Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
སྒྱུ་འཕྲུལ་དྲྭ་བའི་གཞལ་མེད་ཁང་གི་རྣམ་པར་བཞག་པ་གསལ་བའི་སྒྲོན་མེའི་འགྲེལ་པ། དྷརྨ་ཤྲཱི།
   


 
previousསྒྱུ་འཕྲུལ་དྲྭ་བའི་གཞལ་མེད་ཁང་གི་རྣམ་པར་བཞག་པ་གསལ་བའི་སྒྲོན་མེའི་འགྲེལ་པ། དྷརྨ་ཤྲཱི།next

སྒྱུ་འཕྲུལ་དྲྭ་བའི་གཞལ་མེད་ཁང་གི་རྣམ་པར་བཞག་པ་གསལ་བའི་སྒྲོན་མེའི་འགྲེལ་པ། དྷརྨ་ཤྲཱི།

སྒྱུ་འཕྲུལ་དྲྭ་བའི་གཞལ་མེད་ཁང་གི་རྣམ་པར་བཞག་པ་གསལ་བའི་སྒྲོན་མེའི་འགྲེལ་པ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ད་ནི་གཞུང་གི་དཀའ་བའི་དོན་རྣམས་ཅུང་ཟད་དགྲོལ་བར་བྱའོ། །འདི་ལ་ཁོར་ཡུག །འོག་གཞི། ལོགས། ཐོག་འབུབས། སྒོ། རྟ་བབས་དང་དྲུག །དང་པོ་ཁོར་ཡུག་ལ། འདིར་མེ་རི། རྡོ་ར། པད་ར་གསུམ་ལས་མི་བྱེད་པ་ནི། རྡོ་རྗེ་ལས་རིམ་ལས། རྡོ་རྗེ་ལག་ཆུ་མེ་རི་ཧར། །ཕྱོགས་རྣམས་ཀུན་ཏུ་ཁྱབ་པར་བྱ། །ཞེས་དང་། བདེ་འདུས་ཞི་བ་རིགས་བརྒྱའི་སྒྲུབ་ཐབས་སློབ་དཔོན་གྱིས་མཛད་པ་ལས་ཀྱང་། པད་ཕྲེང་མེ་འོད་རྡོ་རྗེའི་ཕྲེང་བས་མཛེས་པར་བསྐོར། ཞེས་གསུངས་པས་སོ། །འོ་ན་ཁོར་ཡུག་གི་ཚད་རྡོ་ར་ཆ་ཕྲན་གཉིས་སོགས་བྱེད་པ་གང་ཞེ་ན། སྤྱིར་སྲུང་འཁོར་གྱི་རྭ་གུར་འདི་རྣམས་དམིགས་པའི་དུས་སུ་ཇི་ཙམ་ནུས་པ་བསྒོམ་གྱི་ཚད་གཅིག་ཏུ་མ་ངེས་མོད། འོན་ཀྱང་གཟུགས་བརྙན་བཞེངས་པ་ལ་སོགས་ལ་དེ་ལྟར་མི་རུང་བས་ཚད་རྣམ་པར་བཞག་པ་ནི། རྡོ་རྗེ་ལས་རིམ་ལས། རྡོ་རྗེ་ལག་ཆུ་ཧར་བཅས་པ། །རྟ་བབས་ཕྱེད་དང་གསུམ་དུ་བྱ། །ཞེས་གསུངས་པའི་རྟ་བབས་ཕྱེད་དང་གསུམ་ནི་ཆ་ཕྲན་ཕྱེད་གསུམ་ཡིན་ནམ་སྙམ་དུ་རྟོགས་པར་མི་བྱ་སྟེ། འདི་ནས་རྟ་རྐང་གི་མཐའ་གཅིག་ནས་མཐའ་ཤོས་ཀྱི་བར་རྟ་བབས་ཀྱི་ཕྲེང་ལ་ཆ་ཆེན་བཞི་ཡོད་ལ། དེའི་ཕྱེད་ཆ་ཕྱེད་གཉིས་ཡིན་པའི་ཕྱིར། རྟ་བབས་ཕྱེད་དང་། ཞེས་གསུངས། ཆ་ཆེན་གཉིས་པོ་དེ་ལས་ཀྱང་ཕྱེད་ནང་མ་ཕྱེད་དུ་གཏུབས་ཏེ། ཆ་ཆེན་གཅིག་ཤོས་དང་བཅས་པས་གསུམ་འབྱུང་བའི་ཕྱིར། གསུམ་དུ་བྱ། །ཞེས་གསུངས་པ་སྟེ། འདི་ཡང་ཚད་དེ་ལྟར་དུ་བགྱིས་སོ། །དེ་ཡང་སྲུང་འཁོར་རྒྱས་པའི་སྐབས་སུ་མཚོན་ཆ་འཆོལ་བ། མཚོན་ཆ་དམ་ཚིག །བསྲུང་བ་འཁོར་ལོ། ཁྲོ་བཅུ་རོལ་པ་རྣམས་ཡོད་པ་ལས། བླ་མ་གོང་མ་རྣམས། ཞི་བ་ལ་མཚོན་ཆ་དམ་ཚིག་མཛད་པར་གྲགས་པ་ལྟར་ན། དེ་ལའང་གུར་རིམ་པ་མང་པོ་ཡོད་ཀྱང་། བྲིས་པའི་དཀྱིལ་འཁོར་དང་བསྟུན་ནས་སྲུང་འཁོར་ལ་ཡོད་པ་ཐམས་ཅད་བྲིས་ཆ་ལ་མ་བྲིས་ཀྱང་ཆོག་པའི་རིག་པས་འདིར་རྡོ་རྗེ་དང་མེ་གུར་གཉིས་སུ་བསྡུ་བར་མཛད་དོ། །དེ་ལྟར་ན་རྡོ་རྗེ་ས་གཞི་དང་ར་བ་སོགས་མེད་དམ་སྙམ་ན། གུར་གྱི་སྐད་དོད། པཉྩ་ར་ཞེས་པ། ཟ་མ་ཏོག་ལྟ་བུའི་སྣོད་དང་། གཟེབ་མ་དང་། དྲྭ་བ་ལའང་འཇུག་པའི་ཕྱིར། འདིར་གུར་ཞེས་པ་རྡོ་རྗེའི་ས་གཞི་ར་བ་སོགས་ཐམས་ཅད་ཀྱི་སྤྱི་མིང་དུ་བྱ་སྟེ། དཔེར་ན། ཟ་མ་ཏོག་ཞེས་པ་དེའི་མཐིལ་དང་ལོགས་དང་ཁེབས་ཐམས་ཅད་ཀྱི་སྤྱི་མིང་ཡིན་པ་ལས་སོ། །སོ་སོར་དབྱེ་བ་མེད་པ་བཞིན་ནོ། །རྡོ་རྗེའི་ར་བ་བརྩིགས་ལུགས་ནི། འོག་གཞི་རྡོ་རྗེའི་ས་གཞི་བརྡལ་བ་ལོགས་ཆ་ཆུང་གཉིས་ལ་རྡོ་རྗེ་སྔོན་པོ་གྱེན་ལང་གི་ར་བ་ཟླུམ་པོ་གཞལ་ཡས་ཁང་དང་མཉམ་པའི་སྟེང་དུ་རྡོ་རྗེའི་གུར་བྱ་བ་བཞེད་ལ། དེ་དག་ལས་མེ་དཔུང་མཐའ་མེད་དུ་འཕྲོ་བ་ནི་མེའི་གུར་རོ། །དེ་ལྟར་ནའང་བཤད་རྒྱུད་ལས། ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཞེས་གསུངས་པའི་ཕྱིར། ཕྱོགས་སྐྱོང་སྣམ་བུ་མི་དགོས་སམ་ཞེ་ན། དེ་ནི་སྤྱན་འགྲེལ་ལས། ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ཞེས་པ་འཁོར་བའི་ཆོས་རྣམས་ཀྱང་བདག་ཉིད་དུ་རང་སྣང་བའི་ཕྱིར། ཕྱི་རོལ་དུ་མ་ཧཱ་དེ་ཝ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་བསྐོར་ཏེ། རང་རང་གི་མཆོད་ཡོན་དང་རྒྱན་དང་ལྡན་པར་འཁོད་པའོ། །དེ་བས་ན་རང་བཞིན་ཀྱང་འདི་ལྟར་བཞུགས་ལ། བྲི་ཡང་དེ་ཁོ་ན་ལྟར་རོ། །བསྒོམ་ཡང་འདི་བཞིན་ཏེ། ལྷག་པ་གཉིས་ཐུན་མོང་པའོ། །ཞེས་ལྷག་པ་གཟུགས་བརྙན་ལའང་བྲི་བར་གསུངས་པས་སྣམ་བུ་སྒེར་པ་བྱས་ཀྱང་མི་འགལ་མོད། འོན་ཀྱང་རྡོ་རྗེའི་ལས་རིམ་གྱི་ཐིག་གི་སྐབས་སུ་མ་གསུངས་པའི་ཕྱིར་འདིར་མ་བྱས་ལ། དེ་ནས་བདེ་འདུས་ཀྱི་དཀྱིལ་འཁོར་བྱ་བའི་རིམ་པ་ལས། ཕྱོགས་སྐྱོང་སྣམ་བུ་དཀར་པོའི་སྣ་ཚོགས་པདྨ། རྡོ་ཕྲེང་ནག་པོ། འབར་ཕྲེང་དམར་སེར། ཞེས་དང་། ཐིག་ཆོག་ལས། དང་པོ་འཇིག་རྟེན་ཕྱོགས་སྐྱོང་ལ། །ཞེས་པད་རའི་ས་ལ་མཛད་སྣང་བ་བྲིས་ཆ་ལ་དགོས་ཀྱི། སླད་དུ་པད་འདབ་ནི་ལོགས་ལོངས་ཅན་མིན་པས་འགོད་དཀའ་བའི་ཕྱིར། འདིར་འོག་ཏུ། རྡོ་རྗེ་ར་བའི་ནང་ཁོངས་ཀྱི། །ཞེས་སོགས་པདྨའི་ལྟེ་བའི་ཕྱི་མཐའ་འཁོར་ལོའི་མུ་ཁྱུད་ཀྱིས་ཁྱབ་པ་དེ་ལ་བཀོད་པ་ཡིན་ནོ། །གཉིས་པ་འོག་གཞི་ནི། རྡོ་རྗེར་བའི་ཁོར་ཡུག་གི་ནང་དུ་སྣ་ཚོགས་པད་འདབ། དེའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ཅན་གྱི་རྒྱ་ནི། ཕྱོགས་གཅིག་ནས་གཅིག་གི་བར་ལ་ཆ་ཕྲན་བདུན་ཅུ་རྩ་གཉིས་པ། དེའི་སྟེང་དུ་འཁོར་ལོ་ནི། རྩ་རྒྱུད་ལས། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལས། ཞེས་པའི་དོན། རྒྱ་ཆེར་འགྲེལ་དུ། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བསྒོམ། ཞེས་དང་། འཁོར་ལོའི་སྟེང་དུ་བྷྲཱུྃ་ཞེས་སོགས་གཞལ་ཡས་ཁང་བསྐྱེད་པར་མཛད་ཅེས་ལྷ་རྗེ་སོ་གསུངས་སོ། །འཁོར་ལོ་དེའི་ཚད་ནི། ཀ་རྒྱན་གྱི་ཕྱི་མཐའ་དང་མདའ་ཡབ་ཀྱི་ཕྱི་ཐིག་ཕྲད་མཚམས་ནས་ཟླུམ་པོར་བསྐོར་བ་ནི་ལྟེ་བ་དང་དེའི་མཐར་ཆ་ཕྲན་གཅིག་པའི་མུ་ཁྱུད་དང་པདྨའི་ལྟེ་བའི་ཕྱི་མཐའ་དང་མཉམ་པའི་ཕྱིའི་མུ་ཁྱུད་ཆ་ཕྲན་གཅིག་པ་ཞིག་ཀྱང་བསྐོར་ནས། དེའི་བར་ཆ་ཆེན་གཉིས་ཀྱི་དེ་ལ་རྩིབས་བྲི། ཁ་དོག་ནི། དབུས་མཐིང་། ཤར་དཀར་བ་སོགས་རིགས་ཀྱིས་དབྱེའོ། །འོ་ན། སྤར་ཁབ་ཀྱི་ལེའུ་དགུ་པར། གཞི་ཚད་མེད་པའི་འཁོར་ལོའི་སྟེང་དུ་འཁོར་ལོ་ལྔ་སྟེ་འཁོར་ལོ་དྲུག་པའོ། །ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་ནང་གི་གཞི་གདན་གྱི་འཁོར་ལོ་ལ་དགོངས་པའི་ཕྱིར་རོ། །དེ་དང་མཐུན་པ་འོད་རིམ་ལས་ཀྱང་། ཚད་མེད་རྩིབས་བཞིའི་འཁོར་ལོ་ལ། །རྩིབས་བཞི་མུ་ཁྱུད་པཉྩར་ལྡན། །ཞེས་སོ། །དེ་བས་ན་གཞི་ཚད་མེད་པའི་འཁོར་ལོ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། གཞལ་ཡས་ཁང་སྤྱིའི་འོག་གཞི་ནི། བཤད་རྒྱུད་རོལ་པ་ཆེན་པོའི་རྒྱུད་ཀྱི་ལེའུ་ལྔ་པར། ཀུན་ནས་མེ་འོད་འཁྲིགས་པའི་དབུས། །འོག་མིན་ལ་སོགས་རིམ་བཞིན་ཆར། །འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པར་གྲུ་བཞི་རྣམ་པར་བརྗིད། །ཅེས་དང་། སངས་རྒྱས་གསང་བའི་ཆོས་དོན་དུ། །འོག་གཞིའི་དབྱིབས་ནི་ཚད་མེད་དེ། །རྒྱ་མ་ཆད་པ་ཆ་ལེ་བའོ། །ཞེས་པའི་དོན་རྟགས་འཆད་པའི་སྐབས་སུ་ཡེ་ཤེས་ལྔ་དང་སྦྱར་བའི་ཕྱིར། དེའི་རྟགས་འཁོར་ལོ་རྩིབས་བཞི་བར་སྦྱར་བའང་འབྲེལ་ལ། ཕྱོགས་བཅུ་མུན་སེལ་གྱི་ལེའུ་དང་པོར་ཡང་། རྩིབས་བཞི་ལྟེ་བ་དང་བཅས་པ་མ་འདྲེས་པ་དང་རང་གསལ་བའི་སྟེང་ལའོ། །ཞེས་དང་། ལེའུ་དགུ་པ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཞེས་པས་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ལ་གནས་པའི་གཞལ་ཡས་ཁང་ཆེན་པོ། ཞེས་སོགས་གཞལ་ཡས་ཁང་གི་འོག་གཞིར་མཛད་པ་དང་སྔར་དྲངས་པའི་རྒྱ་ཆ ེན་འགྲེལ་གྱི་ལུང་དེས་ཀྱང་དེ་ལྟར་གྲུབ་པའི་ཕྱིར་རོ། །བྱེ་བྲག་གདན་གྱི་འོག་གཞི་ནི། འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་ཞེས་སྔོན་གྱི་མཁན་པོ་རྣམས་གསུངས་ཏེ། གཞལ་ཡས་ཁང་གི་ནང་གི་འཁོར་ལོའོ། །ཡང་རྗེ་སྒྲོལ་མ་ལ་སོགས་པ་ཕལ་ཆེ་བ་ནི། དཀྱིལ་འཁོར་སྤྱི་དང་བསྟུན་ཏེ་འོག་གཞི་སྣ་ཚོགས་རྡོ་རྗེར་མཛད་པ་དང་། དེའི་འཐད་པ་ལ་བླ་མ་འགའ་ཞིག །ཐལ་རྒྱུད་ལས། འབྱུང་བ་རིམ་བརྩེགས་སྟེགས་དང་བཅས ། །རྡོ་རྗེ་རྒྱ་གྲམ་ས་གཞི་གང་། །ཞེས་དང་། བླ་མ་ལས་ཀྱང་། འོག་རྡོ་རྗེ་རྒྱ་གྲམ་མིག་མང་རིས་སུ་གཏམས་པ། ཞེས་པའི་སྣ་ཚོགས་རྡོ་རྗེ་དགོས་ཞེས་གསུངས་ནའང་། ཐལ་རྒྱུད་ཀྱི་ལུང་དེ་ཁོ་བོས་མཐོང་བའི་རྒྱུད་ཀྱི་དཔེ་ལ་མི་སྣང་བའི་ཡོད་མེད་ཀྱང་མ་ངེས་ལ། གལ་ཏེ་ཡོད་སྲིད་ཀྱང་སྐྱོན་མེད་དེ། ཉི་སེང་གི་ལུང་རང་གི་རྣམ་བཤད་དྲངས་པར། རྒྱ་གྲམ་ལ་ནི་ས་གཞི་དང་ཚད་མེད་པའི་འཁོར་ལོའི་བར་ན་གནས་སོ། །ཞེས་པས་རྒྱ་གྲམ་ཡོད་པའི་ཕྱོགས་ལའང་འཁོར་ལོའི་རྩིབས་ཀྱིས་བསྒྲིབས་ནས་མི་མཐོང་བའི་ཕྱིར་དང་། བླ་མའི་ལུང་དོན་ནི་དེ་ལྟར་མ་ཡིན་ཏེ། གལ་ཏེ་ཡིན་ན་རྒྱ་གྲམ་ཞེས་སྨོས་པ་ཧ་ཅང་ཐལ་བའི་ཕྱིར། ཡང་ཁ་ཅིག་འདི་སྙམ་དུ། ཨ་བྷ་ཡས། པདྨ་དང་རྒྱ་གྲམ་ཐབས་ཤེས་ཡིན་པས། པདྨ་ཡོད་ན་རྒྱ་གྲམ་ཡང་དགོས་པར་གསུངས་པས་གནོད་དོ་ཞེ་ན། དེའི་སྐྱོན་མི་འཇུག་སྟེ། སྔར་བཤད་པ་ལྟར་རྒྱ་གྲམ་འཁོར་ལོའི་འོག་ན་ཡོད་པར་བཞེད་པའི་ཕྱིར་དང་། དེ་མི་བཞེད་པའི་ཕྱོགས་ལའང་པདྨ་དང་འཁོར་ལོ་ཐབས་ཤེས་སུ་འགྱུར་བའི་ཕྱིར། དེ་ལྟར་ཡང་། བདེ་འདུས་བསྐྱེད་རྫོགས་འབྲིང་པོའི་ལས་བྱང་ལས། དེ་སྟེང་ཐབས་ཀྱི་འཁོར་ལོ་རྩིབས་སྟོང་འབར། །འོག་ཏུ་ཤེས་རབ་པདྨ་འདབ་སྟོང་བརྡལ། །ཞེས་འོག་གཞིའི་པདྨ་དང་གུར་གྱི་འཁོར་ལོ་གཉིས་ཐབས་ཤེས་སུ་གསུངས་པ་བཞིན་ནོ། །འོ་ན་སྣ་ཚོགས་རྡོ་རྗེ་བྱེད་པའི་ཕྱོགས་ལ་དེའི་བྱ་ཚུལ་ཇི་ལྟར་ཞེ་ན། སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞི་པ། ཤར་ནུབ་ཀྱི་རྒྱར་ཆ་ཆེན་བཅུ་གཉིས་དང་དཔངས་སུ་ཆ་ཆེན་གཅིག་པའོ། །དེ་ལ་འཐོན་པའི་རྭ་ནི། དབུས་རྭ་སྦོམ་པ་ལ་ཆ་ཆེན་གཅིག་དང་། རྩེ་མོ་ཆ་ཕྲན་གཉིས། གཡས་གཡོན་གྱི་རྭ་གཉིས་སྦོམ་ས་ཆ་ཕྲན་གསུམ་དང་། རྩེ་མོ་རིམ་གྱིས་ཕྲ་བའོ། །རིང་ཐུང་དབུས་རྭ་ནི། རྟ་བབས་སྒོ་ཚད་གསུམ་མ་དང་། གཉིས་མ་དང་། གཅིག་མ་སོགས་ལ་ལྟོས་ནས་ཆ་ཆེན་བཞི་དང་། གསུམ་དང་། གཉིས་སོགས་གཅིག་ཏུ་མ་ངེས་པ་ཡིན་ལ། གཡས་གཡོན་གྱི་རྭ་གཉིས་དབུས་རྭ་དང་རིང་ཐུང་འདྲ་ཡང་གུག་པའི་ཆས་རྩེ་མོར་མ་སླེབ་པའོ། ༈ །གསུམ་པ་ལོགས་ལ། རྩིག་པ། འདོད་སྣམ། ཕ་གུ། དྲྭ་ཕྱེད། བྱ་འདབ། ཤར་བུ། པུ་ཤུ་དང་བདུན། དང་པོ་ལ། པཉྩ་རེ་ཁཱ་ལྔ་སྟེང་ནས་སྟེང་དུ་བརྩེགས་པའི་ལུགས་དང་། ཕྱི་ནང་སྦྲགས་མའི་ལུགས་གཉིས་ལས། འདི་གང་ལྟར་ཡང་མི་འགལ་ཏེ། དང་པོ་ནི། རྡོ་རྗེ་ལས་རིམ་ལས། ཡེ་ཤེས་རིན་ཆེན་རིམ་བརྩེགས་ཚུལ། །ཞེས་གསུངས་པ་ལྟར་སྔ་རབས་པ་ཕལ་ཆེར་བཞེད། གཉིས་པ་ནི། ཆོས་དོན་ལས། ཕྱི་ནི་རིན་ཆེན་ལྔ་རུ་སྦྲགས། །ཞེས་དང་། བླ་མ་ལས་ཀུན་གྱི་ཕྱི་རོལ་ནག་པོར་བཤད་པ་དང་། བདེ་འདུས་ལས། ཀུན་གྱི་ཐ་མ་ལྗང་གིས་བསྐོར། །ཞེས་གསུངས་ཤིང་། ཙགས་ཚ་སོགས་སྔ་རབས་པ་འགའ་དང་། སྒྲོལ་ཆེན་ཡབ་སྲས་སོགས་ཕྱི་རབས་པ་ཕལ་ཆེར་ཡང་སྦྲགས་མར་བཞེད་དོ། །དེ་ལ་སྒོའི་ཐད་དུ་ཕྱི་མ་བདེ་བས་འདིར་ཡང་རེ་ཞིག་ཕྱི་ནང་སྦྲགས་མར་བྱས་སོ། །པཉྩ་རེ་ཁཱའི་ཁ་དོག་གི་རིམ་པ་ནི། ཧེ་རུ་ཀ་འདུས་པ་ལས། སྔོ་དང་དཀར་དང་སེར་དང་དམར། །ཀུན་གྱི་ཐ་མ་ལྗང་གུ་སྟེ། །ཞེས་དང་། བདེ་འདུས་རིགས་བརྒྱའི་སྒྲུབ་ཐབས་ལས། རྩིག་པ་རིགས་ཀྱི་དབྱེ། ཞེས་གསུངས་པ་ལྟར། སྲབ་འཐུག་ཆ་ཆུང་གཅིག་ལ་རེ་ཁཱ་ལྔ་པོ་གཙོ་བོའི་དབང་གིས་ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་གུ་སྟེ། ཕན་ཚུན་རེག་ལ་མ་འབྱར་བའི་ཚུལ་དུ་བྱའོ། །ཡང་གཞུང་གཞན་ལས་རེ་ཁཱ་ལྔ་པོ་ནས་གང་གིས་མ་རེག་པར་གསུངས་པ་ལ་ཁ་ཅིག །ཆ་ཆུང་གཅིག་གི་ཁྱོན་ལ་བར་ནས་ཚར་རེ་བཞག་པ་མི་འོས་ཟེར་ནའང་། ཆ་ཆུང་ནི་གཙོ་བོའི་ཁྲུ་གང་ཡིན་ལ། ནས་ནི་དེ་བརྒྱ་རེ་གྱད་གྱི་ཆ་གཅིག་ཡིན་པའི་ཕྱིར་སྐྱོན་མེད་དོ། །དཔངས་ནི། རྟ་བབས་སྒོ་ཚད་གསུམ་མ་དང་། གཉིས་མ་དང་། གཅིག་མ་ལ་ལྟོས་ཏེ་ཆེ་འབྲིང་ཆུང་གསུམ་དུ་བྱ་བ་འཐད་ཀྱིས། ཕྱོགས་གཅིག་ཁོ་ནར་ངོས་བཟུང་བྱས་པ་ལ་ཤེས་བྱེད་མེད་དོ། །དེས་ན་འདིར་འབྲིང་ཚད་ཀྱི་དབང་གིས་ཆ་ཕྲན་བཅུ་གསུམ་དུ་བྱས་སོ། །གཉིས་པ་ལ། རྩིག་པའི་སྟེང་ན་ཡོད་པའི་ལུགས་དང་། ཕྱི་འགྲམ་ན་ཡོད་པའི་ལུགས་གཉིས་ལས། དང་པོ་ནི། མེ་ལོང་ལྟ་བུའི་སྒྲུབ་ཐབས་དང་། བདེ་འདུས་ཞི་བ་ཞེ་གཉིས་ཀྱི་སྒྲུབ་ཐབས་གཉིས་ཚིག་དོན་མཐུན་པར། ཀུན་ནས་བསྐོར་བའི་ཁ་ཁྱེར་ལ། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་གསུངས་པའི་རྗེས་སུ་འབྲངས་པར་རློམ་ནས་བྱས་པར་སྣང་མོད་ཀྱང་། ལུང་དེའི་དགོངས་པ་དེ་ལྟར་མ་ཡིན་པས་མི་རིགས་ཏེ། རྒྱུ་མཚན། རྡོ་རྗེ་རྩེ་མོ་ལས། ཀུན་ནས་བསྐོར་བའི་ཕྱི་རོལ་དུ། །རྡོ་རྗེའི་ཁ་ཁྱེར་ཡང་དག་ལྡན། །ཞེས་འདོད་སྣམ་ལ་ཁ་ཁྱེར་ཞེས་བྱས་ནས་དེ་གཞལ་ཡས་ཁང་གི་ཕྱིར་ཡོད་པར་བཤད་པ་དང་། གཞན་ཡང་ནང་གི་ལྷ་སྣམ་ལའང་ཁ་ཁྱེར་དུ་བཤད་པ་དང་། སྒོ་ཁ་ཁྱེར་དང་བྲལ་བ་བཤད་པ་སོགས་མང་དུ་སྣང་བས་གནོད་པའི་ཕྱིར། གཉིས་པ་ནི། རྩིག་པའི་ཕྱི་ངོས་སུ་འགྲམ་སྟེགས་ཀྱི་ཚུལ་དུ་ཡོད་པར་འདོད་པ་འདི་ལེགས་ཏེ། བདེ་འདུས་རིགས་བརྒྱའི་སྒྲུབ་ཐབས་ལས། ལོངས་སྤྱོད་འགྲམ་གྱི་ཆ། ཞེས་དང་། གཤེད་མར་གཞོན་ནུ་རོལ་པའི་སྒོམ་བྱང་ལས་ཀྱང་། ཕྱི་འདོད་ཡོན་དམར་པོས་འགྲམ་སྟེགས་སུ་བསྐོར་བ། ཞེས་གསུངས་ཤིང་། བེ་དི་ཀཿཞེས་པའི་སྒྲ་ལས་དྲངས་ནའང་། ཁ་ཁྱེར་དང་། ཁ་རན་དང་། གཟུངས་དང་། སྟེགས་བུ་རྣམས་ལ་འཇུག་པའི་རྒྱུ་མཚན་གྱིས་སོ། །དཔངས་ཆ་ཕྲན་གཅིག་བྱེད་པ་ལ་ཤེས་བྱེད་མེད་ཅིང་། བླ་མ་དགོངས་འདུས་ལས། དཔངས་སུ་ཁྲུ་དོ་ཡིན་ལ། ཞེས་དང་། འཆད་འགྱུར་ལྟར་རྟ་བབས་ཀྱིས་ཀྱང་ཀ་བ་སོགས་ཀྱི་དཔགས་ནུས་པའི་ཕྱིར། འདིར་ཆ་ཕྲན་གཉིས་པར་བྱས་སོ། །དེ་ཡང་བཤད་རྒྱུད་མེ་ལོང་ལས། ཟླ་ཕྱེད་རྡོ་རྗེ་འདོད་ཡོན་དང་། །ཞེས་དང་། སྙིང་པོ་རོལ་པ་ཆེན་པོའི་རྒྱུད་ལས། ཟླ་ཕྱེད་རྡོ་རྗེ་མི་འཇིགས་སྟོབས། །འདོད་ཡོན་ལྷ་མོ་ཕྱོགས་པར་འཁྲིགས། །ཞེས་པའི་འདོད་སྣམ་གྱི་སྒོ་ཁྱུད་ཀྱི་མཚམས་དང་། ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ཟླ་ཕྱེད་རྡོ་རྗེ་དང་། ཕྱོགས་བཞིར་གཟུགས་ལ་སོགས་པའི་ལྷ་མོ་འགོད་དེ། དེའི་ཚུལ་ནི་ལཱ་སྱེ་མ་དཀར་མོ་མེ་ལོང་། སྒྲ་མ་དམར་མོ་པི་ཝཾ། དྲི་མ་སྔོན་མོ་དྲིའི་དུང་ཆོས། །རོ་མ་སེར་མོ་གཡོས་ཀྱིས་གང་བའི་ཁར་གཞོང་། རེག་བྱ་མ་དཀར་མོ་ལྷའི་གོས་པཉྩ་ལི་ཀ་ཐོགས་པ་སྟེ། རྒྱུད་ལས་ལྷ་མོ་དེ་ལྔ་ལས་མ་གསུངས་ཤིང་། རྡོ་རྗེ་ལས་རིམ་ལས་ཀྱང་། གཟུགས་ལ་སོགས་པ་མཆོད་པ་ལྔ། །ཞེས་པས་དེ་ཙམ་གྱི་ཆོག་ལ་གཞན་དུ། ཆོས་དོན་ལས། ལོངས་སྤྱོད་འདོད་ཡོན་སྣམ་བུ་ལ། །གཟུགས་མཛེས་སྒྲ་སྙན་དྲི་མཆོག་དང་། །རོ་ཞིམ་ཡིད་འོང་ཆོས་རྣམས་ཀྱི། །ལྷ་མོ་རྣམས་ཀྱིས་དགྱེས་པར་རོལ། །ཞེས་ཆོས་ཀྱི་ལྷ་མོ་གསུངས་པ་ལྟར་ན་ཆོས་དབྱིངས་མ་ཆོས་འབྱུང་འཛིན་པ་སྟེ། དེ་དག་ཀྱང་བསྒོམ་དབང་དུ་ནི་ཕྱོགས་ཀུན་ཏུ་འཁྲིགས་པའོ། །དེ་ལྟར་ཡང་འོད་རིམ་ལས། གཟུགས་སོགས་ལྷ་མོས་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་ཀུན་སྤྲིན་ཕུང་བཞིན། །ཞེས་སོ། ༈ །གསུམ་པ་ཕ་གུ་ནི། འགའ་ཞིག་འདོད་སྣམ་གྱི་ཕྱི་རོལ་ན་ལྕགས་ཆུང་གི་ཚུལ་དུ་ཡོད་གསུངས་ནའང་། འདིར་ཆོས་དོན་ལས། སྤྱི་ཡི་རྩེ་ལ་ཕ་གུ་གཏོད། །ཅེས་དང་། འོད་རིམ་ལས། ཡེ་ཤེས་བརྩེགས་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ནས་མུ་ཏིག་ཧར། །ཕ་གུ་མཛེས་པའི་བད་དང་ལྡན། །ཞེས་གསུངས་པ་ལྟར། རྩིག་པའི་སྟེང་དུ་ཕ་གུ་གཞི་སེར་པོ་ལ་རིན་པོ་ཆེའི་ཕྲས་མཛེས་པར་བད་ཀྱི་ཚུལ་དང་། སེང་མགོ་ནི་འདེགས་བྱེད་པད་ཕུར་གྱི་ཚུལ་དུ་ཡོད་པ་སྣེ་ལ་བརྐོས་པའོ། །འོ་ན་རྩིག་པ་ལྔ་སྟེང་ནས་སྟེང་དུ་བརྩེགས་པ་མི་འདོད་པའི་ལུགས་ལ་ལ་དེའི་སྣམ་བུའི་གཞི་དམར་པོ་དང་། ལྔ་བརྩེགས་སུ་འདོད་པའི་ལུགས་ལ་བརྩེགས་པ་དང་པོའི་ཁ་དོག་ཏུ་ཕྲེང་བར་བཤད་མོད། འདིར་སེར་པོ་བྱེད་པ་གང་ཞེ་ན། ཧེ་རུ་ཀ་གལ་པོའི་བརྟགས་པ་བདུན་པར། འདོད་ཡོན་དམར་ལ་ཕ་གུ་སེར། །ཞེས་དང་། བདེ་འདུས་རིགས་བརྒྱའི་སྒྲུབ་ཐབས་ལས་ཀྱང་། འདོད་ཡོན་ཁྱམས་དམར་རིན་ཆེན་ཕ་གུ་སེར། །ཞེས་གསུངས་ཤིང་། ཤྲ་དྷའི་གཞུང་ལས་དེ་ལྟར་འབྱུང་བར་གྲགས་སོ། །སེང་མགོའི་ཁ་ནས་ཧར་གྱི་སྒྲས། ཧཿར་དོ་ཤལ་དང་ཕྲེང་བ་ལ་འཇུག་པས། མུ་ཏིག་གི་ཕྲེང་བ་འཕྱངས་པ་ཡིན་ལ། འདིར་དོ་ཤལ་ཕྱེད་པ་མ་བྱས་ཀྱང་ཆོག་སྟེ། ཨརྔྷ་ཧ་ར་ཞེས་པ་མ་བྱུང་བའི་ཕྱིར། ༈ བཞི་པ་དྲྭ་བ་དང་དྲྭ་བ་ཕྱེད་པའི་ས་ནི། ཕ་གུའི་སྟེང་དུ་བྲེ་དཔུངས་སམ་ཀ་ཐུང་དང་། དེས་བཏེགས་པའི་གསེར་གདུང་རྣམས་ནི་གོ་སླ་ཞིང་། ཀ་ཐུང་རེ་རེའི་ཐད་ཀྱི་གཞུ་དང་གདུང་མའི་ཆ་ཕྲན་ཕྱེད་ཙམ་ཕྱིར་འབུར་བའི་གཟེར་བུ་བཞི་བཞི་བཏབ་པ་ལ་གསེར་སྐུད་དཀྲིས་ཏེ་ཕན་ཚུན་གཅིག་ནས་གཅིག་ལ་འཕྲད་ངོས་སུ་འཐེན་པ་ནི་གསེར་གྱི་སྐ་རགས་བཞི་ཞེས་གྲགས་སོ། །དྲྭ་བ་དྲྭ་ཕྱེད་ནི་གཞན་དག་སྐ་རགས་དང་པོ་གཉིས་ལ་ཆུ་སྲིན་མ་ཀ་རའི་མགོ་སྦྲགས་པ་ལས་འཕྱང་བར་འདོད་ཀྱང་། འདིར་ཆོས་དོན་ལས། ལོགས་རྒྱན་ཁྱམས་མགོ་ཙི་པ་ཏྲའི། །ཁ་ནས་ཕྲེང་བ་རིན་ཆེན་ནི། །དྲྭ་བ་དྲྭ་བ་ཕྱེད་གྱུར་པ། །ཞེས་པས་གསེར་གདུང་གི་སྟེང་དུ་ཕྱམ་གྱི་ཕྱི་མ་དཔངས་ཆ་ཕྲན་ཕྱེད་རེ་འཕྱར་བ་གསེར་སྐེད་དང་ཐད་མཉམ་དུ་འོང་བར་བྱས་ནས་ཕུབས་པའི་ཕྱམ་སྣེ་རྣམས་ལ་བཀོད་པའི་ཙི་པ་ཏྲའི་ཁ་ནས་དྲྭ་བ་དང་དྲྭ་བ་ཕྱེད་པ་གསེར་སྐུད་ཀྱི་ཕྱིའི་ངོས་སུ་རིང་བ་རྣམས་ཕ་གུ་ལ་རེག་ཏུ་ཉེ་བ་ཙམ་དུ་འཕྱང་བ་སྟེ། དེ་ལ་དྲྭ་བ་ནི་ནོར་བུའི་ཕྲེང་བ་ཙི་པ་ཏྲའི་ཁ་གཅིག་ནས་གཅིག་པར་སྦྲེལ་ཏེ་དཔྱངས་པའི་འགུགས་ཅན་ཡིན་ལ། དྲྭ་ཕྱེད་ནི་བགྲངས་ཕྲེང་གི་བཅུ་ཤད་ལྟ་བུ་ཁའི་དབུས་ནས་མཐུར་དུ་འཕྱང་བའི་རྩེ་མོ་ལ་ནོར་བུ་སྦོམ་པོ་དང་ལྡན་པའོ། །གཞན་ཡང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། དྲིལ་བུའི་མཐར་ཉི་ཟླ་དང་རྔ་ཡབ་ཀྱི་རླུང་བསྐྱོད་ཅན་སོགས་ཀྱང་ཇི་ལྟར་རིགས་པར་བྱ་སྟེ། རྔམ་གློག་ལས། ཕོ་བྲང་དེ་ཡི་རྒྱན་མཆོག་ཀྱང་། །ཉི་ཟླ་ནོར་བུ་རིན་ཆེན་འབར། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དར་དང་དོ་ཤལ་མུ་ཏིག་ཕྲེང་། །དྲིལ་བུ་དང་ནི་རྔ་ཡབ་སོགས། །རོལ་མོའི་ཆ་བྱད་སྣ་ཚོགས་བརྒྱན། །ཞེས་གསུངས་པའི་རྒྱན་རྣམས་གཞན་དུའང་ཅི་རིགས་འགོད་པ་འབྱུང་མོད་ཀྱི། ཕལ་ཆེར་འདིར་འགོད་དོ། །ཡང་ལྷ་རྗེ་སོའི་ཞལ་ནས། འོད་རིམ་ལས། མཐའ་མའི་འདབ་མས་ཀུན་གཡོགས་པའི། །ཡེ་ཤེས་བརྩེགས་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ནས་མུ་ཏིག་ཧར། །ཕ་གུ་མཛེས་པའི་བད་དང་ལྡན། །དྲྭ་བ་དྲྭ་ཕྱེད་མགུལ་འཁོར་འབར། །ཞེས་པའི་མུ་ཏིག་གི་ཧ་ར་དང་། རྐང་པ་ཐ་མའི་དྲྭ་བ་དྲྭ་ཕྱེད་གཉིས་དོན་གཅིག་པ་ཡིན་ཏེ། ཐིག་གི་པཎྜིརྠ་ལས། རྩིག་ཕྱིར་དྲྭ་བ་མགུལ་འཁོར་འབར། །ཞེས་གསུངས་པའི་ཕྱིར། ཕ་གུ་ལ་དྲྭ་བ་དྲྭ་ཕྱེད་འཕྱངས་ལ། བྲེ་ཕུལ་གྱི་སྣམ་བུར་དར་རས་ལས་གྲུབ་པའི་ཤར་བུར་སྔོན་པོ་དང་དཀར་པོ་འཕྱང་བ་ཡིན་གསུང་ཡང་། བི་མ་ལས། རྩིག་ཕྱིར་དྲྭ་བ་མགུལ་འཁོར་འབར། །ཞེས་གསུངས་པ་དེ་དྲྭ་བ་དང་དྲྭ་བ་ཕྱེད་པ་ལ་དགོངས་པ་མ་ཡིན་པས་མི་རིགས་སོ། །འོ་ན་གང་ཞེ་ན། ཕ་གུ་ལས་རྩིག་པའི་ཕྱིར་འཕྱངས་པའི་མུ་ཏིག་གི་དྲྭ་བ་དེ། རྩིག་པའི་ཡ་ཐ་ན་བད་ཀྱི་ཚུལ་དུ་ཡོད་པའི་ཕ་གུ་གདོང་གི་ཚུལ་ཅན་དེ་ཉིད་ཀྱི་མགུལ་འཁོར་བའི་ཚུལ་དུ་འདོད་པ་བཞེད་པ་སྟེ། དེ་ནི་འོད་རིམ་གྱིས། ཡེ་ཤེས་རྩིག་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ནས་མུ་ཏིག་ཧར། །ཕ་གུ་མཛེས་པའི་བད་དང་ལྡན། །ཞེས་རྐང་པ་གསུམ་པ་དེའི་དོན་ཡིན་ནོ། །དྲྭ་བ་དྲྭ་ཕྱེད་མགུལ་འཁོར་འབར། །ཞེས་པ་ནི། གང་གིས་མཐའ་མའི་འདབ་མས་ཀུན་གཡོགས་པའི། །ཞེས་པ་ལ་སྙེགས་པ་སྟེ། མཐའ་མའི་འདབ་མ་ནི་བྱ་འདབ། དེས་ཀུན་ནས་གཡོགས་པའི་འོག་ཏུ། མས་ནས་ཡར་རྩིག་པ་དང་སེང་མགོ་ལས་འཕྱང་བའི་མུ་འཕྲེང་དང་། ཕ་གུ་རྣམས་རིམ་པར་བརྩེགས་པའི་སྟེང་དུ། དྲྭ་བ་དང་དྲྭ་བ་ཕྱེད་པ་རྣམས་ནི། བྱ་འདབ་དེས་མགུལ་འཁོར་བའི་ཚུལ་དུ་ཡོད་ཅེས་པའི་དོན་ཏེ། དོན་འདི་ལ་དགོངས་ནས་རྗེ་སྒྲོ་ཕུག་པའི་གསུང་སྒྲོས་རིིམ་པར་བརྒྱུད་པ་ལས་ཀྱང་། སྟེང་གི་བྱ་འདབ་ཀྱི་འོག །ཀ་གདུང་བཅུ་དྲུག་གི་འཕྲག །དྲྭ་བ་དྲྭ་ཕྱེད་ཀྱི་གསེབ། ཅེས་ཀ་ཐུང་དང་དྲྭ་བ་དྲྭ་ཕྱེད་ཀྱི་ས་གཅིག་ཏུ་མཛད་པ་ཡིན་ནོ། །དེའི་ཕྱིར་རིག་པའི་བསྟན་བཅོས་ལས། སྤྱིར་བཏང་བསྟན་བཅོས་ངེས་པ་ལས། བྱེ་བྲག་སྟོབས་དང་ལྡན་པར་བརྗོད། །ཅེས་པ་ལྟར། སྤྱི་བྱེ་བྲག་འདོམས་ན་བྱེ་བྲག་དབང་བཙན་པའི་རིག་པས། སྤྱི་བཏང་ཙམ་དུ་དཀྱིལ་འཁོར་ཕལ་ཆེ་བར་དྲྭ་བ་དྲྭ་ཕྱེད་གཉིས་ཕ་གུའམ་བྲེ་ཕུལ་གྱི་སྣམ་བུ་གང་རིགས་ལ་འདོགས་པ་ལས་གཉིས་ཀ་འདོགས་པའི་ཕྱག་ལེན་འབྱུང་བ་བདེན་ནའང་། བྱེ་བྲག་ཏུ་སྔར་དྲངས་པའི་འོད་རིམ་གྱིས་ལུང་དང་། སློབ་དཔོན་རྒྱལ་བ་བཟང་པོ་དཔལ་སྦས་ཀྱི་སྒྱུ་འཕྲུལ་འོད་ཀྱི་ཕྱག་ལས་ཀྱང་། སེང་མགོའི་ཁ་ནས་མུ་ཏིག་འཕྲེང་། །ཕ་གུ་དྲྭ་བ་དྲྭ་ཕྱེད་དང་། །ཞེས་སོགས་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མན་ངག་ཕལ་ཆེ་བར་མུ་འཕྲེང་དང་དྲྭ་བ་དྲྭ་ཕྱེད་གཉིས་ཐ་དད་དུ་གསུངས་པའི་ལུང་ཆེས་གསལ་བ་མང་དུ་བཞུགས་པའི་ཕྱིར་དང་། དར་རས་ལས་གྲུབ་པའི་ཤར་བུ་ཞེས་པའང་མི་རིགས་ཏེ། རྩ་རྒྱུད་ལས། ཡེ་ཤེས་རིན་པོ་ཆེའི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། ཞེས་ཤར་བུའི་རྒྱུ་རིན་པོ་ཆེར་བཤད་པའི་ཕྱིར་རོ། ༈ །ལྔ་པ་བྱ་འདབ་ནི། ཁྱམས་ཀྱི་ཕྱམ་སྟེང་དུ་ཆ་ཆུང་གཅིག་གི་དཔངས་ལ་བབས་སམ་བྱི་རྩེར་གྲགས་པ་དང་། དེའི་སྟེང་དུ་བྱ་འདབ་བཀལ་བ་ཁྱམས་ལས་ཀྱང་ཆ་ཆུང་ཕྱེད་གཉིས་ཙམ་ཕྱིར་འཕྱར་འདོད་སྣམ་དང་ཁ་ད་ཆད་དུ་བྱ་གསུངས་པ་ལྟར་རམ། དེ་ལས་ཅུང་ཟད་རིང་བར་བྱས་ནའང་། མི་འགལ་ཏེ། ཆུ་འདོད་སྣམ་གྱི་ཕྱིར་འབབས་པ་བཀོད་པ་ལེགས་པས་སོ། །དེ་ལ་བྱ་འདབ་ནི། གསེར་ཐོག་གཡུ་ཐོག་སོགས་དང་རྣམ་པ་འདྲ་བ་སྟེ། གྱོ་མོའི་ཝ་ཁ་འོག་དང་སྟེང་དུ་བལྟ་བའི་ཁྱད་པར་གྱིས་ཕོ་གྱོ་མོ་གྱོ་ཞེས་གྲགས་ཤིང་། དེ་ཡང་སྔ་རབས་པ་རྣམས་ཕོ་གྱོའི་མཐའ་དགག་ལ་ཁྱུང་མགོ་བྱས་པ་བྱ་དང་། མོ་གྱོའི་མཐའ་འཕྱང་ལ་པད་འདབ་ཕྱེད་པའི་རྣམ་པ་ལྟ་བུ་བྱས་པས་འདབ་མ་ཞེས་གྲགས་པར་བཞེད། ཕྱིས་ཀྱི་ལོ་ཙཱ་བ་རྒྱ་གར་མཁས་པའི་ལག་རྒྱུན་གཟིགས་པ་དག་ཕྱམ་སྣ་དང་བྱི་རྩེའི་ཕྱི་ངོས་རིན་པོ་ཆེས་མཛེས་པར་བྱས་པ་ལ་བྱ་འདབ་སྟེང་འོག་ཅེས་བཞེད་པའང་ཡོད་དོ། ༈ །དྲུག་པ་ཤར་བུ་ནི། བྱ་འདབ་གྱི་ནང་ཙམ་ནས་སྤྱི་བླུགས་མགོ་མཐུར་བསྟན་ལྟ་བུའི་ཤར་བུའི་ཕྲེང་བ་དཀར་པོས་ཀུན་ཏུ་བསྐོར་བ་རྩེ་མོ་ཕྱམས་ཀྱི་མ་མཐའི་ཐད་ཀར་སླེབ་པ་ཙམ་བྱའོ། །གཞུང་ཁ་ཅིག་ཏུ། ནོར་བུ་མིག་གསུམ་མགོ་ཐུར་དུ་བསྟན་ནས་བསྒྲིགས་པ་ལྟ་བུའང་ཡོད་པར་འདོད་དོ། ༈ །བདུན་པ་པུ་ཤུ་ནི། ཀུན་མཁྱེན་ཆེན་པོས། གདུང་སྣ་གནོན་པ་ལ་རིན་པོ་ཆེའི་པུ་ཤུ་མཆོད་རྟེན་རྩིགས་སུ་བསྒྲིགས་པ། ཞེས་གསུངས་པ་ལྟར། རྩིག་པའི་དྲང་ཐད་ནས་ཐོག་མཐིལ་ནས་རིན་པོ་ཆེའི་པང་ལེབ་དཀར་པོ་གྱེན་ལང་ཆ་ཕྲན་གཅིག་པ་གཡས་གཡོན་དུ་མཐོ་དམན་གྱི་སྟག་སོ་རིས་རིམ་པ་བཞི་བཞི་ཡོད་པ། རྒྱང་ནས་བལྟས་ན་མཆོད་རྟེན་འདྲ་བ་ལ་པུ་ཤུ་མཆོད་རྟེན་རྩེགས་སུ་གྲགས་ཤིང་། པདྨ་ཕྱེད་པར་གསུངས་པ་ཡང་འདབ་མ་ཡན་གར་བ་ཞིག་མ་ཡིན་ཏེ། འདབ་མ་བརྒྱད་པའི་པདྨ་ལ་གཞུང་ཐིག་བཏབ་ནས་བཅད་པའི་ཁ་མཐུར་དུ་བསྟན་ནས་བསྒྲིགས་པ་ལྟ་བུ་སྟེ་མཆོད་རྟེན་རྩིགས་དང་གནད་གཅིག་པ་ཡིན་ཞེས་གསུངས་སོ། །གཞུང་ཁ་ཅིག་ཏུ། རིན་པོ་ཆེའི་དྲྭ་མིག་སེང་མ་ཁ་དོག་སྣ་ཚོགས་ཀྱི་སྤྲས་པར་འདོད་པའང་སྣང་ངོ་། ༈ །བཞི་པ་ཐོག་འབུབ་ལ་རིམ་པ་གསུམ་འབུབ་པའི་འཐད་པ་དང་། ཇི་ལྟར་འབུབ་ལུགས་གཉིས། དང་པོ་ནི། ཆོས་དོན་ལས། ཕུག་ན་ཀ་བ་བརྒྱད་པོ་ཡིས། །གདུང་ཆེན་བཞི་ཡི་རྩེ་ནས་བཏེགས། །གདུང་ཆེན་བཞི་ཡི་རེ་མིག་ཀྱང་། །ཕྱམ་རྩ་ཉི་ཤུ་བརྒྱད་ཀྱིས་བཀབ། །དེ་བཞིན་གྲལ་ཐོག་ཅི་རིགས་པའོ། །ཞེས་གསུངས་པའི་དོན་ལ། བར་སྐབས་ཀྱི་མཁས་པ་དག་ན་རེ། གསེར་གདུང་གི་གདུང་བཞི་མིག་མང་རིས་སུ་བཏང་ལ། རེ་མིག་ཕྱི་མ་བརྒྱད་པོ་ཕུབ་རེ་མིག་དབུས་མ་ཕྱུར་བུར་བྱས་ཏེ་ཐོག་ཉིས་རིམ་ཁོ་ནར་ངེས་ཞེས་གསུངས་པ་ནི་ལུང་དེའི་དགོངས་པ་མ་ཡིན་ཏེ། གལ་ཏེ་ཡིན་ན། གཞུང་དེ་ལས། ཕྱི་དབྱིབས་མཆོད་རྟེན་དུ་བྱ་བ་ཡང་གསུངས་པའི་ཕྱིར། ཐོག་སྟེང་དུ་མཆོད་རྟེན་བརྗིད་ཅན་འགེལ་བའམ། གཞན་དུ་ན་མཆོད་རྟེན་ཆུང་ངུ་ཐོག་མཐིལ་དུ་བཞག་པ་ལྟ་བུ་ཞིག་མ་གཏོགས་བྱ་དཀའ་བའི་ཕྱིར་དང་། བཀའ་བརྒྱད་ལྟ་བུ་གདུང་བཞི་མིག་མང་རིས་སུ་ཕུབ་པའི་སོ་སོའི་ནང་ཁོངས་སུ་གཞལ་ཡས་ཁང་དགུ་ཚོམ་བྱས་པ་དེའི་ཚེ་དབང་མོའི་ཁྱམས་བྱ་ས་མེད་པའི་ཕྱིར་དང་། ཁྱད་པར་སྒྱུ་འཕྲུལ་བ་རྣམས་ནི་འོད་རིམ་གྱི་ལུང་ཁས་བླངས་དགོས་ལ་དེ་ལྟར་ན། དེ་ཉིད་ལས། ཡང་ཐོག་མཐོ་དམན་རིམ་པར་ལྡན། །ཞེས་པའི་ཡང་ཐོག་གི་དོན་ནི། འོག་ཐོག །སྟེང་ཐོག །ཡང་ཐོག་ཞེས་འཇིག་རྟེན་དུ་ཐ་སྙད་གྲགས་པ་ལྟར་ཡིན་པའི་ཕྱིར། སྟེང་ཐོག་ལ་མཐོ་དམའི་རིམ་པ་འདོད་དགོས་ན། དེ་ལྟར་ཡང་བྱར་མི་རུང་བའི་ཕྱིར། ཡང་འོད་རིམ་གྱི་ལུང་དོན་དེ་ལ་ཁ་ཅིག །ཐ་སྙད་སེམས་ཕྱིར་བུམ་པ་གཅིག །རྨ་བྱའི་མདངས་ལྟར་ཅི་ཡང་སྣང་། །མཐོ་དམན་ཚད་མེད་བྱ་འདབ་ལྡན། །ཐུགས་རྗེས་ཀུན་སྙོམས་ཁྱབ་ཕྱིར་རོ། །ཡང་ཐོག་མཐོ་དམན་རིམ་ལྡན་པར། །མཐའ་མའི་འདབ་མ་ཀུན་གཡོགས་པའི། །ཞེས་དབུས་བུམ་པ་ཟླུམ་པོའི་བྱ་འདབ་དང་། མཐའ་མ་སྟེང་འོག་ཐོག་གི་བྱ་འདབ་སྟེ། དེ་གཉིས་ལ་དགོངས་ནས་ཡང་ཐོག་མཐོ་དམན་ཞེས་སོགས་གསུངས་པའི་ཕྱིར་ཉིས་ཐོག་གོ་ཟེར། དེ་ལྟར་ན་ཁང་པ་ཐོག་གཅིག་མ་རྣམས་ཀྱང་སྟེང་ཐོག་ཅན་དུ་ཐལ་བའི་ཕྱིར་མི་རིགས་སོ། །འོ་ན་གང་ཞེ་ན། དབུས་བུམ་པ་ཟླུམ་པོ་ཁ་དོག་ཅིར་ཡང་སྣང་བ་མཐོ་དམའི་ཚད་དཔག་ཏུ་མེད་པ། དེའང་ཐུགས་རྗེས་ཀུན་ལ་སྙོམས་ཁྱབ་ཀྱི་རྟགས་སུ་བྱ་འདབ་ཅན་ནོ། །དེའི་སྟེང་དུ་བྲེ་མཚོན་པའི་ཕྱུར་བུའི་ཐོག་གྲུ་བཞི་པ་ལའང་བྱ་འདབ་བཀལ་བ་ན། ཡང་ཐོག་མཐོ་དམན་རིམ་པར་ལྡན། །ཞེས་དང་། རྒྱ་ཆེར་འགྲེལ་ལས་ཕྱི་དབྱིབས་མཆོད་རྟེན་དུ་གསུངས་པའིི་ལུང་དོན་ཀྱང་གྲུབ་བོ། །དེ་བས་ན་བྱ་འདབ་འོག་མ་འོག་མ་ལས་སྟེང་མ་སྟེང་མ་རྒྱ་ཇེ་ཆུང་དུ་སོང་བའི་ཕྱིར། ཕྱི་ནས་བལྟས་ན། སྟེང་མ་སྟེང་མ་ལ་འོག་མ་འོག་མ་ཕྱི་འཁོར་བའི་ཚུལ་དུ་ཡོད་ལ་དེའི་ཕྱིར་འོག་ཐོག་གི་བྱ་འདབ་ལ་མཐའ་མའི་འདབ་མ་ཞེས་གསུངས་སོ། །ཡང་བར་སྐབས་ཀྱི་ཟུར་ལུགས་པ་འགའ་ཞིག །དབུས་བུམ་པ་ཟླུམ་པོ་འཁྱིལ་བའི་དོན་གུར་གྱི་རྣམ་པར་བཞེད་པ་ལའང་འོད་རིམ་གྱི་ལུང་འདིས་གནོད་དམ་སྙམ་མོ། ༈ །གཉིས་པ་ཇི་ལྟར་འབུབས་ལུགས་ལ་ཐོག་རིམ་གསུམ་ལས། དང་པོ་འོག་ཐོག་ནི་འདིར་གཞུང་རྣམས་སུ་འདེགས་བྱེད་ཀྱི་ཀ་བ་གསལ་བར་མ་གསུངས་པས་རྩིག་ནང་ནས་སེང་གདུང་ཟུར་ནས་རིང་བ་དང་། ངོས་ནས་ཐུང་བ་བཏང་བའི་ཤིང་བརྩེགས་ཀྱི་བཀོད་པ་ཇི་ལྟར་རིགས་པས་གདུང་ཟླུམ་བཏེགས་ནས་ཡ་ཕུབས་ཏེ་གོ་སླའོ། ༈ །གཉིས་པ་བར་ཐོག་ནི། འདིའི་ཀ་བ་རྣམས་འཁོར་ལོའི་རྩིབས་སྟེང་རྡོར་ཕྲེང་གི་སྟེང་ནས་འཛུགས་དགོས་པས་ཐོག་མར་ནང་གི་བཤད་པ་བྱ་སྟེ། སྒོ་ཁྱུད་ཀྱི་བར་སྟོད་གྲུ་བཞི་པ་ལ་སྒོ་ཕུགས་དང་འགྲམ་གྱི་ཕྱི་སྒོ་ལོགས་གཉིས་ཀྱི་བར་ལ་སྒོ་གཡབ་ཅེས་ཟེར་ལ། དེ་གཉིས་ཀའི་སྤྱི་མིང་ནི་སྒོ་ཁང་ངོ་། །དེ་ལ་འདིར་ཕྱི་ནང་གི་ཐེམ་སྐས་འཛུག་དགོས་པའི་གནད་ཀྱིས་སྒོ་གཡབ་ལས་སྒོ་ཕུགས་ཆ་ཕྲན་གཅིག་དང་། དེ་ལས་ཀྱང་ཁྱམས་ཆ་ཕྲན་གཅིག་གི་མཐོ་བར་བྱ་དགོས་པའི་ཕྱིར། ནང་གི་ཁྱམས་དང་ཕྱི་འདོད་སྣམ་དཔངས་མཉམ་པར་སོང་བས། དེའི་ཕྱིར་རྩིག་པའི་དཔངས་ཀྱང་སྟེགས་བུ་གྲུ་བཞི་པ་གཅིག་གི་སྟེང་ནས་ཆ་ཕྲན་བཅུ་གཅིག་བསླང་བ་ལྟ་བུ་ཞིག་འོང་ངོ་། །ཁྱམས་ཞེང་ཆ་ཕྲན་གསུམ་པར་བྱ་བ་སོགས་ནི་གོ་སླ་ལ། འོན་ཀྱང་ལྷ་རྣམས་སྒེག་པ་བཞེད་པའི་ཕྱོགས་ལ་ཁྱམས་ཆ་ཕྲན་གསུམ་པ་དེ་ལས་ཕྱིར་ཆ་ཕྲན་གཅིག་དོར་ནས་ཆ་ཕྲན་གཉིས་པའི་ལྷ་སྣམ་བྱ། དེ་ལའང་ཁྱད་འབྱེད་མཐོ་དམན་ཅུང་ཟད་བྱས་ན་ལེགས་གསུང་ངོ་། །འདིར་སྒོ་ལས་ཁྱམས་དང་དེ་ལས་གྲུ་ཆད། དེ་ལས་རྩིབས་ཀྱི་ཕྱིའི་མུ་ཁྱུད་རྡོར་ཕྲེང་། དེ་ལས་རྩིབས། དེ་ལས་ལྟེ་བ་རྣམས་ཆ་ཕྲན་རེ་རེས་སྤགས་པ་ནི། ཐེག་པ་གཞན་ལས་འདིར་འཕར་བའི་དོན་ལ་སྟེ། སྤར་ཁབ་ལས། ལམ་གཞན་ལས་ནི་འདིར་འཕར་བའི། །སྒོ་ལ་སོགས་པའི་རིམ་པ་དང་། །ཞེས་སོ། །གློ་འབུར་གྲུ་ཆད་ལས་ཐིག་གང་གིས་མཐོ་བ་དང་རྩིབས་མཆན་རྡོར་འཕྲེང་ལས་དེ་ཙམ་གྱི་དམའ་བར་བྱས་པ་ནི་གཞུང་ལས་མ་བཤད་ཀྱང་ཁྱད་འབྱེད་ཙམ་མོ། །ཐིག་སྐུད་གང་ལ་ཚད་ཇི་ཙམ་ཞེ་ན། ཆ་ཕྲན་གཅིག་གི་ཆ་ལྔ་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །ཞེས་སོ། །གློ་འབུར་གྱི་དབྱིབས་ནི་གྲུ་ཆད་ལས་ཆ་ཆུང་གཅིག་པོ་ཕྱིར་འཕྱར་བའིི་ཕིབ་ཆུང་གི་རྣམ་པའོ། །འདིར་སྔ་རབས་པ་འགའ་ཞིག །འོག་གི་གྲུ་ཆད་ཁྱམས་སྟོད་ཀྱི་ཚུལ་དུ་ཅུང་ཟད་མཐོ་བས། སྟེང་གི་གྲུ་ཆད་བྱ་འདབ་ཀྱི་ཚུལ་ཡོད་དོ། །འོག་གི་གློ་འ བུར་གྲུ་ཆད་ཀྱི་ཕྱོགས་བཞི་ན་ཁྲི་སྟེགས་ཀྱི་ཚུལ་དུ་ཡོད་ལ། སྟེང་གི་གློ་འབུར་ནི་བྱ་འདབ་ཀྱི་སྟེང་ན་ལྕོག་བཞིའི་ཚུལ་དུ་ཡོད་དོ། །ཞེས་གསུངས། དེ་ལ་ཕྱིས་ཀྱི་བླ་མ་མཁས་པ་དག་ན་རེ། དཀྱིལ་འཁོར་གྱི་དབུས་ཀྱི་མུ་ཁྱུད་ཟླུམ་པོའི་ཕྱི་རིམ་དུ་ཕྱོགས་བཞིའི་ལྷ་སྣམ་དེས་བཅད་པས་ཟུར་བཞིར་གྲུ་ཆད་རིང་ཐུང་དུ་བྱུང་བ་དེ་ལ་ཟེར་གྱི། འོག་གི་གྲུ་ཆད་ཁྱམས་སྟོད་ཀྱི་ཚུལ་དུ་ཅུང་ཟད་མཐོ་བ་འོང་དོན་ཅི་ཡང་མེད། སྟེང་གི་གཞལ་ཡས་ཁང་གི་ཐོག་གིས་ཁྱབ་པའི་སྟེང་དུ་གྲུ་ཆད་ནི་དེ་བས་ཀྱང་འོང་དོན་མེད། འོག་གི་གློ་འབུར་ཁྲི་སྟེགས་ཀྱི་ཚུལ་དུ་ཡོད་ན་དེར་སུ་ཞིག་གི་སྡོད་ས་ཡིན། ཞེས་སོགས་དང་། སྟེང་གི་གློ་འབུར་བྱ་འདབ་ཀྱི་སྟེང་དུ་ལྕོག་རྒྱབ་པ་འདི་འདྲ་ཨི་སྲིད། ཅེས་སོགས་དང་། འདིར་སྒོ་ཁང་ཕྱིར་འབུར་བ་གཞལ་ཡས་ཁང་གི་རྩིག་པ་དང་ཆ་ཕྲན་གཉིས་ཀྱི་བར་འགྱངས་ཡོད་པ་འདི་ལ་གོ་སླ་ཞིང་། བློས་བསླང་གི་དཀྱིལ་འཁོར་མ་མཐོང་བའི་སྐྱོན་དུ་སྣང་། ཞེས་སོགས་བརྒལ་བརྟག་མང་དུ་མཛད་དོ། །དེ་ལ་སྟེང་གི་གྲུ་ཆད་དང་། སྟེང་གི་གློ་འབུར་གྱི་འདོད་པ་དེ་དག་ལ་དགག་པ་མཛད་པ་བདེན་མོད་ཀྱི། དེ་ལྟར་ནའང་མཁས་པའི་གསུངས་དེ་དག་ལའང་གསུང་རབ་དང་ལྟག་འཆུས་ཆེས་པའི་སྐྱོན་འདི་དག་མཐོང་སྟེ། ཞི་བ་བསྡུས་པ་ལྟ་བུ་བར་ཁྱམས་མེད་ཅིང་འཁོར་ལོའི་མུ་ཁྱུད་ཀྱི་སྟེང་ནས་བུམ་པ་ཟླུམ་པོའི་ཕྱུར་བུར་འདེགས་བྱེད་ཀྱི་ཀ་བ་འཛུག་དགོས་པའི་རིགས་ལ། འོག་ཏུ་རྡོར་འཕྲེང་ལས་འཕྱར་བའི་གློ་འབུར་དང་། སྒོའི་འགྲོ་འོང་བདེ་ཁྱད་ཀྱི་ཆ་ཆེན་བཞི་པའི་མཐའ་ནས་ཆ་ཕྲན་གཉིས་ཙམ་ཕྱིར་དོར་བའི་ནང་དུ་རྩིབས་ཀྱི་མུ་ཁྱུད་བསྐོར་དགོས་པས། ངོས་ཀྱི་ཁྱམས་ཐུང་སར་གསེར་གདུང་དང་གདུང་ཟླུམ་ཐུག་ལ་ཁད་པ་ཞིག་འོང་ལ། དེའི་དབང་གི་སྟེང་དུ་གདུང་ཟླུམ་ཁའི་བུམ་པ་ཟླུམ་པོའི་རྩིག་པ་དང་པུ་ཤུ་གཉིས། ངོས་ཀྱི་དབུས་སུ་ཐུག་འགྲོ་བས་ཐོག་མཐིལ་གྱི་ཟུར་བཞིར་གྲུ་ཆད་རིང་ཐུང་དུ་བྱུང་བའི་གྲུ་ཆད་ཡིན་པའི་ཕྱིར་དང་། གསང་རྫོགས་མ་ཧཱའི་སྒོམ་རིམ་ལས། འཁོར་བའི་གཡུལ་ལས་རྒྱལ་ཞིང་བདུད་བཞི་བཅོམ་པའི་བརྡར་གྲུ་ཆད་བཞིར་རྒྱལ་མཚན། ཞེས་གསུངས་པའི་རྒྱལ་མཚན་དེ་ཡང་ནང་དུ་འཛུག་དགོས་པར་ཐལ་བའི་ཕྱིར་དང་། ཕ་རོལ་པོས་བྱ་འདབ་ཀྱི་ཚུལ་དུ་ཡོད་པར་འདོད་པའི་སྐྱོན་ངན་པ་དེ་ལ་དགག་པ་མཛད་ཐང་བ་ལམ་མཛད་འདུག་པའི་ཕྱིར་དང་། བྱ་འདབ་ཀྱི་སྟེང་དུ་ལྕོག་བརྒྱབ་པ་དེ་འདྲ་བ་འདིར་མི་འོང་ཡང་ལར་ནས་མི་སྲིད་པ་མ་ཡིན་ཏེ། བསམ་ཡས་ཀྱི་གཙུག་ལག་ཁང་ལ་སོགས་པ་དེ་ལྟར་སྣང་བའི་ཕྱིར་དང་། ཁྱད་པར་འོག་གི་གྲུ་ཆད་ཁྱམས་སྟོད་ཀྱི་ཚུལ་དུ་ཅུང་ཟད་མཐོ་བ་འོང་དོན་མེད་ན། སྤར་ཁབ་ལས། སྒོ་ལ་སོགས་པའི་རིམ་པ་དང་། །ཞེས་སྤགས་པར་གསུངས་པའང་མི་རིགས་པར་འགྱུར་བའི་ཕྱིར་དང་། འོག་གི་གློ་འབུར་ཞེས་དང་། དེ་ཁྲི་སྟེགས་ཀྱི་ཚུལ་དུ་ཡོད་པར་མི་རིགས་ན། རྔམ་གློག་ལས། སྤྱན་ལྔའི་གློ་འབུར་མཛེས་པ་ལས། །ཕྱག་ན་རྡོ་རྗེ་སྔོ་སྐྱའི་མདོག །ཅེས་དང་། འགྲེལ་ཆུང་ལས། གློ་འབུར་བཞི་ལ་རིགས་ཡབ་ཡུམ་འཁྲིལ་བའི་ཚུལ། ཞེས་གློ་འབུར་ལ་ནང་སེམས་བཞི་འགོད་པར་བཤད་པའང་མི་རིགས་པར་ཐལ་བའི་ཕྱིར་དང་། སྒོ་བཞི་ཁོ་ན་ལྷག་པའི་གློ་འབུར་དུ་བཞེད་ན། བདེ་འདུས་ཞི་བ་འབྲིང་པོའི་སྒོམ་རིམ་ལས། ཡེ་ཤེས་གཅིག་གི་ནང་དུ་ཀུན་ཚངས་པའི་ཕྱིར། གྲུ་ཆད་ལ་མཁར་ཐབས་གློ་འབུར་དུ་འགྱུར་རོ་ཞེས་དང་། སྤྱན་འགྲེལ་ལས། རྩ་བ་བཞིའི་ཕྱིར་གློ་འབུར་དུ་སྣང་བའོ། །ཞེས་འཁོར་ལོའི་རྩིབས་བཞི་ཕྱི་དེ་ན་གློ་འབུར་ཡོད་པར་བཤད་པ་དང་འགལ་བའི་ཕྱིར་དང་། ཐིག་གི་པཎྜིརྠ་ལས་ཀྱང་། གློ་འབུར་ཆ་ཕྲན་སྒོ་ཁྱམས་གཉིས། །ཞེས་སྒོ་ཁང་གི་འབུར་ཐབས་ལ་ཆ་ཕྲན་གཅིག་ལས་མེད་པར་འགྱུར་བས། ཆ་ཕྲན་གཉིས་ཡོད་པར་བཤད་པ་དང་འགལ་སྣང་བའི་ཕྱིར་རོ། །ཡང་རྗེ་སྒྲོལ་གཡུང་གཉིས་ཀྱི་ཊཱི་ཀར། རྩ་རྒྱུད་ཀྱི་དབང་དུ་ལྷ་མེད་པའི་ཁང་སྟོང་བཞི། ཞེས་གསུངས་ཡང་། འགྲེལ་ཆུང་ལས་ལྷ་ཡོད་པར་བཤད་ལ། དེ་རྩ་རྒྱུད་ཀྱི་འགྲེལ་པ་ཡིན་པའི་ཕྱིར་འཐད་པར་མ་མཐོང་ངོ་། །དེས་ན་གློ་འབུར་གྱི་དོན་འདི་ལ་སྔ་རབས་པ་ཕལ་ཆེ་བས་ཕྱོགས་རེ་ཁོ་ན་ལ་བཤད་པ་མཛད་པས་འཐེན་ཁྱེར་བྱུང་བ་ཡིན་ལ། ཁོ་བོ་ནི་འདི་ལྟར་སེམས་ཏེ། སྙིང་པོ་རོལ་པ་ཆེན་པོའི་རྒྱུད་ལས། ལྷག་པའི་ཡེ་ཤེས་རིན་པོ་ཆེ། །ཉི་ཤུ་རྩ་ལྔའི་རྟགས་རྣམས་ཀྱིས། །རང་གི་དཀྱིལ་འཁོར་མཛེས་བྱ་བ། །ཞེས་དང་། སྤྱན་འགྲེལ་ལས། དྲུག་པའི་ཡེ་ཤེས་སྙིང་རྗེ་ངོ་བོ་ཉིད་གཞི་དང་། དེ་རེ་རེ་ལའང་བཞི་བཞིར་གསལ་བས། རྒྱས་པའི་དབང་དུ་ཕོ་བྲང་རྩིབས་བཞི་ལྔར་སྣང་བའོ། །འབྲིང་བསྡུས་ལྟར་རྩ་བ་བཞིའི་ཕྱིར་གློ་འབུར་དུ་སྣང་བའོ། །ཞེས་པས་རྩ་བའི་ཡེ་ཤེས་ལྔ་ནི། དབུས་བུམ་པ་ཟླུམ་པོ་དང་སྒོ་བཞིའི་གློ་འབུར་བཞིའོ། །དེ་རེ་རེའང་ལྷག་པའི་ཡེ་ཤེས་བཞི་བཞི་རྩ་བ་དང་བཅས་པའི་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔའོ། །དེའི་རྟགས་སུ་དབུས་བུམ་པ་ཟླུམ་པོ་ཆོས་དབྱིངས་ཡེ་ཤེས་ཀྱི་ཕྱག་རྒྱར་གྱུར་པའི་ལྷག་ནང་གི་གློ་འབུར་བཞི་དང་། སྒོ་བཞི་ནི་མེ་ལོང་ཡེ་ཤེས་ལ་སོགས་པ་སྟེ། རེ་རེ་ཡང་རྩིག་པ་རིམ་པ་ལྔ་ལྔས་ཕྱེ་བས་ཉི་ཤུ་རྩ་ལྔར་འགྱུར་རོ། །དེ་ལྟར་ཡང་རྗེ་སྒྲོ་ཕུག་པ་ཆེན་པོའི་གསུང་རྒྱུན་ལས། ཡེ་ཤེས་རེ་རེའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པ། ཞེས་དང་། སྨན་ཊཱིཀ་ལས་ཀྱང་། ཡེ་ཤེས་རེ་རེ་ཡང་ལྔ་ལྔས་ཁྱད་པར་དུ་བྱས་པ། ཞེས་སོ། །ཡང་རྔམ་གློག་ལས། གློ་འབུར་བཞི་ཡང་མཁར་ཐབས་ཚུལ། །ཞེས་པའི་མཁར་ཐབས་ཀྱིས་སྒྲས་ཕྱིའི་གློ་འབུར་ཁོ་ན་ངེས་སོ་སྙམ་ན་མ་ཡིན་ཏེ། ནང་གི་གློ་འབུར་ཡང་མཁར་ཐབས་སུ་སྔར་དྲངས་པའི་བདེ་འདུས་ཀྱི་ལུང་གིས་གྲུབ་པའི་ཕྱིར་དང་དེའི་དོན་ཀྱང་། ལྷ་རྗེས་མང་མཁར་བ་སེང་ཧ་པྲ་བྷས། གྲུ་ཆད་ལ་བ་གམ་གྱི་ཚུལ་དུ་ཕྱིར་འཕྱར་བ་དེ་མཁར་གྱི་འབུར་ཐབས་ལྟ་བུའི་ཚུལ་དུ་ཡོད་དོ་ཞེས་གསུངས་པ་ལྟར་ཏེ། མཁར་དངོས་ཡིན་མི་དགོས་ལ། གལ་ཏེ་དགོས་ན་པུ་ཤུ་མཆོད་རྟེན་ཚད་ལྡན་བྱ་དགོས་པར་ཐལ་ལོ། །ཐོག་འབུབ་དངོས་ནི། སེང་གདུང་གི་བཏེགས་པའི་གདུང་ཟླུམ་སྟེང་དུ་རྩིག་དཔངས་ཆ་ཕྲན་བདུན་ལས། བུམ་རྟེན་ལ་གཅིག །བུམ་པ་ལ་དྲུག །དེའི་སྟེང་ནང་གི་རྡོ་ཕྲེང་ལ་བརྟེན་པའི་ཀ་བ་ཆ་ཆེན་ལྔ་དང་ཆ་ཕྲན་གཅིག་གིས་བཏེགས་པའི་གདུང་ཟླུམ་དང་། ཏལ་གདུང་བཞི་སྡོམ་པའི་དཔངས་ཆ་ཕྲན་གཅིག །དེ་སྟེང་ཕྱམ་དང་བྱ་འདབ་ལ་གཅིག་གི་སྟེ་ཁྱོན་ཆ་ཆེན་གཉིས་དང་ཆ་ཕྲན་གཅིག་ཏུ་འགྱུར་བས། གསང་རྫོགས་ཀྱི་ཐིག་རྩ་སློབ་དཔོན་གྱིས་མཛད་པ་ལས། བུམ་རྟེན་ལ་ནི་ཆ་ཕྲན་གཅིག །བུམ་པ་ཆ་ཆེན་གཉིས་ཚད་དོ། །ཞེས་པ་དང་ཚད་མཚུངས་སོ། །བུམ་པའི་ཕྱོགས་བཞིར་བུམ་སྒོ་བྱས་ན་ནང་མཐོང་དཀར་ཕྱིར་མཛེས་པ་ཞིག་འོང་བས་གྲུབ་ན་བྱ། གདུང་ཟླུམ་སྟེང་དུ་གདུང་བཞི་བརྒྱུགས་པའི་བར་སེང་དེ་དགག་པའི་ཕྱིར། གདུང་སྣ་བརྒྱད་ལ་རིན་པོ་ཆེའམ་པདྨ་ལྟ་བུ་ཅི་མཛེས་བརྐོས་ལ་དེ་དང་བར་མ་ཆད་པའི་དེ་འདྲའི་ཕྲེང་བས་བསྐོར་ཞིང་། བྱ་འདབ་ཀྱི་སྣ་ལས་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་མ་བྱས་ཀྱང་ཆོག་ལ་བྱས་ཀྱང་མི་འགལ་ལོ། །འདིར་ལྷ་རྗེ་སོ། ཕྱི་དབྱིབས་རྒྱལ་ཁབ་རྒྱ་ཕུབས་ཅན་མཛད་ནའང་། རིགས་པར་མ་མཐོང་སྟེ། རྩ་རྒྱུད་ལས། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཞེས་དང་། བཤད་རྒྱུད་ཐལ་བ་ལས། སྤྱི་བོ་ཤིན་ཏུ་འཁྱིལ་བར་གནས། །ཞེས་དང་། བཤད་རྒྱུད་ཡེ་ཤེས་སྙིང་པོ་ལས། རྩེ་མོ་གཅིག་པ་རུ་འདུས་པ་དབྱེར་མེད་པའི་རོ་དང་ལྡན་པས་ཐིག་ལེ་ཟླུམ་པ། ཞེས་དང་། རྒྱ་མཚོ་ལས། གྲུ་བཞི་སྤྱི་བོ་འཁྱིལ་སྣང་བའོ། །ཞེས་སོགས་རྩ་བཤད་ཀུན་ལས་ཟླུམ་པོར་བཤད་པ་དང་འགལ་ལོ། །ཟླུམ་པོ་དེ་ཡང་བུམ་པའི་རྣམ་པ་ཅན་ཏེ། བླ་མ་ལས། བུམ་པའི་ཚུལ་དུ་དབྱིབས་རྡོ་རྗེ་རྒྱ་གྲམ་མིག་མང་རིས་འཁྱིལ་བ། ཞེས་དང་། རྔམ་གློག་ལས། བུམ་པའི་རྩེ་མོ་ཆོས་ཀྱི་ཏོག །རྨ་བྱའི་མདངས་ལྟར་བཀྲ་བའོ། །ཞེས་དང་། འོད་རིམ་ལས། ཐ་སྙད་སེམས་ཕྱིར་བུམ་པ་གཅིག །ཅེས་སོགས་རྣམ་པ་དུ་མར་དབྱིབས་བུམ་པར་བཤད་པའི་ཕྱིར་རོ། །འདི་ཡི་ཀ་བ་དང་ཏལ་གདུང་བཞི་གཏོང་ཚུལ་ནི། ཕུག་ན་ཀ་བ་བརྒྱད་པོ་ཡིས། །ཞེས་པའི་དགོངས་པ་ཡིན་ལ། གདུང་ཟླུམ་བཏང་བ་སངས་རྒྱས་གསང་བའི་གཞུང་འདི་ལས་མི་འབྱུང་ནའང་། དཔལ་མཆོག་གི་འགྲེལ་པར། ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་ཕྲེང་བ་ཟླུམ་པོས་ཡོངས་སུ་བསྐོར་བའོ། །ཞེས་པ་ལྟར་འདིར་ཡང་བུམ་པ་ཟླུམ་པོའི་གནད་ཀྱིས་བྱ་དགོས་མོད། འོན་ཀྱང་དེ་ཀ་བས་མི་འདེགས་པ་ནི་བྱེ་བྲག་དབང་བཙན་པར་བྱས་པའོ། །གཞན་དག་ནང་ཀ་ལ་ཀ་གདན་མི་བྱེད་པར་འདོད་ཀྱང་། འདིར་ཀ་གདན་བུམ་པ་ཆ་ཕྲན་གཅིག་དང་། དེའི་སྟེང་དུ་ཀ་བ་གཞུ་དང་བཅས་པ་བྱ་དགོས་ཏེ། ཆོས་དོན་ལས། ཀ་གདན་བསྙེན་གནས་ཀླུ་ཆེན་བརྒྱད། ཀ་བ་འཕགས་ལམ་ཕྱོགས་སྐྱོང་བརྒྱད། ཀ་གཞུ་རྣམ་ཐར་ལྷ་ཆེན་བརྒྱད། གདུང་བཞི་མི་འཇིགས་རྒྱལ་ཆེན་བཞི། །ཞེས་གསུངས་པའི་ཕྱིར། གཞུང་འདིའི་རྗེས་སུ་འབྲངས་ཏེ་བུ་སྟོན་རིན་པོ་ཆེས་ཀྱང་ནང་གི་ཀ་བ་ལ་ཀ་གདན་མཛད་པ་ལ། མཁས་པ་དག་ན་རེ། ནང་གི་ཀ་བ་ལ་ཀ་གདན་བྱེད་པའང་ཕྲེང་བའི་དགོངས་པ་མ་ཡིན་ཏེ། རྟ་བབས་ཀྱི་ཀ་བ་རྣམས་ནི་སྟེགས་གྲུ་བཞི་པ་དང་བུམ་པ་ལ་གནས། ཞེས་པའི་སྒྲས་ངེས་པར་བཟུང་བའི་ཚིག་གིས་ལོགས་སུ་བཀར་བའི་ཕྱིར། ཞེས་ཕྲེང་བ་མཁན་པོའི་ལུང་གིས་གནོད་བྱེད་འབེབས་པར་མཛད་མོད། དེ་ནི་པཎ་གྲུབ་གཅིག་གི་རྗེས་སུ་འབྲངས་པ་ལ་གཅིག་ཤོས་དང་མི་མཐུན་པའི་གནོད་བྱེད་འབེབས་པར་མཛད་པའི་ཕྱིར། ཤིན་ཏུ་རིགས་པ་མ་མཐོང་སྟེ། ཅིའི་ཕྱིར་ན། ཁོ་བོ་ཅག་གི་ཕར་ཟློག་སྟེ། ནང་ཀ་ལ་ཀ་གདན་མེད་པའང་སངས་རྒྱས་གསང་བའི་དགོངས་པ་མ་ཡིན་ཏེ། ཀ་གདན་བསྙེན་གནས་ཀླུ་ཆེན་བརྒྱད། །ཅེས་ནང་ཀ་ལ་ཀ་གདན་བྱ་བར་གསུངས་པའི་ཕྱིར། ཞེས་སྨྲས་ན་མཚུངས་པའི་ཕྱིར་དང་། ཨ་བྷ་ཡ་དང་སངས་རྒྱས་གསང་བ་གཉིས་པཎ་གྲུབ་ཡིན་མཉམ་ལས། ད་རུང་སངས་རྒྱས་གསང་བ་ལ་འགྲན་དུ་མེད་པར་གྲུབ་པའི་ཕྱིར། གཞན་ཡང་ཁྱོད་ཀྱིས་དཔྱོད་པ་དང་ལྡན་པ་སུ་ཞིག་དགའ་བ་སྐྱེ་བར་འགྱུར་ཞེས་དང་། མཁས་པ་གཞན་དག་གིས་ཀྱང་ལུང་དེ་སངས་རྒྱས་གསང་བའི་ཡིན་པར་བརྫུས་མར་སྣང་ཞིང་། ཞེས་གསུངས་པ་རྣམས་དབང་ཆེ་བ་ཙམ་དུ་ཟད་དེ། རྫུན་ལུང་ཡིན་པའི་གཏན་ཚིགས་འཆད་རྒྱུ་མ་བྱུང་འདུག་པའི་ཕྱིར་རོ། །ཡང་མཁས་པ་འགའ་ཞིག་ན་རེ། སངས་རྒྱས་གསང་བས་མཛད་ཟེར་བའི་ཆོས་དོན་ནི། ཞི་ཁང་དང་། ཁྲོ་ཁང་དང་། ལྷ་ཆེན་བརྒྱད་ཀྱི་ཀ་བ་སོགས་རྣམ་དག་མང་བས་བོད་ཀྱི་རྙིང་མ་བ་རྣམས་ཀྱིས་བྱས་པར་མཁས་པ་རྣམས་བཞེད་དོ། །ཞེས་གསུངས་པ་ཡང་ཕྱོགས་གཏམ་སྟེ། ཞི་ཁང་དང་ཁྲོ་ཁང་བཤད་པས་བོད་མར་གྱུར་ན། ལྷ་ཞི་ཁྲོ་ཡང་བོད་མར་ཐལ་བའི་ཕྱིར་དང་། རྣམ་དག་མང་བས་བོད་མར་གྱུར་ན། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལྟ་བུ་ཕྱི་ནང་གི་དག་སྦྱོར་ཤིན་ཏུ་མང་བ་བཤད་པ་དེ་དག་ཀྱང་བོད་མར་བའི་ཕྱིར་དང་། བོད་ཀྱིས་བྱས་པར་མཁས་པ་རྣམས་བཞེད་ཅེས་པ་ལའང་སྙིང་པོ་མེད་དེ། བུ་སྟོན་སོགས་སྔ་རབས་ཀྱི་མཁས་གྲུབ་ཆེན་པོ་རྣམས་རྣམ་དག་ཏུ་བཞེད་པར་སོ་སོའི་གསུང་རབ་ལ་བལྟས་པས་ཤེས་པའི་ཕྱིར་རོ། །དེས་ན་རང་གི་ཞེ་འདོད་དང་མ་མཐུན་པ་ཙམ་ཞིག་རྒྱུ་མཚན་དུ་བྱས་ཏེ་བོད་མར་འདོད་པ་དེ་དག་སྙིང་པོ་མེད་པར་ཤེས་པར་བྱའོ། །ཡང་རྡོ་རྗེ་ལས་རིམ་ལས། རྡོ་རྗེ་ནོར་བུས་ཉེར་མཛེས་པའི། །ཀ་བ་ཕྱག་རྒྱའི་གདུང་བཞིར་སྦྱར། །ཞེས་པས་འདིར་རྡོ་རྗེས་མཚན་པའི་ནོར་བུ་རིན་པོ་ཆེའི་ཀ་བ་ཕྱོགས་མདོག་ཅན་བརྒྱད་པོ་ཕྱག་རྒྱ་བཞི་མཚོན་པའི་ཏལ་གདུང་བཞི་ལ་སྦྱར་བ་སྟེ། བདེ་འདུས་ཞི་བའི་རྩ་རྒྱུད་ལས། རྡོ་རྗེའི་ཀ་བས་བརྒྱན་པ། ཞེས་དང་། ཀླུའི་བློས་ཀྱང་། རྡོ་རྗེས་མཚན་ཞིང་ལེགས་མཛད་པའི། །ཀ་བ་བརྒྱད་ནི་ནང་དུ་བྲི། །ཞེས་བཤད་པའི་ཕྱིར་རོ། ༈ །གསུམ་པ་སྟེང་ཐོག་ནི། དབུས་བུམ་པ་ཟླུམ་པོའི་རེའུ་མིག་དབུས་མ་མ་ཕུབ་པར་བཞག་པ་དེའི་སྟེང་དུ་བྲེས་མཚོན་པའི་སྟེང་ཁང་གྲུ་བཞི་པ་འབུབས་ཏེ། དེའི་ཚུལ་ནི་མཐོང་ཁའི་ཟུར་བཞིར་བཙུག་པ་ཀ་བ་ཆ་ཕྲན་ཕྱེད་བཞིར། གཞུ་དང་གདུང་ལ་ཆ་ཕྲན་ཕྱེད་རེ། དེའི་སྟེང་དུ་ཆ་ཕྲན་གཅིག་པའི་རྒྱ་ཕུབས་འགེབས། འདི་དང་བུམ་ཟླུམ་གྱི་བྱ་འདབ་ཀྱི་རྩ་བ་གནོན་པའི་ལན་ཀན་ནི་ཚན་གཅིག་ཏུ་མ་ངེས་ཀྱང་། ཆ་ཕྲན་གཅིག་ལས་ཆེ་བ་མི་ལེགས་སོ། །རྒྱ་ཕུབ་ཀྱི་འོག་ཏུ་བླ་བྲེ་ཕུབ། སྟེང་གི་དབུས་སུ་པདྨ་ལ་གནས་པའི་འཁོར་ལོ་རིམ་པ་བཅུ་གསུམ་གྱི་སྟེང་ན་རཏྣའི་གདུགས་ཀྱིས་མཛེས་ཤིང་ཏོག་དང་བཅས་པ་བྱའོ། །དེ་ལྟར་ཡང་རྡོ་རྗེ་མེ་ལོང་ལས། ཆོས་ཀྱི་འཁོར་ལོ་བསྐོར་བྱས་ཤིང་། །ཉོན་མོངས་ཚད་པའི་གདུང་བ་སེལ། །ཐུགས་རྗེ་གདུགས་ཀྱི་འཁོར་ལོ་བསྟན། །མ་ལུས་གཅིག་ཏུ་འདུས་པ་ནི། །ཏོག་སྟོང་འོད་ཟེར་འབར་བ་སྟེ། །ཞེས་དང་། ཆོས་དོན་ལས། རྩེ་རྒྱན་རྣམ་དག་མཆོད་རྟེན་ལ། །སྲོག་ཤིང་སྐུ་གསུང་ཐུགས་སུ་བསྟན། །འཁོར་ལོ་ས་ཡི་ཁྱད་པར་ཡིན། །ཆར་ཁེབས་ཐུགས་རྗེ་ཆེན་པོ་སྟེ། །འཕན་ནི་མཆོད་པའི་ལྷ་མོ་ལ། །དྲིལ་བུ་སྟོང་པ་ཉིད་ཀྱི་སྒྲ། །ཟླ་ཚེས་ཐབས་དང་ཤེས་རབ་ཡིན། །ཏོག་ནི་མི་ནུབ་རྒྱལ་མཚན་ནོ། །ཞེས་གསུངས་པའི་འཕན་དང་དྲིལ་བུ་ནི་ཆར་ཁེབས་ལས་འཕྱངས་ལ། ཟླ་ཚེས་ནི་དྲིལ་བུའི་རླུང་བསྐྱོད་དོ། །རྡོ་རྗེ་རིན་པོ་ཆེའི་ཏོག་ནི། ཁ་ཅིག་རྒྱུ་ནོར་བུ་རིན་པོ་ཆེའི་ཏོག་རྡོ་རྗེ་ལས་གྲུབ་པར་འདོད། ཁ་ཅིག་རྒྱུ་ནོར་བུ་ལས་བྱས་པའི་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ་འདོད། ཕལ་ཆེར་ནོར་བུ་དང་རྡོ་རྗེ་གཉིས་ཀའི་དབྱིབས་དགོས་པར་འདོད། ལ་ལ་དག །བུམ་པ་ཏོག་དང་བཅས་པའི་རྣམ་པ་ག་ཊི་རར་གྲགས་པ་ཉིད་ཏེ། གལ་ཏེ་རྡོ་རྗེའི་རྣམ་པ་དགོས་ནའང་རྭ་ཕྲེང་ཉིད་རྡོ་རྗེའི་རྭའི་རྣམ་པ་ཡིན་པས་དེ་ཙམ་ལ་བྱའི། ཕྱག་མཚན་གྱི་རྡོ་རྗེའི་རྣམ་པ་གསལ་དོད་པ་མི་དགོས་གསུངས། དེ་དག་ལས་འདིར་སྙིང་པོ་རོལ་པ་ཆེན་པོའི་རྒྱུད་དུ། རྩེ་མོ་ནོར་བུ་འབར་བ་ལ། །རིགས་ཀྱི་མཚན་མ་རྒྱན་དུ་བྱས། །ཞེས་གསུངས་པའི་ལུང་དོན་ལ་ལུགས་གསུམ་པ་ཉིད་ཉེ་བར་མངོན་ནོ། །དེ་ལྟར་ཕྱི་དབྱིབས་མཆོད་རྟེན་དུ་བྱ་ཚུལ་འདི་ལ་ཁ་ཅིག་འདི་སྙམ་དུ། ཆོས་དོན་ལས། རེ་ཞིག་བྱང་ཆུབ་ཆེན་པོ་ལས། །དྲན་དང་ཡང་དག་རྫུ་འཕྲུལ་དབང་། །བང་རིམ་བཞི་ཡི་དོན་དུ་བཞེད། །བུམ་སྟེགས་སྟོབས་ཏེ་བུམ་པ་ནི། །བྱང་ཆུབ་ལམ་ཡིན་བྱེ་བྲག་ནི། །འཕགས་པའི་ལམ་དུ་ཤེས་པར་བྱ། །ཞེས་པས་གཞལ་ཡས་ཁང་དངོས་གཞིའི་སྟེང་དུ་བང་རིམ་བཞི་བུམ་རྟེན་བུམ་པ་བྲེ་སོགས་བྱང་ཆེན་མཆོད་རྟེན་གྱི་རྣམ་པར་བྱ་བར་བཤད་པ་དང་འགལ་ལོ་སྙམ་ན། དེ་ལྟར་བཤད་པ་བདེན་མོད། འོན་ཀྱང་འདིར་དེའི་སྐྱོན་མེད་དེ། དེ་ཉིད་ལས། གཞལ་ཡས་ཕྱིའི་དོན་རྟགས་རྣམས། །མཆོད་རྟེན་བརྒྱད་སོགས་བསྟན་པ་ནི། །སྡུག་བསྔལ་བརྒྱད་སྒྲོལ་མཛད་པ་བརྒྱད། །ཅེས་བྱང་ཆེན་ཁོ་ནར་མ་ངེས་པའི་ཕྱིར་དང་། ལུང་སྔ་མའི་རེ་ཞིག་ཅེས་པའི་ནུས་པས་ཀྱང་ཐོན་པའི་ཕྱིར་རོ། །དེས་ན་རྒྱུད་འགྲེལ་བཤད་སྒྲུབ་ཐབས་རྣམས་ནས་བུམ་པའི་དབྱིབས་སུ་བཤད་ལ། བང་རིམ་བྱ་བ་མ་བཤད་པའི་ཕྱིར་འདིར་མ་བྱས་སོ། །དེ་ལྟར་ནའང་ཆོས་དོན་དང་མི་འགལ་ཏེ། མྱང་འདས་མཆོད་རྟེན་དུ་འགྱུར་བའི་ཕྱིར། གཞན་ཡང་། རྔམ་གློག་ལས། གྲུ་བཞི་ལྷམ་པ་མཛེས་པར་སྣང་། །རིན་ཆེན་སྣ་བཞིའི་རྒྱུ་ལས་གྲུབ། །ཅེས་དང་། ཧེ་རུ་ཀ་གལྤོ་ལས། བྷནྡྷ་གསར་རྙིང་བརྩེགས་པའི་གཞལ་ཡས་ཁང་། །ཡོན་ཏན་ཆེ་རྒྱས་གྲུ་བཞི་ལྷམ་པའི་དབྱིབས། །ཞེས་དང་། གསང་འདུས་ལས། གྲུ་བཞི་ལྷམ་པ་ཤིན་ཏུ་མཛེས། །ཞེས་གསུངས་པའིི་ལྷམ་པའི་དོན་ཁ་ཅིག །སྟེང་འོག་གྲུ་བཞི་པར་ངེས་པས་གཞལ་ཡས་ཁང་གི་འོག་ཐོག་མན་ཆད་རྒྱ་དཔངས་མཉམ་ཟེར་ནའང་། འདུས་པའི་འགྲེལ་པ་སྒྲོན་གསལ་དུ། ལྷམ་པའི་དོན་ཟླུམ་པོ་མ་ཡིན་པ་དང་། ཡ་ཡོ་མེད་པ་ལ་བཤད་པ་དང་། ནོར་བུ་རྒྱས་པའི་ལེའུ་ལྔ་པར། རས་ཁ་ཚར་མ་ཆད་པ་རྒྱ་མོད་པ་གྲུ་དོ་གྲུ་བཞི་ལྷམ་པ་ལ། ཞེས་གསུངས་པས་ལུང་དེའི་དོན་དེ་ལྟར་མ་ཡིན་ཞེས་མཁས་པ་དག་གསུངས་སོ། །འདིར་གཞལ་ཡས་ཁང་འོག་ཐོག་གི་གསེར་གདུང་མན་ཆད་ལ་ནང་གི་ཆ་ཕྱེད་དཔངས་དང་། རྩེ་མོའི་ཏོག་མན་ཆད་རྟ་བབས་ཀྱི་ཀ་བའི་ཕྱི་མཐའ་དང་རྒྱ་དཔངས་མཉམ་པ་སྟེ། གཞན་དུ་ན་སྔར་བཤད་པ་ལྟར་རྩིག་པ་མཐོ་དམན་གྱི་ཚད་ཆེ་འབྲིང་ཆུང་གསུམ་ལས་དཔངས་མཐའ་གཅིག་ཏུ་ངེས་པ་མ་ཡིན་ནོ། ༈ །ལྔ་པ་སྒོ་ནི། ཕྱོགས་བཞིའི་རྩིག་པའི་དབུས་སུ་བྲིས་ཆ་ལ་ཇི་ལྟར་ཡོད་པ་ལྟར། ཚངས་ཐིག་གི་གཡས་གཡོན་དུ་ཆ་ཆུང་གཉིས་གཉིས་ཏེ་སྡོམ་པས་ཆ་ཆེན་གཅིག་པའི་ཧར་བཏོན་པ་དེ་ནི་སྒོ་དངོས་སོ། །མཚམས་དེའི་རྩིག་སྣེ་ནས་མདུན་དུ་ཆ་ཆེན་རེ་འཐེན་པ་སྒོ་ཁྱུད། དེའི་སྣེ་ནས་གཡས་གཡོན་དུ་ཆ་ཕྲན་གཉེས་རེ་ངོས་སུ་བཀྱེད་དེ་འཐེན་པ་སྒོ་འགྲམ། དེའི་ངོས་ནས་མདུན་དུ་ཆ་ཕྲན་གཉིས་འཐེན་པ་ནི་སྒོ་ལོགས་སོ། །ཁྱུད་འགྲམ་ལོགས་སུམ་ཀའི་རྩིག་དཔངས་ནི་སྒོ་ཡི་ཧར་དང་མཉམ་ལ། དེའི་ཚད་རྩིག་པ་མཐོ་དམན་འབྲིང་གསུམ་གྱི་དབང་ལས་གཅིག་ཏུ་མ་ངེས་ཀྱང་། འདིར་འབྲིང་ཚད་ཀྱི་དབང་དུ་བྱས་ནས་ཆ་ཕྲན་བཅུ་དང་ཆ་ཕྲན་གཅིག་གི་སུམ་གཉིས་སུ་བྱས་སོ། །འདིར་མཁས་མཆོག་དག་གིས་མཛད་ཟེར་བའི་དོང་སྤྲུགས་ཀྱི་དཀྱིལ་ཆོག་ཏུ། འགྲམ་ལོགས་དང་བྲལ་བའི་སྒོ་བྱས་ཏེ། དེའི་རྗེས་འབྲངས་འགས་རྒྱབ་བརྟེན་དུ། ཕྲེང་བར། ཆུ་སྲིན་ཁ་ན་ཆུ་སྲིན་འབར། །རྟ་བབས་སྒོ་ལས་སུམ་འགྱུར་རོ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ཀ་བའི་རྩེ་ནས་འཐོན་རྩེ་མོ། །སྣ་ཚོགས་རྡོ་རྗེ་འོད་པོ་ཆེ། །ཞེས་པའི་ལུང་གཉིས་དང་དགོངས་པ་མཐུན་ཞེས་མཆན་གྱིས་གསལ་བར་བྱས་སོ། །དེ་ནི་དོང་སྤྲུགས་རང་གི་ལག་ལེན་མན་ངག་བརྒྱུད་པ་ཅན་ཡིན་ན་མི་འགལ་བ་སྲིད་མོད། དེ་ལས་གཞན་དུ་སྒྱུ་འཕྲུལ་གྱི་རྒྱུད་སྒྲུབ་ཐབས་རྣམས་ལས་ཀྱང་། སྒོ་བཞི་སྒོ་ཁྱུད་ཅན། ཞེས་འགྲམ་དང་ལོགས་ཀྱི་མིང་དངོས་སུ་མ་གསུང་པས་བྱ་མི་དགོས་སམ་སྙམ་དུ་བསམས་ནས་དེ་ལྟར་བྱས་པ་ཡིན་ན་མི་འཐད་དེ། བི་མ་ལས། ཁོར་ཡུག་གསུམ་པའི་ཞེང་ཚད་ལ་རྟ་བབས་ཕྱེད་དང་གསུམ་དུ་བྱ་བར་བཤད་པ་ལྟར། རང་གི་ཡི་གེར་ཡང་རྡོར་ཆ་ཕྲན་གཉིས་པ་ལ་སོགས་པར་བྱས་པ་དང་ནང་འགལ་བའི་ཕྱིར་དང་། ཐིག་གི་པཎྜིརྠ་ལས། ཁྱུད་སོགས་ཕོ་བྲང་ཞེང་དང་མཉམ། །ཞེས་གསུངས་པས་སྐབས་འདིར་ཁྱུད་ནི་འགྲམ་ལ་བྱ་སྟེ། དེ་ལྟར་ན་འགྲམ་ལོགས་ཀྱི་ཚད་གང་ཞེ་ན། དེ་ཆ་ཕྲན་གཉིས་པར་སྟོན་པ་ལ། དེ་ལས། ཚངས་ཐིག་གཡས་གཡོན་ཆ་ཆེན་ཕྱེད། །ཅེས་ཕོ་བྲང་གི་ཕྱོགས་རེའི་ཞེང་ཚད་གསུངས་པ་འདིས་བསྟན་པས་ན། འགྲམ་ལོགས་ཚད་དང་བཅས་ཏེ་གསུངས་པའི་ཕྱིར་དང་། ཁྲོ་བོའི་སྐབས་སུའང་། ནང་གི་སྒོ་ཀུན་ཆ་ཕྲན་གཉིས། །ཁྱུད་དང་ལོགས་ནི་རེ་རེའོ། །དེ་ལ་འདི་སྙམ་དུ་འགྲམ་གྱི་མིང་ལ་ཁྱུད་ཟེར་བ་ནོར་རོ་ཞེ་ན། གཞུང་ཁུངས་གཞན་དག་ལས་ཀྱང་གཅིག་ཏུ་མ་ངེས་པ་འདི་ལྟར་འབྱུང་སྟེ། བདེ་འདུས་ཞི་བ་རིགས་བརྒྱའི་གཏེར་དཔེ་དངོས་ལས། དབུས་བརྒྱད་ཆ་ལ་སྒོ་འགྲམ་དང་། །ཞེས་ཁྱུད་ལ་འགྲམ་དུ་གསུངས་ཤིང་། དུས་འཁོར་གྱི་འགྲེལ་ཆེན་དྲི་མེད་འོད་ལས་ཀྱང་། འགྲམ་དང་ལོགས་ཀྱི་ཐ་སྙད་གོ་ལྡོག་ཏུ་གསུངས་པའི་ཕྱིར་མཐའ་གཅིག་ཏུ་མ་ངེས་སོ། །འོན་ཀྱང་ཐིག་གི་པཎྜིརྠིའི་དཔེ་དག་པ་བྱུང་ན་ད་དུང་དཔྱད་པར་བྱའོ། །དེ་མ་ཟད་སུམ་པ་དང་རྒྱ་སྟོན་གྱི་ཕྱག་བཞེད་ལྟར་རྡོ་རྗེ་རིན་ཆེན་གྱིས་བྲིས་པའི་ཆོས་དོན་གྱི་ཐིག་ཆོག་ལས་ཀྱང་། སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་གཅིག །དེ་ཡི་ཕྱེད་ལ་སྒོ་འགྲམ་བྱ། །ཞེས་སོགས་སྔོན་གྱི་སློབ་དཔོན་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་མཛད་པའི་ཐིག་ཆོག་རྣམས་སུའང་འགྲམ་ལོགས་ཡོད་པར་མཛད་ཅིང་། སྨན་ཊཱིཀ་ཏུའང་། སྒོ་ཁྱུད་ཅེས་པ་ངོས་དང་ལོགས་དང་འགྲམ་ཡ་ཕུབས་ལ་སོགས་པའོ། །ཞེས་པས་འགྲམ་ལོགས་ཡོད་པར་གྲུབ་བོ། །དེ་ལྟར་ན་ལུགས་འདི་ལ་སྒོ་ཁང་སྤྱིའི་མིང་ལ་སྒོ་ཁྱུད་ཅེས་འབོད་པར་སྣང་སྟེ། ཀུན་མཁྱེན་ཆེན་པོས་ཀྱང་། སྒོ་ཁྱུད་རེ་རེ་བཞིན་སྒོ་སུམ་སྒྲིགས་རེ་རེས་བརྒྱན་པ། ཞེས་པའང་ཡ་ཕུབས་འདེགས་བྱེད་ཀྱི་ཀ་བས་སུམ་རལ་ལྟ་བུར་གྱུར་པ་ལ་དགོངས་པའོ། །གཞན་ཡང་ཁྱེད་ལྟར་ན། བཀའ་བརྒྱད་ཞི་དཀྱིལ་ལའང་འགྲམ་ལོགས་བྱ་མི་དགོས་པར་ཐལ། བདེ་འདུས་ཞི་བ་ཞེ་གཉིས་ཀྱི་སྒྲུབ་ཐབས་ལས། རྣམ་ཐར་བཞི་ཡི་སྒོ་ཁྱུད་ལ། །ཞེས་པ་ལས་མ་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རིགས་བརྒྱའི་སྒྲུབ་ཐབས་སུ། རྩ་བ་དབུས་ཆ་གཉིས་ཏེ་མཐའ་གཉིས་དོར་བ་སྒོ་རྒྱན་དང་བཅས་བྱ་དབུས་བརྒྱད་ཆ་ལ་སྒོ་འགྲམ་དང་། ཡ་ཕུབས་ལོགས་དང་སྒོ་ཁྱུད་རོལ་པ་ཚོན་སྣ་ལྔས། བསྐོར་བྱ་ཞེས་དང་། ཐིག་ཆོག་ཏུའང་། ཆ་གཉིས་སྒོ་སྟེ་གསུམ་པ་ཁྱུད། །བཞི་པ་འགྲམ་སྟེ་ལྔ་པ་ལོགས། །དྲུག་པ་ནམ་མཁའ་སྟོང་པ་ཡིན། །བདུན་དང་བརྒྱད་ལ་ཀ་བ་བྱ། །ཞེས་གསུངས་པ་དང་འགལ་བའི་ཕྱིར། ཕྲེང་བ་དང་མཁའ་འགྲོ་རྒྱ་མཚོའི་ལུང་དེས་ཀྱང་ལུང་མི་འགྲུབ་སྟེ། ལུང་དེ་གཉིས་ནི་ལོགས་དང་ཀ་བའི་བར་ན་མུན་སྣང་མེད་པར་འདོད་པའི་ལུང་ཡིན་གྱི། འགྲམ་ལོགས་མི་འདོད་པའི་ལུང་མ་ཡིན་པར་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་གཏན་ལ་ཕབ་ཚར་བ་ལྟར་ཡིན་པས་མང་དུ་མི་སྤྲོའོ། །སྒོ་ལོགས་ཀྱི་རྩིག་པའི་ནང་ནས་ཆ་ཆུང་ཕྱེད་གཉིས་ནང་དུ་ཕྱིིན་པའི་སར་ཡ་ཕུབས་འདེགས་བྱེད་ཀྱི་ཀ་བ་ཞེང་ཆ་ཕྲན་ཕྱེད། དཔངས་ཕྱེད་དང་བརྒྱད་ཡོད་པ་ཞིག་བཙུགས་པའི་ནང་མཐའ་དང་། སྒོ་ཁྱུད་ཀྱི་རྩིག་པའི་ནང་མཐའ་དྲང་ཐད་དུ་འོང་བར་བྱའོ། །དེའི་སྟེང་དུ་གདུང་དཔངས་ཆ་ཕྲན་ཕྱེད་པ་ཞིག་སྒོ་ལོགས་ཀྱི་རྩིག་པ་ལ་གདུང་ཁུང་བྲུས་ནས་བཙུགས་ཏེ་འགེབས། ཀ་བ་འོག་མའི་ཀ་ཐོག་ཀ་བཞག་གི་ཀ་ཐུང་ཆ་ཕྲན་ཕྱེད་གཉིས་དང་། གདུང་ལ་ཕྱེད་བྱ། ཀ་ཐུང་གི་བར་ལ་རྡོ་རྗེ་བཅུ་གཅིག་འགྲེང་བུར་བསླང་བའི་དྲྭ་མིག་དང་གདུང་གི་སྟེང་དུ་ཡ་ཕུབས་ཀྱི་རྩིག་དཔངས་ཆ་ཕྲན་གྱི་སུམ་གཉིས་ཡོད་པས་གཅིག་འཁོར་རོ། །འདིར་ཁ་ཅིག་ཡ་ཕུབས་ཀྱི་སྟེང་དུ་རྩིག་པ་མི་འཁོར་བ་བཞེད་ནའང་། བདེ་འདུས་ལས། ཡ་ཕུབས་ལོགས་དང་སྒོ་ཁྱུད་རོལ་པ་ཚོན་སྣ་ལྔས། བསྐོར་བྱ། ཞེས་པས་ལུང་དེས་འཁོར་བ་ལེགས་སོ། །བཅུ་གཅིག་རྡོ་རྗེའི་དྲྭ་མིག་བྱེད་པའི་རྒྱུ་མཚན་ནི། ཆོས་དོན་ལས། སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་གི་མ་རིག་མུན་པ་ལས། །ཡེ་ཤེས་མཐོང་ཁང་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེ་དྲྭ་མིག་བྱེད། །ཅེས་སོ། །དེའི་ཚད་ཀྱང་གསང་རྫོགས་ལས། བཅུ་གཅིག་རྡོ་རྗེའི་ཆ་ཕྲན་གཅིག །ཅེས་པའི་བར་སྟོད་ཆ་ཕྲན་ཕྱེད་གཉིས་ལས་ཆ་ཕྲན་གྱི་བཞི་ཆ་རེ་ཙམ་པའི་རྡོ་རྗེའི་བརྟེན་ས་ཡས་མས་གཉིས་ཀ་ལ་གདུང་ལས་ནང་དུ་ཅུང་ཟད་བསྐུམ་པ་རེ་བཏང་བའི་བར་དུ་རྡོ་རྗེའི་དཔངས་ལ་ཆ་ཕྲན་གཅིག་རེ་བྱའོ། །ལྷ་རྗེ་མང་མཁར་བ་སོགས་འདི་དང་རྟ་རྐང་གི་སྣམ་བུའི་རྡོ་རྗེའི་དོན་གཅིག་ཏུ་མཛད་ནས། དེ་ནས་རྡོ་རྗེ་བཅུ་གཅིག་གི་གྲངས་ངེས་མཛད་པ་སོགས་ནི་འཐད་པ་མ་མཐོང་སྟེ། སློབ་དཔོན་པདྨས་མཛད་པའི་གསང་རྫོགས་མ་ཧཱའི་སྒོམ་རིམ་ལས། སྒོ་ཁང་བཞི་མཐིང་ནག་གྲིབ་སོས་བརྒྱན་པ་ལ། ཡ་ཕུབ་རྡོ་རྗེ་བཅུ་གཅིག་གིས་གནམ་མཐོང་གསལ་བ། ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །སྒོ་གླེགས་འཛུག་ས་ལ། ཁ་ཅིག་སྒོ་ཁྱུད་ཀྱི་ནང་དང་། ཁ་ཅིག་ཁྱུད་འགྲམ་གྱི་མཚམས་དང་། ལ་ལ་དག་ཕྱི་ནང་གཉིས་ཀར་འཛུག་པར་འདོད་པའི་ལུགས་གསུམ་ལས། འདིར་སྒོ་ཁྱུད་ཀྱི་ནང་དུ་འཛུག་པ་ཉིད་རྗེ་བླ་མའི་དགོངས་པ་ཡིན་ཏེ་ལེགས་སོ། །དེ་ལྟར་ན་བུ་སྟོན་རིན་པོ་ཆེས། དེ་ཉིད་བསྡུས་པར། སྒོ་རྣམས་ཀུན་གྱི་ནང་དུ་ནི། །སྒོ་བསྲུང་རྣམས་ནི་དགོད་པར་བྱ། །ཞེས་པས་སྒོ་ཁྱུད་ཀྱི་ཕྱིར་ཡང་སྒོ་གླེགས་འཛུག་དགོས་པ་གསུངས་པས་གནོད་དོ་ཞེ་ན། མི་གནོད་དེ་སྒོ་བསྲུང་གི་ཕྱི་རོལ་ན་སྒོ་ཡོད་ཀྱང་། དེ་ལ་སྒོ་གླེགས་དགོས་པར་མ་ངེས་ཏེ། གལ་ཏེ་དགོས་ན། སློབ་དཔོན་ཚུལ་ཁྲིམས་བསྐྱང་གིས། རྟ་བབས་ལའང་སྒོ་དང་པོ་ལས་གསུངས་པ་དང་། ཆོས་དོན་ལས་ཀྱང་། སྒོ་ལ་སྟེང་དང་འོག་ཡིན་ཏེ། །འོག་གི་སྒོ་དང་སྒོ་ཁང་ཅན། །སྟེང་ནི་སྐས་དང་གླང་རྒྱབ་སོགས། །ཇི་ལྟར་མཛེས་པའི་ཚུལ་དུ་བཞེངས། །ཞེས་གླང་རྒྱབ་ཀྱང་སྒོར་གསུངས་པའི་ཕྱིར། རྟ་བབས་དང་གླང་རྒྱབ་སོགས་ལའང་སྒོ་གླེགས་གཞུག་དགོས་ན་ཧ་ཅང་ཐལ་ལོ། ༈ །དྲུག་པ་རྟ་བབས་ནི། རྡོ་རྗེ་མེ་ལོང་ལས། ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུའི་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཞེས་པས་རྣམ་ཐར་གྱི་ཐེག་པ་བརྒྱད་ལ་སྦྱངས་པ་རྟོགས་པའི་རྟགས་སུ་རྒྱུའི་རྟ་བབས་དང་། ཐེག་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་རྫོགས་པའི་རྟགས་སུ་འབྲས་བུའི་རྟ་བབས་བརྒྱད་དེ་བཅུ་དྲུག་གོ། །དེ་ལྟར་ཡང་སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། ཐེག་པ་བརྒྱད་ཀྱི་ངེས་འབྱུང་བའམ། །རྒྱུ་འབྲས་ཆ་ཡིས་ཕྱི་ནང་གིས། །ཐེམ་སྐས་བརྒྱད་དུ་རྣམ་པར་སྣང་། །ཞེས་པའི་རྒྱུའི་རྟ་བབས་བསྟན། དེའི་འཕྲོས་ལས། དེ་ཡི་གྲུབ་པའི་མཐའ་རྫོགས་པའི། །ཡོན་ཏན་བརྒྱད་ཕྱིར་རྟ་རྐང་དང་། །ཆུ་སྐྱེས་སྒྲོམ་དང་ཟ་ར་ཚགས། །སྣ་འཕྱང་ཆུན་འཕྱང་ཤར་བུ་དང་། །ཁྱུང་མགོ་མཛེས་པས་རིམ་པར་འཁྲིགས། །ཞེས་པའི་འབྲས་བུའི་རྟ་བབས་བསྟན་ནོ། །དེ་ལྟར་གཉིས་ལས། དང་པོ་རྒྱུའི་རྟ་བབས་ནི། རྒྱས་པ་དང་། ལེ་ལག་དང་། རྡོ་རྗེ་གསང་བའི་སྙིང་པོའི་རྒྱུད་རྣམས་ཚིག་དོན་མཐུན་པར་འདི་སྐད་དུ། སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་འགྱུར་བ་ཡིན། །ཞེས་དང་། འོད་རིམ་ལས། སྒོ་ཁྱུད་བཞི་ལྡན་རྟ་བབས་བཅས། །བསྟི་གནས་ལམ་གྱི་བགྲོད་ཕྱིར་རོ། །ཞེས་སོ། །འདི་ལ་སྔ་རབས་ཀྱི་བླ་མ་ཕལ་ཆེར་སྒོ་ཁང་དང་ཁྱམས་ལས་སྒོ་ཅུང་ཟད་མཐོ་བས། ཐེམ་སྐས་ནང་ནས་བཞི། ཕྱི་ནས་བཞི་སྟེ་བརྒྱད་དོ་གསུངས། རྗེ་སེ་སྟོན་ཆེན་པོ་ནི། ཕྱོགས་བཞིར་རྟ་བབས་ཞོན་གྱི་ས་ནས་སྒོར་འཇུག་པའི་བར་དུ་ཐེམ་སྐས་གཉིས་གཉིས་ཏེ་བརྒྱད་དོ་གསུངས། དེ་གཉིས་ཀ་མི་རིགས་ཏེ། སྒོམ་ཐེམ་ལ་ཕྱི་ནང་ནས་སྐས་འཛུག་ས་བཀོད་པ་ཤིན་ཏུ་མི་བདེ་བའི་ཕྱིར་དང་། ཕྱོགས་རེ་རེ་ཐེམ་སྐས་གཉིས་རེ་ཡོད་པ་སྡོམ་པས་རྟ་བབས་བརྒྱད་དུ་འགྱུར་ན་རྒྱན་གྱི་རྟ་བབས་ལའང་མཚུངས་པའི་ཕྱིར་རོ། །ཡང་ལུགས་ཕྱི་མ་དེ། འགྲེལ་པ་ཉི་སེང་མར་སྒོ་རེ་རེ་ལ་ཐེམ་སྐས་གཉིས་གཉིས་སུ་གསུངས་པའི་དགོངས་པའོ་ཞེ་ན་མ་ཡིན་ཏེ། འགྲེལ་པའི་དགོངས་པ་ནི་སྒོ་རེ་རེ་ལ་སྐས་ཕྱི་ནང་གཉིས་ཡོད་པ་ལ་དགོངས་པའི་ཕྱིར། འོ་ན་གང་ཞེ་ན། སྔོན་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས། ཐེམ་སྐས་ཕྱི་ནས་བཞི། ནང་ནས་བཞི་ཞེས་གསུངས་པའི་དོན་སྒོ་གཡབ་དང་སྒོ་ཕུབས་ཀྱི་མཚམས་སུ་ཕྱིའི་ཐེམ་སྐས་བཞི་དང་། སྒོ་ཕུགས་དང་ཁྱམས་ཀྱི་མཚམས་སུ་ནང་གི་ཐེམ་སྐས་བཞི་འཛུག་པ་ཡིན་ནོ། །འདིར་ཕྱིས་ཀྱི་མཁས་པ་དག་ན་རེ། གསར་མའི་རོང་པ་ཆོས་མགོན་དང་རྙིང་མའི་རོག་ཤེས་རབ་འོད་སོགས་ཀྱིས་སྒོའི་ཕྱིར་རྟ་བབས་ཞོན་གྱི་ཚུལ་དུ་ཡོད་པས་རྟ་བབས་སུ་འདོད་པ་ཤིན་ཏུ་འཁྲུལ་བས། བུ་སྟོན་དང་སྟག་ཚང་ལོ་ཙཱ་བ་སོགས་ཀྱིས་བཀག་པ་ལ་ལེགས་སོ་དང་བཅས་ཏེ་སྨྲ་བ་དང་། མཁས་དབང་ལ་ལ་དག་རྟ་བབས་ཞོན་གྱི་ས་ཡིན་པས་རྟ་བབས་ཞེས་པ་ལེགས་སྦྱར་གྱི་ཚིག་དོན་ལ་མ་ཞུགས་སོ། །ཞེས་གསུངས་ཀྱང་། བྲིས་ཀྱི་སྐབས་ཀྱི་རྟ་བབས་འདི་ཉིད་ཐེམ་སྐས་སུ་འདོད་མཁན་ཡོད་ན་ནི་ངེས་པར་འཁྲུལ་ལ། གཞན་སྐྱོན་མེད་དེ། ལེགས་སྦྱར་གྱི་སྐད་དུ། ཏྭ་ར་ཎ་ཞེས་པ་མངོན་པར་འཕྱང་བའི་དོན་ཡིན་པས་ཐེམ་སྐས་ལ་དཔྱངས་པའི་དོན་མི་ཚང་བ་བདེན་ཡང་། གཞན་དུ་ཉོན་མོངས་མེད་པ་ལའང་འཇུག་པས་དེའི་ཕྱག་རྒྱར་གྱུར་པའི་ཕྱིར་དང་། རྣམ་པ་གཅིག་ཏུ་ན་ཏུ་རིང་ཏ་གམ་མ་ཎ་ཞེས་པ་རྟ་ལ་བྱ་བས། ཕོ་བྲང་དུ་འཇུག་པ་ན་འདི་དག་རྟ་བབས་ཞོན་གྱི་སྟེགས་ཡིན་པས་ན་དེ་སྐད་དུ་གྲགས་སོ་ཞེས་སྔོན་གྱི་ལོ་ཙཱ་བ་ཆེན་པོ་དག་གསུངས་པའི་ཕྱིར་དང་། ཕྱོགས་བཅུ་མུན་སེལ་ལས་ཀྱང་། ཏྭ་ར་ཎའི་སྒྲ་བར་སྣང་གི་རྒྱན་དང་། སྒོ་སྐྱབས་དང་། རྟ་བབས་ཞོན་གྱི་སྟེགས་དང་། ཐེམ་སྐས་ལ་འཇུག་པ་གསུངས་པ་ལྟར་ཡིན་པས་ལེགས་སྦྱར་གྱི་སྒྲ་ལ་མ་ཞུགས་པའི་སྐྱོན་མེད་ལ། དེ་མེད་པ་ཉིད་ཀྱི་གེགས་སྔ་མའང་སེལ་ལོ། །ཡང་ཆོས་དོན་ལས། ལམ་སྟེགས་བརྒྱད་ནི་འཕགས་ལམ་དང་། །ཐེག་པ་བརྒྱད་དང་རྣམ་ཐར་བརྒྱད། །ཅེས་ཐེམ་སྐས་ཕྱི་ནང་གཉིས་ཐུན་མོང་གི་དོན་རྟགས་དང་། སྒོ་སྟེགས་རྟ་བབས་བཞི་པོ་ནི། གསུམ་ནི་ཁམས་གསུམ་བཞི་པོ་ནི། འཕགས་ལམ་པདྨ་མཚན་པ་ཅན། །ཞེས་ཕྱི་ནང་གི་ཐེམ་སྐས་རེ་རེ་ལ་རིམ་པ་བཞི་བཞིར་ཡོད་པའི་དོན་རྟགས་ཀྱང་གསུངས་སོ། ༈ །གཉིས་པ་འབྲས་བུའི་རྟ་བབས་ནི། སྒོ་ལོགས་ཀྱི་ཕྱི་ཟུར་བྲིས་ཆའི་ཀ་བའི་སྣེ་མོ་བཞིས་སླེབས་པའི་སྟེང་དུ་ཕྱི་ནང་གི་ཀ་བ་བཞི་པོ་འཛུགས་སོ། །འོ་ན་ཀ་གདན་དང་བཅས་པའི་ཀ་དཔངས་ཆ་ཕྲན་བདུན་པ་བྱས་པ་འདི་ནི། ཕྲེང་བར། རྟ་བབས་ཀྱི་ཀ་བ་རྩིག་པའི་ཐིག་ལ་འཐོན་ཅིང་། ཆ་ཆུང་བདུན་པའོ། །ཞེས་པའི་ཕྱོགས་ནི་མི་རིགས་ཏེ། གཞལ་ཡས་ཁང་ལས་ཅུང་ཟད་རིང་བར་རྟ་བབས་ཀྱི་ཀ་བ་རྣམས་རེ་རེ་བཞི་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་ཕྱིར་ས་མཉམ་པོ་ལ་གནས་པ་ཉིད་ཀྱིས་སྟེགས་བུ་དང་འབྲེལ་བ་བཞིན་མཐོང་བས། སྟེགས་བུའི་ཕྱི་ངོས་སུ་འདི་རྣམས་བྲི་བར་རིགས་སོ། །ཞེས་ཀ་བ་ཆ་ཆུང་བདུན་པ་བཀག་པས་མི་རིགས་སོ་ཞེ་ན། ཕྲེང་བའི་དགོངས་པ་ནི་དེ་ལྟར་མ་ཡིན་ཏེ། གང་ཞེ་ན། ཕྲེང་བའི་ཕྱོགས་སྔ་མ་དེའི་ཞེ་འདོད་ལ། རྟ་བབས་ཀྱི་ཀ་བ་རྩིག་པའི་ཐིག་ལ་ཐོན་པ་བྱ་དགོས་ཏེ། ཀ་དཔངས་ལ་ཆ་ཆུང་བདུན་དགོས་ལ། དེ་འདོད་རྣམས་ཀྱི་ཆ་ཆུང་གཉིས་པོ་མ་བསྣན་ན་མི་ལོངས་པའི་ཕྱིར་སྙམ་དུ་བསམ་མོ། །འདོད་པ་དེ་ཕྲེང་བ་མཁན་པོས་དགག་པ་ན། ཀ་བ་ཆ་ཆུང་བདུན་དགོས་ཀྱང་། བྲིས་ཀྱི་ཀ་བ་ཆ་ཆུང་ལྔ་པོ་དེ་བསླངས་པའི་ཚེ་རེ་རེ་བཞིན་སྟེགས་བུ་གྲུ་བཞི་པ་བུམ་པ་དང་བཅས་པའི་ཆ་ཆུང་གཉིས་ལ་གནས་པའི་ཕྱིར། ཀ་གདན་དེ་འདོད་སྣམ་དང་དཔངས་ཁད་མཉམ་དུ་སོང་བས། རྒྱང་ནས་བལྟས་ན་ཀ་བ་ཆ་ཆུང་ལྔ་པོ་དེ་འདོད་སྣམ་གྱི་སྟེང་དུ་བཙུགས་པ་ལྟ་བུར་འབྲེལ་བར་མཐོང་བ་ཞིག་འོང་བས་བྲིས་ཀྱི་དུས་སུ་ཀ་གདན་བྲི་མི་དགོས་ལ། གལ་ཏེ་བྲིས་ན་རྟ་བབས་ཀྱི་ཀ་བ་ནང་མ་གཉིས་ཀྱི་འཛུག་པའང་གཞལ་ཡས་ཁང་ལས་ཆ་ཕྲན་གཉིས་ཀྱི་བར་ཡོད་པས་ཅུང་ཟད་རིང་བའི་སར་འཛུག་དགོས་པ་ཉིད་ཀྱིས། རྩིག་པའི་ཐིག་ལས་ཐོན་པ་བྱས་ན་བསླངས་པའི་དུས་སུའང་རྩིག་པ་ལ་རེག་པའི་སར་འཛུགས་དགོས་སམ་སྙམ་པའི་དོགས་པ་དེ་སྐྱེ་སྲིད་པའི་ཕྱིར། ལག་ལེན་དེ་འདྲ་ལེགས་པ་མ་ཡིན་ནོ། །དེའི་ཕྱིར་སྟེགས་བུའི་ཕྱིར་ངོས་སུ་འདི་རྣམས་བྲི་བར་བྱའོ། །ཞེས་པའི་དོན་ནོ། །འདིར་མཁས་པ་འགའ་ཞིག་གི་ཀ་བ་གཞལ་ཡས་ཁང་ལས་ཅུང་ཟད་རིང་བའི་དོན་ཀ་བའི་དཔངས་ལ་བྱས་ཏེ་གཞལ་ཡས་ཁང་ཤིན་ཏུ་དམའ་བར་བྱས་པ་དང་། གཞན་དག་ཀ་གདན་ཀ་བའི་དཔངས་ཆ་ཆུང་ལྔ་པའི་ཁོག་ཏུ་བརྩིབས་ལ་སོགས་པ་རྣམས་ནི་འཐད་པར་མ་མཐོང་ངོ་། །དེ་ལྟར་ནའང་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་ཕྱིར་ཞེས་པ་ལས་མི་འབྱུང་བ་ལ། འདིར་བུམ་པ་དང་བཅས་པའི་ཆ་ཆུང་གཉིས་པར་བྱེད་པར་མི་རིགས་སོ་ཞེ་ན། དེ་ནས་ཀ་གདན་གྲུ་བཞི་པ་དེས་བུམ་པ་ཡང་མཚོན་དགོས་པ་སྟེ། ཕྲེང་བ་ཉིད་ལས་རྟ་བབས་ཀྱི་ཀ་བ་རྣམས་ནི་སྟེགས་བུ་གྲུ་བཞི་པ་དང་བུམ་པ་ལ་གནས་པས། ཞེས་དང་། ལངྐ་རྒྱལ་བཟང་གིས། སྟེགས་བུ་བུམ་པ་ལས་བྱུང་བའི། །རྟ་བབས་ཀ་བ་དྲང་པོར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཀ་བ་བཞི་པོའི་སྟེང་དུ་རྟ་བབས་འདེགས་བྱེད་ཀྱི་གདུང་ཡོད་པ་དང་མེད་པའི་ཕྱོགས་གཉིས་ལས། འདིར་གདུང་ཡོད་པའི་ཕྱོགས་བསྟན་ཏེ། །ཆོས་དོན་ལས། སྒོ་ཁང་ཕྱིར་ཟུར་བཞི་པོ་ན། །ཀ་བ་བཞི་བཞིའི་གདུང་རྩ་ནི། །བརྒྱད་བརྒྱད་བཏེགས་པ་རྟ་བབས་རྨངས། །ཀ་གདན་ཀ་གཞུ་ཅི་རིགས་པའོ། །ཞེས་སོ། །གདུང་འདིའི་དཔངས་ནི་ཆ་ཕྲན་གཅིག་པ་སྟེ། ཐིག་གི་པཎྜིརྠ་ལས། གདུང་དང་རྟ་བབས་བརྒྱད་ཆ་མཉམ། །ཞེས་སོ། །རྒྱབ་གདུང་གི་སྣེ་ནང་མ་གཉིས་སྒོ་འགྲམ་གྱི་རྩིག་པའི་ཕྱི་མཐར་གདུང་ཁུང་བྲུས་ནས་བཏང་བས་དུམ་བུ་གཉིས་སུ་སོང་བས་ན་གདུང་ལྔར་འགྱུར་བའི་ཕྱིར། ཆོས་དོན་ལས། གདུང་བཞི་བསྣོལ་མར་བཏང་བ་ནི། བདེན་བཞི་བསམ་གཏན་བཞི་དང་ལྡན། །ཞེས་གདུང་བཞིར་གསུངས་པ་དང་འགལ་ལོ་ཞེ་ན། རྒྱབ་ཀྱི་གདུང་ཟླུམ་པོ་གཉིས་པོ་དེ་རྒྱབ་ཕྱོགས་ཀྱི་གདུང་ཞེས་རིགས་བསྡུས་ནས་གསུངས་པ་ཡིན་པའི་ཕྱིར་སྐྱོན་མེད་དེ། དཔེར་ན་རྡོ་རྗེ་འབྱུང་བར། རྟ་བབས་བཞི་དང་ཀ་བ་བརྒྱད། །ཅེས་རྟ་བབས་ཀྱི་ཀ་བ་བཅུ་དྲུག་པོ་ཕྱོགས་རེ་རེ་ལ་ཀ་བ་གཉིས་གཉིས་རིགས་བསྡུས་ཏེ་བརྒྱད་དུ་གསུངས་པ་དང་། ལངྐ་རྒྱལ་བཟང་གིས། སྒོ་ཁྱུད་བཞི་རུ་བརྗོད་པ་ཡིན། །ཞེས་པའང་ཕྱོགས་རེ་རེ་ལ་སྒོ་ཁྱུད་གཉིས་གཉིས་ཡོད་ཀྱང་རིགས་བསྡུས་ནས་བཞིར་གསུངས་པ་ལྟར་རོ། །དེའི་ཕྱིར་སློབ་དཔོན་གྱིས་ནང་གི་གདུང་མ་ལ། གདུང་ཆེན་བཞི་ཡི་རྩེ་ནས་བཏེགས། །ཞེས་གསུངས་པ་ལ། འདིར་གདུང་རྩ་ནི། བརྒྱད་བརྒྱད་བཏེགས་པ་ཞེས་གསུངས་པའང་འདི་ལྟ་བུའི་འཁྲུལ་གཞི་སྐྱེ་སྲིད་པ་ལ་དགོངས་པའོ། །དེས་ན་འདིར་གདུང་བཞི་ནི་རིགས་བསྡུས་པ་ཡིན་ལ། བསྣོལ་མར་བཏང་བ་ནི་གདུང་རྩ་བརྒྱད་པོ་བསྣོལ་བ་ལ་དགོངས་སོ། །རྒྱབ་མདུན་གྱི་གདུང་ཀ་བའི་ཕྱིར་ཆ་ཕྲན་རེ་རེ་ཐལ་བའི་འོག་ཏུ། གླང་པོ་ཆེའི་སྟེང་དུ་སེང་གེའི་ལག་གཅིག་གིས་གླང་པོའི་སྤྱི་བོར་མནན་ཅིང་། དཔུང་པ་གཅིག་བཏེགས་ཏེ་འཕྱར་བ། དེ་ཡི་ཁ་ནས་རིན་པོ་ཆེ་འཕྱང་བ་སྟེ། སྦྱོང་རྒྱུད་ལས། སེང་གེ་བ་གླང་རྣམས་ཀྱིས་བརྒྱན། །ཞེས་པ་དང་མཐུན་ལ་བླ་མ་དགོངས་འདུས་ལས་གླང་ཆེན་སེང་གེའི་རྐང་པ་གཉིས་ཀྱིས་མནན་ཅིང་ལང་བའི་ལག་གཉིས་ཀྱིས་གདུང་འདེགས་པ་གསུངས་སོ། ༈ །གདུང་གི་སྟེང་དུ་རྟ་བབས་བྱ་སྟེ། འདི་ལ་སྔ་རབས་པ་འགའ་ཞིག་ན་རེ། རྟ་རྐང་ནི་རྟ་བབས་འདེགས་པའི་ཀ་བ། ཆུ་སྐྱེས་ནི་པདྨ། སྒྲོམ་ནི་བྲེ། ཟ་ར་ཚགས་ནི་གདུང་ཤམས། སྣམ་འཕྱོང་ནི་ཟུར་དྲིལ། ཆུན་འཕྱང་ནི་རྡོ་རྗེ་རིན་ཆེན་དང་དར་འཕྱངས། ཕྲེང་བ་ནི་མུ་ཕྲེང་ངམ་མུན་པའི་ཁ་རྒྱན་ཤར་བུ། ཁྱུང་མགོ་ནི་བྲེ་ལོགས་བཞི་ལའོ། །མཛེས་པས་རིམ་པར་འཁྲིགས་པ་ནི། རྡོ་རྗེ་ཕྲེང་བར། གསེར་དང་། ཤར་བུ། ཞེས་སོགས་གསུངས་པའི་སྣམ་བུ་བཅུ་གཅིག་པོ་སྟེ། རིམ་པར་རྩིག་པ་ཡོན་ཏན་བརྒྱད་ལྡན་ནོ་ཟེར་བ་ནི། རྒྱུད་སྒྲུབ་ཐབས་ཐམས་ཅད་ནས་རྟ་བབས་སྣམ་བུ་བརྒྱད་དུ་བཤད་པ་དོར་ནས། ཕྲེང་བར་སྣམ་དུ་བཅུ་གཅིག་པ་བྲིས་སྣང་བའི་ཕྱིར་ཤིན་ཏུ་མི་རིགས་སོ། །ཡང་ཆོས་དོན་འབྲེལ་བ་བྱེད་པ་ཁ་ཅིག །རྟ་རྐང་ཀ་བ། ཆུ་སྐྱེས་དང་སྒྲོམ་གཉིས་རྒྱབ་ཕུབས་ཀྱི་ཕོ་གྱོ་མོ་གྱོ། ཟ་ར་ཚགས། སྣ་འཕྱང་ཆུན་འཕྱང་། ཕྲེང་བ་བཞི་པོ་གྱོ་མོ་ཁ་ནས་འཕྱོངས་ལ། ཁྱུང་མགོ་ནི་རྒྱ་ཕུབས་ཀྱི་སྟེང་གཡས་གཡོན་གཉིས་ནའོ་ཟེར་བའང་སྔར་ལྟར་འཁྲུལ་ལོ། །ཡང་ལྷ་རྗེ་རོག་སྟེང་རྒྱན་ནི་ཟག་པ་མེད་པའི་རིན་པོ་ཆེ་དང་གོས་སྣ་ཚོགས་ཀྱི་བླ་རེ་དང་། གདུགས་དང་། རྒྱལ་མཚན་དག་ལ། སྣ་འཕྱོང་དང་། ཆུན་འཕྱོང་དང་། ཕྲེང་བ་སྣ་ཚོགས་པས་བརྒྱན་ཅིང་། སྣ་ཚོགས་པའི་ཁྱུང་མགོ་དག་གིས་མཛེས་པར་གྱུར་པ་སྟེ། པཎྜིརྠ་ལས། ཞབས་དང་མ་ཆགས་ཟ་ར་ཚགས། །ཞེས་སོགས་འདྲེན་པར་མཛད་དོ། །དེ་ཡང་འཐད་པ་མ་མཐོང་སྟེ། རྒྱན་གྱི་རྟ་བབས་རྐང་དོར་བའི་ཕྱིར་རོ། །ཡང་མཁས་གྲུབ་ཆེན་པོ་དག་གི་ཕྱག་ལེན་དུ་གྲགས་པ་ལས། དྲྭ་མིག་དཔངས་ཆ་ཕྲན་གཅིག་དང་། ཆུ་སྐྱེས་དང་ཕ་གུ་གཉིས་ལ་ཕྱེད་ཕྱེད། སྒྲོམ་ཆ་ཕྲན་གཉིས་དང་། ཡང་ཆུ་སྐྱེས་ཕྱེད་དང་སྒྲོམ་ཕྱེད་དང་གཉིས་དང་། ཕ་གུ་དང་ཁྱུང་མགོ་གཉིས་ལ་རེ་རེ་བཞེད་ཅེས་འབྱུང་ནའང་། མི་རིགས་ཏེ། རྡོ་རྗེ་ལས་རིམ་ལས། རྟ་བབས་བརྒྱད་པོ་ཆ་མཉམ་ཞིང་། །ཞེས་གསུངས་པ་དང་འགལ་ཞིང་། ཆུ་སྐྱེས་ཕ་གུ་སྒྲོམ་གསུམ་ལྡབས་པའང་། རྒྱུད་སྒྲུབ་ཐབས་རྣམས་སུ་གསུངས་པ་མ་མཐོང་ངམ། ཡང་ཕྱིས་ཀྱི་ཕྱག་ལེན་འགར། གསེར་གདུང་ཀ་རྒྱན་མཐའ་དང་མཉམ། །རྟ་རྐང་དང་ནི་ཆུ་སྐྱེས་གཉིས། །དེ་ལ་ཆ་ཕྲན་གཅིག་གི་རིང་། །རིན་ཆེན་དེ་ལས་གཉིས་ཀྱི་ཐུང་། །སྒྲོམ་བུ་དེ་ལས་གཅིག་གི་རིང་། །ཟར་ཚགས་པདྨ་མདའ་ཡབ་གསུམ། །རིམ་བཞིན་ཆ་ཕྲན་རེ་རེ་བསྐུམ། །ཞེས་འབྱུང་བའང་། སྒྱུ་འཕྲུལ་གྱི་ལུགས་འདིར་མི་རིགས་ཏེ། འདིར་གསེར་གདུང་སྣམ་བུ་བརྒྱད་ཀྱི་ནང་དུ་གྲངས་ལ། ཐིག་གི་པཎྜིརྠར། གདུང་དང་རྟ་བབས་བརྒྱད་ཆ་མཉམ། །ཞེས་པའི་དང་སྒྲས་ཐ་དད་དུ་ཕྱེ་བའི་ཕྱིར་རོ། །ཡང་ལྷ་རྗེ་སེ་སྟོན་ཆེན་པོས། སྣམ་བུ་དང་པོ་ཀ་རྒྱན་མཐའ་དང་མཉམ། དེ་ནས་རིམ་པར་གཅིག་འཕྱར་གཅིག་བསྡུ་བའི་རིམ་པ་དང་། ཁྱུང་མགོ་ཆ་ཕྲན་གཉིས་བསྐུམ་པའོ་གསུངས། དེ་ལྟར་ན་སྒྲིལ་འཕྱང་གི་གཞི་བར་སྟོང་ལ་འཕྱར་དང་། དེའི་སྟེང་འོག་གི་སྣམ་བུ་གཉིས་ལ་བསྐུམ་གྱི་རེས་བབས་པས། དེ་འདྲ་མི་སྲིད་ཅིང་། སྒྲིལ་འཕྱང་དང་ཤམ་བུ་བཞེད་པའང་། འོད་རིམ་ལས། རིན་ཆེན་སྒྲིལ་འཕྱང་། ཞེས་གསུངས་པས་གནོད་དོ། །ཡང་སྒྲོལ་ཊཱིཀ་ཏུ། ལས་རིམ་ལས། རྟ་རྐང་ཆུ་སྐྱེས་ཕ་གུ་སྒྲོམ། །སྣམ་འཕྱོང་སེང་མགོ་ཤར་བུ་ཕྲེང་། །ཞེས་དྲང་ནས་དེ་ལྟར་བཞེད་ལ། གཡུང་ཊཱིཀ་ཏུའང་དེ་དང་མཐུན་པར་གསུངས་སོ། །དེའི་དོན་གཞན་ནི་སྤྱི་དང་མཐུན་ལ། ཕྲེང་བ་ནི་པུ་ཤུའི་ཕྲེང་བས་བསྐོར་བའོ། །འོན་ཀྱང་ལས་རིམ་གྱི་དཔེ་རྣམས་ལུང་དེ་དང་དེའི་དོད་ཐུབ་གང་ཡང་མ་མཐོང་བས་ད་དུང་དཔྱད་པར་བྱའོ། །འོ་ན་འདིར་ཇི་ལྟར་བྱ་ཞེ་ན། རང་གི་རྗེ་བླ་མའི་དགོངས་པས། རྟ་བབས་སྒོ་ཚད་གཉིས་ལ་སྣམ་བུ་བརྒྱད་དུ་ཕྱེ་བ་ལ་རིམ་བཞིན། རྟ་རྐང་གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུར་བསྒྲིགས་པ། ཆུ་སྐྱེས་ནི་པདྨ་དམར་པོ། སྒྲོམ་གྱི་མཐའ་དང་དབུས་སུ་ཀ་ཆུང་བཞི་བཙུགས་པ་ལ་སྒྲོམ་ལེབ་ཁ་དོག་ཅི་མཛེས་བཅུག་པའོ། །སྣམ་བུ་དེ་གསུམ་མདུན་དང་གཡས་གཡོན་གསུམ་པོ་སྒོར་མོ་སྒོ་ཁང་གི་རྩིག་པ་ལ་ཆ་ཕྲན་རེས་མ་རེག་པ་བྱ་སྟེ། བྲིས་ཆའི་སྐབས་སུ་སྒོ་ལོགས་དང་ཡ་ཕུབས་ཀྱི་རྩིག་པའི་ཕྱིར་མུན་པ་པ་ཏི་འཁོར་བ་དེ་ཡིན་ལ། ཤྲདྡྷཱ་དང་སྨྲྀ་ཏིས་ཀྱང་། རྟ་བབས་ཡ་ཕུབས་དག་ལས་ནི། །ཆ་གཅིག་དོར་བའི། ཞེས་པའང་འདི་ལ་དགོངས་པའོ། །དེ་ཡང་རྟ་བབས་འདེགས་བྱེད་ཀྱི་གདུང་རྒྱབ་ལ་དུམ་བུ་གཉིས་པོ་དེ་སྒོ་ཁང་གི་རྩིག་པ་ལ་བརྟེན་པའི་ཕྱིར། དེའི་སྟེང་དུ་སྣམ་བུ་འཁོར་མོར་རྒྱུག་གམ་སྙམ་ན། མུན་པའི་ཆ་ཆུང་གཅིག་པོའི་ས་ལ་མི་རྒྱུག་པ་ཡིན་ནོ། །སྣམ་བུ་གསུམ་པོ་དེ་རྣམས་ནང་ཁོང་སྟོང་ཅན་གྱི་ཁོག་ཏུ་ཀ་བ་དང་། དེས་བཏེགས་པའི་གདུང་བཏང་སྟེ། སྒོ་ཁང་གི་ཐོག་དང་ཆ་མཉམ་དུ་དབུབ་བོ། །དེའི་སྟེང་དུ་ཀ་བ་བརྒྱད་དང་། དེས་བཏེགས་པའི་གདུང་བཞི་སྒོ་མོར་བཏང་བ་ལ། སྒྲིལ་འཕྱང་མ་གཏོགས་པའི་སྣམ་བུ་གཞན་རྣམས་ཀ་བའི་ཕྱི་ངོས་ལ་སྲབ་འཐུག་ཐིག་སྐུད་གང་ཙམ་གྱི་པང་ལེབ་ཟུར་ལངས་བརྩེགས་པ་ལྟ་བུའི་སྣམ་བུ་རྣམས་སྦྲགས་ལ། ཁྱུང་མགོ་སྟེང་ནས་ཕུབས་པས་ཟར་ཚགས་ཡན་ཆད་སྒོ་སྟེང་གི་བ་གམ་བསིལ་བའི་ཁང་བུར་གྱུར་ཏེ། རོང་ཟོམ་ཆེན་པོའི་ཊཱི་ཀ་ལས་ཀྱང་། སྒོའི་བསིལ་ཁང་རྣམས་དང་ལྡན་པར་གྲགས་པས་གཞལ་མེད་ཁང་གི་སྒོ་ཐམས་ཅད་སྤྱིར་ཤེས་པར་བྱ་བ་ཡིན་ནོ། །ཞེས་དང་། ཆོས་དོན་གྱི་རྣམ་བཤད་མཛད་པ་པོ་དག་གིས་ཀྱང་། རྟ་བབས་ནང་ཅན་མཐོང་ཁུང་ཅན་དུ། །ཞེས་གསུངས་པའང་འདི་ལ་དགོངས་པར་མངོན་ནོ། །དེའང་ཟར་ཚགས་ཀྱི་སྣམ་བུ་སྣ་འཕྱང་ལས་འཕྱང་བ། སྣ་འཕྱོང་ནི་གཞི་སེར་པོ་དཀྱིལ་འཁོར་གྱི་ཕ་གུ་དང་མཚན་ཉིད་འདྲ་བ། ཆུན་འཕྱང་ནི་གཞན་ལས་སེང་མགོའི་སྣམ་བུ་ཞེས་འབྱུང་བས། གཞི་བར་སྟོང་ལ་སེང་མགོའི་ཁ་ནས་དཔྱངས་པའི་རིན་པོ་ཆེའི་དོ་ཤལ་དང་དོ་ཤལ་ཕྱེད་པ། ཤར་བུ་ནི་དཀྱིལ་འཁོར་གྱི་ཤར་བུ་དང་མཚུངས་པ་ལས་འདིར་གཞི་སྔོན་པོའི་སྟེང་དུ་སྒྲིགས་པ་ཡིན་ནོ། །དེ་མན་གྱི་སྣམ་བུ་བདུན་པོ་དེ་མདུན་ངོས་སུ་ཕར་བསྐུམ་ཚུར་འཕྱར་མེད་པའི་ཕྱིར། མཚམས་གཅོད་ཀྱི་རི་མོ་ཡོད་པ་མ་གཏོགས་ཁད་མཉམ་ལ། གཡས་གཡོན་དུ་འཕྱར་བའི་འདོད་ཡོན་གྱི་ཆ་རྣམས་པང་ལེབ་སྲབ་མོས་དགབ་དགོས་པས། ཆུ་སྐྱེས་ལ་འོག་གཞི་དང་། སྒྲོམ་ལ་སྟེང་ཁེབ། སྣ་འཕྱོང་ལ་འོག་གཞི་ཁ་ཁེབ་གཉིས་ཀ་དགོས་སོ། །ཤར་བུའི་སྣམ་བུའི་སྟེང་དུ་ཁྱུང་མགོ་ནི། བྱ་འདབ་དང་འདྲ་བ་ལས་ཟུར་བཞིར་ཁྱུང་མགོའི་ལྐོག་མ་ནས་ཟུར་དྲིལ་དང་བཅས་པ་རྟ་བབས་འོག་མ་རྣམས་ལས་མདུན་དུའང་འཕྱར་ཆ་ཕྲན་ཕྱེད་ཙམ་ཡོད་པ་ཞིག་བྱའོ། །སྣམ་བུ་དེ་རྣམས་གཡས་གཡོན་དུ། གསེར་གདུང་དང་རྟ་རྐང་ཀ་རྒྱན་དང་ཁད་མཉམ་ལ། དེ་ནས་ཆུ་སྒྲོམ་གཉིས་ཆ་ཕྲན་གཅིག་འཕྱར། ཟར་ཚགས་གཉིས་བསྐུམ། སྣ་འཕྱང་གཅིག་འཕྱར། ཆུ་འཕྱང་གཉིས་བསྐུམ། ཤར་བུ་གཅིག་འཕྱར། དེ་ལས་ཁྱུང་མགོ་གཅིག་འཕྱར་བའོ། ༈ །དེ་ལྟར་རྟ་བབས་འགོད་པའི་རིམ་པ་འདི་ནི། འོད་རིམ་ལས། འབྲས་བུའི་ཡོན་ཏན་ཀུན་རྫོགས་ཕྱིར། །རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། །སྣ་འཕྱང་གཞི་ལས་ཟ་ར་ཚགས། །རིན་ཆེན་སྒྲིལ་འཕྱངས་ཤར་བུ་ཁྱུང་། །རིམ་བཞིན་དབྱིབས་མདོག་མཛེས་པར་བྱ། །ཞེས་དང་། རྡོ་རྗེ་ལས་རིམ་ལས། ཞབས་དང་པདྨ་རིན་ཆེན་སྣོད། །སྣ་འཕྱངས་ལས་བྱུང་ཟ་ར་ཚགས། །ཆུན་འཕྱངས་ཤར་བུ་བྱ་ཁྱུང་མགོ། །རིམ་བཞིན་ཁ་དོག་མཛེས་པར་བྱ། །ཞེས་དང་། འགྲེལ་པ་མུན་སེལ་ལས། ངོ་བོ་ཕྱིར། རྟ་རྐང་། པདྨ། སྒྲོམ། ཟ་ར་ཚགས། སྣ་འཕྱོང་། ཆུན་འཕྱོང་། ཤར་བུ། བྱ་ཁྱུང་སྟེ། རྟ་བབས་གདུང་བཞིའི་སྟེང་དུའོ། །ཞེས་གསུངས་ཤིང་། འདི་དག་སྔར་དྲངས་པའི་སྒྱུ་འཕྲུལ་བྱེ་བྲག་བསྟན་པའི་ལུང་དང་ཡང་མཐུན་ནོ། །གཞན་དུ་ན། རྒྱས་པ་ལས། ཞབས་དང་མ་ཆགས་ཟ་ར་ཚགས། །སྣ་འཕྱོང་ཆུན་འཕྱང་འཕྲེང་བ་དང་། །སྣ་ཚོགས་ཁྱུང་མགོས་རིམ་པར་འཁྲིགས། །ཞེས་འབྱུང་སྟེ། རྒྱུད་འཁྲུགས་པ་ཤིང་རྟ་ཆེན་པོའི་སློབ་དཔོན་རྣམས་ཀྱི་མན་ངག་གིས་འཆད་དགོས་པའི་ཕྱིར། འོད་རིམ་ལ་སོགས་པ་ལྟར་ལག་ཏུ་བླང་ན་ལེགས་པར་སྣང་བས་དེ་བཞིན་དུ་བྱས་སོ། །སྣམ་བུ་རྣམས་ནི་མདུན་ངོས་སུ་གླང་རྒྱབ་བརྐོས་པའི་མིག་འོག་མ་དང་ནང་གི་བཅུ་གཅིག་རྡོ་རྗེའི་དྲྭ་མིག་ཁད་མཉམ་དུ་ཡོད་ཅིང་། སྒོ་ཁང་གི་གདུང་དང་ཐོག་འབུབས་ཀྱང་ཕྱི་ནས་མཐོང་བས། དེ་ལ་བསིལ་ཁང་གི་ནང་རྣམས་ཕྱོགས་མདོག་ཅན་ཡིན་པའི་དེ་དང་མཐུན་པའི་ཚོན་རྩིས་བྱུགས་ནས་མཛེས་པར་བྱ་ཞིང་། གདུང་དེའི་འོག་ཡ་ཕུབས་ཀྱི་པཉྩ་རེ་ཁཱའི་མདུན་དུ་བླ་རེ་དབུབ། དེའི་ཕྱི་མཚམས་སུམ་ཕུབས་ཀྱི་བྱ་འདབ་ཀྱི་སྣ་ལས་རིན་པོ་ཆེའི་དྲྭ་བ་ཅུང་ཟད་རེ་འཕྱང་བ་བྱས་ཀྱང་མི་འགལ། གླང་རྒྱབ་ཀྱི་མིག་དབུས་མའི་ནང་དུ་སྒྲིལ་འཕྱང་གི་སྣམ་བུའི་དྲྭ་བ་མཐོང་བས་དྲྭ་ཕྱེད་ཟུར་པ་མ་བྱས་ཀྱང་ཆོག །བྱེད་ན་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་དྲིལ་བུ་རྔ་ཡབ་དང་བཅས་པ་བྱའོ། །འདིར་ཆོས་དོན་ལས། སྟེང་ནི་གླང་དང་སྐས་རྒྱབ་སོགས། །ཇི་ལྟར་མཛེས་པའི་ཚུལ་དུ་བཞེངས། །ཞེས་པ་ལས། མཁས་མཆོག་བུའི། ཤྲཱདྡྷའི་རྟ་བབས་སྒོ་ཚད་མ་གཅིག་མའི་སྣམ་བུ་དང་པོ་ལ་སྐབས་སུ་བཤད་པ་ཤར་བུ་དང་འགྱུར་ཁྱད་དུ་མངོན་ལ། རྟ་བབས་ཀྱི་ཤར་བུ་དང་དེའི་སྟེང་དུ་གླང་རྒྱབ་མཚོན་ཙམ་བྱེད་པ་ཡིན་འདྲ་གསུངས་ནའང་གཞུང་དེ་ཉིད་ལས། སྐས་དང་གླང་པོ་རྒྱབ་འདྲ་དང་། །ཞེས་སོགས་ཀྱི་མཐར། ཇི་ལྟར་མཛེས་པར་བསྟན་པ་ཡིན། །ཞེས་དེ་གཉིས་འདམ་ཁར་གསུངས་པ་འདྲ་བས། སྤྱི་མིང་བྱེ་བྲག་ལ་དགར་ཏེ། མིག་གསུམ་མ་ལ་གླང་རྒྱབ་ཏུ་བྱས་ནས། དེ་བྱེད་དམ། ཡང་ན་སྐྱོགས་པོ་བདུན་པ་དང་དགུ་པ་སོགས་དེང་སང་པུ་ཎ་ཧ་རིར་འབོད་པ་འདི་བྱས་པའི་ཚེ་གཡས་གཡོན་བར་སྟོང་གི་མུན་པའི་དབྱིབས་ཐེམ་སྐས་ཀྱི་རིམ་པ་ལྟ་བུ་ཞིག་འོང་བ་ལ་དགོངས་སམ་སྙམ་མོ། །འོན་ཀྱང་། སྔ་རབས་ཀྱི་ཡོ་ག་བ་འགའ་ཞིག །ཤར་དུ་གླང་པོའི་རྒྱབ་དང་། ལྷོར་རིན་པོ་ཆེ་དང་། ནུབ་ཏུ་པདྨ་དང་། བྱང་དུ་སྐས་ཀྱི་རྣམ་པར་བྱ། ཞེས་ཟེར་བའང་སྣང་བས་ད་དུང་དཔྱད་པར་བྱའོ། །རྒྱ་ཕུབས་ཀྱི་དབུས་སུ་ཆོས་འཁོར་གྱི་གདན་པདྨ་དམར་པོ་རྒྱ་ཆ་ཆུང་གཉིས་དང་དཔངས་སུ་གཅིག །དེའི་སྟེང་དུ་སྨན་ཊཱིཀ་པས། ཆོས་འཁོར་བཅུ་གསུམ་བརྩེགས་མར་བཤད་ཀྱང་། སངས་རྒྱས་གསང་བས། འཁོར་ལོ་ས་ཡི་ཁྱད་པར་ཡིན། །ཞེས་པ་རྩེ་མཆོད་རྟེན་གྱི་དབྱིབས་ལ་དགོངས་ཀྱི་འདིར་དེ་ལྟར་བྱ་དགོས་པའི་ངེས་པ་མེད་པ་དང་། ཐིག་ཆོག་ཏུ་ཆ་ཆུང་གཉིས་པའི་དཔངས་ལས་མ་གསུངས་པའི་ཕྱིར་མི་མཛེས་པས། འདིར་གསེར་གྱི་འཁོར་ལོ་རྒྱ་ཆ་ཆུང་གཉིས་པ་ལྔ་ཆ་ཕྲན་དང་ལྡན་པའི་མུ་ཁྱུད་ཅན་རྩིབས་བརྒྱད་པ་བསླང་བའི་ཁར་གདུགས་དཀར་པོ་དབུབ། གཡས་གཡོན་དུ་མི་རིང་བར་གསེར་ལས་བྱས་པའི་རི་དྭགས་ཀྱི་གཟུགས་ཕོ་ནི་རྭ་དང་བཅས་པ་དང་། མོ་ནི་རྭ་མེད་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པའོ། །འདིར་བི་མ་ལས། ཆོས་ཀྱི་འཁོར་ལོ་ཆ་གཉིས་ཏེ། །གདུགས་དང་ཡུ་བ་ཆ་རེའོ། །ཞེས་ཆ་ཆེན་གཅིག་ལ་འཁོར་ལོ་ཆ་ཕྲན་གཉིས་དང་། གདུགས་ལ་གཉིས་ཏེ། པདྨ་མ་བཤད་དོ། །དེ་ལྟར་ནའང་བཀའ་བརྒྱད་ཞི་བའི་ཐིག་ཆོག་ཏུ། པདྨ་འཁོར་ལོ་རི་དྭགས་དང་། །གདུགས་རྣམས་ཆ་ཕྲན་བཞི་པའོ། །ཞེས་གསུངས་ཤིང་། བླ་མ་རྣམས་ཕྱག་ལེན་དུའང་ཡོད་པའི་ཕྱོགས་མཛད་དེ། དེ་ལྟར་ན་པདྨ་ཡོད་པའི་ཁྱད་ཀྱི་གདུགས་ཀྱི་ཡུ་བ་ཆ་ཕྲན་གཅིག་པོ་འཁོར་ལོའི་ཕག་ཏུ་བཏང་ནས། ཆ་ཕྲན་གཅིག་པའི་གདུགས་བྱ་བའམ། ཡང་ན་གསང་རྫོགས་ལས། གདུགས་ཆ་ཕྱེད་ལས་ཡུ་བ་ཕྱེད། །ཅེས་པ་ལྟར་ཆ་ཕྲན་ཕྱེད་ཕྱེད་དུ་བྱེད་པའམ། རྣམ་པ་གཅིག་ཏུ་ན། པདྨའི་དཔངས་ཆ་ཕྲན་གཅིག་གི་ཕྱེད་རྒྱ་ཕུབས་ཀྱི་ལན་ཀན་ཕག་ཏུ་འགྲོ་བར་བྱས་ནས་ཇི་ཙམ་སོང་བའི་ཚད་ཀྱི་གདུགས་ཀྱི་ཡུ་བ་མཐོང་བར་བྱས་ཀྱང་མི་འགལ་ལོ། །ཆོས་ཀྱི་འཁོར་ལོའི་ཐད་ཀའི་འོག་བསིལ་ཁང་གི་ནང་དུ་ཅོང་དང་། གཎྜི་དང་། རྡོ་རྗེ་དང་། དྲིལ་བུ་རྣམས་ཀྱང་འདོགས་པར་བཞེད་དོ། །ཆོས་དོན་ལས། ཆོས་ཀྱི་འཁོར་ལོ་གཙོ་བོའི་བརྡ། །རི་དྭགས་འཁོར་གྱི་བརྡ་ཡིན་ཏེ། །ཅོང་ནི་ངེས་དོན་བརྡ་སྒྲ་ཡིན། །གཎྜི་དྲང་དོན་བརྡ་ཡིན་ཏེ། །རྡོར་དྲིལ་ཐབས་དང་ཤེས་རབ་བརྡ། །ཞེས་བརྡ་དྲུག་བཤད་དོ། །དེ་ལྟར་རྟ་བབས་ཀྱི་སྐོར་འདི་ལ་མཁས་པ་གཞན་ཡང་ཁང་ཐོག་འཕང་དམས་པའི་སྐྱོན་དང་། ལྕོག་གི་མཛེས་ཆ་ལས་སྒོ་མདུན་དུ་རྒྱན་མེད་པ་མི་མཛེས་པར་ཆེ་བར་འདོད་པ་དང་རྟ་བབས་མདུན་དུ་བསླང་བའི་སྒོ་ཚད་གཅིག་མ་སོགས་སྒོའི་ཧར་མི་སྒྲིབས་པ་མཐོང་ནས། སྒོམ་དོན་གྱི་རྟ་བབས་སྒོ་ཚད་གསུམ་མས་ཁྱབ་པས་གཅིག་མ་གསུངས་པ་རྣམས་བྲིས་ཆ་ཁོ་ནར་དགོངས་པར་འཆད་པ་དང་། གླང་རྒྱབ་མིག་གསུམ་མ་རྟ་བབས་ཀྱི་འོག་ཏུ་སྒོའི་རླུང་པོ་སྒྲིབས་བྱེད་ཀྱི་ཚུལ་དུ་འདོད་པ་སོགས་ཕེབ་ཀ་རིས་ཀྱི་བཤད་པ་སྣ་ཚོགས་བྱུང་བ་དེ་དག །ད་ཕྱིན་ཆད་ཆུ་ཤིང་གི་འབྲས་བུ་ལྟར་སྙིང་པོ་མེད་པར་འགྱུར་ཞིང་། ཡང་དག་པའི་གཞུང་འདི་ལ་ངེས་པར་འབྲངས་པར་འགྱུར་ཏེ། བདག་གི་རྗེ་བླ་མའི་ལེགས་བཤད་འདིའི་མཐུ་ལས་སོ། ༈ །རྒྱན་གྱི་ཁྱད་པར་ནི། རྡོ་རྗེ་ལས་རིམ་ལས། རྔ་ཡབ་ལྷབ་ལྷུབ་ཕྲེང་བ་ཡིས། །ངེས་པར་ཕྱོགས་བཅུར་འཁྲིགས་པར་བྱ། །ཞེས་གསུངས་པ་ལྟར་སྔར་སོ་སོའི་སྐབས་སུ་སྨོས་པ་རྣམས་དང་། དེར་མ་ཟད་བདེ་འདུས་རིགས་བརྒྱའི་སྒྲུབ་ཐབས་ལས། བ་དན་འཕན་དང་རྡོ་རྗེ་རིན་ཆེན་རྒྱལ་མཚན་མཛེས་པར་བྱ། ཞེས་དང་། སྙིང་པོ་རོལ་པ་ཆེན་པོའི་རྒྱུད་ལས། གདུགས་དང་བ་དན་རྒྱལ་མཚན་ཚོགས། །རྡོ་རྗེ་རིན་ཆེན་མཚན་པ་དང་། །ཞེས་པས། གཞལ་ཡས་ཁང་དངོས་གཞིའི་པུ་ཤུའི་ཟུར་བཞི་དང་། སྒོའི་བསིལ་ཁང་གི་མདུན་གྱི་ཀ་བ་ནང་མ་གཉིས་ཀྱི་ཕྱི་མཚམས་ཀྱི་ཐད་སྟེང་རྣམས་སུ་དར་ལྕེའི་ཤམ་བུ་དང་བཅས་པའི་གདུགས་དཀར་པོ་རྡོ་རྗེ་རིན་པོ་ཆེའི་ཏོག་ཅན། ཡུ་བ་ཆ་ཆུང་ཕྱེད་དང་གསུམ་ཡོད་པ་རེ་རེ་སྟེ། གཞུང་གཞན་ལས་སྤྲེའུའི་གཟུང་བར་བཤད་དོ། །ཐོག་གི་པུ་ཤུའི་ཁོ་ར་ཁོར་ཡུག་དང་། རྟ་བབས་ཀྱི་སྟེང་གི་ཟུར་བཞི་དང་སྒྲོམ་གྱི་སྣམ་བུའི་མཐའ་རྣམས་སུ་རིན་པོ་ཆེའི་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་སྒྲེང་བའོ། །དེ་ལ་རྒྱལ་མཚན་ནི། རིན་པོ་ཆེའི་དབྱུག་པའི་རྩེར་ཏོག་གི་གདན་ཟླུམ་པོའི་སྟེང་འོག་ཏུ་རེ་ཁཱའི་བང་རིམ་ཅི་རིགས་པ་དང་བཅས་པ། དེའི་སྟེང་གི་དཀྱིལ་དུ་རིན་པོ་ཆེ་དང་རྡོ་རྗེའི་ཏོག་བྱས་པའི་ཏོག་གི་གདན་དང་དབྱུག་པའི་མཚམས་ནས་གཡས་གཡོན་གྱི་ཕྱོགས་སུ་དྲིལ་བུ་དང་བཅས་པའི་དར་དཔྱངས་སམ་འཕན་རིང་བཏགས་པ་རླུང་གིས་བསྐྱོད་པས་སུམ་འཁྱོག་ཏུ་ལྡིང་བ། བ་དན་ནི་གཞན་དེ་དང་འདྲ་བ་ལ་ཏོག་གི་གདན་མི་དགོས་པ་ཡིན་ནོ། །གཞུང་གཞན་ལས་ནི་རྒྱལ་མཚན་གྱི་ཏོག་སྲོག་ཆགས་ཀྱི་གཟུགས་ཀྱིས་བྱས་པ་འདོད་པའང་ཡོད་དོ། །གཞལ་ཡས་ཁང་དབུས་ཀྱི་རྩེ་མོའི་ཏོག་ནས་གསེར་གྱི་ཐི་གུའི་པུ་ཤུའི་ཁའི་དབྱུག་པ་རིང་པོ་ལ་བཅིངས་པའི་བ་དན་གྱི་མགུལ་མཚམས་ལ་དཀྲིས་ནས་རྟ་བབས་ཀྱི་འཁོར་ལོའི་སྟེང་གི་གདུགས་ཀྱི་རྩེ་མོའི་བར་དུ་འཐེན་པ་ལ། གསེར་གྱི་དྲིལ་བུ་རྔ་ཡབ་དང་ཉི་ཟླའི་རླུང་བསྐྱོད་ཅན་གྱི་ཚར་སྒྲེང་བ་ལས་སྒྲ་སྐད་སྙན་པ་སྒྲོགས་པ་སྟེ། རྔམ་གློག་ལས། རྟ་བབས་རྣམས་ཀྱི་རྩེ་མོ་ལ། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་སྒྲ་ཡང་སྒྲོགས། །ཞེས་དང་། བདེ་འདུས་ཞི་བའི་ཐིག་ཆོག་ལས། བ་དན་དྲིལ་བུ་ལེགས་པར་བརྒྱན། །ཞེས་གསུངས་པའི་དོན་ནོ། །སྒོ་རྒྱན་ནི། རྔམ་གློག་ལས། གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་ཆེན་རྣམས་ཀྱི་མཛེས་པར་བྱ། །ཞེས་པའམ། དཔེ་ཁ་ཅིག་ཏུ། གླང་སེང་གཉིས་ཀྱིས་མཛེས་པར་བྱ། །ཞེས་པའི་ཕྱི་མ་ལྟར་ན། གཙུག་དགུ་ལས། སྒོ་བཞི་ཡི་ནི་ལོགས་དག་ཏུ། །གླང་ཆེན་དང་ནི་སེང་གེ་བྲི། །ཞེས་སྒོ་ལོགས་ལ་བྲི་བར་བཤད་ཅིང་། དཀོན་མཆོག་འགྲེལ་ལས། ཕྱི་རོལ་སྒོ་བ་གླང་སེང་དང་། །ཞེས་སོ། །རྒྱས་པར་སྤྲོ་ན། ཆོས་དོན་ལས། སྒོ་ཁང་ནང་གི་རྒྱན་དགུ་ནི། །རྨང་ན་ཉོན་མོངས་ཟིལ་གྱིས་གནོན། །གླང་དང་སེང་གེ་ངང་པ་དང་། །སྟོབས་དང་མི་འཇིགས་ཚད་མེད་དོ། །ས་ལེའི་ཤིང་གི་ཚལ་ཡིན་ན། །བར་ན་ལས་རྣམས་སོ་སོར་འབྱེད། །རི་དྭགས་མི་དང་སྲང་ཁམ་དང་། །གཡོ་དང་འབྱེད་དང་སྟོབས་པ་སྟེ། །བློན་པོ་རིན་པོ་ཆེ་བཞིན་ནོ། །སྟེང་ན་སྡུག་བསྔལ་དང་དུ་ལེན། །ཀླུ་དང་ཆུ་སྲིན་ག་རུ་ཌ། །ཡེ་ཤེས་ཐུགས་རྗེའི་ཕྲིན་ལས་ཏེ། །ཁྱུང་གི་ཀླུ་རྒྱལ་བླང་བ་བཞིན། །ཞེས་དང་། སློབ་དཔོན་ཆེན་པོ་པདྨས་མཛད་པའི་གསང་རྫོགས་མ་ཧཱའི་སྒོམ་རིམ་ལས་ཀྱང་། སྒོ་ཁང་མུན་ནག་གྲིབ་སོས་བརྒྱན་པ་ལ། །བྱ་ཁྱུང་ཆུ་སྲིན་ཀླུ་ཕྲུག་གསུམ། །དགེ་སྡིག་བྱ་ར་རི་དྭགས་ཤང་ཤང་གསུམ། །སེང་གེ་གླང་ཆེན་ངང་པ་གསུམ་སྟེ་དགུ་པ་ཏྲས་སྦྲེལ་བ། ཞེས་གསུངས་པས་སྒོ་ཁང་ནང་གི་སྒོའི་གཡས་གཡོན་དུ་རིམ་པ་གསུམ་དུ་བགོས་པའི་སྨད་དུ་གླང་སེང་ངང་པ། བར་དུ་རི་དྭགས་ཤ་ར་བྷན། མི་ཆུང་བྱ་ར་བ། ཤང་ཤང་། སྟེང་དུ་ཆུ་སྲིན། ཀླུ་ཕྲུག །སྒོའི་སྟེང་གི་དབུས་སུ་བྱ་ཁྱུང་། དེ་དག་པ་ཏྲ་རིས་སྦྲེལ་ཞིང་། །རྒྱབ་ནས་ས་ལེའི་ལྗོན་ཤིང་སྐྱེ་བའི་འདབ་མ་བར་བར་ནས་མཐོང་བའོ། །ཡང་ཆོས་དོན་ལས། དབང་གི་རྟགས་བཅུ་འདི་ལྟར་ཏེ། །དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ནི་ཡེ་ཤེས་དང་། །ཆོས་མོས་རྫུ་འཕྲུལ་སྨོན་ལམ་དང་། །སྐྱེ་ལས་ཚེ་དང་ལོངས་སྤྱོད་དང་། །སེམས་ལ་དབང་བའི་གོ་རིམ་བཞིན། །ཞེས་པའི་སྟོང་ཚར་རྣམས་སུ་དབུ་རྒྱན་སོགས་རྟགས་བཅུ་ཡང་འགོད་དོ། །སྒོ་རྒྱན་གྱི་རྒྱན་འདི་དག་རྒྱ་བལ་དུ་བྲིས་པའི་ཐང་སྐུ་འགའ་ཞིག་ལའང་དེ་བཞིན་སྣང་ངོ་། །ཞེས་མཁས་མཆོག་བུ་སྟོན་རིན་པོ་ཆེས་གསུངས། ཁ་ཅིག་དབང་གི་རྟགས་བཅུ་ལོགས་སུ་འགོད་མི་དགོས་ཏེ། དང་པོ་བཞི་དང་ཕྱག་རྒྱ་སྒོ་བ་ལ་བརྩིའོ། །རྒྱལ་མཚན་དང་གདུགས་ནི་སྒོ་ཁང་སྟེང་ནའོང་། བཟའ་བཏུང་ནི་འདོད་ཡོན་ལྷ་མོས་སོ། །བུམ་པ་སྙིང་པོ་ལྔས་གདབ་ནི། རྟ་བབས་ཀྱི་སྣམ་བུ་རྣམས་ལའོ། །ཞེས་གསུངས་ཏེ་བརྟགས་པར་བྱའོ། །ཡང་དེ་ཉིད་ལས། རིན་ཆེན་བདུན་ནི་འདི་ལྟར་ཏེ། །དབང་ནི་འཁོར་ལོ་རིན་ཆེན་དང་། །ཡིད་བཞིན་ནོར་བུ་རིན་ཆེན་དང་། །ལྷ་མོ་བཙུན་མོ་རིན་ཆེན་དང་། །སྒོ་བ་དམག་དཔོན་ཚུལ་དགུ་དང་། །མངོན་ཤེས་བློན་པོ་བྱ་ར་བ། །སྟོབས་བཅུ་གླང་པོ་རིན་ཆེན་དང་། །རྫུ་འཕྲུལ་རི་དྭགས་རྟ་ཡི་ཚུལ། །རྫས་བརྒྱད་ལ་ནི་འདི་ལྟར་ཏེ། །བདུད་འཇོམས་མི་ནུབ་རྒྱལ་མཚན་དང་། །ཐུགས་རྗེ་གདུགས་དང་དཔལ་བེའུ་དང་། །བདུད་རྩི་བུམ་པ་མི་བསྙེལ་རྟ། །ཆོས་ཀྱི་དུང་དང་དགོས་འདོད་འབྱུང་། །སྐུ་ལྔ་བགྲོད་པའི་འཁོར་ལོའོ། །ཞེས་གསུངས་པའི་རིན་ཆེན་བདུན་དང་། རྫས་བརྒྱད་ཀྱང་གོང་མ་དག་ལོགས་སུ་འགོད་མི་དགོས་པར་བཞེད་དེ། གསང་རྫོགས་མ་ཧཱའི་སྒོམ་རིམ་ལས་ཀྱང་། རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །དབང་བཅུ་དེ་ལ་དོན་གྱི་རྫོགས་པས། ཞེས་གསུངས་པའི་དགོངས་པ་ཡིན་ནོ་སྙམ་མོ། །འོན་ཀྱང་གཞན་དུ་འབྱུང་བ་ལྟར་བཀོད་ནའང་མི་འགལ་ལམ་སྙམ་སྟེ། དེའི་ཕྱིར་སྤྱི་དང་བསྟུན་ན་འཁོར་ལོ་རྩིབས་བརྒྱད་པ་སེར་པོ། གླང་ཆེན་མཆེ་བ་དྲུག་པ་དཀར་པོ། རྟ་ལྗང་གུ། བུད་མེད་སྔོ་སངས་མ། ནོར་བུ་ཟུར་བརྒྱད་པ་སྔོན་པོ། བློན་པོ་དམར་པོ། དམག་དཔོན་ནག་པོ་རྣམས་ཕྱི་རོལ་དཔག་བསམ་ཤིང་ལ་གནས་པར་བྱའོ། །རྫས་བརྒྱད་ནི་རྟ་བབས་ཀྱི་ངོས་གཉིས་སུ་རེ་རེ་འགོད་དོ། །ཤར་དུ་དཔལ་བེའུ་དང་འཁོར་ལོ། ལྷོར་པདྨ་དང་རྒྱལ་མཚན། ནུབ་ཏུ་གདུགས་དང་བུམ་པ། བྱང་དུ་དུང་དང་ཉའོ། །དེ་དག་ནི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་ཆོས་དོན་དུ་གསུངས་པའི་སྒོ་རྒྱན་ཏེ་མ་གྲུབ་ན། འདིར་མེད་དུ་མི་རུང་བའི་རྒྱན་ནི། སྒོ་ནང་གི་རྒྱན་གླང་སེང་ཙམ་བྲི། ཕྱིའི་རྒྱ་ལས། སྒོའི་གཡས་གཡོན་གཉིས་ན་ཏཱ་ལའི་ལྗོན་ཤིང་རེ་རེ་དང་། དཔག་བསམ་གྱི་ལྗོན་ཤིང་ཡང་རེ་རེ་སྟེ། དེ་རྣམས་གསེར་གྱི་ཐི་གུས་སྦྲེལ་བ་ལ། དྲིལ་བུ་དང་གཡེར་ཁ་འཕྱང་བ། ཤིང་དེ་དག་ལ་ཁུ་བྱུག་སོགས་བྱས་བརྒྱན་པ་དང་། ཁྲུས་རྫིང་ཁྲུས་ཀྱི་ལྷ་མོས་མཛེས་པ་དང་། ཕྱོགས་བཞི་ན་རིན་པོ་ཆེའི་ཕུང་པོ་འོད་འབར་བ་གཉིས་གཉིས་ཏེ་བརྒྱད་ཀྱིས་བསྐོར་བའོ། །དེ་ལྟར་ཡང་རྔམ་གློག་ལས། སྒོ་དྲུང་དེ་དག་རེ་རེ་ན། །ཏཱ་ལའི་ལྗོན་ཤིང་ཅོང་ཅོང་སྦྲེལ། །དྲི་དང་གཟུགས་དང་འོད་དང་ལྡན། །ཏཱ་ལའི་སྐྱེ་ཤིང་དེ་དག་ལ། །ཁུ་བྱུག་ལ་སོགས་བཀྲ་ཤིས་པའི། །བྱ་རྣམས་སྙན་པའི་སྐད་ཀྱང་སྒྲོགས། །སྒོ་དྲུང་དེ་དག་རེ་རེ་ན། །ཁྲུས་ཀྱི་རྫིང་བུ་དབྱིབས་ལེགས་པ། །བྲོ་མཆོག་ཡན་ལག་བརྒྱད་ལྡན་ཆུ། །གྲངས་མེད་དེ་དག་རེ་རེ་ན། །ལྷ་དང་ལྷ་མོ་བསམ་མི་ཁྱབ། །ཅེས་དང་། ལེ་ལག་ལས། ཏཱ་ལའི་ལྗོན་ཤིང་རང་བཞིན་གནས། །དཔག་བསམ་ཤིང་གི་རིན་ཆེན་འབར། །ཡིད་བཞིན་རིན་ཆེན་བརྒྱད་ཀྱིས་བསྐོར། །ཞེས་དང་། དེའི་སྤྱན་འགྲེལ་ལས། བདེན་པ་གསུམ་པའི་ངང་ལས་དུས་གསུམ་དུ་སྐྱེ་བ་མེད་པའི་ཕྱིར་ཏཱ་ལ་ཟུང་བཞིས་བརྒྱན་པའོ། །རེ་བ་སྐོང་ཕྱིར་རིན་ཆེན་ཕུང་པོ་བརྒྱད་ཀྱིས་བསྐོར་བ་སྟེ། ཞེས་དང་། འོད་རིམ་ལས་ཀྱང་། སྒོ་བཞི་གཡས་གཡོན་ལྗོན་ཤིང་དང་། །དཔག་བསམ་ཤིང་ཟུང་ཅོང་ཅོང་སྦྲེལ། །དྲིལ་བུ་གཡེར་ཁ་ཐེག་ཆེན་སྒྲོགས། །བཀྲ་ཤིས་བྱ་སྙན་སྒྲ་སྒྲོགས་ལྡན། །ཡིད་བཞིན་རིན་ཆེན་བརྒྱད་བསྐོར་བ། །རིན་ཆེན་ཕུང་པོ་བཞི་གཉིས་ལྡན། །ཞེས་སོ། །འདི་དག་བསྒོམ་བྱ་ཙམ་དུ་མ་ཟད་ངེས་པར་བྲི་དགོས་ཏེ། བཤད་རྒྱུད་མེ་ལོང་ལས། རིན་ཆེན་ས་གཞི་སྐྱེ་ཤིང་དང་། །རྫིང་བུ་དྲིལ་བུ་གཡེར་ཁས་སྤྲས། །རྟག་ཏུ་བྲི་ཞིང་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར་ཡང་། རྡོ་རྗེ་ལས་རིམ་ལས། འཁོར་གྱི་གཙོ་བོས་ཡོངས་བསྐུལ་བའི། །མཆོག་གསུམ་ལྷ་སོགས་རྣམས་མང་པོ། །རྒྱན་དང་མཆོད་པ་ལྡན་པར་བྲི། །ཞེས་དང་། འོད་རིམ་ལས། ལྷ་ཆེན་ཕྱོགས་སྐྱོང་བརྒྱད་ཀྱིས་བསྐོར། །ཞེས་པས། མཆོག་གསུམ་གྱི་ལྷ་ནི། ཁྱབ་འཇུག །ཚངས་པ། མ་ཧཱ་དཱེ་ཝ་སྟེ། སོགས་ཁོང་ནས་ཕྱོགས་སྐྱོང་བ་བརྒྱད་སོགས་ལྷ་ཆེན་པོ་རྣམས་ཀྱང་འགོད་པར་གསུངས་ཤིང་། སྒྲོ་ཕུག་པའི་དངོས་སློབ་ཁ་རག་སྲོ་སྙིང་གི་འགྲེལ་པར། ཐམས་ཅད་དུ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཞེས་པས་གཞལ་ཡས་ཁང་གི་ཕྱི་རོལ་ན་མ་ཧཱ་དེ་ཝ་ལ་སོགས་ལྷ་ཆེན་བརྒྱད་དང་། ནོར་རྒྱལ་ལ་སོགས་ཀླུ་ཆེན་བརྒྱད་དང་། ཉི་མ་ལ་སོགས་གཟའ་ཆེན་བརྒྱད་དང་། སྨིན་དྲུག་ལ་སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བའོ། །ཞེས་ལྷ་ཀླུ་གཟའ་སྐར་སོགས་ཀྱང་དགོད་པར་བཞེད་ཅིང་། དེ་རྣམས་གང་དུ་འགོད་པའི་ས་སྔར་བཤད་གྲུབ་བོ། །འདི་དག་སྒྱུ་འཕྲུལ་ཞི་དཀྱིལ་གྱི་གཞལ་ཡས་ཁང་གི་རྣམ་བཞག་ཆེ་ལོང་ཙམ་བརྗོད་པ་སྟེ། འདི་དག་ལ་དཔགས་ཏེ་ཁྲོ་དཀྱིལ་ཁྱམས་གཉིས་པ་ལྟ་བུའི་ཐོག་ཕུབ་ནི། བར་ཁྱམས་ཕྱི་མ་སེང་གདུང་ངམ་ཀ་བས་བཏེགས་པའི་གཡབ་སྒོར་གྲུ་བཞི་པའི་ཚུལ་དུ་ཕུབས་པའི་ཁྱམས་ནང་དུ། རིན་ཆེན་གར་དགུ་སྟེགས་བུ་གྲུ་བཞི་པ་དཔངས་ཆ་ཕྲན་བཅུ་གཅིག་པ་ལ་གནས་པའི་དཀྱིལ་འཁོར་ཕྱི་མའི་ཕྱེད་ཚད་ཀྱི་རྩིག་པ་སྒོ་སྒོ་ཁྱུད་ལ་སོགས་པ་བྱས་པའི་གཞལ་ཡས་ཁང་ནང་མ་ཕྱི་མ་ལས་ཆ་ཆེན་གཅིག་ཙམ་གྱིས་ཕྱི་ནས་བལྟས་ན་མཐོ་བ། ཡངས་པ་ཞིག་བྱས་པའི་ཐོག་འབུབས་རིམ་པ་གསུམ་སོགས་ཞི་བ་ལྟར་ལས་ནང་སྒོ་ལ་རྟ་བབས་མེད་པའི་ཕྱིར། དེ་འདེགས་བྱེད་ཀ་བ་སོགས་ཀྱང་མི་དགོས་པས་སྒོའི་ཡ་ཕུབས་ཀྱི་རྩིག་པའི་སྟེང་བར་འཁོར་མོ་ཕ་གུ་སོགས་གཞལ་ཡས་དངོས་གཞི་ལྟར་བྱ་ཞིང་། འབར་བའི་རྒྱན་གྱིས་སྤྲས་པའོ། །དེ་ལྟར་ཡང་། རྡོ་རྗེ་མེ་ལོང་ལས། གདུག་པ་འདུལ་བའི་དཀྱིལ་འཁོར་ལས། །ཐོད་པ་སྣ་ལྔ་སྣ་གསུམ་དང་། །ཐོད་སྐམ་རྩིག་པ་རིམ་པ་བཞིན། །ཚངས་དང་ལྷ་དབང་ལ་བརྟེན་པ། །མཆོག་ཆེན་བརྒྱད་ཀ་ཡིན་པར་འདོད། །ལྷག་མ་རྣམས་ནི་ཐོག་ཕུབས་ཏེ། །གཟའ་བརྒྱད་ཉི་ཟླའི་གློ་སྐར་ལྡན། །སྦྲུལ་དང་ཐོད་པའི་ཕྲེང་བ་ཉིད། །དྲྭ་བ་དྲྭ་ཕྱེད་རྣམ་པར་སྤྲས། །ཕྱི་ནང་རྒྱུ་འབྲས་གདུག་པ་དག །འདུལ་ཕྱིར་རྟ་བབས་བཞིར་བཤད་དོ། །སོར་ཕྲེང་ཐོད་པའི་ཕྲེང་བ་དང་། །དབང་པོ་ཉི་ཟླའི་ཕྲེང་བས་སྤྲས། །ཁྲོ་བོ་ཤ་ལྔ་བདུད་རྩི་དང་། །དུར་ཁྲོད་འདོད་ཡོན་ལྡན་པའོ། །དུར་ཁྲོད་ས་གཞི་ཁྲག་དང་བཅས། །སྐྱེས་བུ་གསལ་ཞིང་ཕྱོགས་མཚམས་བརྒྱན། །རཀྟའི་མཚོ་བརྒྱད་རྦ་རླབས་འཁྱིལ། །ཐོད་ཚལ་བརྒྱུས་པ་དུར་ཁྲོད་རླུང་། །འཇིགས་པའི་སྒྲ་དང་མེ་འོད་ལྡན། །ཞིང་འཕན་ཕྱོགས་མཚམས་བརྒྱད་དང་ལྡན། །ལྷ་ཆེན་ཐོད་པ་སྦུབས་སྟེང་ན། །ཙིཏྟའི་ཏོག་ལས་འོད་ཟེར་འཕྲོ། །ཧེ་རུ་ཀ་ཡི་དཀྱིལ་འཁོར་ཉིད། །མ་ལུས་བྲི་ཞིང་བསྒོམ་པར་བྱ། །ཞེས་གསུངས་པས་གཞན་རྣམས་གོ་སླ་ལ། རྩིག་པ་ནི། ཕྱི་མ་ཐོད་པ་སྣ་ལྔ་དང་། ནང་མ་སྐམ་རློན་རྙིང་གསུམ་གྱིས་བརྩིགས་ཤིང་། ཁྱམས་ལས་གྲུ་ཆད་སྟེགས་བུའི་རྣམ་པར་ཐོད་སྐམ་གྱི་རྩིག་པས་འཕགས་པའོ། །རྟ་བབས་བཞི་ནི། ཕྱོགས་བཞིའི་དབྱེ་བས་ཏེ། དེ་རེ་རེ་ལ་སྣམ་ཕྲན་བརྒྱད་བརྒྱད་དོ། །དེ་ལའང་ཕྱི་ནང་རྒྱུ་འབྲས། ཞེས་པས་ཕྱི་ནང་གི་ཐེག་བརྒྱད་མཚོན་པའི་རྒྱུའི་རྟ་བབས་དང་། དེའི་ཡོན་ཏན་རྫོགས་པའི་འབྲས་བུའི་རྟ་བབས་གཉིས་སོ། །འདིར་དཀྱིལ་འཁོར་ནང་མ་སྟེགས་བུ་ལ་གནས་པའི་ཕྱིར། དེ་ལ་འཛེགས་པའི་ཐེམ་སྐས་ཀྱང་འཛུག་དགོས་པར་མངོན་ནོ། །དེ་ལྟ་བུས་མཚོན་ནས་སྒྱུ་འཕྲུལ་བླ་མ་ལས་གསུངས་པ་ལྟར། སྤོར་མའི་ས་སྤར་ཏེ་སྒོ་བྲག་རིམ་པ་གསུམ་དུ་བྱ་བ་འམ། ཡང་ཚོགས་ཆེན་འདུས་པ་ལྟ་བུ་སྒོ་སྦྲག་ཤིན་ཏུ་མང་བ་ལའང་སྦྱར་བས་ཁང་བརྩེགས་མཆོད་རྟེན་གྱི་བང་རིམ་འདྲ་བ་ཤིན་ཏུ་མཛེས་པ་ཞིག་འབྱུང་ངོ་། །ཡང་བཀའ་བརྒྱད་ལྟ་བུ་གཞལ་ཡས་ཁང་གཅིག་གི་ནང་དུ་ཕོ་བྲང་དགུ་རྫོགས་སོགས་ཡོད་པའི་རིགས་ལ། ཁྱམས་ཆ་ཕྲན་གསུམ་གྱི་ཆ་གཡབ་གྲུ་བཞི་པའི་ཚུལ་དུ་ཕུབས་པའི་གྲུ་ཆད་དང་ཁྱམས་ཀྱི་མཚམས་ཚངས་ཐིག་ནས་གྲུ་ཆད་ཀྱི་མཐའ་ཐིག་བར་ཆ་གསུམ་དུ་བགོས་པའི་སུམ་ཆ་ནང་མའི་ཕྱི་མཚམས་སུ་ཀ་བ་རེ་རེ་སྟེ་བརྒྱད་བཙུགས་པའི་སྟེང་དུ་གདུང་ཀ་བ་གྲུ་བཞི་པས་བཀབ། དེའི་ཁར་ཏལ་བཞི་མིག་མང་རིས་སུ་བྲིས་ཏེ་འབུབས་སོ། །འདིར་བསྒོམ་བྱ་ལ་ཏལ་གདུང་བཞིའི་འོག་ཏུ་ཡོད་པའི་གྲུ་བཞི་པ་དེ་ཨ་ལོང་གྲུ་བཞི་པ་ལྟ་བུ་ཡིན་པའི་ཕྱིར་ཟུར་བཞིར་འདེགས་བྱེད་ཀྱི་ཀ་བ་ཡིན་དགོས་གསུང་ཡང་འདི་ལྟ་བུའི་བཀོད་པ་བཟོ་བའི་དུས་འདི་ལྟར་བྱས་ན་བརྟན་ཞིང་མཛེས་བྱེད་དུ་འགྲོའོ། །གསང་རྫོགས་མ་ཧཱའི་བསྒོམ་རིམ་ལས། ནང་ཀ་བཞི་ཞིང་ཏྲཾ་བཞི་ལ་བྱས་པ། ཞེས་གསུངས་པ་ལྟར། རྒྱལ་སྲས་སྨན་ལུང་པ་ཆེན་པོས་ཕྱག་ལེན་དུ་བཏབ་པ་མཐོང་བས་ཀྱང་། གདུང་བཞི་མིག་མང་རིས་ཕུབ་པའི་དབུས་ཀྱི་བསྣོལ་མཚམས་སུ་ཀ་བ་རེ་བཙུགས་འདུག་སྟེ། གཞལ་ཡས་ཁང་གི་བཀོད་པ་ཤིན་ཏུ་ཆེ་བ་བཞེངས་པ་ལ་དེ་ལྟ་བུ་ངེས་པར་དགོས་སོ། །ཡང་གསང་རྫོགས་མ་ཧཱའི་བསྒོམ་རིམ་ལས། ཆོས་སྐུ་ཀུན་ལ་ཁྱབ་བརྡལ་མཐའ་བརྒྱད་རང་དག་གི་བརྡར། བུམ་པ་སུལ་བརྒྱད་པ་བྲེ་དང་བཅས། ཞེས་གསུངས་པ་ལྟར་ན་ཤིང་བརྩེགས་ཇི་ལྟར་རིགས་པས་བཏེགས་པའི་གདུང་བརྒྱད་ཕྱོགས་བཞི་ཟུར་བཞིར་བཏང་ལ་ཕུབ་སྟེ། བུམ་པ་ཟུར་བརྒྱད་ལོགས་བརྒྱད་པ་ཞིག་བྱ་སྟེ་མཆོད་རྟེན་གྱི་བྱ་འདབ་འགེབ་པ་དང་། གདུང་ཟླུམ་བཏང་བ་སོགས་ལག་ལེན་ལ་ཤིན་ཏུ་བདེ་བ་ཞིག་བྱར་ཡོད་དོ། །གཞན་ཡང་རྟ་བབས་སྒོ་ཚད་གསུམ་མ་ལྟ་བུ་ལ། རྩིག་པའི་དཔངས་ཆ་ཆེན་བཞི་དང་སྒོ་ཁང་གི་རྩིག་པ་ལ་ཆ་ཆེན་གསུམ་དང་ཆ་ཕྲན་ཕྱེད། རྟ་བབས་སྒོ་ཚད་གཅིག་མ་ལ་རྩིག་དཔངས་ཆ་ཆེན་གཉིས་དང་ཆ་ཕྲན་གསུམ། སྒོ་ཕན་ཆད་དེ་ལས་ཆ་ཕྲན་གཅིག་གིས་དམའ་བའོ། །འབྲིང་ཚད་ནི་འདི་ཉིད་དུ་སྔར་བཤད་པ་ལྟར་རོ། །དེ་ལྟར་ན་རྩིག་དཔངས་མཐོ་བའི་ཕྱོགས་ལ་རྩིག་པ་རང་ལ་ནང་གི་རྒྱ་ཕྱེད་དཔངས། འབྲིང་ལ་གསེར་གདུང་མན་ཆད་ལ། དམའ་བ་ལ་ཐོག་གི་འཐུག་རྔམ་མན་ཆད་ལ་རྒྱ་ཕྱེད་དཔངས་ཡོད་དོ། །དེ་བས་ན་སྐབས་ཐོབ་བརྩི་དགོས་ཀྱི། ཕྱོགས་གཅིག་ཁོ་ནར་ངེས་བཟུང་བྱེད་པ་ལ་ཤེས་བྱེད་མེད་ཅིང་། གནོད་བྱེད་མང་ངོ་། ༈ །གང་ལྟར་ཡང་ཕྱི་དབྱིབས་ནི། མཆོད་རྟེན་དང་། མཁར་ཐབས་དང་། རྒྱལ་ཁབ་དང་། གུར་གྱི་རྣམ་པ་སྟེ། ཆོས་དོན་ལས། ཕྱི་དབྱིབས་མཆོད་རྟེན་མཁར་ཐབས་དང་། །རྒྱལ་ཁབ་རི་བོ་གུར་དུ་འདོད། །ཅེས་དང་། གསང་རྫོགས་ལས་ཀྱང་། དབྱིབས་ནི་མཆོད་རྟེན་རིས་མཁར་ཐབས། །གུར་དང་རྒྱལ་ཁབ་འདྲ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལས། དང་པོ་མཆོད་རྟེན་གྱི་དབྱིབས་བྱེད་ལུགས་ལའང་དགོངས་པ་མི་མཐུན་པ་གཉིས་ཏེ། སྔ་རབས་ཀྱི་བླ་མ་ཕལ་ཆེ་བ་ནི། གཞལ་ཡས་ཁང་དངོས་གཞིའི་པུ་ཤུ་མན་ཆད་མཆོད་རྟེན་གྱི་རྨང་ལྟ་བུར་བྱས་ལ། དེའི་སྟེང་དུ་བྱང་ཆེན་སོགས་མཆོད་རྟེན་གྱི་དབྱིབས་གང་བདེ་བྱ་བ་བཞེད། གསང་རྫོགས་ལས་གསུངས་པ་ལྟར་ཉང་སྟོན་ཆེན་པོའི་ཕྱག་ལེན་དུ་བཏབ་པའི་ལུགས་ནི། ད་རུ་ཀད། འདོད་སྣམ་ཁྱམས། ཕོ་བྲང་རྣམས་ཕྱི་ནས་ནང་དུ་རིམ་པར་ཆ་ཆེན་གཅིག་ནས་བཞིའི་བར་འཕགས་པའི་བང་རིམ་བཞིའི་རྣམ་པ་ཅན་གྱི་སྟེང་དུ། བུམ་རྟེན། བུམ་པ། བྲེ་སོགས་བྱས་ཏེ་བྱང་ཆེན་རྨང་མེད་པ་ལྟ་བུའི་ཕྱོགས་བཞིར། རྟ་བབས་བཞི་ཡང་ཀ་བ་ཆ་ཆེན་གསུམ་པས་བཏེགས་ནས། སྒོའི་སྟེང་ནས་ཡར་མཆོད་རྟེན་གྱི་རྣམ་པར་བྱས་ཏེ། ཕྱི་དབྱིབས་མཆོད་རྟེན་རྩེ་ལྔ་པའི་རྣམ་པར་བཞེད་དོ། །གཉིས་པ་མཁར་ཐབས་ནི། ཁ་ཅིག་སྟེང་ཁང་གྲུ་བཞི་པ་ལ་དགོངས་པར་འཆད་པ་མི་རིགས་གསུངས་སོ། །མཁས་པ་དག །བདུད་དཔུང་འཇོམས་པའི་དག་པར་གསུངས་པའི་རྫོང་གི་རྣམ་པའོ། །ཞེས་གསུངས་སོ། །དེ་ཙམ་ལས་བྱ་ཐབས་ཞིབ་པར་མ་གསུངས་ནའང་། འོས་མེད་ཀྱི་རིགས་པས་འདི་ལྟར་གྲུབ་སྟེ། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ལས། ཨེ་ཡི་ཕོ་བྲང་ཟླ་གམ་གསུམ༔ ཐོད་པའི་མཁར་བཞི་འཁོར་ལོ་བརྒྱད༔ ལྕགས་མཁར་བཅུ་གཉིས་བར་ཁྱམས་བཞི༔ སྒོ་བཞི་རྟ་བབས་བརྒྱད་དང་ལྡན༔ འོབས་ཆེན་བཅུ་དྲུག་རྡོ་རྗེའི་གུར༔ བྱས་པ་མེད་པར་ལྷུན་གྱིས་གྲུབ༔ བཤིག་པ་མེད་པར་ངང་གི་སྟོང༔ ཞེས་གསུངས་པས། དཀྱིལ་འཁོར་གྱི་མཐར་འོབས་བཅུ་དྲུག་དང་། དེ་བསྲུང་མི་འོབས་བསྲུང་ཆེན་པོ་བཅུ་དྲུག་སོགས་གསུངས་པས། རྫོང་གི་སྒྲ་དུརྒ་ཞེས་པས་བགྲོད་དཀའ་བའི་དོན་ཡིན་པའི་ཕྱིར། དེ་ཙམ་ལ་བྱའི། དེ་ལས་གཞན་དུ་རྫོང་གི་རྣམ་པ་བཟོ་ཚུལ་འཚོལ་དགོས་ན་ཧ་ཅང་ཐལ་ལོ། །གསུམ་པ་རྒྱལ་ཁབ་ཀྱི་རྣམ་པ་ནི། རྒྱ་གར་གྱི་རྒྱལ་པོའི་ཁབ་ཀྱི་ཁང་བཟང་གི་རྣམ་པ་སྟེ། རྒྱ་ཕུབ་འཇིག་རྟེན་གྱི་ལུགས་དང་མཐུན་པར་བྱས་པའི་ཁང་པ་བརྩེགས་པའོ། །བཞི་པ་གུར་གྱི་རྣམ་པ་ནི། དབུས་མཐོ་བའི་ཕུར་བུ་ཟླུམ་པོ་རྒྱ་གུར་རྣམ་པ་སྟེ། དབུས་གདུང་ཟླུམ་ལ་བཙུགས་ནས་འབུབས་ཚུལ་བུམ་པ་ཟླུམ་པོ་དང་གནད་གཅིག་གོ། །ཕྱི་དབྱིབས་ཇི་ལྟར་བྱེད་ཀྱང་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་ནི་ངེས་པར་བྱ་དགོས་ཏེ། ཐམས་ཅད་བཤད་པ་མི་ལངས་པའི་ཕྱིར། རེ་ཞིག་འདིར་དེ་ཙམ་མོ། །གཞན་དུ་ན། རྒྱུད་སྡེ་གོང་འོག་རྣམས་ནས་དཀྱིལ་འཁོར་བཀོད་པ་གཅིག་ཏུ་མ་ངེས་པ་དུ་མ་ཞིག་འབྱུང་སྟེ། སོ་སོའི་རྒྱུད་འགྲེལ་སྒྲུབ་ཐབས་དང་། རྡོ་རྗེ་སློབ་དཔོན་གྱི་གསུང་ངག་ལས་སོགས་དགོས་པ་ཉིད་དོ། །རྒྱལ་བའི་ཕོ་བྲང་ཉམས་དགའ་བར། །རྒྱལ་བ་ཉིད་ཀྱིས་གསུངས་པ་བཞིན། །རྒྱལ་སྲས་རྣམས་ཀྱིས་བཀྲལ་བའི་དོན། །རྒྱལ་མཆོག་གཏེར་ཆེན་ཆོས་ཀྱི་རྗེའི། །གསུང་ལས་ཅུང་ཟད་ཟིན་པ་རྣམས། །སྨྱོས་བཙུན་དྷརྨཱ་ཤྲཱི་ཞེས། །དཱ་རི་དྲ་བ་དེ་ཡིས་སྦྱར། །ཉེས་ཀུན་མཁས་ལ་བཟོད་པར་གསོལ། །ལེགས་བཤད་གང་མཆིས་དགེ་བ་དེས། །རྗེ་བཙུན་བླ་མའི་ཞབས་བརྟན་ཅིང་། །མཁའ་ཁྱབ་འགྲོ་ཀུན་ཕྱམ་གཅིག་པར། །རྡོ་རྗེ་སེམས་དཔའ་ཉིད་གྱུར་ཅིག །ཅེས་ཁྲོ་བོའི་ལོ་ནག་པ་ཟླ་བའི་མར་ངོའི་དུས་ཚེས་བཅུའི་ཉིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སུག་བྲིས་སུ་སྦྱར་བའོ། །དགེའོ།། །།


previousསྒྱུ་འཕྲུལ་དྲྭ་བའི་གཞལ་མེད་ཁང་གི་རྣམ་པར་བཞག་པ་གསལ་བའི་སྒྲོན་མེའི་འགྲེལ་པ། དྷརྨ་ཤྲཱི།next