག་གི་སྐབས་སུ་བཤད་པས་མཚོན་ཅིང་། ཇི་བཞིིན་པ་མ་འགྲུབ་ན། དེ་སེལ་བའི་གཉེན་པོ་ཡང་སྔར་བཤད་པ་བཞིན་ནོ། །གཉིས་པ་རྣམ་པ་དགོད་པ་ནི། རིན་པོ་ཆེའམ་ལྡེ་གུ་སོགས་ལས་བྱས་པའི་ལྷ་སོ་སོའི་སྐུ་བརྙན་ཡོད་ན་དེ་དང་དེའི་གནས་སུ་མ་འཆོལ་བར་དགོད་ཅིང་། མེད་ན་ཚོན་གྱིས་བྲི་བའི་རྗེས་འབྲེལ་ཉིད་དུ་སྐུ་གཟུགས་སམ། ཡིག་འབྲུའམ། ཕྱག་མཚན་ནམ། རང་མདོག་དང་མཚུངས་པའི་ཐིག་ལེའི་རྣམ་པ་ཅན་གྱི་བར་ཅི་ནུས་སུ་བྲི་ཞིང་། དེ་ཡང་གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་རིམ་པ་ཐ་དད་དུ་བྲི་ཚུལ་ཡང་བཤད་དོ། །གསུམ་པ་རབ་གནས་བྱ་བ་ལ་གསུམ་ལས། དང་པོ་བུམ་པའི་རབ་གནས་དང་། གཉིས་པ་སློབ་མ་རབ་གནས་གཉིས་གོང་དུ་སོང་། །གསུམ་པ་དཀྱིལ་འཁོར་རབ་གནས་ལ། དཀྱིལ་འཁོར་བརྒྱན་པ་དང་། རབ་གནས་དངོས་ལས། དང་པོ་ནི། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་དང་རོལ་མོས་སྣ་དྲངས་ཏེ་དཀྱིལ་འཁོར་ལ་གཡས་སུ་བསྐོར་ནས་ལྷ་སོ་སོའི་གནས་རྣམས་སུ་མཉྫི་ལ་སོགས་པའི་སྟེགས་ལ་དགོད་ཅིང་། བུམ་པ་ལྔའམ་གཅིག་ཏུ་བསྡུས་པ་ལ་ནི་གཙོ་བོ་ལྔའི་གནས་སམ་དབུས་ཉིད་དུ་བཞུགས་སུ་གསོལ། ལས་བུམ་ནི་སློབ་དཔོན་གྱི་མདུན་དུའོ། །དེ་ནས་དཀྱིལ་འཁོར་གྱི་མཐའ་བསྐོར་དྲི་བཟང་གིས་བྱུག་ཅིང་། མེ་ཏོག་གི་སིལ་མ་བཀྲམ། ཕྱོགས་ཀུན་ཏུ་བླ་རེ་དང་། ཡོལ་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་པ་དང་། གོས་ཟུང་དུ་མས་བཀོད་ལེགས་སུ་བརྒྱན་པར་བྱ་ཞིང་། བདུག་སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་ཆབ་རྣམས་ལྷ་གྲངས་དང་མཉམ་པ་དང་། གཞན་ཡང་ཞབས་བསིལ་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྨན་གཏོར་རཀྟ་ལ་སོགས་པ་ནང་གི་མཆོད་པ་རྣམས་ཀྱང་ཅི་འབྱོར་བས་ཕྱིའི་ཁོར་ཡུག་རྣམས་མཛེས་པར་བྱ་སྟེ། བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་བཏུང་དང་བྲོ་བས་བསྐོར། །ཞེས་གསུངས་པ་བཞིན་ནོ། །སྐབས་འདི་དག་ཏུ་བགེགས་བསྐྲད་ཅིང་མཚམས་བཅད་པ་དང་། དཀྱིལ་འཁོར་བསྐྱེད་ནས་ལྷ་བསྟིམ་པ། སྒོ་དབྱེ་བ། ཕྱག་འཚལ་བ་རྣམས་དང་། ཕྱག་ལེན་འགར་དཀྱིལ་འཁོར་བྱིན་འབེབས་ཀྱང་མཛད་པ་ཆོ་ག་རྒྱས་པའི་ཡན་ལག་ཏུ་འབྱུང་ནའང་། རྩ་བའི་རྩིས་འགོས་མ་བསྡུས་པས་ཆད་པའི་དགག་ཆ་ཆུང་ཞིང་འཇུག་པ་བདེ་བའི་དབང་དུ་བྱས་ནས་འདིར་དེ་ཙམ་མོ། །གཉིས་པ་རབ་གནས་དངོས་དང་། བཞི་པ་སྦྱིན་སྲེག་ནི། འདིར་རྒྱས་པའི་ལས་དང་སྦྲེལ་ཏེ་གཞན་དུ་བཤད་པ་བཞིན་བྱའོ། །ལྔ་པ་དཀྱིལ་འཁོར་སྒྲུབ་པ་ལ། སྔོན་དུ་བྱ་བ་དང་། སྒྲུབ་པ་དངོས་དང་། མཆོད་བསྟོད་སོགས་བྱ་བ་དང་། འཛབ་བཟླ་བ་དང་བཞི་ལས། དང་པོ་ནི། རྣལ་འབྱོར་པ་རྣམས་ཁྲུས་བྱས། ལུས་དྲི་ཞིམ་པོས་བྱུག །སློབ་དཔོན་དཀྱིལ་འཁོར་གྱི་ཤར་ངོས་སུ་ཕྱོགས་པ་དང་། གཞན་རྣམས་ཀྱང་ཇི་ལྟར་འོས་པར་འདུག་ནས། ཐོག་མར་རྒྱུད་སྦྱང་བ་ནས་བཟུང་མཆོད་རྫས་བྱིན་གྱིས་རློབ་པའི་བར་སྔོན་དུ་བྱ་བའོ། །གཉིས་པ་ལ། བདག་མདུན་ཐ་དད་དུ་སྒྲུབ་པ་དང་། ཐ་མི་དད་དུ་སྒྲུབ་པ་གཉིས་ལས། དང་པོ་ནི། བདག་གི་རྣལ་འབྱོར་བཟླས་པའི་བར་བྱས་ནས། དེའི་ཉེར་བསྡུའི་ནཱ་ད་ཤིན་ཏུ་ཕྲ་བའི་དེ་ཁོ་ན་ཉིད་དང་། མདུན་བསྐྱེད་ལ་ལྟོས་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མཚམས་སྦྱར་ནས། སླར་ཡང་མདུན་བསྐྱེད་བསྒྲུབ་པར་མཛད་མོད། འདིའི་གཞུང་དུ་གསལ་བར་མ་བཤད་ཀྱང་། དོན་གྱི་དགོངས་པ་ལུགས་ཕྱི་མ་ལྟར་གནས་པས་འདིར་དེ་ལྟར་བྱ་སྟེ། དེ་ལས་བསྒྲུབ་གཞི་བདག་དང་། བྲིས་པའི་དཀྱིལ་འཁོར་གཉིས་སྒྲུབ་ཆོས་ཏིང་ངེ་འཛིན་གསུམ་ནས། འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །ཞེས་པའི་བར་གྱིས་གདོད་ནས་དག་ཅིང་གྲུབ་པའི་དམ་ཚིག་གི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་གསལ་བཏབ་ལ། སྙན་གསན་དབབ་པ། སྤྱན་དྲང་བ། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་ཏེ་བསྟིམ་པ་རྣམས་སྒྲུབ་ཐབས་བཞིན་ཤེས་པར་བྱ་བ་ལས། དཀྱིལ་འཁོར་རབ་གནས་སོགས་དང་མ་འབྲེལ་བའི་སྒྲུབ་མཆོད་ཕལ་པ་ཙམ་ལ་སྔར་ནམ་མཁར་བཞུགས་པའི་སྟ་གོན་གྱི་དཀྱིལ་འཁོར་ཀྱང་སྤྱན་དྲངས་ནས་སྐབས་འདིར་བསྟིམ་པ་ནི་ཁྱད་པར་རོ། །གསུམ་པ་མཆོད་བསྟོད་སོགས་བྱ་བ་ནི། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ལྟར་གྱེས་པས་ཕྱག་མཆོད་ནས་བཟུང་། དམ་བཅའི་མཐར་ཐུག་གི་བར་སྒྲུབ་ཐབས་བཞིན་བྱས་ལ། བདག་ཉིད་མདུན་བསྐྱེད་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །བཞི་པ་ཛཔ྄་བཟླ་བ་ལ། ས་བཅད་ཀྱི་ཚངས་སྒྲུབ་ཐབས་བཞིན་ལས། ཛཔ྄་ཁང་དབྱེ་བའི་ཚེ། དབྱེ་གཞིའི་དཀྱིལ་འཁོར་གསལ་བ་ལས། བྷྲཱུཾ་བི་ཤྭ་སོགས་ཀྱིས་བདག་དམ་ཚིག་གི་འཁོར་ལོ་ལས་མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོའི་ངོ་བོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས། མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་མོས་པ་ཙམ་སྟེ། དམིགས་པའི་རྣམ་པ་སྒྲུབ་ཐབས་དང་དབྱེ་བ་མེད་ཀྱང་། དོན་གྱི་ངོ་བོ་མི་འདྲ་བའི་གནད་ཤེས་པར་བྱའོ། །ཛཔ྄་བཟླ་བ་ན་དམ་ཡེ་འཕྲོ་འདུ་སྟེ་གསལ་བ་གསུམ་གྱི་ངང་ནས་ལྷ་སོ་སོའི་སྒོས་འཛབ་དང་གཙོ་བོར་སྤྱིར་འཛབ་ལ་སྒྲིལ་ནས་བཟླ་ཞིང་། སོ་སོའི་སྒོས་འཛབ་བཟླ་བའི་ཚེ་སྤྲོ་ན་རང་རང་གི་འཛབ་བསྐུལ་ཀྱང་སྦྱོར་ཏེ་གཞན་ལས་ཤེས་པར་འགྱུར་ལ། གང་ལྟར་ཡང་རིམ་བཞིན་གཙོ་འཁོར་གྱི་འགྲོས་སྦྱར་ནས་ཅི་ནུས་སུ་བཟླ་ཞིང་། སྐབས་ཀྱི་མཇུག་བསྡུ་བའི་ལས་རིམ་རྣམ་པ་གསུམ་ཡང་སྒྲུབ་ཐབས་བཞིན་ནོ། །དེ་དག་གི་སྒྲུབ་ཅིང་མཆོད་པའི་ཆོ་གའོ། །དྲུག་པ་དབང་བསྐུར་བ་ལ། བདག་ཉིད་འཇུག་པ་དང་། སློབ་མ་ལ་དབང་བསྐུར་བའོ། །དང་པོ་ནི། སློབ་མ་འཇུག་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་ཞུགས་ནས་དབང་བླང་བའམ། རིག་པའི་མེ་ཏོག་དོར་བ་ཉིད་ཀྱིས་ཀྱང་འདིའི་དགོས་པ་འགྲུབ་ཅིང་། གང་གི་ཚེ་ཡང་སློབ་མ་འཇུག་པར་གནང་བ་ནོད་པ་རྣམས་སོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། དབང་གི་ཆོ་ག་ཟུར་དུ་འཆད་པ་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་ལས། དང་པོ་ཚོགས་མཆོད་དང་། གཉིས་པ་བརྟན་སྐྱོང་ནི་སྒྲུབ་ཐབས་ཀྱི་དཀྱུས་བཞིན་དང་། གསུམ་པ་ཉེར་བསྡུའི་ཚེ ། གཏང་རག་གི་མཆོད་པ་བཤམས་ལ་བྱིན་གྱིས་བརླབས་ཏེ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར། རཀྟ་རྣམས་ཀྱིས་མཆོད། བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། ཡིག་བརྒྱ་དང་། བཟོད་གསོལ་རྣམས་སྤྱིི་དང་མཐུན་པར་བྱས་ལ། རས་བྲིས་ཡིན་ན་ཡེ་ཤེས་པ་བརྟན་བཞུགས་དང་། བྷྲཱུཾ་བི་ཤྭ་སོགས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ་ལ། ཧཱུཾ་ཞེས་བརྗོད་པས་རང་གི་སྙིང་གའི་འོད་ཀྱི་ཕོག་པས་དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། ཞེས་སོགས་བརྗོད་ཅིང་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ། གོ་བགོ། ལུས་བསྲུང་སོགས་མཐའ་རྒྱས་རྣམས་སྒྲུབ་ཐབས་ལྟར་བྱ་ཞིང་། རྡུལ་ཚོན་གྱི་ཆོ་ག་ཞག་སྦྲེལ་མར་བྱེད་པའི་ཉི་མ་སྔ་མ་རྣམས་ལའང་དེ་བཞིན་ནོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གཤེགས་གསོལ་བྱེད་ན། བེ་གཱ་ཀྲ་མ་ཡཾ། ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་བཏེགས་ནས། གཏང་རག་གི་མཆོད་བསྟོད་དང་། བཟོད་གསོལ་སྔར་བཞིན་བྱས་ལ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར་ཛྙཱ་ན་མཎྜ་ལ་བཛྲ་མུཿཞེས་གཤེགས་སུ་གསོལ་ལ། དམ་ཚིག་གི་འཁོར་ལོ་སྔར་བཞིན་བསྡུས་ནས། གོ་ཆ་བགོ་ཞིང་ལུས་བསྲུང་བ་བྱས་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་ཏེ། རོལ་མོའི་སྒྲ་དང་བཅས་པས་ཨ་ཀཱ་རོ་བཟླ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གིས་ཐོག་མར་ལྷ་མཚན་རྣམས་བསྡུས་ལ། ཅུང་ཟད་ཙམ་མགོ་བོར་བཀོད། ལྷག་མ་རྣམས་དབང་ལྡན་ནས་བརྩམས་ཏེ་གཙོ་བོའི་གནས་ཀྱི་བར་དུ་ཕྱགས་ལ་བུམ་པ་ལ་སོགས་པའི་སྣོད་བཟང་པོར་བླུགས་ནས་མཆོད་པ་དང་བཀུར་སྟི་ཆེན་པོས་ཆུ་ཀླུང་དུ་དོར། སླར་ཡང་སྣོད་དེ་ཉིད་ཆུས་བཀང་ནས་ནང་དུ་འོངས་ཏེ་དཀྱིལ་འཁོར་ཁང་པ་རྣམས་བསང་གཏོར་བྱས། དེ་ནས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བསྣོལ་བ་སྐམ་པའི་རྒྱས་འོག་གི་ཕུར་བུ་ནས་བཟུང་མས་རིམ་གྱིས་ཕྱུངས་ལ། སྤྱན་མའི་སྔགས་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་། ཁུང་བུ་རྣམས་ལའང་གཏོར་བས་བགེགས་རྣམས་བདེ་སྟོང་གི་ངོ་བོར་སངས་རྒྱས་པར་བསམ་མོ། །དེ་ནས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་དང་། བཀྲ་ཤིས་བརྗོད་ཅིང་དགའ་སྟོན་བྱ་བ་ལ་སོགས་ཏེ་རྗེས་ཀྱི་བྱ་བ་རྣམས་གསང་བ་སྤྱིའི་འགྲོས་བཞིན་མཐའ་རྒྱས་སུ་བྱའོ། །སྤྱི་དོན་གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ལ། ཇི་ལྟར་སྒྲུབ་པ་དང་། དེས་གྲུབ་པའི་ཚད་བསྟན་པ་སྟེ། སྒྲུབ་ཐབས་སུ་བཤད་པ་བཞིན་དང་། རྒྱས་པར་གཞན་དུའང་འཆད་པར་འདོད་དོ། །དཔལ་ལྡན་སྒྱུ་འཕྲུལ་དྲྭ་བ་ཁྲག་འཐུང་གི། །སྙིང་པོའི་དཀྱིལ་འཁོར་ཐར་པའི་གྲོང་ཁྱེར་དུ། །མྱུར་བདེར་འཇུག་པའི་ཐབས་ཚུལ་བླ་ན་མེད། །དཀྱིལ་འཁོར་ཆོ་གའི་ལས་ཀྱི་རིམ་པ་ཉིད། །དེའི་ཕྱིར་རྒྱུད་གཞུང་ཟབ་དོན་དགོངས་པའི་གནད། །གྲུབ་པ་མཆོག་གི་ཕྱག་བཞེས་ཇི་ལྟ་བར། །མ་འདྲེས་གསལ་བར་འཆར་བའི་ངོ་མཚར་ནི། །རྡོ་རྗེའི་ཕྲེང་བ་མཆོག་གིས་མཚོན་པར་བྱས། །འདི་ལས་བསོད་ནམས་ཚོགས་སུ་གང་གྱུར་དེ། །མཁའ་མཉམ་འགྲོ་ཀུན་ལྔ་བཅུ་རྩ་བརྒྱད་ལྷའི། །བདག་པོ་ཐུགས་ཀྱི་རྡོ་རྗེ་དཔལ་ཆེན་པོའི། །གོ་འཕང་བདེ་ཆེན་མཆོག་ལ་སྤྱོད་གྱུར་ཅིག །སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་འདི་ཡང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྔར་བཀོད་པའི་ཞི་བའི་དཀྱིལ་ཆོག་ཉིད་གཞིར་བྱས། དེ་ལས་ཆོ་གའི་ཁྱད་པར་བྱེ་བྲག་པ་རྣམས་ཚང་ཞིང་གསལ་ལ་འཇུག་པ་བདེ་བར་བྱས་པ་ལས། ཐོག་མའི་ཡི་གེར་སྤེལ་བ་པོ་ནི། གཞུང་ལུགས་རབ་འབྱམས་ལ་མཆོག་ཏུ་ཟབ་པའི་བློ་མཐུན་ཅན་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིའོ།། ༈ །། ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་དཀྱིལ་འཁོར་གྱི། །ཆོ་གའི་ས་བོན་གཅིག་ལས་གྲངས་མེད་དུ། །འཕེལ་བའི་སྤར་གྱི་ལྗོན་ཤིང་སྨིན་གྲོལ་གླིང་། །ཆོས་ཀྱི་དགའ་བའི་ཚལ་ལས་འཁྲུངས་པའོ།། །།


previousསྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ། དྷརྨ་ཤྲཱི།next