Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བཞི་པ།


   
   
   
   
   
   
   
   
   
   
   
ཁྲག་འཐུང་ཁྲོ་བོའི་འཆམས་ཀྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་པ། དྷརྨཱ་ཤྲཱི།
   
   
   
   
   


 
previousཁྲག་འཐུང་ཁྲོ་བོའི་འཆམས་ཀྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་པ། དྷརྨཱ་ཤྲཱི།next

ཁྲག་འཐུང་ཁྲོ་བོའི་འཆམས་ཀྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་པ། དྷརྨཱ་ཤྲཱི།

ཁྲག་འཐུང་ཁྲོ་བོའི་འཆམས་ཀྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་པ་ཞེས་བྱ་བ་བཞུགས་སོ། །ༀ་སིདྡྷི་རསྟུ། ཁྲག་འཐུང་ཁྲོ་བོའི་འཆམས་ཀྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་པ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་ཧེ་རུ་ཀའི་ངོ་བོ་ཉིད་ལ་གུས་པས་ཕྱག་འཚལ་ལོ། །སྟོང་ཉིད་མི་ཕྱེད་རྡོ་རྗེའི་དོ་ར་ཆེ། །སྙིང་རྗེ་རྣམ་པ་གསུམ་གྱི་གར་སྟབས་ཀྱིས། །སྲིད་ན་རོལ་པའི་སྐུར་སྟོན་ཧེ་རུ་ཀ །བདེ་ཆེན་སྒྱུ་མའི་གར་མཁན་དེར་བཏུད་ནས། །རྡོ་རྗེ་ཁྲོ་བོ་རོལ་པའི་ཕྱག་རྒྱ་ཆེས། །རྡོ་རྗེའི་ལུས་ལ་མི་ཕྱེད་རྒྱས་གདབ་ཕྱིར། །རྡོ་རྗེ་འཛིན་པའི་ཕྱག་བཞེས་ཇི་ལྟ་བར། །རྡོ་རྗེ་གར་གྱི་ལུས་འགྱུར་འདིར་གསལ་བྱ། ༈ །དེ་ཡང་ལྟ་བ་འཁོར་འདས་མཉམ་ཉིད་དུ་རྟོགས་ཤིང་། ཏིང་ངེ་འཛིན་ལས་སུ་རུང་བས་སྣང་སྤྱོད་ཐམས་ཅད་ལ་ལྷའི་ཕྱག་རྒྱས་ཐེབས་པ། བྱེད་སྤྱོད་གར་གྱི་འདུ་འཕྲོ་ལ་རང་བྱན་ཚུད་པའི་སྔགས་པས་བསྐྱེད་རིམ་ཕྱག་རྒྱ་གར་འཆམས་ཀྱི་སྤྱོད་པ་ལ་འབད་པར་བྱ་རིགས་པ་ཉིད་དེ། ཅིའི་ཕྱིར་ན་རྡོ་རྗེའི་ལུས་ཀྱི་སྤྱོད་པ་ལ་བརྟེན་ནས་ཚོགས་གཉིས་རླབས་པོ་ཆེ་སྤེལ་ཞིང་། ལས་དང་དངོས་གྲུབ་བདེ་བླག་ཏུ་སྒྲུབ་པའི་ཐབས་མཆོག་རྨད་དུ་བྱུང་བ་ཡིན་པའི་རྒྱུ་མཚན་གྱིས་སོ། །དེ་ལྟར་ཡང་རྔམ་གློག་ལས། ཆོས་ཀུན་མཉམ་པའི་ངང་རྟོགས་ན། །བསྒུལ་ཞིང་གསིགས་པ་ཐམས་ཅད་ཀུན། །ཕྱག་རྒྱ་ཡིན་པར་དཔའ་བོས་གསུངས། །རང་གི་ལྷ་ཡི་ཏིང་འཛིན་གྱིས། །སྟངས་སྟབས་འདི་ལ་གང་གནས་པ། །སངས་རྒྱས་ཉིད་ཀྱང་སྐྲག་འགྱུར་ན། །དྲེགས་པའི་ཚོགས་ལྟ་སྨོས་ཅི་དགོས། །ཞེས་དང་། ཐབས་ཞགས་ལས། ཕྱག་རྒྱ་འདི་དག་བཅིངས་ནས་ནི། །སྟབས་ཆེན་དྲག་ཏུ་མཆོངས་བྱས་ན། །ཁམས་གསུམ་དག་ལས་མཆོངས་པར་འགྱུར། །གཞན་ཡང་གོ་འཕང་ཐམས་ཅད་ཀུན། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་ཤིང་། དེ་ཇི་ལྟར་སྒྲུབ་པའི་ཚུལ་ནི། འདི་ལྟར་རྒྱུད་ཀྱི་རྒྱལ་པོ་དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་བཤད་ཀྱི་རྒྱུད་དང་། འཇིག་རྟེན་འདས་མདོ། ཧེ་རུ་ཀ་གལ་པོ་སོགས་རྡོ་རྗེའི་རིགས་ཀྱི་རྒྱུད་བླ་ན་མེད་པ་དག་ལས་གསུངས་པ་ཉིད་རྒྱ་བོད་ཀྱི་རིག་འཛིན་རྣམས་ཀྱིས་བཀྲལ་བ་ལྟར་ལག་ལེན་དུ་བྱ་བའི་རིམ་པ་ལ། ཧེ་རུ་ཀ་འདུས་པ་ལས། དང་པོ་ས་ཡི་ཆོ་ག་སྟེ། །གཉིས་པ་ལ་ནི་སྟ་གོན་གནས། །གསུམ་པ་འཇུག་པའི་ཆོ་ག་བྱ། །ཞེས་ནུབ་གསུམ་གྱི་བྱ་བའི་རིམ་པས་བསྟན་པ་ལས། འདིར་ནུབ་དང་པོ་དཀྱིལ་འཁོར་ཆེན་པོའི་ས་ཆོག་གི་སྐབས་ཀྱི་ཏིང་ངེ་འཛིན་གྱི་སྦྱང་བ་ཡན་ཆད་རྫོགས་པར་བྱས་ལ། དེ་ནས་ས་གཞི་བྱིན་གྱིས་རློབ་པ་དང་། ས་བསྲུང་བ་གཉིས་གར་འཆམས་དང་སྦྱར་ནས་བྱ་སྟེ། དེ་ལ་ཐོག་མར་སྡོམས་ནི། ཆས་གཞུག་གསེར་སྐྱེམས་འཆམས་རར་འགྲོ། །རང་གནས་འདུག་སྟེ་དཀྱིལ་འཁོར་སྤྲོ། །ཡུམ་རློབ་གསོལ་གདབ་རྣམ་པ་གཉིས། །བཀའ་བསྒོས་བགེགས་སྐྲོད་ཁྱད་པར་དུ། །དཀྱིལ་འཁོར་ལྷ་ཡི་སྟངས་སྟབས་དང་། །ཕུར་བུ་གདབ་པས་རློབ་ཅིང་བསྲུང་། །རྟག་ཆད་མཐའ་བསལ་བསྔོ་ཤིས་བྱ། །ཞེས་དོན་བཅུ་གསུམ་ལས། ༈ དང་པོ་ཆས་སུ་འཇུག་པ་ནི། རང་ལུས་ལ་བར་ཆད་ཀྱི་བགེགས་ཀྱིས་མི་ཚུགས་པར་བྱ་བའི་ཆེད་དུ་ཆས་གོས་ལུས་ལ་བགོ་ཞིང་ཕྱག་མཚན་བཟུང་བར་བྱ་སྟེ། ཆས་འཇུག་ཁང་པར་སོང་ལ། ཐོག་མར་ཡོ་བྱད་རྣམས་བྱིན་གྱིས་རློབ་པ་ནི། ལམ་རིམ་ལས། གསང་སོགས་ཡོ་བྱད་ལྔ་པོ་རྣམས། །རིག་ཕྱིར་ཡེ་ཤེས་མ་འདྲེས་གསལ། །ཆོས་ཉིད་ཡེ་ཤེས་རོལ་པར་སྒོམ། །ཞེས་གསུངས་པས། ཆས་གོས་ལག་ཆ་རྣམས་རང་རང་གི་མདུན་དུ་བཀོད་དེ་སྐྱབས་སེམས་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱང། དེའི་ངང་ལས་སྐད་ཅིག་གིས་ལྷའི་ང་རྒྱལ་བཟུང་ལ། རང་སེམས་ལྷག་པ་བདེན་པ་དབྱེར་མེད་ཀྱི་ཆོ་འཕྲུལ་ལས་ཁྲག་འཐུང་འབར་བའི་གོས་རྒྱན་ལག་ཆ་ལ་སོགས་པ་ཐམས་ཅད་ཆོས་ཉིད་ཡེ་ཤེས་ཀྱི་རོལ་པར་རང་སྣང་བར་བསམ་ལ། ཞྭ་གོས་ལྕང་ལོ་སོགས་གཡས་ནས་རྔམ་ཞིང་གཡོན་ཕྱོགས་ནས་གྱོན། ཕྱག་མཚན་པད་སྐོར་གྱི་ལག་གིས་བླངས་ལ་བཟུང་བར་བྱའོ། ༈ །གཉིས་པ་གསེར་སྐྱེམས་ནི། ལྷ་ཡི་ཕྱག་རྒྱ་མི་བཟོད་ཅིང་། །བྱེར་དང་མཁུ་ལྡོག་བྱེད་པ་ཡི། །ཡུལ་བདག་ཀུན་ལ་གསེར་སྐྱེམས་སྦྱིན། །བདེན་པའི་ཚིག་གིས་བཀའ་བསྒོ་བྱ། །ཞེས་པས་ལྷ་སྲིན་གྱི་ཟེར་མི་ལྡང་བའི་ཕྱིར་གསེར་སྐྱེམས་བསྔོ་སྟེ། ཕྱག་བཞེས་སུ་ཕྱི་རོལ་ན་གནས་པའི་རོལ་མོ་བ་རྣམས་ཀྱིས་གསེར་སྐྱེམས། རཾ་ཡཾ་ཁཾ་གིས་སྦྱང་། འབྲུ་གསུམ་གྱིིས་འདོད་ཡོན་བདུད་རྩིའི་ཕུང་པོར་བྱིན་གྱིས་བརླབས་ལ། བྱིན་རླབས་མཆོག་སྩོལ་གྱི་རྐང་པ་གཉིས་པའི་གནས་སུ། །ཡི་དམ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཞེས་དང་། ཤོ་ལོ་ཀ་གསུམ་ཀའི་རྐང་པ་བཞི་པའི་གནས་སུ། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ཅེས་བསྒྱུར་བས་བསྔོ་བར་མཛད་དོ། ༈ །གསུམ་པ་འཆམས་རར་འགྲོ་བ་ནི། གང་དག་མ་སྨིན་འགྲོ་གང་ལ། །གསང་སྒྲོགས་ཉེས་པ་དོར་བའི་ཕྱིར། །ཡིད་ཀྱི་དཀྱིལ་འཁོར་འདི་བསྒོམ་བྱ། །ཞེས་གསུངས་ཏེ། གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །ཞེས་གསུངས་པ་ལྟར། ཆོས་ཀུན་རང་རིག་རང་སྣང་གི་ཆོ་འཕྲུལ་དུ་གསལ་བར་རྟོགས་པ་ན་བསྟན་བྱའི་ཡུལ་དང་། སྟོན་མཁན་གྱི་གང་ཟག་གཉིས་སོ་སོར་མ་དམིགས་པའི་ཕྱིར། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་པའི་ཚུལ་གྱིས་གསང་སྒྲོགས་ཀྱི་ཉེས་པ་མི་འབྱུང་ནའང་། རྣལ་འབྱོར་པ་རྟོགས་པའི་གདིང་མ་ཚུད་པ་རྣམས་ཀྱིས་གདོད་ནས་འགྲོ་བ་མ་ལུས་པ་དག་པའི་འཁོར་ལོར་གྲུབ་པར་མོས་པས་སྣོད་བཅུད་དཀྱིལ་འཁོར་དུ་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་སྒོ་ནས་ལུས་འགྱུར་ལ་ཐུན་མོང་དུ་གཅེས་པའི་ཡན་ལག །མགོ་བོ་ལ་བརྗིད་ཆགས་པ། རོ་སྟོད་ལ་སེང་ཆགས་པ། སྐེད་པ་ལ་འཁྲིལ་ཆགས་པ། སྒྱིད་པ་ལ་ལྡེམ་ཆགས་པ། ཚིགས་བཞི་ལ་འཕྲུལ་ཆགས་པ། རྐང་མགོ་ལ་བདེ་ཆགས་པ། བཞག་ཤ་ལ་ལྷོད་ཆགས་པ། རྣམ་འགྱུར་ལ་འགྱིང་ཆགས་པ། ཤ་འགྱུར་ལ་མེར་ཆགས་པ། སྤྱོད་པ་དལ་ལ་དོད་པ། ཕྱག་རྒྱ་གཡས་སུ་བཅས་པ་འགྲོལ་ན་གཡོན་དང་། གཡོན་དུ་བཅས་པ་འགྲོལ་ན་གཡས་སུ་དང་། དབུས་སུ་བཅའ་འགྲོལ་ལ་ཐད་ཀར་བལྟ་ཞིང་འགྱིང་བ་སྟེ་བཅའ་བསྒྱུར་བཤིག་པ་ལ་མཁས་པ། གཞན་ཡང་ཕོད་ཁའི་ཐང་ཤ་བཅད། རལ་པའི་འཁྲིལ་བཤིག །ལུས་ཀྱི་འཛུམ་བསྟན་པ་སྟེ། རིམ་པ་ཇི་ལྟ་བར་དཔེ་བྱ་ཁྱུང་མཁའ་ལ་ལྡིང་བ་དང་། སེངྒེ་རལ་པ་སྤྲུག་པ་དང་། རྒྱ་སྟག་ནགས་ཚལ་དུ་འགྱིང་བ་ལྟ་བུའི་ཡོན་ཏན་དང་ལྡན་པས། ཕྱི་རོལ་ནས་སྤོས་བཏུལ་ཞིང་། རོལ་མོ་ཆིག་བརྡེག་ཆེ་བ་དང་། ཆུང་གསུམ་རོལ་འཐབ་དང་བཅས་པ་སྤེལ་མར་བརྡུངས་པས་བསྐུལ་ཏེ། ནང་གི་འཆམས་པ་བ་རྣམས་སློབ་དཔོན་གྱིས་སྣ་དྲངས། དེ་རྗེས་ཤར་བ། བྱང་པ། ནུབ་པ། ལྷོ་པ་རྣམས་རང་རང་གི་འཁོར་ཇི་ཙམ་ཡོད་པའི་དབུས་སུ་ཕྱོགས་དཔོན་འོང་བར་བྱས་ལ། རིམ་པ་མ་འཆོལ་བར་བསྒྲིགས་ནས། རོལ་འགྲོས་གསེར་སྐྱེམས་མཇུག་གི་སིལ་འབེབས་དང་པོར་འཆམས་དཔོན་དོན། གཉིས་པའི་སིལ་བརྡུངས་གཅིག་ལ་འགྱེད། གསུམ་པའི་སིལ་བརྡུངས་ནས་རོལ་འགྲོས། མཆན། ཀྱི་དོན་ཏེ་དཀྱིལ་འཁོར་འབྲི་སར་སླེབས་པ་དང་བསྐོར་ལམ་ལ་གྲལ་ཕྲེང་བ་ལྟར་མཉམ་པས་འགྲོ་ཞིང་། འཁོར་བ་ལ་ཉེ་བ་ན་སློབ་དཔོན་དབུས་སུ་རིམ་གྱིས་ཞུགས་ཏེ། དོ་ར་འཁོར་མཚམས། དང་པོ་དང་གཉིས་པ་སོང་ནས་གསུམ་པ་ནས་སྟོན་པར་བྱེད་པ་འདི་ལྟར། ཞེས་བརྡའ་སྦྱར་ནས། ཆིག་རྡུངས་རོལ་པ་དང་། རྐང་པ་གཡས་དང་གཡོན་དང་གཡས་པ་རྣམས་ལྕགས་རིས་སུ་འདེགས་འབབ་ཀྱིས་གཡས་གཡོན་དབུས་གསུམ་དུ་ལག་རོལ་པའི་འགྱིང་གསིག་རེ་སོང་བ་དང་། ༈ བཞི་པ་རང་གནས་སུ་འདུག་པ་ནི། སློབ་དཔོན་རྡོར་དྲིལ་འཛིན་ཅིང་དབུས་སུ་ཁྲིའུ་ལ་ཤར་དུ་ཕྱོགས་པས་བཞུགས་པའི་མདུན་དུ། ཞབས་བསིལ་དང་བཞི་བསྣོལ་ཏེ་རྣམ་ལྔ་དང་སྨན་གཏོར་རཀྟ་རྣམས་བཤམས། འཁོར་རྣམས་རང་རང་གི་རིགས་དང་མཐུན་པའི་ཕྱོགས་སོ་སོར་མཉམ་པའི་སྟབས་ཀྱིས་འགྲེངས་ཏེ་འཁོད་པའི་ཕྱོགས་དཔོན་བཞིའི་མདུན་དུའང་མཆོད་པ་སྣ་ལྔ་རེ་སློབ་དཔོན་ལ་ལྟོས་པའི་གཡོན་ཕྱོགས་ནས་འགོ་བརྩམ་མོ། ༈ །ལྔ་པ་དཀྱིལ་འཁོར་སྤྲོ་བ་ནི། ཐོག་མར་ཐུན་མོང་དུ་མཆོད་རྫས་བྱིན་རློབ་སྟེ། ༀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱིས་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུཾ་ཕཊ། བསང་། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་མཆོད་སྣོད་པདྨ་འབར་བར་ཕྱི་ནང་གསང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་སྒྱུ་འཕྲུལ་གྱི་སྤྲིན་རབ་འབྱམས་སུ་འཕྲོ་བས་ནམ་མཁའ་གང་བར་གྱུར། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨ་ལོ་ཀེ་ཧྲཱིཿ གནྡྷེ་གན། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱཿ ༀ་བ་ལིངྟ་ཏེ་ཛྭ་བ་ལིངྟེ་བ་ལ་བཱ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋཱཿ ཞེས་པས་རློབ། དེ་ནས་སློབ་དཔོན་གྱིས། རང་ཉིད་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ལ་གཞན་སྲས་ཀྱི་བྱ་བས་འཁོར་སྤྲོ་བ་སྒྲུབ་ཐབས་ལྟར་བྱ་བའམ། དེ་ཙམ་གྱི་སྤྲོས་པ་མི་ནུས་ན། ཧཱུྃ་ཧཱུྃ་སྥ་ར༴ སཾ༴ ༀ་བཛྲ་གྷཎྜེ། སྥ་ར༴ སཾ༴ ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཞེས་བརྗོད་པས་བདག་ཉིད་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་པ་ལ། ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སྔགས་ཀྱིས་བྱིན་གྱིས་རླབས་ནས། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ྅ཧཾ། ཨ་ནུ་རཱ་ག་ཡཱ་མི། ཛཿཧཱུྃ་བཾ་ཧོཿ ཧཱུཾ་ཧ་ཧེ་ཕཊ་བྷྱོ། ཞེས་བརྗོད་པས་ཡབ་ཡུམ་མཉམ་པར་སྦྱོར་བའི་སེམས་སྤྲིན་ལས་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ་གནས་ཡུལ་སྒོ་སྐྱོང་དང་བཅས་པ་རྣམས་དང་། ཐུགས་ཀ་ནས་དབང་མོ་རྣམས་སྤྲོས་ཏེ་རང་རང་གི་གདན་ལ་རྔམས་པའི་སྟབས་ཀྱིས་འཁོད་པར་གྱུར། སླར་ཡང་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་པ་དང་བཅས་པའི་དུས་གསུམ་གྱི་མགོན་པོ་སྲས་དང་བཅས་པ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བསམ་ཞིང་། ༀ་རུ་ལུ་རུ་ལུ་ཧཱུཾ། ཞེས་སྙན་གསན་དབབ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་པ་ལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་སོགས་ཀྱིས་ཀུན་བཟང་། ༀ་ཨཱ་ཧ་ར་སོགས་ཀྱིས་ཞབས་བསིལ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ་སོགས་ཀྱིས་བཞི་བསྣོལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་པས་སྨན་གཏོར་རཀྟ་ཕུལ་ནས། ཆོས་སྐུ་ནམ་མཁས་བསྟོད། ༈ དྲུག་པ་ཡུམ་བྱིན་གྱིས་རློབ་པ་ནི། སློབ་དཔོན་གྱིས་རིགས་བཞིའི་ཡུམ་གྱིས་བསྐྱེད་སྔགས་རྣམས་བརྗོད་པས། ཕྱོགས་ཀྱི་སློབ་མ་བཞི་པོ་རིགས་བཞི་ཁྲོས་པའི་རྒྱལ་མོ་བཞིར་བསྐྱེད་ལ། བསྐུར། རློབ། དབབ། དྲངས། བསྟིམ། བརྟན་རྣམས་བྱ། ༈ བདུན་པ་སློབ་མས་གསོལ་བ་གདབ་པ་ནི། ཤར་གྱི་ཕྱོགས་དཔོན་གྱིས་བསྐུལ་ནས་ཕྱོགས་བཞིའི་སློབ་མ་རྣམས་ཀྱིས་ཐུན་མོང་དུ་སློབ་དཔོན་ལ་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ནས། རྔ་སིལ་གྱི་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་པས། ཤར་ནས། ཨེ་མ་རང་སྣང་དབྱེར་མེད་སྐུ། །རྣམ་དག་བསོད་ནམས་མཚན་གྱིས་བརྒྱན། །དཔེ་བྱད་འབྲུ་བཀོད་ལྟས་མི་ངོམས། །སྐུ་ལྔའི་མཆོག་ལ་ཕྱག་འཚལ་ལོ། །ཞི་བའི་ཡེ་ཤེས་རང་སྣང་བའི། །རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ལྷོ་ནས། ཨེ་མ་རྡོ་རྗེ་སེམས་ཆེན་པོ། །རང་རིག་མཁྱེན་པའི་ཡེ་ཤེས་འབར། །མགོན་པོ་ཡོན་ཏན་བསམ་ལས་འདས། །རྒྱལ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་འབྱུང་བའི་གཙོ། །མ་ལུས་ཀུན་གྱི་རེ་སྐོང་བ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ནུབ་ནས། ཨེ་མ་རྣམ་དག་ནམ་མཁའི་དབྱིངས། །ཅི་གསུང་སྣ་ཚོགས་སྒྲ་རིགས་མཁྱེན། །བསམ་འདས་བརྗོད་མེད་རྡོ་རྗེའི་གསུང་། །གསུང་ལྔའི་མཆོག་ལ་ཕྱག་འཚལ་ལོ། །རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བྱང་ནས། ཨེ་མ་མི་མཛད་མཛད་པ་ཆེ། །མ་ཆགས་ཆགས་བྲལ་འདོད་ཆགས་མཛད། །ཐམས་ཅད་སྒྲོལ་བའི་ལས་པོ་ཆེ། །ཕྲིན་ལས་མཆོག་ལ་ཕྱག་འཚལ་ལོ། །བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ཐམས་ཅད་ཀྱིས་ཐུན་མོང་དུ། ཨེ་མ་གསང་བ་ནམ་མཁའི་ཐུགས། །མཉམ་ཉིད་མི་གཡོ་སོ་སོར་གསལ། །ཀུན་རིག་སྙིང་པོ་ཡེ་ཤེས་མཆོག །ཐུགས་ལྔའི་མཆོག་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་སོ། ༈ །བརྒྱད་པ་སློབ་དཔོན་གྱིས་གསོལ་བ་གདབ་པ་ནི། རྡོར་དྲིལ་འཛིན་ཅིང་འཛུམ་མདངས་ཀྱིས་བལྟ་བཞིན་པར། ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བཟུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་རློབ་པ། །བདེ་བར་གཤེགས་པས་མཛད་དུ་གསོལ། །ཞེས་པས་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ཏེ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་བསྡུས་ནས་བསྒོམ་ཤིང་སྤྲོས་པའི་དཀྱིལ་འཁོར་དང་བཅས་ཏེ་རང་ལ་བསྟིམ་མོ། ༈ །དགུ་པ་བཀའ་བསྒོ་བས་བགེགས་བསྐྲད་པ་ནི། སློབ་དཔོན་སྙེམས་པ་དང་བཅས་པས་ལངས་ལ་སེམས་ཅན་མ་རིག་པའི་མུན་པར་ལྷུངས་ཤིང་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ལ་མངོན་པར་བལྟས་ནས། དེ་རྣམས་ཀྱི་བདུད་བསལ་བར་བྱ་བའི་ཕྱིར། རང་ཉིད་ཞེ་སྡང་རྡོ་རྗེ་འཇིགས་ཤིང་རྔམས་པ་མི་བཟད་པའི་ཁྲོ་བོའི་སྤྲིན་སྤྲོ་བའི་སྐུར་གྱུར་པའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ། མི་འབྲས་ཧཱུཾ་ལས་བསྐལ་པའི་མེར་འབར་བར་གྱུར་པར་བསམ་ཞིང་། འཁོར་རྣམས་ཀྱིས་རོལ་སྒྲ་དང་སྦྱར་ཏེ། ཇི་སྐད་དུ། རྡོ་རྗེ་ལྟ་བས་ཆགས་པ་ནི། །དག་པས་མིག་ནི་རབ་ཏུ་བགྲད། །ཅེས་གསུངས་པ་ལྟར་རང་ཉིད་རྗེས་སུ་ཆགས་པའི་རྣམ་པས་མིག་འབུར་ཚུགས་སུ་བགྲད་རྡོ་རྗེའི་ལྟ་བས་ཀུན་ཏུ་བལྟ་ཞིང་། གཡས་པའི་རྡོ་རྗེ་གསོར་བ་དང་། གཡོན་དྲིལ་བུ་གསིལ་བཞིན་དུ། རྐང་པ་གཡས་གཡོན་གཉིས་ཀྱིས་རྭ་བཙལ་བའི་རྡོ་རྗེ་ཕྱེད་འགྲོས་འོག་ཏུ་འབྱུང་བ་ལྟར་ལས། གཅིག །གཉིས་གཉིས་ཞེས་པར་ལག་གཉིས་དཀུར་མི་བརྟེན་པར་དེ་ཉིད་དུ་འགྱིང་བ་ཙམ་གྱི་ཁྱད་པར་གྱིས་བྱང་ཤར་དུ་སོང་ལ། འཆད་འགྱུར་གྱི་དགུ་བརྡུངས་དང་བསྟུན་ཕྱོགས་དཔོན་བཞི་ཡང་དོ་རའི་ནང་དུ་ཞུགས་ཏེ་སློབ་དཔོན་གྱི་གཡོན་དུ་ཤར་དང་ལྷོ། གཡས་སུ་ནུབ་དང་བྱང་གི་ཕྱོགས་དཔོན་རྣམས་འཁོད་པའི་མཐར་རྔ་ཐོགས་པའི་འཆམས་པ་གཞན་རྣམས་ཀྱིས་བསྐོར་ཏེ། སྔར་གྱི་ཕྱེད་འགྲོས་ཀྱི་མཐའི་གཉིས་གཉིས་ཞེས་པའི་རྗེས་དེ་མ་ཐག་པར་རྔ་སྟེང་དུ་བསྒྱུར་ལ། སྦིར་སྦྲམ་ཞེས་པ་ལན་གཉིས་ཀྱི་ཛམ་ལེན་ནས་རྔ་དགུ་བརྡུངས་ཀྱི་བརྒྱད་གྲངས་པར་གཡས་སྔོན་བཏེག་གི་རྐང་གཉིས་རེ་མོས་སུ་འདེགས་འགྱིང་རེས་འཐེན་གྱིས་རྡོ་རྗེའི་རྭ་བཙལ་ནས། གྲངས་དགུ་པར་གཡས་པ་འདེག །འབབ་དབུས་རྭ་དང་། འཛག་གཉིས་ལ་དེ་ཁར་སྡད་དེ། །ཧཱུཾ། རྡོ་རྗེ་འཛིན་པ་ཉི་མ་དང་། །ཆོས་དང་རྟ་མཆོག་སྣང་མཛད་ཀྱང་། །བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་དེ་མ་འདའ། །ང་ནི་སངས་རྒྱས་ཀུན་གྱི་བདག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །དབང་མཆོག་སྒྲུབ་པའི་ལས་བྱེད་ཀྱིས། །བགེགས་རྣམས་ཐམས་ཅད་གཞན་དུ་དེངས། །ཞེས་པ་ལ་བསྒྲལ་མཆོད་ཀྱི་དབྱངས་བཀབ་ནས། རྔ་འོག་བརྡུངས་སུ་བསྒྱུར་ཏེ། ཚིག་རྐང་དང་པོ་བཞི་ལ་རྐང་གཡས་གཡོན་རེ་མོས་སུ་འདེགས་འགྱིང་གིས་རྭ་ཕྱོགས་སུ་བསྐོར་བས་རྡོ་རྗེའི་རྭ་བཙལ་ནས། ང་ནི་སངས་རྒྱས་མན་ཆོད་ཀྱི་རྐང་པ་རེ་རེ་བཞིན་གྱི་འགོར་རྔ་འོག་བརྡུང་གིས་གཡས་སུ་ཛམ་དྲག་པོ་རེའི་རྗེས་རྔ་བྲང་ཐད་དུ་བསླང་སྟེ་རྡོ་རྗེའི་མིག་གིས་ལྟ་བཞིན་དུ་རྐང་པ་གཡས་གཡོན་འདེགས་འཇོག་སྤེལ་བས་གཡོན་བསྐོར་ཕྱོགས་སུ་ཕྱིན་ནས་རྔ་གཡས་སུ་འོག་བརྡུངས་ཆེ་བཞི་དང་། གཡོན་དུ་དྲང་ཐད་བསླང་བའི་ཆུང་བཞི་སྤེལ་བ་ལན་གསུམ་ལྡབས་པའི་གཡས་ཀྱི་ཆེ་ཐོག་ནས་ཆེམས་བརྡུངས་དྲག་འབེབས་དང་། ཡང་རྔ་སྟེང་བརྡུངས་སུ་བསྒྱུར་ཏེ། རང་སར་ཛམ་ཆུང་གཉིས་བརྡུངས་ནས་དགུ་བརྡུངས་འཛག་གཉིས་མའི་འགྲོས་དང་། བཀའ་བསྒོའི་ཚིག་དབྱངས་འགྲོས་སྟབས་དང་བཅས་པ་ཐམས་ཅད་རྔ་སྟེང་བརྡུངས་དང་རྐང་པ་གཡས་གཡོན་སྔ་ཕྱི་གོ་ལྡོག་པ་ཙམ་ལས་གཞན་སྔར་ལྟ་བུས་གཡོན་དུ་ཛམ་དྲག་ནས་གཡས་ཕྱོགས་ལ་ཕྱིར་ལོག་ཏུ་བསྐོར་རྗེས། གཡོན་དུ་སྟེང་བརྡུངས་ཆེ་བཞི་དང་། གཡས་སུ་རྔ་དྲང་ཐད་ཀྱི་ཆུང་བཞི་སྤེལ་བ་སྔར་ལྟ་བུས་གཡོན་གྱི་ཆེ་ཐོག་ནས་དྲག་འབེབས་དང་། ཡང་རྔ་དགུ་བརྡུངས་ནས་འགྲོས་དབྱངས་འགྲོ་ཕྱོགས་རྔ་སྟབས་ཐམས་ཅད་བཀའ་བསྒོ་དང་པོ་ཇི་ལྟ་བ་བཞིིན་བྱས་རྗེས། བཞི་བརྡུངས་ཆེ་ཆུང་སྤེལ་བ་ལན་གསུམ་གྱི་གཡས་ཀྱི་ཆེ་བཞིའི་ཐོག་ཆེམས་བརྡུངས་དྲག་པོར་ཕབ་པ་དང་བསྟུན་ཀིངྐ་རའི་ཆས་སུ་ཞུགས་པའི་འཆམས་པ་རྣམས་གློ་འབུར་དུ་མཆོངས་སྟབས་རྒྱུགས་ཤར་གྱིས་དོན་ནས་ཚམ་རྔམས་བྱ་ཞིང་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། ཧཱུཾ་བཞི་བའི་སྔགས་དྲག་པོར་བཟླས་པས། ཐུགས་ཀའི་ཧཱུཾ་ལས་ཁྲོས་པའི་ཁྲོ་སྤྲིན་དང་། སྤྱན་གྱི་ཉི་ཟླ། རྐང་མཐིལ་གྱི་རྡོ་རྗེ་རྣམས་ལས་འབར་བའི་འོད་ཟེར་འཕྲོས་པས་བགེགས་ཐམས་ཅད་སྲེག་བཅོམ་བསྐྲད་ཅིང་དཀྱིལ་འཁོར་གྱི་གཞི་རྡོ་རྗེའི་རང་བཞིན་དུ་བརྟན་པར་མོས་ལ། སླར་ཡང་གཡོན་བརྩམས་ཀྱི་ཛམ་གཉིས་དགུ་བསྐོར་འཛག་གཉིས་མ་དང་སྦྱར་བའི་འགྲོས་བྱས་རྗེས་རོལ་མོ་རྣམས་བཞག་གོ། ༈ །བཅུ་པ་དཀྱིལ་འཁོར་ལྷའི་སྟངས་སྟབས་ལ། གནད་སྡོམས་པས་སྤྱིའི་ཁོག་འགྲོལ་བ་དང་། འཆམས་ཚུལ་དངོས་བཤད་པ་གཉིས་ལས། དང་པོ་ལའང་། རྣམ་འགྱུར་འགྲིག་ཐབས་རོལ་ཚིག་བཤད། །ཀུན་འགྲོའི་ལུས་འགྱུར་གཅེས་བསྡུས་བཤད། །སྔོན་རྗེས་བྱ་བའི་སྦྱོར་སྡོམས་བཤད། །ཅེས་པ་ལྟར་གསུམ་ལས། དང་པོ་ནི། འདི་ལྟར་ཤེས་པར་བྱ་སྟེ། འཆམས་ཀྱི་ལུས་འགྱུར་འགྲིག་པ་ཡང་། །རྔ་ཡི་སྒྲ་གདངས་ལ་ལྟོས་ཕྱིར། །ཐོག་མར་རྔ་བརྡུངས་རིམ་པ་སློབས། །རོལ་འགྲོས་གཡས་གཡོན་མཆོངས་སྟབས་དང་། །བསྐྱོད་འགྲོས་འགྲོ་ཕྱོགས་གཡས་མཆོངས་ལ། །ཆིག་རྡེག་ཆེ་བ་རེ་རེ་སྟེ། །དེ་རྗེས་སྐོར་ཞིང་འགྱིང་པའི་བར། །ཆུང་བརྡུངས་གསུམ་ཙམ་རོལ་འཐབ་བཅས། །བསྐྱོད་འགྲོས་གཡས་གཡོན་ལྕགས་རིས་སུ། །འབེབས་ཚེ་ཆེ་བརྡེག་དྲག་པོར་གཅོད། །གཡབ་མོའང་བསྐྱོད་འགྲོས་ལྟ་བུ་ལས། །འབེབས་ཚེ་ཅུང་ཟད་ཆུང་བས་གཅོད། །རོལ་འགྱིང་ངང་ལས་འཆམས་སྐད་དག །སྒྱུར་བ་རྫོགས་པའི་དེ་མ་ཐག །རྐང་གཡས་མདུན་དུ་འབབས་པ་དང་། །གཡས་དང་གཡོན་དུ་གཡོམ་འགྱིང་ལ། །སྦྲམ་ཞེས་ཆེ་བརྡེག་རེ་རེའོ། །གཡོམ་འགྱིང་བཞི་གྲངས་ལ་བཅུག་ཚེ། །གཡས་སུ་བཞི་རྫོགས་གཡོན་དེ་ཕྱེད། །ཆེ་བརྡེག་མཉམ་སྟེ་གཡོན་པ་ཡི། །གསུམ་བཞིར་ཅུང་ཟད་ཆེ་དལ་བརྡེག །བཞི་པད་མཆོངས་པད་ཡངས་པད་ལ། །རེ་རེར་ཆུང་བརྡེག་གསུམ་གསུམ་སྟེ། །ཛམ་ཆུང་ཤིན་ཏུའང་ཆུང་བརྡེག་གསུམ། །པད་ཛམ་གཉིས་ཀྱི་སྦྲམ་སྦིར་སྦམ། །གསུམ་པོ་རིམ་བཞིན་ཆེར་བསྐྱེད་བརྡུངས། །ཆིག་བརྡུངས་རོལ་པའི་སྦྲམ་ལ་ཆེ། །གྲངས་ལ་ཅུང་ཆུང་ཐེངས་བརྡུངས་རྗེས། །ཆུང་བ་བཞི་ལྔ་རོལ་འཐབ་བཅས། །གཡབ་མོ་སྟེང་བར་འོག་གི་ཛམ། །དེ་འདྲ་ཁྱད་པར་ཆུང་བརྡེག་བྱ། །པད་རོལ་བཞི་གྲངས་ལ་འཇུག་ཚེ། །རྟིང་གསིག་གར་འཕོག་ཆེ་བརྡེག་དང་། །རོལ་པར་ཐེང་མ་མངོན་ཙམ་གནད། །སོ་སོའི་ཕྱག་རྒྱ་བསྒྱུར་བའི་དུས། །འཆམ་སྐོར་དང་ནི་དཔའ་བསྐྱེད་ནས། །བཟུང་སྟེ་སྤྱུགས་པའི་བར་དག་དང་། །གདགས་རྒྱན་མ་གཏོགས་འགྱིང་ཆེན་ནས། །ཡུམ་བར་ཆིག་བརྡེག་བཞི་བཞི་དང་། །ཆོས་དབྱིངས་ཐོད་སྐམ་གཉིས་ལྔར་བརྡེག །སྟེང་བར་འོག་གསུམ་བརྒྱད་བརྡེག་ལ། །མགོ་བོའི་དོ་ཤལ་དྲུག་བརྡེག་སྟེ། །སྦྲམ་ལ་བརྡུངས་ཤིང་གྲངས་རྣམས་ལ། །ནན་ཙམ་བྱས་ནས་ཁ་འབྲལ་བ། །སེ་འབྲོ་ཟུར་གྱི་ལུགས་ཡིན་ལེགས། །དེ་ཀུན་ཐ་མའི་གྲངས་གཅིག་པོར། །ཅུང་ཟད་ཆུང་བརྡེག་གཞོལ་ལེན་ཚེ། །དེ་ཡང་སྦྲམ་ལས་ཆེར་བསྐྱེད་བརྡུངས། །གཞོལ་ལེན་མ་གཏོགས་ཐམས་ཅད་ཀྱི། །མཚམས་སུ་སྦྲམ་སྦིར་སྦྲམ་ཞེས་པར། །དང་པོ་ཆུང་ཞིང་ཆེ་རིམ་བསྐྱེད། །འགྲོལ་བསྡུ་གཞོལ་སྟབས་རྣམ་གཉིས་ལ། །སྦིར་སྦྲམ་རྗེས་སུའང་ཆུང་བརྡེག་གཅིག །གཞོལ་ལ་དངོས་གཞིའི་གྲངས་རྫོགས་རྗེས། །སྦྲམ་ཞེས་མཚམས་ལེན་དེ་ཡང་ཆེ། །རླུང་དང་ཆུ་ཡི་དཀྱིལ་འཁོར་དང་། །ཁྲོ་མོ་བརྒྱད་དང་བམ་སྤྲོ་སྟོབ། །ལྔ་བརྡུངས་ཆེ་ཆུང་སྤེལ་མ་སྟེ། །དེ་ཡི་དུས་སུ་བཞི་ཞེས་པར། །ཆེ་བརྡེག་འཐེང་ཙམ་བྱས་ན་ལེགས། །རྡོ་རྗེ་ཕྱེད་འགྲོས་བརྐྱང་སྤགས་དང་། །མཁའ་དང་ས་དཀྱིལ་ཀེང་རུས་མེ། །སྒོ་མ་བམ་གྱི་རྡོར་འགྲོས་དང་། །སྟོབ་འཆམས་བརྡོག་འགྲོས་བཅས་པ་རྣམས། །བཞི་གྲངས་མཐའ་ཐོག་ཆེ་བ་སྟེ། །ལ་ལར་བར་གྱི་གཅིག་ཞེས་པར། །མཉམ་བརྡེག་གཉིས་གཉིས་སྤྱིར་བཏང་དུས། །ཆེ་བརྡེག་ཡིན་ཏེ་ལྡེམ་འགྲོས་ལ། །འཇུག་ཚེ་དེ་ཉིད་ཆུང་བརྡེག་བྱ། །ཕྲ་མེན་བརྒྱད་ལ་བཞི་བརྡུངས་ནི། །ཐེང་མ་ཆེ་སྐད་ཆུང་སྐད་སྤེལ། །འདི་དང་གནས་མའི་རྐང་གཡས་ཀྱི། །འགྲོལ་བསྡུ་ཆེ་སྐད་རེས་ཡིན་ཀྱང་། །འབྲིང་བརྡེག་བྱས་ན་མཛེས་ཞེས་གསུངས། །གཞལ་ཡས་དབང་མོའི་འདུར་འཆམས་དང་། །རོལ་པ་དང་ནི་སྦྲུལ་ནག་གིས། །བམ་འཚོལ་རྡེའུས་བརྟག་པ་དང་། །ལྷག་མ་འཁུར་ནས་རྒྱུག་པ་རྣམས། །ཕལ་ཆེར་ཉིས་བརྡུངས་འཐེང་མ་སྟེ། །རྡེའུའི་གཡས་གཡོབ་གཡོན་གཡོབ་ཀྱི། །ནང་དང་རྡོར་འགྲོས་གཡས་ནང་འགྲོ། །རྡེའུ་འཕངས་ནས་ཕྱིར་འགྲོས་རྣམས། །ཆེ་མཉམ་བྲེལ་བ་བཞི་བཞི་བརྡེག །མདོར་ན་རང་རང་ཕྱག་རྒྱ་རྣམས། །སྒྱུར་དུས་དམིགས་བསལ་འགའ་མ་གཏོགས། །ཆེ་བརྡེག་ཡིན་ཏེ་སོ་སོ་ཡི། །བར་མཚམས་རོལ་འགྲོས་ལྡེམ་འགྲོས་དག །ཆུང་བརྡེག་དེས་མཚོན་ཀུན་ཏུའང་། །ཆེ་སྐད་ཆུང་སྐད་འཐོན་པ་དང་། །མཚམས་ཆོད་དལ་བྲེལ་སྐབས་ཐོབ་བྱེད། །སྤྱིར་ན་རོལ་མོ་དལ་བ་མཛེས། །ཞེས་པ་སྟེ་མཚོན་པ་ཙམ་མོ། །གཉིས་པའང་འདི་ལྟ་ཤེས་པར་བྱ་སྟེ། གོང་འོག་ཀུན་ཏུ་འགྲོ་བ་ཡི། །ལུས་འགྱུར་གཅེས་བསྡུས་འདིར་གསལ་བྱ། །ལག་གཉིས་ནང་གདེངས་རྐང་གཡོན་དང་། །ཕྱིར་གདེངས་རྐང་གཡས་འགྲོ་ཕྱོགས་སུ། །གསིག་མཆོངས་བྱས་རྗེས་སྔ་མས་ཕྱི། །ཕྱི་མས་ནང་དུ་བསྐོར་ནས་འགྱིང་། །རྐང་པ་དང་མཐུན་ལག་པའང་། །བསྡུ་བ་རོལ་པའི་རྣམ་པ་ཅན། །དེ་ནི་རོལ་འགྲོས་ཞེས་བྱའོ། །ལག་གཉིས་གཡོན་ཕྱོགས་ཁ་སྦུབ་དང་། །གཡས་ཕྱོགས་གྱེན་བསྟན་གཞོལ་བ་ཡི། །རོལ་པོ་གཉིས་རྗེས་རྐང་གཡས་གཡོན། །འདེགས་བཞག་ལག་པ་རོལ་སྟབས་མཐར། །གཡོན་འདེགས་ལེན་ཆུང་དང་བསྟུན་ནས། །ལག་པ་གཡོན་པར་གཡས་པ་ཡིས། །ནང་སྐོར་སྟེང་དུ་འཕྱར་བྱེད་པ། །འདི་ནི་ཆིག་བརྡུངས་རོལ་པ་ཡིན། །རྐང་པ་གཡས་པས་མདུན་དུ་དང་། །གཡོན་པས་གཡས་དང་གཡས་པས་དབུས། །གཡས་ཀྱིས་གཡོན་དང་གཡོན་པ་ཡིས། །དབུས་སུ་ཡངས་པད་སྐྱུར་བ་རེ། །རྫོགས་པར་བྱེད་པ་བཞི་པད་དོ། །རྐང་གཡས་ཁོ་ནས་དབུས་དང་གཡོན། །གཡོན་གྱིས་དབུས་དང་གཡས་ཕྱོགས་སུ། །ཡངས་པད་སྐྱུར་རྫོགས་མཆོངས་པད་ཡིན། །ཆུང་བརྡེག་གསུམ་ལ་བྷན་ཕུར་གཉིས། །ཐུགས་ཀར་མཉམ་ནས་གཡོན་གཡས་སུ། །གཅུ་ཞིང་རྐང་གཡོན་འདེགས་ཆུང་གིས། །ལེན་པ་དེ་ནི་ཛམ་ཆུང་ངོ་། །སྦྲམ་སྦིར་སྦྲམ་ལ་རྐང་ལག་གཡས། །གཡས་སུ་འབེབས་འདེགས་གཡོན་དུའང་། །དེ་ལྡོག་གཡོན་པས་འགྲོལ་བྱེད་ཅིང་། །དབུས་སུ་པད་བསྐོར་གྱིས་བསྡུ་བ། །འགྲོལ་བསྡུ་ཞེས་སུ་གྲགས་པ་ཡིན། །རྐང་གཡས་གཡས་འཐེན་འགྲོ་ཕྱོགས་སུ། །སྦྲམ་ལ་རྟིང་གསིག་ཕུར་དར་གཡོབ། །སྦིར་ཞེས་སྐྱུར་རྗེས་སྦྲམ་སྦྲམ་ལ། །གཡས་ཕོབ་གཡོན་པ་འགྲོ་ཕྱོགས་སུ། །གོམ་གང་ནུར་ནས་རྐང་ལག་གཡོན། །གཞོལ་ནས་སྦིར་སྦྲམ་ལ་བྷན་སྐྲ། །ཕྱིར་སྐྱུར་རྐང་གཡོན་འདེགས་འབེབས་དག །བྱེད་པ་གཡས་པའི་གཞོལ་ཡིན་ཏེ། །དེ་ལྡོག་གཡོན་པའི་གཞོལ་དུ་གྲགས། །ཕུར་དར་གཡོན་པའི་འཁྲིག་མ་ནས། །དྲངས་ཏེ་ལག་གཉིས་ཕྱིར་གདེངས་དང་། །མཉམ་དུ་རྐང་གཡས་འགྲོ་ཕྱོགས་མཆོངས། །དེའི་རྩར་རྐང་གཡོན་གྲུད་པའི་སྣར། །གཡས་པའི་རྟིང་གཏད་གསིག་ཅིང་འགྱིང་། །བསྐྱོད་འགྲོས་ཞེས་གྲགས་དེ་ཡི་ཚེ། །ལག་གཉིས་བརྒྱང་བ་མཚམས་ཆེན་ཏེ། །དཀུར་བརྟེན་བྱས་ན་མཚམས་ཆུང་ཟེར། །དེ་བཞིན་ལག་གཉིས་དཀུར་བརྟེན་ནས། །རྐང་པ་རོལ་འགྲོས་ལྟར་འགྲོ་བ། །ཆིག་བརྡུངས་ལྡེམ་སྟེ་ལག་དེ་བཞིན། །བྱས་ལ་རྐང་པ་བཞི་འགྲོས་ལྟར། །འགྲོ་བ་བཞི་བརྡུངས་ལྡེམ་དུ་གྲགས། །བཞི་པད་མཆོངས་པད་འགྲོལ་བསྡུ་དང་། །རོལ་པ་རྣམས་ནི་བཞི་བརྡུངས་དང་། །དེ་བཞིན་ལྔ་བརྡུངས་ཀྱིས་བཅིངས་ན། །དེ་དང་དེ་ཡི་དེར་གྲགས་མོད། །འོན་ཀྱང་མཆོངས་པད་ཡོངས་རྫོགས་ནི། །གཅིག་བརྡུངས་ལས་གཞན་མཛད་སྲོལ་མེད། །མདོར་ན་གྲལ་རིམ་བར་ཐག་རྣམས། །ཕྲེང་བ་རྒྱུས་འདྲ་དོ་ར་སྙོམས། །ཧ་ཅང་མི་དལ་མི་བྲེལ་ལ། །རྣམ་འགྱུར་མ་འདོམ་བདེ་ཞིང་འགྲིག །འགྱིང་དང་སྤྲུག་སོགས་ལུས་འགྱུར་དག །ཉམས་ཀྱིས་ཀུན་ཏུ་མཛེས་པ་གཅེས། །ཞེས་སྨྲས་སོ། །གསུམ་པའང་འདི་ལྟར་ཤེས་པར་བྱ་སྟེ། འཆམས་གང་སོ་སོའི་སྔོན་རྗེས་སུ། །བཞི་པད་མཆོངས་པད་གཞོལ་སྟབས་དང་། །འགྲོལ་བསྡུ་གང་བྱེད་སྡོམ་ཚིག་བཤད། །ཆོས་དབྱིངས་མཁའ་འགྲོ་དཔའ་བསྐྱེད་དང་། །བླ་འགུགས་དམ་ཅན་འབོད་པ་དང་། །སྟེང་བར་འོག་གསུམ་བྱིན་གྱིས་རློབ། །ནམ་མཁའ་རླུང་དང་ཆུ་དཀྱིལ་དང་། །འགྱིང་ཆེན་ནས་བཟུང་སྒོ་མའི་བར། །བཞི་པད་སྔོན་འགྲོ་མཆོངས་པད་རྗེས། །རྡོ་རྗེ་བརྐྱང་མ་ས་དཀྱིལ་དང་། །མེ་དཀྱིལ་བཞི་པད་སྔོ་འགྲོ་ལས། །རྗེས་སུ་བཞི་བརྡུངས་ལྡེམ་ལ་འཇུག །ཀེང་རུས་གཞལ་ཡས་ཁང་གཉིས་ཀྱི། །སྔོན་རྗེས་གཉིས་གར་མཆོངས་པད་དང་། །གཡབ་མོ་རྡོ་རྗེ་ཕྱེད་འགྲོས་དང་། །སྤགས་འགྲོས་དབང་ཕྱུག་ལས་བཞིའི་འཚམས། །རོལ་པ་དང་ནི་སྦྲུལ་ནག་གིས། །བམ་འཚོལ་བ་དང་རྡེའུ་བརྟག །རྡོར་འགྲོས་བརྟག་དང་བརྡོག་འགྲོས་བཅས། །དགུ་ལ་སྔོན་དུ་མཆོངས་པད་བྱ། །རྗེས་སུ་རང་རང་བསྐོར་བའི་འགྲོས། །སྤྲོ་སྟོབ་སྔོན་དུ་བཞི་པད་ཡིན། །དཔལ་བསྐྱེད་བླ་འགུགས་དམ་ཅན་འབོད། །གཙོ་བོའི་གཡས་གཡོན་བར་ཐའི་ཕྱག །ཞབས་དང་དོ་ཤལ་གོས་རྣམ་གསུམ། །ཁྱུང་གཤོག་རྣམས་ལ་གཞོལ་སྟབས་བྱ། །སྟེང་བར་འོག་གསུམ་བྱིན་རློབ་དང་། །མཁའ་དཀྱིལ་འགྱིང་ཆེན་འགྱིང་ཆུང་དང་། །དབུ་དང་རྩ་ཕྱག་ཐོད་སྐམ་རྒྱན། །རྩེ་གསུམ་རིགས་བཞིའི་གྱད་འཆམས་དང་། །ཡུམ་དང་ཁྲོ་མོ་ཕྲ་མེན་དང་། །སྒོ་མ་རྣམས་ལ་འགྲོལ་བསྡུའོ། །གང་ཞིག་མཐོང་བ་བརྒྱུད་པ་ཡིས། །སྦྱངས་རྗེས་ནམ་ཞིག་བརྗེད་སྲིད་ན། །འདི་ཙམ་བལྟས་པས་དྲན་སོས་ནས། །རྩོལ་མེད་ཐོན་ཕྱིར་གཅེས་པར་བཟུང་། །ཞེས་གདམས་སོ། ༈ །གཉིས་པ་འཆམས་ཚུལ་དངོས་བཤད་པ་ལ། སྔོན་འགྲོའི་སྟངས་སྟབས་ཀྱིས་སྤྱིར་རློབ་པ་དང་། དངོས་གཞི་སོ་སོའི་སྟངས་སྟབས་ཀྱིས་བྱེ་བྲག་ཏུ་རློབ་པ་གཉིས་ལས། དང་པོ་སྡོམ་ནི། འཆམས་སྐོར་གསུམ་དང་ཆོས་དབྱིངས་བསྐྱེད། །དབང་སྡུད་མཁའ་འགྲོ་དཔའ་བསྐྱེད་དང་། །ཉམས་པའི་བླ་འགུགས་དམ་ཅན་འབོད། །ནམ་མཁའ་བར་སྣང་ས་གཞི་གསུམ། །འཁོར་ལོ་རྟགས་བརྒྱད་པདྨར་རློབ། །རྡོ་རྗེ་ཕྱེད་བརྐྱང་སྤགས་གསུམ་གྱིས། །ས་བཙལ་འདུལ་ཞིང་རློབ་པའོ། །ཞེས་དོན་བཅུ་གཉིས་ལས། དང་པོ་འཆམས་སྐོར་གསུམ་ནི། སྔར་གྱི་བགེགས་བསྐྲད་སོང་ནས་རོལ་མོ་རྣམས་བཞག་རྗེས། ཐམས་ཅད་བྷན་ཕུར་ཐོགས་ཏེ་ས་གཞི་རྣམས་ཁོད་སྙོམས་པར་བྱ་བའི་ཕྱིར་འཆམས་སྐོར་ལན་གསུམ་གྱིས་གཏན་ལ་དབབ་པ་ལས། འཆམས་སྐོར་དང་པོ། ཞེས་བརྡའ་སྦྱར། ཆིག་བརྡུངས་རོལ་པའི་རྗེས་རྐང་གཡས་བཏེག་སྟེ་རོལ་འགྲོས་ལ་བཅུག་ནས་ཇི་ལྟར་རིགས་པ་བསྐོར་མཚམས། འཆམས་བསྐོར་གཉིས་པ། ཞེས་ལག་གཉིས་ཕྱིར་གདེངས་ཏེ་རྐང་གཡས་གཡོན་གྱི་རྩེར་ལྕགས་རིས་སུ་བཞག་ནས། ཆེ་བརྡེག་བཞི་ལ་ལུས་གཡས་སུ་བསྐོར་བའི་དོ་རའི་རྒྱབ་ཏུ་ཆུང་གསུམ་ལ་ཡངས་པད་སྐྱུར་གཏོད་ནས། ཆེ་བཞིར་རྐང་པ་ལྕགས་རིས་ལྡོག་པས་ལུས་གཡོན་དུ་བསྐོར་བའི་ཆུང་གསུམ་ལ་དོ་རའི་ནང་དུ་ཡངས་པད་སྐྱུར་གཏོད་དང་། རྐང་གཡོན་འགྲོ་ཕྱོགས་སུ་ཕབ་སྟེ་རོལ་འགྲོས་ནས། འཆམས་སྐོར་གསུམ་པ། རྐང་གཡོན་ལྕགས་རིས་ཀྱི་གཡོན་དུ་བསྐོར་བའི་དོ་རའི་ཕྱི་དང་། དེ་ལྡོག་གཡས་སྐོར་གྱིས་ནང་དུ་ཡངས་པད་སྐྱུར་གཏོད་དང་རྐང་གཡས་ཟུར་དུ་ཕབ་ནས་རོལ་འགྲོས་ལ་འཇུག །གཉིས་པ་ནི། ཆོས་ཀྱི་དབྱིངས་བསྐྱེད་པར་བྱ་བའི་ཕྱིར་བསྐོར་བ་ལན་གསུམ་དུ་བྱ་བ། ཞེས་ལག་གཉིས་ཕྱིར་གདེངས་པའི་གཡས་གཡོན་དུ་གཡོམ་འགྱིང་། བཞི་པད་ཚང་མ། ཛམ་ཆུང་ནས་རྐང་གཡས་བཏེག་སྟེ་གཡོན་གསིགས་ཀྱི་ཆེ་ལྔ་ལ་བདུན་ནས་གཡས་བསྐོར་དུ་ཕྱོགས་བཞིར་འབེབས་ཤིང་། ལྔ་པ་མདུན་དུ་འགྱིང་བཅས་ཀྱིས་འབེབས་པ་དང་འགོ་བརྩམས་པའི་མཆོངས་པད་ཡོངས་རྫོགས། ཆིག་བརྡུངས་རོལ་པ། བསྐྱོད་འགྲོས་མཚམས་ཆེན་ནས་རོལ་འགྲོས་ལ་འཇུག །གསུམ་པ་ནི། སྣང་སྲིད་རྣམས་དབང་དུ་བསྡུ་བའི་ཕྱིར་གཡོབ་མོ་ལན་གསུམ་དུ་བྱ་བ། གཡོམ་འགྱིང་། མཆོངས་པད་ཡོངས་རྫོགས་ཀྱི་པད་སྐོར་རྟིང་མར་ཕྱག་མཚན་བརྗེ་ཞིང་རྐང་གཡས་རྒྱབ་འཐེན། རྔ་གཉིས་བརྡེག་ཐེང་མ་ཆུང་གསུམ་ལ་ལག་གཉིས་པད་ཆུང་གི་ཛམ་ནས་དེ་བས་ཆུང་གསུམ་རོལ་འཐབ་བཅས་པར་ལག་གཡོན་དཀུར་བརྟེན་ཏེ། སྦིར་སྦྲམ་ཞེས་གསུམ་ལ་རྐང་གཡས་འདེགས་འཇོག་གིས། གཡོན་གཡས་དབུས་རྣམས་སུ་འགྱིང་གསིག་གི་གཡོབ་མོ་རེ་བྱས་ཏེ་རོལ་འགྲོས། བཞི་པ་ནི། མཁའ་འགྲོ་རྣམས་དཔའ་བསྐྱེད་པར་བྱ་བའི་ཕྱིར་སིག་སིག་ལན་གསུམ་དུ་བྱ་བ། གཡོམ་འགྱིང་། བཞི་པད་ཡོངས་རྫོགས་ཀྱི་དང་པོར་ཕྱག་མཚན་བརྗེ། ཛམ་ཆུང་ནས། རྔ་ཆེ་བ་བཞི་རེར། རྐང་པ་གཡས་གཡོན་རེས་བརྐྱང་གིས་གཡས་དང་། གཡོན་དང་། དབུས་རྣམས་སུ་གསིག་ཅིང་རེ་རེའི་མཚམས་སུ་སྦྲམ་སྦིར་སྦྲམ་ལ་གཡས་གཡོན་དུ་གཅུ་བའི་ལེན་འགྱིང་རེ་བྱས་ནས་མཇུག་ཏུ་གཡས་པའི་གཞོལ། མཆོངས་པད་སོང་ནས་བརྩམས་པའི་དོན་གྱིས་ཡངས་པད་གཅིག་དང་སྐྱུར་གཏོད་ཆིག་བརྡུངས་རོལ་པ། བསྐྱེད་འགྲོས་མཚམས་ཆེན་ནས་རོལ་འགྲོས། ལྔ་པ་ནི། དམ་ཉམས་ཀྱི་བླ་འགུགས་པའི་ཕྱིར་མགོ་གུག་ལན་གསུམ་དུ་བྱ་བ། གཡོམ་འགྱིང་། བཞི་པད་སོང་ནས་བརྩམ་པའི་དོན་གྱི་ཡངས་པད་གཅིག་དང་སྐྱུར་གཏོད། ཛམ་ཆུང་ནས། ལག་དཀུར་བརྟེན་གྱིས་རྐང་སྟབས་དཔའ་བསྐྱེད་ལྟར་ལས་གཡས་གཡོན་དབུས་སུ་གསིག་དུས་མགོ་གུག་ཙམ་རེ་བྱས་རྗེས། གཡས་གཞོལ། མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆེན་ནས་རོལ་འགྲོས། དྲུག་པ་ནི། དམ་ཅན་རྣམས་འབོད་པར་བྱ་བའི་ཕྱིར་སྤྱུགས་པ་ལན་གསུམ་དུ་འདོན་པ། གཡོམ་འགྱིང། བཞི་པད་སོང་། ཛམ་ཆུང་ནས། ལག་གཉིས་ཀྱི་སྲིན་ལག་དང་མཐེའུ་ཆུང་གཉིས་མཐེ་བོང་གིས་མནན་ཅིང་གུང་མཛུབ་བརྐྱང་བ་ཁའི་ཐད་དུ་བསྒྱུར་ཞིང་རྔ་ཆེ་བཞིར་དབུས་སུ་གཡས་གཡོན་རེ་མོས་ཀྱིས་གསིག་པ་དང་སྤྱུགས་པ་རེ་བཏོན་ལ། གཡས་གཞོལ། མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆེན་ནས་རོལ་འགྲོས། བདུན་པ་ནི། སྟེང་བྱིན་གྱིས་རློབ་པར་བྱ་བའི་ཕྱིར་གནམ་འཁོར་ལོ་རྩིབས་བརྒྱད་དུ་བྲི་བ། གཡོམ་འགྱིང་། བཞི་པད་ཡོངས་རྫོགས་ཀྱི་རྟིང་མར་རྐང་གཡས་རྒྱབ་འཐེན་དང་། པད་ཆུང་གི་ཛམ་གསུམ་ནས། ལག་གཡོན་དཀུར་བརྟེན་ཅིང་རྐང་གཡས་གཡོན་པའི་བརླ་ལ་གཏད་ལ་གཡོན་འཕར་གསིགས་ཀྱིས་གཡས་བསྐོར་དུ་ཆིག་བརྡེག་བརྒྱད་ཀྱི་བར་ཕུར་རྩེས་སྟེང་དུ་རྩིབས་བརྒྱད་བྲི་ཚུལ་གྱིས་དལ་བུས་སྐོར་རྗེས། འགྲོལ་བསྡུ། མཆོངས་པད་སོང་། ཆིག་རོལ། བསྐྱེད་འགྲོས་མཚམས་ཆུང་ནས་ཆིག་བརྡུངས་ལྡེམ་འགྲོས། བརྒྱད་པ་ནི། བར་བྱིན་གྱིས་རློབ་པར་བྱ་བའི་ཕྱིར་ལོགས་བཀྲ་ཤིས་རྟགས་བརྒྱད་དུ་བྲི་བ། གཡོམ་འགྱིང་། བཞི་པད་སོང་། གཞན་སྔར་ལྟར་ལས་ཕུར་རྩེ་ལོགས་བསྟན་གྱིས་བྲི་ཚུལ། དགུ་པ་ནི། འོག་བྱིན་གྱིས་རློབ་པར་བྱ་བའི་ཕྱིར་ས་པདྨ་འདབ་བརྒྱད་དུ་བྲི་བ། སྔར་ལྟར་ལས་ཕུར་རྩེ་འོག་བསྟན་གྱིས་བྲི་ཚུལ། རྗེས་སུ་མཚམས་ཆེན་ནས་རོལ་འགྲོས། བཅུ་པ་ནི། རྡོ་རྗེ་ཕྱེད་འགྲོས་ཀྱིས་ས་བཙལ་བ། གཡོམ་འགྱིང་། སྦྲམ་སྦྲམ་ཞེས་པའི་ལེན་ནས། བཞི་བརྡུངས་ལ་བསྒྱུར་ཏེ། བཞི་གྲངས་གཉིས་ལ་མཆོངས་པད་སོང་དོན་གྱི་ཡངས་པད་སྐྱུར་གཏོད་དང་རྐང་གཡོན་བཏེག་པའི་ལེན་ནས། བཞི་གྲངས་གསུམ་གྱི་རེ་རེ་ལ། ལག་བྷན་ཕུར་གཏོད་པ། ཡངས་པད་སྐྱུར་བ། ཐུགས་ཀ་བསྣོལ་བ་དང་བསྟུན་ནས་རིམ་པར་རྐང་གཡོན་རྒྱབ་ཏུ་བསྐུམ་པའི་གཡས་པ་འགྲོ་ཕྱོགས་ཀྱི་གཡོན་དང་། གཡས་དང་། དབུས་རྣམས་སུ་ཕབ་པས། རྭ་བཙལ་ལ། དེའི་ངང་ནས་ལག་པད་སྐྱུར་དང་བསྟུན་བཞི་བརྡེག་ཆེ་བ་གཅིག་ལ་རྐང་གཡས་གཡས་སུ་མཆོངས་སྟབས་ཀྱི་འབེབས་པ་དང་། གཡོན་འདེགས་འབེབས་ཀྱི་རོལ་ལེན་ནས། གཅིག་ཅེས་རྐང་གཡས་མདུན་དུ་ཕབ་པའི་ལྕགས་མདའ་དང་ལག་དཀུར་བརྟེན་གྱི་ངང་ནས་གཉིས་གཉིས་ཞེས་དེ་ཁར་འགྱིང་ཡང་རྐང་པ་གཡོན་པས་ལྡོག་སྟེ་སྔར་ལྟར་རྭ་བཙལ་ནས་གཡོན་དུ་མཆོངས་མཐར་ལག་དཀུར་བརྟེན་གྱི་རྐང་གཡོན་མདུན་དུ་གཅིག་ཅེས་ཕབ་ནས། གཉིས་གཉིས་ཞེས་བཞི་བརྡུངས་ལྡེམ་འགྲོས་ལ་འཇུག །བཅུ་གཅིག་པ་ནི། ལྡེམ་འགྲོས་ཀྱི་གཡོན་པའི་གསུམ་ཐོག་ནས། རྡོ་རྗེ་བརྐྱངས་འགྲོས་ཀྱིས་ས་འདུལ་བ། བཞི་བརྡེག་གཉིས་ཀྱི་དང་པོར་གཡས་དང་། གཉིས་པའི་གཅིག་གཉིས་ལ་གཡོན་དུ་གཡོམ་འགྱིང། གསུམ་བཞི་ནས་བརྩམས་ཏེ་གྲངས་ཕྱེད་ལེན་གྱིས་རྩིས་པའི་བཞི་གྲངས་གཉིས་གཉིས་ལ་ཡངས་པད་སྐྱུར་གཏོད་རྣམས་རྫོགས་པ་རེ་བྱས་པའི་བཞི་པད་ཡོངས་རྫོགས་ཀྱི་པད་སྐོར་རྟིང་མ་ལེན་དུས་རྐང་གཡས་ཀྱིས་ལྟེ་བ་བསྐོར་རྗེས་འགྲོ་ཕྱོགས་སུ་རྐང་གཡས་ཀྱི་ཕྱེད་འགྲོས་ལྟར་རྭ་བཙལ་བའི་དབུས་རྭ་རྫོགས་པ་དང་། གཅིག་ལ་རྐང་གཡས་ཕབ། གཉིས་གཉིས་ལ་བྷན་ཕུར་གདེངས་རྐང་གཡོན་བཏེག་ཅིང་། གཡས་པའི་རྟིང་གསིག་གིས་ཡོངས་ཕྱོགས་སུ་ཁ་བསྒྱུར་ནས་རྐང་གཡོན་གྱིས་རྭ་གསུམ་བཙལ་ལ་གཡོན་དུ་མཆོངས་མཐར་སྔར་བཞིན་བཞི་བརྡུངས་ལྡེམ་འགྲོས། བཅུ་གཉིས་པ་ནི། ལྡེམ་འགྲོས་གཡོན་པའི་གསུམ་ཐོག་ནས། རྡོ་རྗེ་སྦག་འགྲོས་ཀྱིས་ས་གཞི་བྱིན་གྱིས་རློབ་པ། བཞི་གྲངས་ཕྱེད་གཉིས་ལ་གཡོམ་འགྱིང་། མཆོངས་པད་སོང་བརྩམས་ཀྱིས་ཡངས་པད་ནས་ལེན་གྱི་བར་ཕྱེད་འགྲོས་ལྟར་ལས། རྐང་པ་གཡས་པ་དོ་རའི་ནང་དུ་རྭ་གསུམ། གཅིག །གཉིས་གཉིས་ལ་བརྐྱང་མ་ལྟར་བསྐོར་ནས། གཡོན་པས་ཡོངས་ཕྱོགས་སུ་རྭ་གསུམ། གཅིག་ལ་གཡོན་ཕབ། གཉིས་གཉིས་ལ་གཡས་བཏེག་ནས་རྒྱབ་ཏུ་གཡས་པས་རྭ་གསུམ། སྔར་ལྟར་བསྐོར་ཏེ་གཡོན་པས་འགྲོ་ཕྱོགས་སུ་རྭ་གསུམ་བཙལ་ནས། གཡོན་དུ་མཆོངས་མཐར་ལྡེམ་འགྲོས་ལ་སྔར་བཞིན་བཅུག །དེའི་ངང་ནས་གཡས་པའི་གསུམ་ཐོག་མཆོངས་པད་སོང་ནས་བརྩམས་ཞེས་བཞི་བརྡུངས་གཡོམ་འགྱིང་ཡངས་པད་སྐྱུར་གཏོད། རོལ་པ་རྣམས་བྱས་ལ། བསྐྱོད་འགྲོས་མཚམས་ཆེན་ནས་རོལ་འགྲོས་ལ་འཇུག་པའོ། ༈ །གཉིས་པ་དངོས་གཞི་ལ། རྟེན་དང་། བརྟེན་པ་བསྐྱེད་པ་གཉིས་ལས། དང་པོའི་སྡོམས་ནི། མཁའ་རླུང་རཀྟ་ཞིང་ཆེན་དང་། །ཀེང་རུས་མེ་དཀྱིལ་གཞལ་ཡས་ཁང་། །ཞེས་པ་ལྟར་བདུན་ལས། དང་པོ་ནི། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལ། །གཡོམ་འགྱིང་། རྔ་བཞི་བརྡུངས་ལ་བསྒྱུར་ཏེ། བཞི་པད་སོང་དོན་གྱི་ཡངས་པད་སྐྱུར་གཏོད་དང་རྐང་གཡོན་བཏེག་ལེན་ནས། རྐང་པ་ལྕགས་རིས་དང་སྟོད་གཡོན་གཡས་སུ་གཅུ་ཞིང་ལག་ཕྱེད་པད་ཕྱིར་གཡུགས་ཀྱི་རྣམ་པའི་གཡོམ་གསིག་གསུམ། གཅིག་ལ་རྐང་གཡས་མདུན་དྲང་པོར་མཆོངས་འབེབས་དང་། གཉིས་གཉིས་ལ་གཡོན་བཏེག་གཡས་པའི་རྟིང་གསིགས་ཀྱིས་རྒྱབ་ཟུར་ནང་ལོགས་ཙམ་དུ་ཕབ་ནས་གཡོམ་གསིག་གསུམ། དེ་བཞིན་དུ་བར་རྣམས་ལ་བཞི་གྲངས་ཆུང་བ་རེར་གཡོན་པའི་མཁྲིག་མ་ནས་ཕུར་དར་འདྲེན་བཞིན་དུ་ཛམ་ཁྲུད་ཀྱིས་གཡས་སུ་བསྐོར་ཏེ། གཅིག་ཅེས་པར་རྐང་གཡས་དོ་རའི་རྒྱབ་ཟུར་དང་དོ་རའི་རྒྱབ་ཏུ་ཁ་བལྟ་བའི་གཡས་རྣམས་སུ་ཕབ་ཅིང་། གཉིས་གཉིས་ལ་གཡོན་བཏེག་ནས་སྔ་མ་སྔ་མའི་རྐང་གཡས་ཀྱི་ཤུལ་དུ་ཕབ་པས་ཆོས་འབྱུང་གི་རྣམ་པ་བཙལ་ལ། གཡོམ་གསིག་གསུམ་རེའི་རྟིང་མ་རྫོགས་རྗེས་ཛམ་ཁྲུད་ཀྱིས་ནང་དུ་ཁ་བསྒྱུར་ནས། བཞི་བརྡུངས་ཀྱི་འགྲོལ་བསྡུ། མཆོངས་པད་སོང་བརྩམས་རོལ་པ་དང་། བསྐྱོད་འགྲོས་མཚམས་ཆུང་ནས་ཆིག་བརྡུངས་ལྡེམ་འགྲོས། གཉིས་པ་ནི། འཐོར་བྱེད་རླུང་ནག་ཚོགས་ཀྱིས་རྒྱ་གྲམ་གཏམས། །གཡོམ་འགྱིང་། སྦྲམ་སྦྲམ་གྱི་ལེན་ནས་ལྔ་བརྡུངས་ཀྱི། དང་པོ་ཆེ་བརྡེག་ལ་བཞི་པད་སོང་དོན་གྱི་ཡངས་པད་སྐྱུར་གཏོད་བཞི་ཕན་ལ་རྫོགས་ནས་ལྔ་ཞེས་པར་གཡས་སུ་ཅུང་འགྱིང་། གཉིས་པ་ཆུང་བརྡེག་ལ་བྷན་ཕུར་གྱེན་བསྟན་མདུན་མཉམ་གྱི་ཛམ་ལེན་རྗེས། ཆེ་ཆུང་སྤེལ་མ་བཞི་ལ། རྐང་ལག་གཡས་གཡོན་མཐུན་པར་མདུན་ཕྱོགས་སུ་ནང་སྐོར་ཕྱེད་པ་རེ་དང་། ཕྱི་སྐོར་ཕྱེད་པ་རེ་གཞུ་དབྱིབས་ལྟར་བསྐོར་ནས་ཆེ་བརྡེག་ལ་མཆོངས་པད་སོང་། ལྔ་བརྡེག་དལ་མཉམ་གཅིག་གི་གཅིག་གཉིས་ལ་ཕུར་དར་ཕྱིར་བསྐོར་གྱིས་གཡས་སུ་གཞོལ། གསུམ་དང་བཞི་ལ་རྐང་པ་གཡོན་གཡས་འདེགས་འཇོག་དང་། ལྔ་ལ་གཡོན་བཏེག་འབེབས་ཀྱི་ལེན་པ་ལྔ་བརྡུངས་རོལ་པ་ནས། བསྐྱོད་འགྲོས་མཚམས་ཆུང་ཆིག་བརྡུངས་ལྡེམ་འགྲོས། གསུམ་པ་ནི། ཆགས་པ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྱིལ། །གཡོམ་འགྱིང་སྔར་ལྟར་ལྔ་བརྡུངས་ཀྱི་བཞི་པད་སོང་། ཛམ་ལེན་ནས། ལྔ་བརྡེག་ཆེ་ཆུང་སྤེལ་མ་བཞི་ལ། ལན་གཅིག་ཤོས་དཀུར་བརྟེན་ཏེ་གཡས་གཡོན་མཆན་ཁུང་ནས་ཕྱིར་བསྐོར་དང་བསྟུན་རྐང་པ་གཡས་གཡོན་གྱིས་ཕྱིར་བསྐོར་ཟླུམ་པོ་རེ་དང་། ལག་གཉིས་སྒེག་མོའི་ཚུལ་གྱི་རྐང་གཡས་གཡས་སུ་ཕབ་པ་ལ་གཡོན་པས་ནང་བསྐོར་གཅིག་དང་། མདུན་དུ་ཡངས་པད་སྐྱུར་གཏོད་ཆུང་བ་གཅིག་ལ་གཡས་སུ་མཆོངས་པད་སོང་། ལྔ་བརྡུངས་རོལ་པ། བསྐྱོད་ཆུང་ནས་ཆིག་བརྡུངས་ལྡེམ་འགྲོས། བཞི་པ་ནི། ཞིང་ཆེན་གཏམས་པའི་ས་གཞི་མཐའ་དབུས་བརྡལ། །གཡོམ་འགྱིང་། སྦྲམ་སྦྲམ་གྱི་ལེན་ནས་རྔ་བཞི་བརྡུངས་ལ་བསྒྱུར་ཏེ། བཞི་པད་སོང་དོན་གྱི་ཡངས་པད་སྐྱུར་གཏོད་ལེན་ནས། རྐང་ལག་རྡོ་རྗེ་ཕྱེད་འགྲོས་ལྟར་ལས་དབུས་རྭ་དོར་ཏེ། རྐང་པ་གཡས་པས་དོ་རའི་ནང་ཟུར་གྱི་གཡོན་དང་གཡས་སུ་གྲུ་རེ་བཙལ་ནས། གཅིག་ཅེས་པར་གཡས་གསིགས་དང་། གཉིས་གཉིས་ལ་གཡས་འདེགས་འཇོག་གིས་གཡོན་བསྐོར་དུ་ཕྱིར་ལོག་སྟེ་རྐང་གཡོན་པས་དོ་རའི་རྒྱབ་ཟུར་གཡས་གཡོན་དུ་གྲུ་རེ་བཙལ་རྗེས། ཕྱེད་འགྲོས་ལྟར་གཡོན་མཆོངས་ལེན་ནས་བཞི་བརྡུངས་ལྡེམ་འགྲོས། ལྔ་པ་ནི། ཀེང་རུས་བརྩེགས་པའི་རི་རབ་མེ་ཆེན་འབར། །བཞི་བརྡུངས་གཡོམ་འགྱིང་། མཆོངས་པད་སོང་དོན་གྱི་ཡངས་པད་སྐྱུར་གཏོད་ནས། གསུམ་བཞི་ལ། ལག་གཉིས་གྱེན་བསྟན་གྱིས་ཅུང་འགྱིང་རྗེས། རྐང་གཡས་ཟོལ་བཏེག་གིས་ནང་བསྐོར་དང་ལག་གཉིས་གཡས་ཕྱོགས་ནས་གར་བསྐོར་གྱིས་བཞི་གྲངས་གཅིག་ལ་འགྱིང་ནས། གཅིག་གཉིས་ལ་རྐང་ལག་མཉམ་དུ་འགྲོ་ཕྱོགས་སུ་འབེབས་ཅིང་གསེག །ཡང་གསུམ་བཞི་ལ་ལག་གྱེན་བསྟན་དང་། བཞི་གྲངས་ཕྱེད་གཉིས་ལ་རྐང་ལག་ལྡོག་པས་ཕྱིར་བསྐོར་ནས་ཡོངས་ཕྱོགས་སུ་འབེབས་གསིག་གཡས་པས་སྔར་ལྟར་ནང་བསྐོར་གྱིས་འགྲོ་ཕྱོགས་སུ་འབེབབ་པ་དང་རྐང་གཡོན་སྤོས་ནས་བཞི་འགྲོས་གཅིག་བླངས་ཏེ། ཁ་ནང་དུ་བལྟ་བས་གཅིག་གཉིས་ཞེས་ལན་གཉིས་ཀྱི་བར་ལག་གཉིས་ཐལ་སྦྱར་གྱིས་དབུས་སུ་གསིགས་ལ། བཞི་ཚན་གཅིག་གིས་གཅིག་གཉིས་ལ་ཕྱག་རྒྱ་དེ་གཡས་སུ་ཅུང་གཞོལ་རྗེས། གསུམ་བཞི་ནས་མཆོངས་པད་སོང་། བཞི་བརྡུངས་རོལ་བ། བསྐྱོད་ཆུང་ནས་གཉིས་གཉིས་ཞེས་བཞི་བརྡུངས་ལྡེམ་འགྲོས། དྲུག་པ་ནི། ཡེ་ཤེས་འབར་བའི་མེ་འོད་ཀུན་ཏུ་འཕྲོ། །བཞི་བརྡུངས་གཡོམ་འགྱིང་། བཞི་པད་སོང་། བཞི་བརྡུངས་ཆུང་གཉིས་ཀྱི་དང་པོར་ལག་ཕུར་བུ་འོག་ནས་བྷནྡྷར་གཏོད་ཅིང་རྐང་གཡས་འགྲོ་ཕྱོགས་སུ་བལྟ་བའི་མདུན་ནས་གཡས་ཟུར་གོམ་དོ་ནུར། གཉིས་པར་ལག་ལྡོག་སྟེ་རྐང་གཡོན་གྱིས་གཡོན་ཟུར་དུ་གོམ་དོ་ནུར་རྗེས། བཞི་བརྡུངས་ཆེ་བ་གཅིག་ལ་གཡས་མཆོང་གི་རོལ་ལེན་དང་། གཅིག །གཉིས་གཉིས་ལ་གཡས་མདུན་ཕབ་ཀྱིས་ལྡེམ་འགྱིང་རྣམས་ཕྱེད་འགྲོས་ལྟར་བྱ། ཡང་གཡོན་ནས་བརྩམས་ཏེ་ལྡོག་པས་གྲུ་གསུམ་སྔར་ལྟར་ལོགས་འགྲོ་ཕྱོགས་སུ་བསྟན་པ་བཙལ་ནས། གཅིག་ཅེས་པར་གཡོན་མདུན་དུ་ཕབ་ལ་བཞི་བརྡུངས་ལྡེམ་འགྲོས། བདུན་པ་ནི། བྷྲཱུཾ་ལས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །བཞི་བརྡུངས་གཡོམ་འགྱིང་ནས། ཉིས་བརྡུངས་འཐེངས་མར་བསྒྱུར་བའི་མཆོངས་པད་སོང་དོན་གྱི། ཉིས་བརྡུངས་རེ་ལ་ཡངས་པད་སྐྱུར་གཏོད་རེ་རེ་དང་། རོལ་པ་གསུམ་ནས་ལག་རེས་འཕྱར་དང་རྐང་པ་ཤུད་འགྲོས་ཀྱིས། སྒོ་ཁྱུད་འགྲམ་ལོགས་ཡ་ཕུབས་སོགས་བཙལ་བའི་སྒོའི་འཁྱོག་མཚམས་རྣམས་སུ་རྔ་སྐད་ཆེ་བ་རེ་དང་བསྟུན་ལག་གདེངས་ཙམ་རེ་བྱས་ནས་འཁོར་མཚམས། མཆོངས་པད་སོང་། ཆིག་རོལ། བསྐྱོད་འགྲོས་མཚམས་ཆེན་ནས་རོལ་འགྲོས་ལ་འཇུག་པའོ། ༈ །གཉིས་པ་བརྟེན་པ་བསྐྱེད་པ་ལ། སྤྱིའི་སྡོམས་ནི། གཙོ་བོ་དང་ནི་རིགས་བཞི་དང་། །རིགས་ལྔའི་ཡུམ་དང་ག་རཱི་བརྒྱད། །སིདྷ་མ་བརྒྱད་སྒོ་མ་བཞི། །དབང་ཕྱུག་མ་དང་ཕྲ་མེན་གྱི། །བམ་ཆེན་དཔལ་ཆེན་སྟོབ་འཆམས་སོ། །ཞེས་པ་ལྟར་དགུ་ལས། དང་པོ་གཙོ་བོ་དཔལ་ཆེན་པོའི་འགྱིང་འཆམས་ཀྱི་སྡོམ་ནི། འགྱིང་ཆེན་འགྱིང་ཆུང་དབུ་དང་ཕྱག །ཞབས་དང་གདགས་རྒྱན་བྱུག་རྩི་དང་། །བགོ་བའི་གོས་དང་ཁྱུང་གཤོག་གོ། །ཞེས་དགུ་ལས། དང་པོ་ནི། བཛྲ་ཧེ་རུ་ཀའི་ཕྱག་རྒྱ་ལས་དཔལ་ཆེན་པོའི་འགྱིང་ཆེན། ཆིག་བརྡེག་གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་ནས། ཆེ་བརྡེག་བཞི་རེར། གཡས་བརྐྱང་གིས་གཡས་དང་གཡོན་བརྐྱང་གིས་གཡོན་དུ་གསིག་ཅིང་རེ་རེའི་མཇུག་ཏུ་འགྲོལ་བསྡུ། ཡངས་པད། ཛམ་ཆུང་། ཡང་དབུས་སུ་རེས་བརྐྱང་གིས་ཆེ་བཞིར་གསིགས་ནས། འགྲོལ་བསྡུ། མཆོངས་པད་སོང་། ཆིག་རོལ། བསྐྱོད་འགྲོས་མཚམས་ཆུང་ནས་ཆིག་བརྡུངས་ལྡེམ་འགྲོས། གཉིས་པ་ནི། དཔལ་ཆེན་པོའི་འགྱིང་ཆུང་། གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་ནས། ལག་གཉིས་དཀུར་བརྟེན་ཏེ་ཆེ་བཞིར་རེས་བརྐྱང་གིས་དབུས་མ་ལྟར་གསིགས་རྗེས། འགྲོལ་བསྡུ། མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆུང་། ཆིག་ལྡེམ། གསུམ་པ་ནི། དབུ་གསུམ་རྫོགས་སུ་བསྐྱེད་པ། གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་དང་བསྟུན་གཡས་དཀར་གཡོན་དམར་དབུས་མཐིང་ཞལ། ཆེ་བཞིར་གཡས་གཡོན་དབུས་སུ་གསིག་ཅིང་མཚམས་ཀྱི་འགྲོལ་བསྡུ་པད་ཛམ་དང་བཅས་པ་འགྱིང་ཆེན་ལྟར་ལས། ལག་སྟབས་ཀྱི་ཁྱད་པར་ཐལ་མོ་ཁོང་སྟོང་གི་སྟངས་ཀ་གཡས་གཡོན་དབུས་གསུམ་གྱི་གསིག་དང་བསྟུན་ནས། རྣ་བ་གཡས་དང་། གཡོན་དང་། གདོང་ཐད་རྣམས་སུ་གཅུ་ཙམ་རེ་བྱ་ཞིང་། རྗེས་འགྲོལ་བསྡུ། མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆུང་ནས། ཆིག་ལྡེམ། བཞི་པ་ནི། དེའི་ངང་ནས་རྐང་གཡོན་འདེགས་གསིག་དང་བསྟུན། ཕྱག་དྲུག་རྫོགས་སུ་བསྐྱེད་པ་ལས། རྩེ་དགུ་རྩེ་ལྔ་ཏི་ར་གཡས། །དྲིལ་བུ་དུང་དམར་འཇིག་རྟེན་གཡོན། །གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་། ཆེ་བཞིར་ལག་གཉིས་ཐུགས་ཀར་བསྣོལ་ནས་རྐང་པ་རེས་བརྐྱང་གིས་དབུས་སུ་གསིག །འགྲོལ་བསྡུ། ཡངས་པད། ཛམ་ཆུང་ནས། ཆེ་བརྡེག་བཞི་རེར་ལག་གཡོན་དཀུར་བརྟེན་དང་གཡས་རྡོ་རྗེ་གདེངས་སྟབས་ཀྱི་རྒྱ་མཐོ་བ་དང་། ཏི་རའི་རྒྱ་ཐད་ཀར་བརྒྱངས་ནས་རྐང་གཡས་བཏེག་འབེབས་ཀྱིས་གཡས་ཕྱོགས་སུ་གསིག་འགྲོས་རེ་རེ་དང་། གཉིས་ཀའི་མཇུག་ཏུ་གཡས་གཞོལ། ཡངས་པད། ཛམ་ཆུང་། དེ་བཞིན་དུ་གཡས་དཀུར་བརྟེན་དང་གཡོན་དུང་དམར་འཛིན་རྒྱ་མཐོ་བ་དང་། འཇིག་རྟེན་འདེགས་རྒྱ་ཐད་ཀར་བརྒྱངས་ནས་གཡོན་དུ་གསིག་འགྲོས་རེ་རེ་དང་། གཉིས་ཀའི་མཇུག་ཏུ་གཡོན་གཞོལ་རྗེས་སྔ་མར་པད་ཛམ། ཕྱི་མར་མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆུང་ནས་ཆིག་ལྡེམ། ལྔ་པ་ནི། ཞབས་བཞི་རྫོགས་སུ་བསྐྱེད་པ། གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་ནས། ཆེ་བཞིར་ལག་གཉིས་པུས་སྟེང་དུ་བརྐྱང་ལ་རྐང་གཡས་བརྐྱང་གིས་རྣམ་པས་གཡས་གཡོན་དུ་གཅུ་ཞིང་གསིགས་རྗེས། གཡས་གཞོལ། མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆུང་ནས་ཆིག་ལྡེམ། དྲུག་པ་ནི། གདགས་པའི་རྒྱན་གཉིས་ཀྱི་ཐོག་མར་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་། ཆེ་ལྔ་ལ་བྷན་ཕུར་སྦྱར་བ་དཔྲལ་བའི་དབུས་དང་། དེའི་གཡས་གཡོན། རྣ་ལྟག་གཡས་གཡོན་རྣམས་སུ་འཛིན་རྒྱ་དང་བསྟུན་གསིགས་ལ་འགྲོལ་བསྡུ། མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆུང་ཆིག་ལྡེམས་ནས། འཛག་པའི་མགོ་བོ་ལྔ་བཅུའི་དོ་ཤལ། གཡོམ་འགྱིང་། བཞི་པད་སོང་དོན་གྱི་པད་སྐྱུར་གཏོད་རྗེས། ཆུང་གསུམ་ལ་གཡས་པས་སྐྲ་ནས་བཟུང་བའི་བྷནྡྷ་རྣ་བ་གཡོན་པའི་ཐད་དུ་འཕྱར་བ་ཆེ་དྲུག་ལ་དེ་ཉིད་ནས་དལ་བུས་བསུས་པའི་མཐའ་བསྐོར་ཏེ་ཆུང་གསུམ་ལ་གཡས་སུ་འཕྱར་ནས། ཆེ་དྲུག་ལ་སྔར་ཤུལ་དུ་ལྡོག་པའི་རྗེས་ཀྱི་སྦྲམ་དྲུག་ཅེས་པར་རྐང་གཡོན་བཏེག་ལེན་གྱིས་གཡས་གཞོལ་མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆུང་ནས་ཆིག་ལྡེམ། བདུན་པ་ནི། བྱུག་པའི་རྩི་གསུམ་གི་ཐོག་མར་རཀྟའི་ཐིག་ལེ། གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་ངུས་གཡས་པའི་སོར་མོ་དབུས་མ་གསུམ་གྱིས་བྷནྡྷ་ནས་རཀྟ་བླངས་ཏེ། ཆེ་བཞིར་གཡས་གཡོན་རེས་གསིག་དང་བསྟུན་གུང་མོས་སྨིན་ཕྲག །སྲིན་མཛུབ་ཀྱིས་མཁུར་ཚོས་གཉིས། གུང་མོས་སྣ་རྩེ་དང་ཨོལ་ཀོ་རྣམས་སུ་ཐིག་ལེ་བྱས་རྗེས་ཕུར་རྩེ་ནང་བསྐོར་ཕྱིར་བསྟན་གྱིས་འཕེན་ཚུལ་ནས། འགྲོལ་བསྡུ། ཡངས་པད་དང་བསྟུན། ཐལ་ཆེན་གྱི་ཚོམ་བུ། ཛམ་ཆུང་ངུས་སྔར་བཞིན་ཐལ་ཆེན་བླངས་ཏེ། ཆེ་བཞིར་སྐྲ་མཚམས་ཀྱི་དབུས་དང་། གཡས་དང་། གཡོན་དང་། དཔྲལ་བ་རྣམས་སུ་ཚོམ་བུ་རེ་བྱས་ལ། གཡས་འཕེན་འགྲོལ་བསྡུ། ཡངས་པད་དང་བསྟུན། ཞག་གི་ཟོ་རིས། ཛམ་ཆུང་ངུས་ཞག་བླངས་ཏེ། ལུས་མི་གཅུ་བར་གཡོན་བརྐྱང་གིས་འདུག་ལ། སོར་མོ་བཞི་བརྐྱང་བས་ཆེ་བཞིར་ནུ་མ་གཡོན་ནས་གཡས་ཀྱི་བར་ཟླུམ་མོ་ཕྱེད་པའི་རྣམ་པར་བྱུགས་ལ། མི་འཕེན་པར་འགྲོལ་བསྡུ། མཆོངས་པད་སོང་། ཆིག་རོལ་བསྐྱོད་ཆུང་ནས། ཆིག་ལྡེམ། བརྒྱད་པ་ནི། བགོ་བའི་གོས་གསུམ་གྱི་ཐོག་མར་གླང་ཆེན་གྱི་ཀོ་རློན། གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་ལ་ཕུར་དར་བརྒྱངས་ཏེ་པགས་པ་འཛིན་ཚུལ་གྱི། ཆེ་བརྡེག་བཞི་བཞིར་གཡས་གཡོན་དབུས་གསུམ་དུ་གསིག་ཅིང་གཞོལ་སོགས་མཁའ་འགྲོ་དཔའ་བསྐྱེད་བཞིན་ལས། མཇུག་ཏུ་བསྐྱོད་ཆུང་ཆིག་ལྡེམ་ནས། ཞིང་ཆེན་གྱི་གཡང་གཞི། གཡོམ་འགྱིང་། བཞི་པད་སོང་དོན་པད་སྐྱུར་གཏོད་རྗེས། སྦྲམ་སྦིར་ལ། ཕུར་དར་བརྒྱངས་ཏེ་བཟུང་ནས་གཡས་སུ་འཕྱར། སྦྲམ་ལ་གཡོན་བཏེག་ལེན་གྱིས་གྱོན་ཚུལ་བྱས་ཏེ། ཆེ་བཞིར་ཁ་ཕྱིར་བལྟས་ཀྱིས་གཡས་སུ་འཕར་གསིག་གིས་འགྲོ། ཆུང་གསུམ་ལ་གཡས་འཕྱར་གྱི་ཛམ་ལེན་ནས་ཆེ་བཞིར་ཁ་ནང་བལྟའི་གཡས་སུ་འཕར་གསིག་གིས་འགྲོ། ཆུང་གསུམ་ལ་གཡས་འཕྱར་འགྱིང་ཛམ་ལེན་ནས་ཆེ་བཞིར་དབུས་སུ་རེས་གསིག་བྱས་ལ། གཡས་གཞོལ། མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆུང་ཆིག་ལྡེམ་ནས། སྟག་ལྤགས་ཀྱི་ཤམ་ཐབས། གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་ལ་ཕུར་དར་བཟུང་བརླ་སྟེང་དུ་བརྐྱངས་ནས། ཆེ་བཞིར་གཡས་གཡོན་རེས་བརྐྱང་གི་གསིགས་རྗེས། གཡས་གཞོལ། མཆོངས་པད་སོང་། ཆིག་རོལ་བསྐྱོད་ཆུང་ནས་ཆིག་ལྡེམ། དགུ་པ་ནི། ཁམས་གསུམ་ཟིལ་གྱིས་གནོན་པ་རྡོ་རྗེའི་ཁྱུང་གཤོག །གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་ནས་གཡས་གཡོན་དབུས་གསུམ་དུ་གསིག་པ་འགྱིང་ཆེན་ལྟར་ལས། སྔ་མ་གཉིས་ལ་གཡས་གཡོན་གྱི་གཞོལ་ཏེ་མོས་ཀྱི་རྗེས་སུ་ཡངས་པད་ཛམ་ཆུང་། དབུས་གསིག་གི་རྗེས་སུ་གཡས་གཞོལ། མཆོངས་པད་སོང་། ཆིག་རོལ། བསྐྱོད་འགྲོས་མཚམས་ཆེན་ནས་རོལ་འགྲོས་ལ་འཇུག ༈ །གཉིས་པ་རིགས་བཞིའི་གྱད་འཆམས་ནི། ཆིག་བརྡེག་རོལ་འགྲོས་ཀྱི་ངང་ནས་རིགས་བཞི་ཁྲོ་བོའི་གྱད་འཆམས་ལས། བུདྡྷ་ཧེ་རུ་ཀའི་ཕྱག་རྒྱ། གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་དང་བསྟུན། གཡས་དཀར་གཡོན་སེར་དབུས་སྨུག་ཞལ། །ཆེ་བཞིར་བྷན་ཕུར་རྣ་བའི་གཡས་གཡོན་དུ། ཐལ་མོ་ཕྱིར་བསྟན་པ་བཟུང་སྟེ་དབུ་གསུམ་གྱི་ཚུལ་གྱིས་གཙོ་བོའི་འགྱིང་ཆུང་ལྟར་གསིགས་ནས། འགྲོལ་བསྡུ། ཡངས་པད་ཀྱི་ཕུར་དར་སྐྱུར་བ་ནས་ཛམ་ཆུང་རྫོགས་པའི་བར་དེར། འཁོར་ལོ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཏྲི་ཤུལ་གཡོན། །ཆེ་བ་བཞི་ཚན་གསུམ་གྱི། དང་པོར་ལག་གཉིས་ཐུགས་ཀར་བསྣོལ། །གཉིས་པར་ལག་གཉིས་མཐོ་བར་བརྒྱངས། །གསུམ་པར་ཐད་ཀར་བརྒྱངས་ཏེ་སྔར་བཞིན་གསིགས་ལ་རེ་རེའི་མཇུག་ཏུ་འགྲོལ་བསྡུ་པད་ཛམ་རེ་བྱས་པའི་རྟིང་མ་ཛམ་ཆུང་གི་དུས། ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་སྟབས། །ཆེ་བཞིར་ལག་གཉིས་དཀུར་བརྟེན་ནས་གསིགས་རྗེས། །འགྲོལ་བསྡུ། མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆུང་ནས་ཆིག་ལྡེམ་མོ། །རིགས་གཞན་གསུམ་ཡང་ཕྱག་རྒྱ་བསྒྱུར་ཁ་ཙམ་མ་གཏོགས་དེ་དང་འདྲ་ཞིང་། ཀརྨ་ཧེ་རུ་ཀ་རྫོགས་རྗེས་བསྐྱོད་འགྲོས་མཚམས་ཆེན་ནས་རོལ་འགྲོས་ལ་འཇུག་པ་ཁྱད་པར་རོ། །བསྡུས་པ་ལ་དགའ་ན། རིགས་སྔ་མ་གསུམ་པོའི་ཞབས་སོང་རྗེས་ཀྱི་ཡངས་པད་དང་བསྟུན་རང་གི་ཕྱི་མའི་རིགས་དེའི་འཆམས་སྐད་སྐྱུར་ཀྱང་རུང་སྟེ། དེང་སང་ཕྱག་ལེན་ལའང་འདི་མཛད་དོ། །དེ་ལ་སོ་སོའི་ཕྱག་རྒྱ་ནི། རཏྣ་ཧེ་རུ་ཀའི་ཕྱག་རྒྱ། གཡས་དཀར་གཡོན་དམར་དབུས་སེར་ཞལ། །རིིན་ཆེན་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་དགྲ་སྟྭ་གཡོན། །ཞབས་བཞི༴ པདྨ་ཧེ་རུ་ཀའི་ཕྱག་རྒྱ། གཡས་དཀར་གཡོན་སེར་དབུས་དམར་ཞལ། །པདྨ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་རྔེའུ་ཆུང་གཡོན། །ཞབས་བཞི༴ ཀརྨ་ཧེ་རུ་ཀའི་ཕྱག་རྒྱ། གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །རྒྱ་གྲམ་རྡོ་རྗེ་ཏི་ར་གཡས། །དྲིལ་བུ་དུང་དམར་ཐོང་གཤོལ་གཡོན། །ཞབས་བཞི༴ ༈ གསུམ་པ་རིགས་ལྔའི་ཡུམ་གྱི་འཆམས་ནི། རོལ་འགྲོས་ལས། རིགས་ལྔ་ཡུམ་གྱི་ཕྱག་རྒྱ། གཡོམ་འགྱིང་། བཞི་པད་སོང་། ཛམ་ཆུང་ལ། ཞལ་གཅིག་ཕྱག་གཉིས་རིགས་ཀྱི་མདོག །ཆེ་བཞིར་བྷན་ཕུར་ཞལ་ཐད་དུ་གཙོ་བོའི་དབུས་ཞལ་ལྟར་གསིག་ནས། འགྲོལ་བསྡུ། ཡང་པད། ཛམ་ཆུང་ལ། གཡས་པ་ཤེས་རབ་ཐབས་ལ་བརྟེན། །ལག་གཡོན་དཀུར་བརྟེན་དང་བཅས་ཡབ་ཀྱི་མགུལ་ནས་འཁྱུད་རྒྱས་རྐང་པ་གཡས་བརྐྱང་གིས་ཆེ་བཞིར་གཡས་སུ་གསིག་ལ། འགྲོལ་པད། ཛམ་ཆུང་ལ། གཡོན་པས་དུང་དམར་གཙོ་ལ་སྟོབ། །ལག་གཡས་དཀུར་བརྟེན་ཅིང་གཡོན་དུ་དུང་དམར་སྟོབ་ཚུལ་གྱིས་ཆེ་བཞིར་རྐང་གཡོན་བཏེག་འགྱིང་ནས་འགྲོལ་པད། ཛམ་ཆུང་ལ། ཀྲོ་དྷཱི་རིགས་ལྔ་དབྱིངས་ཀྱི་རྒྱ། །ཆེ་བཞིར་ལག་འཁྱུད་རྒྱ་དང་རྐང་གཡས་བཏེག་འགྱིང་ནས། འགྲོལ་བསྡུ། མཆོངས་པད་སོང་། ཆིག་རོལ། བསྐྱོད་ཆེན་ནས་རོལ་འགྲོས་ལ་འཇུག ༈ །བཞི་པ་ག་རཱི་བརྒྱད་ཀྱི་འཆམས་ནི། ཁྲོ་མོ་བརྒྱད་ཀྱི་བརྗིད་འཆམས་ལས། ག་རཱི་བྷན་དམར་ཞིང་དབྱུག་སྔོ། །ཙ་རཱི་མདའ་གཞུ་འགེངས་མ་སེར། །གཡོམ་འགྱིང་། ལྔ་བརྡུངས་ཆེ་ཆུང་སྤེལ་མར་བསྒྱུར་ཏེ། ཆེ་བརྡེག་ལ་བཞི་པད་སོང་དོན་གྱི་ཡངས་པད་སྐྱུར་གཏོད་དང་། ཆུང་བརྡེག་ལ་བྷན་ཕུར་མདུན་མཉམ་གྱི་ཛམ་ཡན་རླུང་དཀྱིལ་དང་འདྲ། དེ་ནས་ལག་གཡས་ཕུར་པ་འཕྱར་སྟབས་དང་གཡོན་བྷནྡྷ་ཐུགས་ཀར་གྱེན་བསྟན་གྱིས་བཟུང་ནས། རྐང་གཉིས་ལྕགས་མདའ་གཡོན་བརྐྱང་གི་ཆེ་བརྡེག་ལ་གཡས་ཟུར་དུ་འཐེན་གསིག་དང་། ཆུང་བརྡེག་ལ་ཡངས་པད་རེ། དེ་ལྟར་སྤེལ་བ་ཐེངས་གསུམ་གྱི་མཐར། འགྲོལ་བསྡུ། ཆེ་བརྡེག་ལ་མདུན་དུ་ཡངས་པད་དང་། ཆུང་བརྡེག་གི་གཅིག་གཉིས་ལ་གཡས་སུ་ཡངས་པད་དང་། གསུམ་ནས་རྐང་གཡས་གཡོན་བསྐོར་གྱི་ཁ་ཕྱིར་བལྟས་ཏེ་མདའ་གཞུ་འགེངས་རྒྱས་གཡས་སུ་འཐེན་གསིག་དང་། ཡངས་པད་སྤེལ་བ་ཐེངས་གསུམ་གྱི་མཐར། འགྲོལ་བསྡུས་ཁ་ནང་དུ་བསྒྱུར་རྗེས་མདུན་དུ་ཡངས་པད་དང་། གཡས་སུ་མཆོངས་པད་སོང་། ལྔ་བརྡུངས་རོལ་པ། བསྐྱོད་འགྲོས་མཚམས་ཆུང་ནས་ཆིག་ལྡེམ་མོ། །པྲ་མོ་སོགས་དྲུག་ཀྱང་ཕྱག་རྒྱའི་བསྒྱུར་ཁ་མ་གཏོགས་འདྲ་བ་ལས། ཙཎྜའི་རྗེས་སུ་བསྐྱོད་ཆེན་ནས་རོལ་འགྲོས་སོ། །སོ་སོའི་ཕྱག་རྒྱའི་ཁྱད་པར་ནི། པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བཻ་ཏ་བྱིས་ཟ་རྡོར་འཕྱར་ནག །ཞེས་པའི་སྔ་མ་ནང་དུ་ལག་གཡོན་བྷནྡྷ་ཁ་སྦུབ་པའི་སྟེང་དུ་གཡས་པའི་ལག་ངར་སྒྲེང་བ་རྒྱལ་མཚན་གྱི་རྒྱ་དང་། ཕྱི་མ་རྒྱབ་ཏུ་ལག་གཡས་འཕྱར་སྟབས་དང་གཡོན་བྷནྡྷ་སྦུབ་པ་ཁའི་ཐད་དུ་འཛིན་པའོ། །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷསྨ་དུང་ཁྲག་དཀྲུག་འཐུང་ལྗང་། །སྔ་མ་ནང་དུ་བྷནྡྷ་བརླ་གཡོན་ཐད་བཟུང་བའི་སྐྲ་ཉག་ལག་གཡས་པས་ནུ་གཡས་ཀྱི་ཐད་དུ་བརྐྱང་ནས་འཛིན་པ་རྒྱུ་མ་འདྲེན་ཚུལ་དང་། ཕྱི་མ་རྒྱབ་ཏུ་བྷནྡྷ་ཐུགས་ཀར་བཟུང་བ་ཕུར་རྩེས་ལན་གསུམ་དཀྲུགས་ནས་ཞལ་དུ་གསོལ་ཚུལ་དང་ལག་གཡས་བརྐྱང་པའོ། །སྨེ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། །སྔ་མ་ནང་དུ་བྷན་ཕུར་ཞལ་གྱི་ཐད་དུ་མཉམ་པར་བཟུང་རྗེས་ལག་གཉིས་བཤད་ཀྱིས་བསྐྱོད་པ་དང་། ཕྱི་མ་རྒྱབ་ཏུ་བྷན་ཕུར་བརླ་གཡོན་པའི་ཐད་དུ་བཟུང་བའི་སྐྲ་ནས་གཡས་པས་བཟུང་བ་གཏོད་པ་དང་མཉམ་དུ་ཕུར་དར་ཕྲག་གཡས་པར་འགེལ་བའོ། ༈ །ལྔ་པ་སེདྷ་མ་བརྒྱད་ཀྱི་འཆམས་ནི། ཕྲ་མེན་བརྒྱད་ཀྱི་ཤོན་འཆམས་ལས། སིདྷ་ཁ་རོ་བསྣོལ་སེར་སེང་། །བྱཱ་གྷྲྀ་གནས་ལྟག་བསྣོལ་མར་སྟག །གཡོམ་འགྱིང། བཞི་བརྡུང་འཐེང་མ་ཆེ་ཆུང་སྤེལ་མར་བསྒྱུར་ཏེ། བཞི་པད་སོང་ནས་བརྩམས་པའི་བཞི་བརྡུངས་ཆེ་སྐད་ཀྱི། གཅིག་ལ་པད་སྐོར་གཉིས་ལ་སྐྱུར། གསུམ་ལ་གཏོད། བཞི་པར་གཡས་སུ་ཅུང་འགྱིང་། ཆུང་བརྡེག་ལ་མདུན་མཉམ་གྱི་ཛམ་ལེན་ནས་ལག་གཉིས་དཔུང་པར་བསྣོལ་བའི་རྒྱས་རྐང་གཡས་མདུན་དུ་བཏད་ནས་ཆེ་བརྡེག་པ་གཡས་གསིག་གཉིས་དང་། ཆུང་བརྡེག་ལ་རྐང་གཡས་གཡས་ཟུར་དུ་འཐེན་འགྱིང་གི་ལེན་ཏེ། དེ་ལྟར་སྤེལ་བ་ཐེངས་གསུམ་དང་ལག་གཉིས་ལྟེ་བར་སོར་མོ་མཐུར་བསྟན་གྱིས་བསྣོལ་བའི་རྒྱས་ཆེ་བརྡེག་ལ་སྔར་བཞིན་གཡས་གསིག་གཉིས་དང་། ཆུང་བརྡེག་ལ་ལེན་འགྱིང་སྤེལ་བ་ཐེངས་གསུམ་ནས། འགྲོལ་བསྡུ། མཆོངས་པད་སོང་བརྩམས་རྗེས། བཞི་བརྡེག་འཐེང་མེད་དལ་བ་གཅིག་གི། གཅིག་ལ་འགྱིང་། གཉིས་དང་གསུམ་ལ་རྐང་གཡོན་གཡས་བཏེག་འབེབས་དང་། བཞི་ལ་གཡོན་འདེགས་འཇོག་གི་ལེན་ནས། བསྐྱོད་ཆུང་ཆིག་ལྡེམ་མོ། །སྲྀ་ལ་སོགས་དྲུག་ལའང་འཆམས་ཚུལ་དེ་དང་འདྲ་བ་ལས་སོ་སོའི་ཕྱག་རྒྱ་བསྒྱུར་ཞིང་། ཨུ་ལཱུའི་རྗེས་སུ་བསྐྱོད་ཆེན་ནས་རོལ་འགྲོས་སོ། །སོ་སོའི་ཕྱག་རྒྱའི་ཁྱད་པར་ནི། སྲྀ་གལ་ནག་མོ་བྱིས་ལྡག་ཝ། །ཤྭ་ན་འདྲལ་ལྟ་མཐིང་ཁ་སྤྱང་། །ཞེས་པའི་སྔ་མར་བྷན་ཕུར་མཉམ་པ་ཞལ་ཐད་གཡས་གཡོན་དུ་འཛིན་པ་དང་། ཕྱི་མ་ལག་གཉིས་ཐུགས་ཀར་ཕྱིར་བསྟན་མཉམ་པ་ལ་ལྟ་ཞིང་གཡས་གཡོན་དུ་བརྒྱང་བའོ། །གྲྀ་ཌྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀངྐ་ཀང་ཕྲག་སྣར་མགོ་རིང་། སྔ་མ་བརླ་གཡོན་ཐད་གཟུང་བའི་བྷན་སྐྲའི་ཉག་མ་གཡས་ནུ་གཡས་ཐད་དུ་འདྲེན་ཚུལ་དང་། ཕྱི་མ་ཕུར་དར་དང་བྷན་སྐྲ་གཉིས་ཕྲག་གཡས་གཡོན་དུ་སོ་སོར་བཀལ་བའོ། །ཀཱ་ཀ་ཁ་རོ་བྷན་གྲི་ནག །ཨུ་ལུ་ལྕགས་ཀྱུ་མཐིང་ཚོགས་འུག །སྔ་མ་ལག་གཡོན་ཐུགས་ཀར་བྷནྡྷ་གྱེན་བསྟན་དང་གཡས་སྲིན་ལག་དང་མཐེའུ་ཆུང་གཉིས་མཐེ་བོང་གི་བསྣན་ནས་གུང་མཛུབ་སྒྲེང་བ་གྲི་རྒྱ་འདེབས་ཚུལ་དང་། ཕྱི་མ་ལག་གཡོན་སྔར་ལྟར་དང་གཡས་ཁུ་ཚུར་ལས་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པས་འདྲེན་ཚུལ་ལོ། ༈ །དྲུག་པ་སྒོ་མ་བཞིའི་འཆམས་ནི། སྒོ་སྐྱོང་གདོང་མོ་བཞིའི་རྔམས་འཆམས་ལས། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཁ་དོ་རའི་ཕྱིར་བལྟས་ཏེ། །གཡོམ་འགྱིང་། བཞི་བརྡུངས་ལ་བསྒྱུར་ཏེ། བཞི་པད་སོང་དོན་གྱི་ཡངས་པད་ནས་ལེན་གྱི་རྡོ་རྗེ་ཕྱེད་འགྲོས་ལྟར་ལས། བཞི་གྲངས་གསུམ་ལ་མཁའ་དཀྱིལ་ལྟར་གཡོན་གསིག་གསུམ་བྱས་རྗེས། གཅིག་གཅིག །གཉིས་གཉིས་ཞེས་པར་ལག་གཡས་ཨུ་ལུ་ལྟ་བུའི་རྒྱས་ལྕགས་ཀྱུ་འདེགས་ཚུལ་གྱིས་རྐང་བཏེག་པའི་གཡས་ཟུར་དུ་གསིག་གཉིས་དང་། བཞི་བརྡེག་གཅིག་གི་གཅིག་གཉིས་ལ་རྐང་གཡས་འབེབས་ཤིང་གཡོན་རྒྱབ་ཏུ་བསྐུམ་པ་དང་ལག་གཉིས་ཐུགས་ཀར་བསྣོལ་རྒྱ་ལས། གསུམ་བཞི་ལ་ལག་པད་བསྐོར་གྱི་རྒྱ་དཀྲོལ་ཞིང་རྐང་གཡས་གཡས་སུ་བསྐོར་བའི་ལེན་ནས། བཞི་གྲངས་གསུམ་གྱི། དང་པོ་གཅིག་གཉིས་ལ་གཡས་དེར་ཕབ་ཅིང་གཡོན་གྲུད་ཙམ་བྱ། གསུམ་བཞི་ལ་སྔར་ལྟར་ལག་པད་དང་། རྐང་གཡས་གཡོན་བསྐོར་གྱི་ལེན་ནས་གཉིས་པའི་གཅིག་གཉིས་ལ། རྐང་གཡོན་གཡོན་དུ་འདེགས་འབེབས་གྲུད་བཅས་དང་། གསུམ་བཞི་ལ་རྐང་གཡོན་གཡས་ལྡོག་པའི་ལེན་བྱ། གསུམ་པའི་གཅིག་གཉིས་ལ་རྐང་གཡས་གཡས་སུ་འདེགས་འབེབས་ནས་གསུམ་བཞི་ལ་ལྡོག་པའི་བར་དེར། ཕག་གདོང་ནག་མོ་མཆེ་ཞགས་ཅན། །ཞེས་བརྡའ་སྦྱར་ནས་གཡོམ་གསིག་གསུམ་སོགས་འཆམས་ཚུལ་གཞན་སྔར་ལྟར་ལས། ཕྱག་རྒྱ་ནི་གཅིག་གཅིག་ལ་ལག་གཡོན་པའི་སྟེང་དུ་གཡས་སྡིགས་མཛུབ་མཐུར་བསྟན་གྱིས་ཕྱིར་བསྐོར་བ། གཉིས་གཉིས་ལ་དེ་ཉིད་གྱེན་བསྟན་གྱི་གཡོན་པའི་ནང་ནས་ཕྱིར་སྐྱུར་བ་ཞགས་རྒྱས་འཆིང་ཚུལ་དང་། དེ་བཞིན་དུ་འཆམས་སྐད་གཏོད་ཚུལ་སོགས་སྔར་ཇི་ལྟ་བ་ལས། སེང་གདོང་དམར་མོ་ལྕགས་སྒྲོག་སྡོམ། །ཞེས་པ་ལག་གཉིས་ཁུ་ཚུར་གྱེན་བསྟན་ལས་མཛུབ་མོ་དང་མཐེའུ་ཆུང་བརྐྱང་བ་ལྕགས་སྒྲོག་གི་རྒྱ་དང་། སྤྱང་གདོང་ལྗང་ནག་དྲིལ་འཁྲོལ་དགྱེས། །ཞེས་པ་ལག་གཡས་དཔུང་པའི་ནང་ཐད་དུ་མཁྲིག་མ་ནང་དུ་བཀུག་ནས་དྲིལ་བུ་འཁྲོལ་ཚུལ་ཏེ། དྲིལ་བུ་མའི་བཞི་གྲངས་གསུམ་པོ་རྫོགས་རྗེས། འགྲོལ་བསྡུས་དོ་རའི་ནང་དུ་ཁ་བསྒྱུར་ནས། བཞི་བརྡུངས་ཀྱི་མཆོངས་པད་སོང་དོན་གྱིས་ཡངས་པད། རོལ་པ་བྱས་ལ། བསྐྱོད་ཆེན་ནས་རོལ་འགྲོས་ལ་འཇུག ༈ །བདུན་པ་དབང་མོའི་འཆམས་ནི། དབང་ཕྱུག་མ་ལས་བཞིའི་འདུར་འཆམས་མཆོངས་པད་སོང་ནས་བརྩམས། ཞེས་གཡོམ་འགྱིང་། ཉེས་བརྡུངས་འཐེང་མའི་ཡངས་པད་སྐྱུར་གཏོད། རོལ་པ་གསུམ་ནས། ལག་གཡས་འཕྱར་ཞིང་གཡོན་དཀུར་བརྟེན་ཏེ་ཤུད་འགྲོས་ཀྱིས་ཅུང་ཟད་ཕྱིན་ནས་རྐང་གཡོན་ཐོག །ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱོད་ཀྱིས་ཞི་བའི་ལས་མཛོད་ཅིག །ཅེས་པ་ནས་ཤུགས་ཆེར་བཏང་སྟེ། བྲོ་ར་ཟླུམ་པོར་བསྐོར་ནས་འགྲོ་བ་ནི་ཤར་གྱི་མ་བདུན་གྱི་འདུར་འཆམས་སོ། །དེ་ཉིད་ལས་མཆོངས་པད་སོང་། རོལ་པ་གསུམ་ནས། ལག་སྟབས་ལྡོག་སྟེ་གྲུ་བཞིར་བསྐོར་བ་ལྷོའི་མ་བདུན་ཏེ། ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱོད་ཀྱིས་རྒྱས་པའི་ལས་མཛོད་ཅིག །དེ་བཞིན་དུ་མཚམས་སུ་མཆོངས་པད་སོང་བརྩམས་དང་རོལ་པ་ནས་ལག་ལྡོག་སྟེ། བྲོ་ར་ཟླ་གམ་དང་། གྲུ་གསུམ་དུ་བསྐོར་བས་འགྲོ་བ་ནུབ་དང་བྱང་གི་མ་བདུན་ཏེ། ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱོད་ཀྱིས་དབང་གི་ལས་མཛོད་ཅིག །བྱང་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱོད་ཀྱིས་དྲག་པོའི་ལས་མཛོད་ཅིག །ཅེས་སྦྱར་བ་སོགས། འགྲེའོ། ༈ །བརྒྱད་པ་ཕྲ་མེན་མའི་བམ་ལེན་གྱི་འཆམས། བམ་བཙལ་བ། བརྟག་པ། སྤྲོས་ཏེ་སྟོབ་པ་དང་གསུམ། དང་པོ་བཙལ་ལའང་། རོལ་འགྲོས་དང་། སྦྲུལ་ནག་འཁྱིལ་འགྲོས་ཀྱིས་བཙལ་བ་གཉིས་ལས། དང་པོ་ནི། དབང་མོའི་འདུར་འགྲོས་ཀྱི་ངང་ནས། བམ་རོལ་བས་བཙལ་བ་མཆོངས་པད་སོང་ནས་བརྩམས་ཞེས་གཡོན་ལེན་ཡངས་པད་སྐྱུར་གཏོད་དང་། རོལ་པ་གསུམ་ནས་ལག་གཉིས་གཡོན་གཡས་སུ་ཁྱེར་བའི་རོལ་པ་དང་རྐང་པ་ཤུད་འགྲོས་དྲག་ཅིང་མྱུར་ལ་ཁྲོ་བོའི་གདངས་མིག་གིས་ཀུན་ཏུ་བལྟ་ཞིང་འགྲོ་བའོ། །གཉིས་པ་ནི། བམ་སྦྲུལ་ནག་འཁྱིལ་འགྲོས་ཀྱིས་བཙལ་བ་མཆོངས་པད་སོང་ནས་བརྩམས་ཞེས་པད་རོལ་སྔར་ལྟར་ལས། ལག་གཡོན་དཀུར་བརྟེན་དང་གཡས་སྟེང་དུ་འཕྱར་ནས་སེང་གེ་ལྟར་འགྱིང་བཞིན་དུ་ཤུད་འགྲོས་ཀྱིས་འགྲོ་བས་ཇི་ལྟར་རིགས་པ་བསྐོར་རྗེས། ལག་གཉིས་གདེངས་ཏེ་བྱ་རྒོད་ལྡིང་བ་ལྟར་འགྲོ་བས། སྦྲུལ་འཁོར་བ་བཞིན་དུ་འཁྱིལ་བསྐོར་བྱ་ཞིང་འགུགས་མཚམས་སུ་རྔ་དྲག་ཏུ་བརྡུངས་ཤིང་ལག་གཉིས་རོལ་པ་དང་ལུས་བཅུམས་ཏེ་དུར་བྱ་འདུར་བ་ལྟར་བསྐོར་བ་འཁོར་མཚམས། འཆམས་དཔོན་གྱིས་བྷནྡྷའི་སྐྲ་ནས་བཟུང་བ་བརྣར་ཏེ་རོལ་དཔོན་གྱི་མདུན་དུ་སླེབས་པ་དང་། རྐང་གཡོན་ཐོག་ཁ་སྦུབ་ཏུ་བཞག་ནས་ཟེམ་འགྲོས་ལ་འཇུག་པ་དང་མཉམ་དུ་འཆམས་པ་གཞན་རྣམས་བྷནྡྷ་བརྣར་ཏེ་ཤུད་འགྲོས་རང་གིས་འགྲོ་ཞིང་། འཆམས་དཔོན་རང་གི་བྷནྡྷའི་ཐད་དུ་འཁོར་མཚམས་ཐམས་ཅད་ཀྱིས་བྷནྡྷ་ཁ་སྦུབ་ཏུ་བཞག་ནས་འཆམས་དཔོན་ལྟར་ཟེམ་ལ་འཇུག །གཉིས་པ་ལ། རྡེའུས་བརྟག་པ་དང་། རྡོར་འགྲོས་ཀྱིས་བརྟག་པ་གཉིས་ལས། དང་པོ་ནི། ཟེམ་གྱི་ངང་ནས་རང་རང་གི་བྷནྡྷའི་ཐད་དུ་སླེབས་པ་དང་། བམ་རྡེའུས་བརྟག་པ་དང་པོ་མཆོངས་པད་སོང་ནས་བརྩམ། ཞེས་པད་རོལ་ནས། ཉིས་བརྡུངས་འཐེངས་མ་གསུམ་ལ་ལག་གཡོན་དཀུར་བརྟེན་དང་གཡས་གཡོབ་ཅིང་གཡས་ཀྱི་རྒྱབ་ཟུར་དུ་གོམ་གསུམ་ནུར་ནས། བཞི་བརྡུངས་དྲག་པ་གཅིག་ལ་གཡས་སྡིགས་མཛུབ་བྷནྡྷ་ལ་སྟོབ་ཅིང་རྐང་གཡས་བརྐྱང་ནས་ཧཱུ་ལུའི་སྡང་མིག་གིས་ནང་དུ་གསིག་འགྲོས་གསུམ་དང་། ཡངས་པད་རོལ་པ་ནས་གཡོན་གྱི་རྒྱབ་ཟུར་དང་ནང་དུ་ཚུལ་དེ་ཉིད་རྐང་ལག་ལྡོག་པས་བྱས་རྗེས། ཡངས་པད་ནས། ལག་གཉིས་མཐེབ་མཛུབ་སྤྲད་པའི་རྡེའུ་འབེབས་ཚུལ་དང་མིག་ཟུར་བྷནྡྷ་ལ་བལྟ་བས་རྐང་གཡོན་སྔོན་འགྲོའི་ནང་དུ་འཐེངས་འགྲོས་གསུམ་བྱས་ལ། ཕུར་དར་འཁྲིག་མ་ནས་འདྲེན་བཞིན་དུ་བྲེད་ཚུལ་གྱིས་གཡོན་བརྐྱང་བའི་ཟུར་འཐེན་བཞིས་ཕྱིར་རྒྱང་གི་འོང་བ་བྱ་རོག་གྲ་འཐེངས་ཀྱི་འགྲོས་དེ་ཉིད་ལན་གསུམ་ལྡབས་རྗེས། ནང་གི་འཐེངས་ནས་བཞི་བཞི་ཞེས་རྐང་གཡས་ཕྱིར་བསྐོར་བས་བླངས་པའི་ཟེམ་འགྲོས་ཀྱིས་ཏབ་ཏབ་པོར་བསྐོར་ལམ་ལ་ཞུགས་ཏེ་འཁོར་མཚམས། བམ་རྡེའུས་བརྟག་པ་གཉིས་པ་མཆོངས་པད་སོང་ནས་བརྩམ། ཞེས་སྔར་ཇི་ལྟ་བ་བཞིན་ལྡབ། སླར་ཡང་ཟེམ་གྱིས་སོ་སོའི་བྷནྡྷ་ལ་བསྐོར་བ་འཁོར་མཚམས། བམ་བརྡེའུས་བརྟག་པ་གསུམ་པ་མཆོངས་པད་སོང་ནས་བརྩམ། ཞེས་སྔར་ལྟར་ལྡབས་ནས་ཟེམ་གྱིས་བསྐོར་ལམ་འཇུག །ལན་རྗེས་མ་གཉིས་སྔ་མ་ལས་ཅུང་ཟད་སྙིང་ཁམས་ཇེ་ཆེར་སོང་ཚུལ་གྱིས་ནང་དུ་བམ་ལ་ཉེ་བར་འགྲོ་ཞིང་ཕྱིར་འགྲོས་ཆུང་དུ་གཏོང་བ་ཁྱད་པར་རོ། །གཉིས་པ་ནི། ཟེམ་གྱིས་འཁོར་མཚམས། བམ་རྡོ་རྗེ་འགྲོས་ཀྱིས་བརྟག་པ་མཆོངས་པད་སོང་ནས་བརྩམ། ཞེས་རོལ་འབེབས་དང་བསྟུན། ཕོད་ཤམ་ཐུ་བར་བསྡུས་ནས་ཙོག་པུར་འདུག་སྟེ། མཁའ་དཀྱིལ་ལྟ་བུའི་བཞི་བརྡུངས་ཀྱིས་སྟོད་གཡོམ་གསུམ་ནས། ཆེ་བཞིར་གཡས་སུ་རྡོར་འགྲོས་གསུམ་དང་། ཡང་གཡོམ་གསུམ་ནས་གཡོན་མདུན་བསྟན་གྱི་ནང་དུ་རྡོར་འགྲོས་གསུམ་ཕྱིན་ནས་བཞི་བརྡེག་གཉིས་ཀྱི་དང་པོའི་གཅིག་གཉིས་ལ་བྲེད་བཞིན་དུ་བྷནྡྷའི་སྐྲ་ནས་འཐེན་ཏེ་གྲུད་པ་ཤྭ་ནའི་བརྟུལ་ཞུགས་དང་། གསུམ་བཞི་ལ་དྲི་སྣོམ་པ་སྲྀ་ལའི་བརྟུལ་ཞུགས་དང་། གཉིས་པའི་གཅིག་གཉིས་ལ་བམ་འགྲེ་ལྡོག་སྒྱུར་བ་མཚོན་བྱེད་བྷནྡྷ་ཁ་གྱེན་དུ་བསྒྱུར་བ་སྟག་གི་བརྟུལ་ཞུགས་ཏེ་སྙིང་ཁམས་རིམ་གྱིས་བསྐྱེད་ནས་གསུམ་བཞི་ལ་ལངས་ཏེ་ཟེམ་ལ་འཇུག་གོ། །སྐབས་འདིར་རྡོར་འགྲོས་ཀྱིས་བརྟག་པ་ལན་གསུམ་ལྡབས་ནས་དང་པོར་སྐྲ་ནས་འཐེན། གཉིས་པར་དྲི་སྣོམ། གསུམ་པར་འགྲེ་ལྡོག་བྱེད་པ་སོགས་ཡིག་རྙིང་དག་ལས་འབྱུང་ཞིང་བྱ་གཅན་སོ་སོའི་རྣམ་འགྱུར་དང་སྦྱར་ཏེ་ཕྲ་མེན་སོ་སོའི་ཏིང་ངེ་འཛིན་ལ་འཇུག་ཚུལ་དང་། ཁྲོ་བོའི་གྱད་སྟོབས་དང་། དཔའ་བོའི་འཇུག་འགྲོས་ལ་སོགས་པའི་འགྲོས་དང་། མིག་གིས་ལྟ་བསྒྱུར་དང་། གདངས་སྐད་ཀྱི་བསྒྱུར་ཚུལ་སོགས་རྒྱུད་དང་མན་ངག་རྣམས་ལས་རྒྱ་ཆེར་གསུངས་པ་མཐོང་ཡང་ཧ་ཅང་མང་བས་འཇིགས་ཕྱིར་རེ་ཞིག་དེ་ཙམ་སྟེ། སྤྲོ་ན་ཇི་ལྟར་རིགས་པ་སྦྱར་བས་ཆོག་ཅིང་། རྡེའུའི་འགོའི་གཡབ་མོ་ལའང་དེང་སང་ནང་འཇུག་ཀྱང་ཕྱིར་འགྲོ་ལྟར་འཐེངས་སྐད་ཀྱི་གོམ་ནུར་བྱེད་ནའང་མཁས་པ་འདར་སོགས་ཀྱི་ཡིག་རྙིང་ལས་འདིར་བཀོད་པ་ལྟར་འབྱུང་ངོ་། །གང་ལྟར་ཀྱང་འདི་དག་བླ་ན་མེད་པའི་རྒྱུད་ཀྱི་གསང་བའི་སྤྱོད་པ་རྨད་དུ་བྱུང་བ་ཡིན་པས་བྲོ་མཁན་གྱི་བརྟུལ་ཞུགས་ཁོ་ན་ལྟ་བུར་ལེན་པ་རྣམས་དང་མ་འདྲེས་པར་བྱེད་པ་གཅེས་སོ། །གསུམ་པ་ནི། ཟེམ་གྱི་འཁོར་མཚམས། བམ་སྤྲོས་ཏེ་སྟོབ་པ། ཞེས་སྤྱུགས་པའི་སྒྲས་འབོད་ཅིང་རོལ་འབེབས་དང་བསྟུན། སྔར་ལྟར་ཙོག་པུར་འདུག་སྟེ་གཡོམ་གསུམ་ནས་རྡོར་འགྲོས་ཀྱིས་བྷནྡྷའི་རྩར་ཕྱིན་ལ་རུས་སྦལ་གྱི་སྟབས་སམ་ཕྱེད་སྐྱིལ་གང་རུང་གིས་འདུག་ལ། ལྔ་བརྡུངས་ཆེ་ཆུང་སྤེལ་མར་བསྒྱུར་ཏེ། བཞི་པད་ཡོངས་རྫོགས་དང་ཆུང་སྐད་ལ་གཡས་སུ་ལེན་པད་གཅིག་ནས། འདི་མན་ཐམས་ཅད་དུ་ཆུང་རེས་ལ་ཡངས་པད་དང་། ཆེ་རེས་ལ་སོ་སོའི་ཕྱག་རྒྱ་བསྒྱུར་བ་གཉིས་སྤེལ་མ་ཁོ་ན་སྟེ། སོ་སོའི་ཕྱག་རྒྱ་ལ་གསུམ། མགྲོན་དྲང་བ། བྱིན་གྱིས་རློབ་པ། བསྒྲལ་ཏེ་སྟོབ་པའོ། །དང་པོ་ནི། ཆེ་བརྡེག་རེ་ལ་ལག་གཡས་འཕྱར་གྱིས་གཡས་ཕྱོགས་ནས་གཡོབས་པས་ཞི་བའི་ལྷ་ཚོགས་སྤྱན་དྲངས། དེ་བཞིན་དུ་གཡོན་གཡོབ་ཀྱིས་ཁྲོ་བོའི་ལྷ་ཚོགས། མདུན་མཉམ་གཡོབ་ཀྱིས་བླ་མ། གཡས་ཀྱི་རྒྱབ་ཟུར་ནས་གཡས་པས་གཡོབ་པས་དམ་ཅན་ཕོ་རྒྱུད། དེ་ལྡོག་གཡོབ་པས་མོ་རྒྱུད་རྣམས་སྤྱན་དྲང་བའོ། །གཉིས་པ་ཡང་ཆེ་བརྡེག་རེ་ལ་གཡོན་པའི་ཁུ་ཚུར་གྱི་སྟེང་གཡས་སྐྱབས་སྦྱིན་མེ་ལོང་གི་རྒྱས་གཟུགས། གཡོན་ཁུ་ཚུར་སྒྲེང་བའི་མཁྲིག་མར་གཡས་པའི་གུང་མཛུབ་ཀྱིས་བསྐུལ་བ་པི་ཝང་གི་རྒྱས་སྒྲ། ལག་གཉིས་ཐལ་མོ་ཕྱིར་བསྟན་གྱི་རྒྱས་དྲི་མཆོག །དེ་ཉིད་གྱེན་བསྟན་གྱི་རྒྱས་རོ་མཆོག །ལག་གཉིས་ཀྱི་ཕུར་དར་བརྐྱང་ནས་འཕྱར་བའི་རྒྱས་རེག་བྱ་སྟེ། བམ་བསྒྲལ་བྱ་ཀུན་འདུས་ཀྱི་རྣམ་པར་གསལ་བ་ཉིད་ངོ་བོ་འདོད་ཡོན་ལྔར་བྱིན་གྱིས་རློབ་པའོ། །གསུམ་པའང་། ཆེ་བརྡེག་རེ་ལ། དཔུང་པ་གཡས་དང་། གཡོན་དང་། དཔྲལ་བའི་ཐད་རྣམས་སུ་ཕུར་བསྒྲིལ་རེ་དང་། གཡས་སུ་བདར་ནས་བམ་ལ་བཏབ་སྟེ་བསྒྲལ་དེ་རྗེས་གཡས་པས་ཕུར་བུ་བཏབ་ནས་གཡོན་དང་། ལྷན་ཅིག་པས་རིམ་པ་བཞིན་སྟོབ་པ་བྱ་སྟེ། ཆེ་བརྡེག་རེ་རེ་ལ། གཡས་སུ་ཞི་བ། གཡོན་དུ་ཁྲོ་བོ། དབུས་སུ་བླ་མ་རྣམས་སྨིན་མཚམས་ཀྱི་ཐད་ཙམ་ནས་འབུལ་ལོ། །གཡས་ཀྱི་རྒྱབ་ཟུར་དུ་དམ་ཅན་ཕོ་རྒྱུད་དང་། གཡོན་གྱི་རྒྱབ་ཟུར་དུ་དམ་ཅན་མོ་རྒྱུད་གཉིས་ལ་དཔུང་པའི་ཐད་ཙམ་ནས་འབུལ། གཡས་སུ་གྲོགས་ཕོ་རྒྱུད་དང་། གཡོན་དུ་གྲོགས་མོ་རྒྱུད་རྣམས་ལ་རང་གི་རྐང་པའི་ཐད་ཙམ་ནས་སྟོབ། དེ་ནས་རང་ཉིད་ལོངས་སྤྱོད་ཚུལ། ཨམ་ཕྲག་ཏུ་འཇུག་ཚུལ་རྣམས་བྱས་རྗེས་རོལ་མོ་ཆེམ་བརྡུངས་ལ། ལག་གཡོན་བྷནྡྷའི་སྐྲ་ནས་བཟུང་། གཡས་ཕུར་པ་ས་ལ་བཙུགས་ནས་མི་ཐེག་ཅིང་འདར་བའི་ཚུལ་ཅུང་ཟད་བྱས་ལ་དལ་བུས་ལངས་ཏེ། རྐང་གཡོན་ལེན་འདེགས་དང་མཉམ་དུ་བྷནྡྷ་ཕྲག་ལ་བཀལ་ཏེ་ཉིས་བརྡུངས་འཐེངས་མ་དྲག་ལ་མྱུར་བས་ཤུད་འགྲོས་ཀྱིས་བསྐོར་ལམ་ལ་རྒྱུད་པའི་འཁོར་མཚམས། ༈ དགུ་པ་སྟོབ་འཆམས་ནི། དཔལ་ཆེན་པོའི་སྟོབ་འཆམས། ཞེས་རྐང་གཡས་ཕྱིར་ལོག་སྟེ་རྐང་གཡོན་འགྲོའི་ཡོངས་ཕྱོགས་སུ་བཞི་འགྲོས་གསུམ་ནས། གཅིག་ཅེས་རྐང་གཡས་གཡས་སུ་ནེམ་འཇོག །གཉིས་གཉིས་ལ་རྐང་གཡས་གཡོན་བསྐོར་གྱི་ལེན་ནས་རྐང་པ་གཡོན་པ་དང་གཡས་པས་རང་ཕྱོགས་སུ་འབེབས་བསྐོར་སྒོམ་ལྟར་བྱས་རྗེས། རྐང་གཡས་ནང་དུ་ཕབ་པའི་སྦིར་སྦྲམ་གཉིས་ཀྱི་ཛམ་ལེན་ནས། རྐང་གཡས་སྔོན་འགྲོའི་འགྲོ་ཕྱོགས་སུ་བཞི་འགྲོས་གསུམ་དང་། གཅིག་ཅེས་རྐང་གཡོན་གཡོན་དུ་ནེམ་འཇོག་སོགས་རྐང་པ་ལྡོག་པས་འབེབས་བསྐོར་སྔར་ལྟར་བྱས་ལ། གཡོན་ནང་ཕབ་ཀྱི་ཛམ་ལེན་ནས། རྐང་གཡས་སྔོན་འགྲོས་བཞི་འགྲོས་གསུམ་དབུས་སུ་ཕྱིན་རྗེས་སྦིར་སྦྲམ་གཉིས་ལ། གཡས་གཡོན་དུ་ལག་གི་སྟོབ་པའི་སྟངས་ཀ་རེ་བྱས་ལ་རོལ་མོ་འབེབས་པ་སྟེ། དེ་དག་གི་དཀྱིལ་འཁོར་ལྷའི་སྟངས་སྟབས་སོང་ངོ་། ༈ །བཅུ་གཅིག་པ་ཕུར་བུ་གདབ་པས་བསྲུང་བ་ནི། སློབ་དཔོན་དབུས་ནས་ཤར་དུ་ཕྱོགས་པའི་མདུན་དུ་མཚན་ཉིད་ཇི་ལྟ་བ་བཞིན་དུ་འདུ་བྱས་པའི་ཕུར་བུ་རྣམས་བཞག་ལ། མིག་ལ་སོགས་པའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས། རྡོ་རྗེ་ས་གཞིའི་ར་བ་དྲྭ་བ་གུར་བླ་རེ་ཕྱི་རོལ་བསྐལ་པའི་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བརྒྱད་ལ་སོགས་དང་། རྩ་རྩེ་སྟེང་འོག་ཏུ་ཕྱོགས་ཤིང་རྣོ་བའི་དབལ་དང་ལྡན་པ། ལྟོ་བ་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་བདག་ཉིད་ཞེ་སྡང་རྡོ་རྗེར་གནས་པའི་ཐུགས་ཀའི་ཧཱུྃ་ལས་མ་བཅུ་འཕྲོས་པ་རྩིབས་ནང་སོ་སོར་ཉི་གདན་བཅུར་གྱུར། སླར་ཡང་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་འཕྲོས། ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ་ཉི་གདན་རྣམས་ཀྱི་སྟེང་དུ་མྱོས་ཤིང་འགྱེལ་སྟབས་སུ་འཁོད་པར་གྱུར། སུམ་བྷའི་སྔགས་བརྗོད། སླར་ཡང་ཐུགས་ཀ་ནས་ཁྲོ་བོ་བཅུ་ཕྱུངས་ཏེ་མདུན་དུ་བཀོད་པའི་ཕུར་བུ་རྣམས་དང་གཉིས་སུ་མེད་པར་གྱུར་པ་ནི་སྟོད་ཁྲོ་བོའི་གཟུགས་ཅན་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ལ། སློབ་དཔོན་གྱི་ཐོ་བ་ཕུར་བུ་བཅུ་པོ་རེ་རེ་ནས་ཐོགས་ལ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ཅེས་སོགས་ཁྲོ་བོ་བཅུའི་སྔགས་ཀྱི་མཐར། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། སརྦ་བིགྷྣཱཾ་ཀཱ་ཡ་ཝཱ་ཀཱ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བཏགས་ཏེ། ཁྲོ་བཅུ་སོ་སོའི་སྔགས་རྣམས་ལ། སྟེང་དང་ཕྱོགས་ཀྱི་ཁྲོ་བོ་རྣམས་ༀ་བཛྲ་ཀྲོ་དྷ་ལ་རྐང་གཡོན་བཏེགས་འབེབས་ཀྱི་ལེན་ནས་དྲང་པོར་བཙུགས་པ་ལ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཞེས་པ་ལྟ་བུ་ཁྲོ་བོ་རང་རང་གི་མིང་དང་ལས་བྱེ་བྲག་པའི་སྔགས་རྣམས་ལ་རྐང་གཡས་གཡོན་ཕྱོགས་སུ་བསྐོར། དེ་བཞིན་དུ་མཚམས་དང་འོག་གི་ཁྲོ་བོ་རྣམས་རྐང་གཡས་བཏེག་ལེན་གྱི་དྲང་པོར་བཙུགས་པ་ལ་རྐང་གཡོན་གྱིས་གཡས་ཕྱོགས་སུ་བསྐོར་ཞིང་བཅུ་གའི་མཇུག་གི་ཧཱུཾ་ཕཊ་ལ་རྐང་གཡོན་མདུན་དུ་བརྐྱང་ཞིང་། འཆམས་པ་གཞན་རྣམས་ཀྱིས་ཀྱང་ཕུར་བུ་གཡོན་དུ་སྤོས་ནས་སློབ་དཔོན་དང་མཐུན་པར་མདུན་དུ་གདེངས་སྟབས། ༀ་གྷ་གྷ་ནས་སརྦ་དུཥྚན་གྱི་བར་ལ་རྐང་ལག་གཡས་པ་ཕྱིར་འཐེན་ཞིང་འགྱིང་ནས། ཕཊ་ལ་རྐང་གཡོན་ནང་དུ་ཕབ་སྟེ་སློབ་དཔོན་གྱིས་གཡས་ཐོ་བ་འཕྱར་ཞིང་གཞན་རྣམས་ཀྱིས་ཀྱང་སྟངས་ཀ་བྱ། ཀཱི་ལ་ཡ་ནས་ཧཱུཾ་ཧཱུཾ་གྱི་བར་འགྱིང་སྟབས་ནས་རྐང་གཡས་ཟོལ་གྱིས་ཅུང་ཟད་བཏེག་པ་ཧཱུཾ་ལ་ནང་དུ་ཕབ་སྟེ་བཛྲ་ཀཱི་ལ་ཡ་ཞེས་པའི་བར་ཐོ་བས་ཕུར་བུ་བརྡུང་། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ལ་རྐང་གཡོན་ནང་དུ་ཕབ་ལ་བརྡུང་། སརྦ་བིགྷྣཱཾ་ནས་ཀཱི་ལ་ཡའི་བར་རྐང་གཡས་ནང་དུ་སྤོ་ཞིང་བརྡུང་། ཧཱུཾ་ཕཊ་ལ་གཡོན་སྤོ་ཞིང་བརྡུང་བ་སྟེ། ཚུལ་དེ་ཁོ་ནས་ཕྱོགས་ཀྱི་ཕུར་བུ་གཡས་བསྐོར་དང་མཚམས་ཀྱི་ཕུར་བུ་གཡོན་བསྐོར། སྟེང་གི་ཕུར་བུ་ཤར་དང་འོག་གི་ཕུར་བུ་ནུབ་ཏུ་གདབ་ཅིང་། ཁྲོ་བོ་རྣམས་ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པས། དེ་རྣམས་ཀྱིས་ལུས་ཕུག་སྟེ་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པར་བསམ་མོ། ༈ །བཅུ་གཉིས་པ་རྟག་ཆད་ཀྱི་མཐའ་བསལ་བ་ནི། ཆིག་བརྡུངས་རོལ་པ་དང་། ཆིག་བརྡེག་ཆེ་བཞི་བར་མཚམས་རོལ་འཐབ་དང་བཅས་པར་རྐང་གཡས་བཏེག་ཅིང་གཡོན་པའི་རྟིང་གསིག་གིས་དོ་རའི་མདུན་དང་། གཡས་དང་། རྒྱབ་དང་། གཡོན་རྣམས་སུ་རིམ་གྱིས་ཕབ་ཅིང་གོམ་ཆུང་གིས་དོ་ར་མཉམ་ལ། གཡོན་བཏེག་ལེན་ནས་བཞི་བརྡུངས་ཀྱིས་མཆོངས་པད་སོང་དོན་ཡངས་པད་སྐྱུར་གཏོད་ནས། རྐང་གཡས་ཁོ་ནས་རྭ་བཙལ་ཞིང་གཉིས་གཉིས་ཞེས་པར་རྐང་གཡས་གཡོན་འདེགས་འབེབས་བྱས་པའི་རྡོ་རྗེ་ཕྱེད་འགྲོས་ཚར་གསུམ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་དབྱེར་མི་ཕྱེད་པའི་བསྡུ་བྱའི་དཀྱིལ་འཁོར་ཉིད་གསལ་བཏབ་ནས། བཞི་འགྲོས་ཀྱིས་མཚན་འཛིན་གྱི་ཁོང་མདུད་གཞིག་ཕྱིར་སྦྲུལ་ནག་འཁྱིལ་འགྲོས་ཀྱིས་ཆས་འཇུག་ཁང་པར་རིམ་གྱིས་སོང་སྟེ་རྒྱན་ཆས་རྣམས་བཀྲོལ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྡུས་ཏེ་མི་དམིགས་པ་ཐིག་ལེའི་དབྱིངས་སུ་ཐིམ་པར་བསམ་པས་རྟག་མཐའ་བསལ་ཞིང་། སླར་ཡང་རྒྱུན་ཆས་ལ་འཇུག་པ་ན་ཧེ་རུ་ཀའི་སྐུར་སྐད་ཅིག་གིས་ལངས་ཏེ་གོ་བགོ་ལུས་བསྲུང་བྱ་བས་ཆད་མཐའ་བསལ་ལོ། ༈ །བཅུ་གསུམ་པ་བསྔོ་ཤིས་བྱ་བ་ནི། དགེ་བ་བསྔོ་བ་དང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ་ཞིང་། དེ་ཐམས་ཅད་ཀྱང་སེམས་དང་ཡེ་ཤེས་རང་སྣང་བའི་མཚན་ཉིད་ཙམ་དུ་ཤེས་པས་སྐབས་ཇི་ལྟ་བའི་ཆོ་གའི་ཁྲིགས་རིམ་གྱི་དཀྱུས་དང་སྦྱར་རོ། ༈ །གལ་ཏེ་དཀྱིལ་འཁོར་གྱི་ལྷའི་སྟངས་སྟབས་ཀྱི་བཀོད་པ་སྔར་སྨོས་པ་དག་མི་ནུས་པས་བསྡུས་པ་ལ་དགའ་ན། བཀའ་བསྒོས་བགེགས་བསྐྲད་པ་སོང་རྗེས་དཔལ་ཆེན་པོ་ཁྲོ་བོ་བཅུ་དང་བཅས་པའི་སྟངས་སྟབས་བཅུ་གཅིག་པོ་བྱས་ལ་སྔར་བཞིན་ཕུར་བུ་གདབ་པས་བསྲུང་བ་ཙམ་བྱས་ནའང་དགོས་དོན་འགྲུབ་སྟེ། དེ་ལྟར་ཁྲོ་བོའི་སྟང་སྟབས་ཀྱིས། །སྔགས་དང་ཏིང་འཛིན་ཕྱག་རྒྱར་བཅས། །དཀྱིལ་འཁོར་མཐའ་མར་བསྐོར་བ་ཡིས། །བགེགས་ཀྱི་ཚོགས་རྣམས་བརླག་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེའི་ཚུལ་གང་ཞེ་ན། འཕགས་པ་ཐབས་ཀྱི་ཞགས་པར་གསུངས་པའི་སྟངས་སྟབས་བཅུ་གཅིག་སྟེ། དེ་ཡང་ཕྱག་རྒྱ་ཇི་ལྟར་བཅའ་བའི་ཚིག་དང་བསྐུལ་སྔགས་ལ་ཟུར་འདྲ་མིན་འགའ་རེ་སྣང་ཡང་འདིར་རྒྱུད་ཀྱི་རྡོ་རྗེའི་ཚིག་ཁོ་ན་འབྲི་བར་བྱ་བ་ལས། ཐོག་མར་གཙོ་བོ་དཔལ་ཆེན་པོའི་ལས་བཞིའི་ཕྱག་རྒྱ་ནི། ལག་པ་ཐལ་སྦྱར་གྱེན་དུ་སྒྲེངས། །རྐང་གཉིས་མཐིལ་སྦྱར་མཐུར་དུ་གཟུག །ཚིག་ཆེན་བཞི་ཡང་གཞིག་པར་བྱ། །མགོ་དང་མཚན་མ་སྙིང་པོར་བརྟག །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །བཅུ་གཅིག་ཏུ་ཡང་རྣམ་བརྟག་སྟེ། །འདི་ནི་ཁྲག་འཐུང་ཆེན་པོ་ཡི། །ཕྱག་རྒྱ་ཡིན་ཞེས་དཔའ་བོས་བཤད། །ཅེས་གསུངས་པའི་བཅའ་ཚུལ་ནི། སྒྱུ་འཕྲུལ་བཤད་རྒྱུད་ལས། ས་བླག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོ་རབ་ཏུ་བསྒོམ། །ཞེས་པའི་སྤྱན་འགྲེལ་དུ། ལས་ཀྱི་ཕྱག་རྒྱ་ནི་མགོ་བོ་རྩེ་བཅུ་གཅིག་པར་བསམ་པ་བཅའ་བ་དང་། གཞན་སོར་མོ་གཡས་གཡོན་བྲི་བསྣན་གྱིས་རྩེ་ལྔ་པ་དང་། རྩེ་བཅུ་པ་དང་། བཅུ་གཅིག་པ་ནི་ཞི་རྒྱས་དབང་དྲག་གི་རིམ་པ་བཞིན་ནོ། །ཞེས་པ་ལྟར་ལས་ཏེ། སྤྲོ་ན་སྒེག་མོའི་སྙེམས་གླུ་དང་སྦྱར་ལ། རྐང་སྟབས་གཞི་བཅའ་ལ་ལག་སྟབས་ལག་པ་ཞེས་པར་པད་སྐོར། ཐལ་ཞེས་པར་ལག་གཡས་པུས་སྟེང་ཕབ་པར་སྦྱར་ལ་གདེངས། གྱེན་ལ་རྐང་གཡས་བརྐྱང་དང་རྡོར་དྲིལ་སྙིང་གར་སྟེང་འོག་ཏུ་སྤྲད། དུ་སྒྲེངས་ལ་སྤྱི་བོར་ཐལ་སྦྱོར་དང་། རྐང་གཉིས་མཐིལ་སྦྱར་ལ་རྐང་མཐིལ་གཉིས་སྦྱར་ཏེ་རྩེ་བཙུག་པ་མཐུར་དུ་གཟུག་ལ་པུས་མོ་ཅུང་ཟད་བཅག་ནས་ཟླུམ་སྟབས་བྱ་བ་ནི་ཞི་བ་ལས་རྒྱ་རྩེ་གཅིག་པའོ། །ཚིག་ལ་རོ་སྟོད་ཅུང་ཟད་གཡས་སུ་གཡོམ་པ་ཛམ་ནས། ཆེན་བཞི་ལ་ལག་སྔར་ཉིད་ལས་རྐང་གཡས་བརྐྱང་གིས་གཡས་ཕྱོགས་སུ་གསིགས་འགྲོས་གཉིས། ཡང་ལ་སྟོད་གཡོན་ཕྱོགས་ལ་གཡོན་པའི་ཛམ་ནས། གཞིག་པར་ལ་གཡོན་དུ་གསིགས་འགྲོས་གཉིས་བྱས་ནས། བྱ་ཞེས་པར་རང་སར། མགོ་དང་མཚན་མ་སྙིང་པོར་བརྟག་ལ་བཞི་པད་མཐར་ལག་གཉིས་སོ་སོར་གཞོལ། རྐང་པ་རང་ས་ལས་ལག་གཉིས་རྡོ་ལ་ཅུང་ཟད་ནང་བསྐོར་གྱིས་ཛམ་ནས་རྗེ་ལ་ཕྱག་རྒྱའི་རྒྱུ་ཐལ་སྦྱར་རྩེ་དགུ་ལ་ཐལ་མོ་རྟིང་སྤྲད་ནས་གུང་གཉིས་རྩེ་སྤྲད་པ་དབུས་རྭ་དང་། སོར་མོ་གཞན་རྣམས་བརྐྱང་ནས་བསྐོར་བ་རྭ་ཕྲ་མེན་གྱི་ཚུལ་ཏེ་དབང་གི་ལས་རྒྱ་རྩེ་དགུ་པའོ། །རྩེ་ལྔ་དང་ལ་དེ་ཉིད་ལ་སྲིན་ལག་གཉིས་བསྡོམས། མཐེ་བོང་དང་མཐེའུ་ཆུང་སོ་སོར་གཤིབ་ནས་བསྒྲེངས། མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྒྲེང་བ་སྟེ་རྒྱས་པའི་ལས་རྒྱ་རྩེ་ལྔ་པའོ། །དེ་ནས་མགོ་བོ་དབུས་རྭ་དང་གཡས་གཡོན་གྱི་ལག་སོར་བཅུ་པོ་དཔུང་པའི་ཐད་ཀར་གདེངས་པ་རྭ་བཅུའི་དོད་དེ་བཅུ་ཞེས་པར་གཡོན་དང་གཅིག་ལ་གཡས་སུ་ཐལ་མོ་བསྐོར་ཚུལ་བྱས་པ་སྟེ་དྲག་པོའི་ལས་རྒྱ་བཅུ་གཅིག་པའོ། །ཏུ་ཡང་ལ་ལག་པད་རྣམ་བརྟག་ལ་ལག་གཡས་པུས་སྟེང་སྟེ་ལ་རྡོར་གདེངས། འདི་ནི་ཁྲག་འཐུང་ཆེན་པོ་ཡི་ཞེས་པར་བཞི་པད་མཐར་ལག་སོར་གཞོལ། ཕྱག་རྒྱ་ཡིན་ཞེས་དཔའ་བོས་བཤད་ཅེས་ལག་པ་དང་རྐང་པ་བཞི་གཡོན་དཀྲུགས་མཐར་གཡོན་བརྐྱང་ཞིང་ལག་རྡོ་རྗེ་ཐུགས་ཀ་དང་དྲིལ་བུ་དཀུར་བརྟེན། དེའི་བསྐུལ་བསྔགས་ནི། ༀ་བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཨ་ཨ་ཨ་ཧཱུྃ་ཕཊ། ཅེས་པར་རྐང་ལག་གི་སྟབས་རང་ས་ལས། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཕུར་གདབ་ཀྱི་ཕྱོགས་ཀྱི་ཁྲོ་བོ་ལྟར་གཡོན་དུ་བསྐོར་མཐར་རྐང་གཡོན་བརྐྱང་པ་དང་ལག་གཡོན་འཕྱར་གཡས་ཐུགས་ཀར་སྡིགས་མཛུབ་བྱ་ཞིང་། ཡང་གར་དབྱངས་ཀྱི་སྤྲོས་པ་དེ་ཙམ་མི་ནུས་ན། ཕྱག་རྒྱ་བཅའ་བའི་ཚིག་དང་བསྟུན་ནས་རྒྱ་བཅའ་ཞིང་བསྐུལ་སྔགས་ལ་བསྐོར་འགྱིང་ཙམ་བྱས་ཀྱང་འགལ་བ་མེད་དོ། །ཁྲོ་བོ་གཞན་རྣམས་ནི་གང་གི་ཚེ་སོ་སོའི་ཚིགས་བཅད་ལ་རྒྱ་བཅའ་ཞིང་མཇུག་གི་བསྐུལ་སྔགས་ལ་ཕུར་གདབ་ལྟར་སྟེང་དང་ཕྱོགས་ཀྱི་ཁྲོ་བོ་གཡོན་དང་། མཚམས་དང་འོག་གི་ཁྲོ་བོ་གཡས་སུ་བསྐོར་ཞིང་མཇུག་ཏུ་ཕཊ་ལ་སྟེང་དང་ཕྱོགས་གཙོ་བོ་ལྟར་དང་། མཚམས་དང་འོག་དེ་ལས་ལྡོག་སྟེ་རྐང་གཡས་བརྐྱང་ངོ་། །སོ་སོའི་ཕྱག་རྒྱ་ནི། ལག་པ་ཐལ་སྦྱར་གྱེན་དུ་སྒྲེང་། །རྐང་པ་ཕྲལ་ནས་བརྐྱང་བསྐུམ་བྱ། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །འདི་ནི་ཧཱུྃ་མཛད་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། རྐང་པ་རྐང་མགོ་གཡོན་གྱིས་གཡས་བརླ་ལ་ལ་འཁྱུད། །ལག་པ་གར་སྟབས་བསྐོར་ནས་ཀྱང་། །ཐལ་མོ་དྲག་ཏུ་བརྡེབ་པ་ནི། །རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ལག་པ་གཡས་པའི་མཐེ་བོང་གིས། །མཐེའུ་ཆུང་སེན་མོའི་མཐིལ་དུ་མནན། །གདེངས་པའི་སྟབས་སོར་མོ་གསུམ་ཀྱིས་སྒྲེངས་པ་ཡི། །དབྱུག་པ་སྔོན་པོའི་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ། ལག་པ་གཡས་པའི་ཁུ་ཚུར་ནི། །བརྡེག་པའི་སྟབས་སུ་གདེངས་པ་དང་། །གཡོན་པ་དཀུ་ལ་བརྟེན་པ་ནི། །གཤིན་རྗེ་འཇོམས་པའི་ཕྱག་རྒྱ་ཡིན། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུྃ་ཕཊ། ལག་པ་གཡས་པའི་ཐལ་མོ་ནི། །བརྡེག་པའི་སྟབས་སུ་གདེངས་ཀ་དང་། །གཡོན་པས་འཛིན་པ་ལྟར་བྱེད་པ། །མི་གཡོ་མགོན་པོའི་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ལག་པ་ཐལ་མོ་སྦྱར་བ་ནི། །མཛུབ་མོ་རྒྱབ་ཏུ་བསྣོལ་བར་བྱ། །མཐེ་བོང་གཉིས་ཀྱང་ཕྲལ་ཏེ་སྒྲེངས། །སྤྱི་བོར་བཞག་པ་གྲཱི་ཝའི་རྒྱ། །ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྐང་པ་གཡས་པ་མཐུར་དུ་གཟུག །ལག་པ་གཉིས་པོ་གྱེན་དུ་སྒྲེངས། །གཡོན་གྱི་རྐང་པ་འཕྱར་བ་ནི། །གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ལག་པ་གཡས་གཡོན་དཀུར་བརྟེན་ཏེ། །རྐང་པ་གཤིབས་ཏེ་མཆོང་བ་ནི། །བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཞེས། །དཔའ་བོ་ཆེན་པོས་ཡང་དག་བཤད། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ལག་པས་གཡས་གཡོན་བསྣོལ་ཐུགས་ཀར་བ་དང་། །རྐང་པ་བརྐྱང་བསྐུམ་བྱས་པ་ནི། །ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཞེས། །མགོན་པོ་དཔའ་བོས་ཡང་དག་བཤད། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། རྐང་ཕྲལ་མཐིལ་ནི་ཐུར་དུ་ཟུག །ལག་པ་ཕྲལ་ནས་གར་བྱེད་ཅིང་། །སྟབས་སུ་མཆོང་བར་བྱེད་པ་སྟེ། །འདི་ནི་སྟོབས་ཆེན་ཕྱག་རྒྱ་ཡིན། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་ཁྲོ་བོ་གང་དང་གང་གི་སྟངས་སྟབས་བྱས་པ་དེའི་ཚེ་དེ་དང་དེའི་སྤྲུལ་པ་གྲངས་མེད་པ་འཕྲོས་ནས་སྟོང་གསུམ་གང་། བགེགས་ཐམས་ཅད་ཚར་བཅད། སླར་འདུས་པ་ལས་ཁྲོ་བོའི་སྤྲིན་གྱིས་ཕྱོགས་བཅུར་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། ༈ །དེ་ནས་སྒྲུབ་པའི་ཞག་བདུན་པ་ལྟ་བུའི་ཚོགས་མཆོད་ཀྱི་སྟོབ་པ་དང་སྦྲེལ་བའམ། གནས་སྐབས་གང་ཡང་རུང་བར་རྫས་ཀྱི་སྒོ་ནས་དྲག་པོའི་ཕྲིན་ལས་ལ་སྦྱོར་བའི་ཕྱིར་དགྲ་བགེགས་བྲུབ་ཀྱི་འཆམས་བྱ་བར་འདོད་ན། ཆས་འཇུག་ཁང་པར་སོང་ལ་ཆས་གོས་བརླབས་ཤིང་བགོ་བ་དང་། ཕྱི་ནས་གསེར་སྐྱེམས་བསྔོ་བ་རྣམས་རྩ་འཆམས་ལྟར་བྱས་རྗེས་རྟེན་བཅའ་བ། དཀྱིལ་འཁོར་བསྐྱེད་པ། ལས་ལ་གཟུད་པ། བདེན་པ་བརྡར་བ། ཕོ་ཉ་འགྱེད་པ་ཡན་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ལས་བྱུང་བ་ལྟར། ཐུགས་རྗེ་འཛིན་གིང་དུ་མངའ་གསོལ་བ་ཡོད་ན་དང་། མེད་ན་མཆོད་གཡོག་གིས་ལིངྒ་བསྐྱལ་ལ། གསེར་སྐྱེམས་སྔོན་དུ་འགྲོ་བས། ཨེ་རྃ་ཛྭ་ལ་རྃ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་འབྱམས་ཀླས་ལ་བསྐལ་པའི་མེ་དཔུང་འབར་བར་གྱུར། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་བཞེངས་པར་གྱུར། ཞེས་བསྐྱེད། ༀ་བ་ཧུ་བེ་དྷ། རོ་ཧ་ཏི། པཉྩ་ཏི། ཨ་ཤི་ཥ། ནི་ཤེ་ཥ། བཱ་ད་བི་ན་ཡ། བིདྱཱ་ག་ཏེ། ཙ་ལེ། པྲ་ཙ་ལྀ། གུརྦ་གུརྦ། བི་གུརྦ། བཛྲ་སཾ་པ་ལེ། ཙ་ལེ་ཙ་ལེ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ལས་ལ་གཟུད་པས་ལྷ་ཚོགས་རྣམས་དྲག་པོའི་ལས་ལ་རྔམ་ཞིང་ཁྲོས་པར་བསམ་ནས། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་དཔལ་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུང་བའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་བསྟིམ་པ་ཙམ་བྱས་རྗེས་ཕྱི་རོལ་ནས་སྤོས་བཏུལ་ཞིང་རོལ་མོའི་སྒྲ་ཚམ་རྔམས་དང་བཅས་པས་བསྐུལ་ཏེ། འཆམས་དཔོན་གྱིས་སྙེམས་པ་དང་བཅས་པས་དོན་ཏེ་སྒོའི་ཕྱི་མཚམས་ནས་འགྲོ་ཕྱོགས་སུ་ལུས་ཀྱི་གཡོན་བསྟན་ནས་དལ་བུས། སྦིར་སྦྲམ་ཞེས་གཉིས་བརྡུང་འཐེང་མ་གཉིས་ལ་འགྱིང་བ་དང་བཅས་པས་གཡོན་གཡས་ཀྱིས་ཛམ་བླང་སྟེ། བཞི་བརྡུང་འགྲོས་ཀྱིས་རྐང་གཡོན་པའི་གསུམ་ཐོག་ནས་ཡངས་པད་ཀྱི་འགོ་བརྩམ། གཅིག་གཉིས་ཞེས་པར་དགག་པད་ལེན། གསུམ་བཞི་ལ་ལག་གཡས་ཕྱིར་འཐེན་ཏེ་མྱང་ནས། གཅིག་གཉིས་ལ་དེ་གར་འགྱིངས། གསུམ་བཞི་ལ་ཕུར་དར་བསྒྱུར། ཡང་གཅིག་གཉིས་ལ་བྷན་དྷར་ཕུར་རྩེ་གཏོད། གསུམ་བཞི་ལ་ལག་གཡས་གཡོན་པར་ནང་བསྐོར་གྱིས་ཕུར་དར་སྟེང་དུ་དོར་བ་དང་མཉམ་དུ་རྐང་གཡོན་གཡས་ནས་འདེགས་འབེབས་ནས་བཞི་འགྲོས་ལ་ཞུགས་པ་དང་བསྟུན་གཞན་རྣམས་ཀྱང་གྲལ་ཕྲེང་བ་དང་མཉམ་པས་རིམ་པར་དོན་ཏེ་གཡོན་པའི་བཞི་འགྲོས་སྐབས་ལག་གཡས་ཕྱར། གཡོན་ཕྱར། གཉིས་ཀ་བརྒྱང་བ། གཉིས་ཀ་དཀུར་བརྟེན་པའི་ཚུལ་གྱིས་བཞི་བརྡུངས་འགྲོས་ཁོ་ནས་དོར་མ་འཁོར་བར་འགྲོ་སྟེ། རྡོ་རྗེ་ལམ་འགྲོས་ཞེས་བྱ་བའོ། །དེ་ལས་ལག་དཀུར་གྱི་རྔ་གསུམ་པའི་ཐོག་ཕཊ་ཀྱིས་བསྒྱུར་ཏེ་ཡང་པད་བརྩམས་ནས། དགག་པད་ལེན་སྒྱུར་གཏོད་པ་རྣམས་སྔར་བཞིན་དང་རྩ་འཆམས་ཀྱི་སྣ་ཚོགས་རྡོ་རྗེའི་མཇུག་གི་བཞི་བརྡུང་རོལ་པ་ཇི་ལྟ་བ་བཞིན་བྱས་རྗེས་ཆིག་བརྡེག་ཆེ་གསུམ་རོལ་འཐབ་དང་བཅས་པ་ཆུང་གཅིག་ལ་རྐང་གཡས་གཡོན་རེ་མོས་ཀྱིས་དོ་རའི་མདུན་དང་། རྒྱབ་དང་། འགྲོ་ཕྱོགས་དང་། འོང་ཕྱོགས་ཀྱི་ཟུར་རྣམས་སུ་འབེབས་ཤིང་། དེ་བསྟུན་ལག་ཀྱང་རིམ་བཞིན་གཉིས་ཀ་གདེངས་པ་དང་། གཡས་བསྡུ་ཞིང་། ཕྱིར་བསྐོར་གྱི་མདུན་དུ་གྱེན་གཞོལ། ཧཱུྃ་རྒྱ་ལྟ་བུས་མདུན་དུ་མཉམ་པ་སྟེ། དཔལ་ཆེན་པོའི་སྒེག་འགྲོས་སམ་དགའ་བ་ཡོངས་སུ་བསྒྱུར་བ་ཞེས་བྱ་བའོ། །དེ་ལས་ཕཊ་ཀྱིས་བསྒྱུར་ཏེ་སྦྲམ་སྦྲམ་ལ་ཡངས་པད་ཀྱིས་འགོ་བརྩམས་ནས་སྦིར་སྦྲམ་ཚན་གསུམ་གྱི་རེ་རེ་ལ་དགག་སྐྱུར་གཏོད་གསུམ་ནས་རྩ་འཆམས་ལྟར་ཆིག་བརྡུང་རོལ་པ་བྱས་རྗེས། སྦིར་ཞེས་ཆིག་བརྡུང་ཆེ་བ་རོལ་འཐབ་དང་བཅས་པ་ལ་ལག་གཉིས་ཕྱིར་གདེངས་ནས་རྐང་གཡས་འགྲོ་ཕྱོགས་སུ་བགྲད་སྟབས་ཀྱིས་འདེགས་འབེབས་དང་ནང་དུ་བསྐོར་འགྱིང་ནས་སྦྲམ་ལ་ལག་མདུན་དུ་མཉམ་ཞིང་རྐང་གཡོན་ཟུར་དུ་བརྗིད་འབེབས་ལས་ཟླུམ་སྟབས་བྱ་སྟེ་སེངྒེའི་བརྗིད་འཆམས་ཞེས་བྱའོ། །དེ་ལས་ཕཊ་ཀྱིས་བསྒྱུར་ཏེ། པད་བརྩམས་དགག་སྐྱུར་གཏོད་པས་ཆིག་རོལ་ནས་རྔ་ཆེན་བཞི་ལ་རྐང་གཡས་ལྕགས་རིའི་མདུན་དང་། གཡས་དང་། རྒྱབ་དང་། གཡོན་རྣམས་སུ་འདེགས་འབེབས་དང་དེ་བསྟུན་ལག་གཉིས་ཀྱང་གསིག་རྗེས་རྔ་ཆུང་གཅིག་ལ་རྐང་གཡོན་མདུན་དུ་བསྐོར་འབེབས་ཀྱིས་གཡོན་གཡས་ཀྱི་ཛམ་བླངས་ནས་བཞི་འགྲོས་ལ་འཇུག་སྟེ་སྟག་མོའི་རྔམས་འཆམས་ཞེས་བྱའོ། །དེ་ལས་ཕཊ་ཀྱིས་བསྒྱུར་ཏེ་པད་རྩམས་དགག་སྐྱུར་གཏོད་པ་ནས། སྦྲམ་གཅིག་ནས་གསུམ་གྱི་བར་རོལ་པ་བྱས་རྗེས་བཞི་པར་གཡས་སུ་འཕར་བ་བསིགས་ཀྱི་ཛམ་ལེན་ནས་རྐང་གཡས་བཏེགས། རྔ་བྲེལ་བ་དྲུག་གི་བར་གཡོན་པའི་རྟིང་བསིགས་ཀྱིས་ཆོས་བསྐོར་དུ་བསྐོར་ནས། བདུན་ལ་རྐང་གཡས་ཕྱེ་དང་། བརྒྱད་ལ་གཡོན་ཟུར་དུ་ཕབ། དགུ་དགུ་ཞེས་པའི་ཛམ་ལ་གཡོན་གཡས་ཀྱི་ཛམ་བླང་ནས་བཞི་འགྲོས་ལ་འཇུག་སྟེ་ལྕེ་སྤྱང་གི་བསིགས་འགྲོས་ཀྱིས་བསྐོར་བ་ཞེས་བྱའོ། །དེ་ལས་ཕཊ་ཀྱིས་བསྒྱུར་ཏེ། སྦིར་སྦྲམ་ཚན་གཉིས་ལ་མདུན་དུ་དགག་པད་དང་ལག་གཡས་འཐེན་བརྒྱང་། སྦྲམ་སྦྲམ་ལ་རྐང་གཡོན་འདེགས་འབེབས་ཀྱིས་གཡས་སུ་ཁ་བསྐྱུར་ཏེ། སྦིར་སྦྲམ་ཚན་གསུམ་ལ་དགག་པད་སྐྱུར་གཏོད་བྱས་རྗེས། རྔ་ཐིང་ཆུང་བཞིའི་བར་ལ་ལག་གཡོན་དཀུར་བརྟེན་དང་གཡས་བརྐྱངས་པས་གཡབ་ཅིང་ཕྱིར་གོམ་གསུམ་ནུར་ནས། བཞི་བརྡུངས་དྲག་པོ་གཅིག་ལ་གཡས་སྡིགས་མཛུབ་ལིངྒར་བསྡིགས་པས་རྐང་གཡས་བརྐྱང་གིས་ནང་དུ་བསིགས་འགྲོས་གསུམ། དེ་ནས་རྔ་ཆུང་གཉིས་ལ་རང་སར་བསྡད་ནས་ཆེ་གཉིས་ལ་རྐང་གཡས་འདེགས་འབེབས་ཀྱིས་གཡོན་ཕྱོགས་སུ་ཁ་བསྒྱུར་ནས་ལག་པད་སྐྱུར་གཏོད་ནས། རྔ་ཐིང་ཆུང་བཞི་ལ་གཡོན་པས་ཕྱིར་གཡོབ་པ་དང་། ཆེ་བཞི་ལ་གཡོན་བརྐྱང་གིས་ནང་དུ་བསིགས་འགྲོས་གསུམ་ནས་ཆུང་གཉིས་ལ་རང་ས་དང་། འབྲིང་བརྡེག་གཉིས་ལ་གཡས་སུ་ལྡོག་གཡོམ་གྱིས་རོལ་བསིག་རྗེས། གཡོན་གཡས་ཀྱིས་ཛམ་བླངས་ནས་བཞི་འགྲོས་ལ་འཇུག་སྟེ་སྤྱང་མོ་འདུར་འགྲོས་ཀྱིས་གཡབ་ཅིང་འཆམས་ཞེས་བྱའོ། །དེ་ལས་ཕཊ་ཀྱིས་བསྒྱུར་ཏེ་སྦིར་སྦྲམ་ཚན་གཉིས་ལ་མདུན་དུ་དགག་པ་དང་གཡས་འཐེན་བརྒྱང་། སྦྲམ་སྦྲམ་ལ་རྐང་གཡོན་གྱིས་གཡས་སུ་ཁ་བསྒྱུར་ཏེ་སྦིར་སྦྲམ་ཚན་གཉིས་ལ་དགག་པད་འཐེན་བརྒྱངས། དེ་བཞིན་དུ་མདུན་དུ་རྐང་གཡས་ཀྱིས་བསྒྱུར་བའི་དགག་པད་འཐེན་བརྒྱངས་དང་། རྐང་གཡོན་གྱིས་གཡས་སུ་ཁ་བསྒྱུར་ཏེ་དགག་པད་སྐྱུར་གཏོད་བྱས་རྗེས། གཅིག་གཅིག །གཉིས་གཉིས་ཞེས་འཐེར་བརྡུང་ཁོ་ན་ལས་འཐེན་བསྲིག་རྣམས་ཆེ་རྒྱག་དང་། གཞན་ཆུང་རྒྱག་གིས། གཅིག་གཅིག་ལ་སྡིགས་མཛུབ་གཉིས་ནང་དུ་ལིངྒར་བསྡིག་ཅིང་། གཉིས་གཉིས་ལ་རྐང་གཡས་འཐེན་ནས་གཡོན་ལྕགས་རིས་ལ་བསྒྱུར་ཅིང་སྡིགས་མཛུབ་གཉིས་ཕྱིར་འཕྱང་ནས་གཅིག་གཅིག་ལ་རང་སར། གཉིས་གཉིས་ལ་རྐང་གཡོན་འདེགས་འདེབས་དང་གཡས་ལྕགས་རིས་གཉིས་གཅིག་གཅིག །གཉིས་གཉིས་ལ་སྡིགས་མཛུབ་ནང་བསྡིགས། ཡང་སྡིགས་མཛུབ་ཕྱིར་འཕྱར་གྱིས་གཅིག་གཅིག་ལ་རང་ས་དང་། གཉིས་གཉིས་ལ་པུས་མོ་གཡོ་བཙུག་ཀྱིས་ཙོག་པུར་ལྷན་གྱིས་འདུག་ནས་གཡོན་གཡས་སུ་རོལ་པ་གཉིས་རེ་བྱས་རྗེས་ཧར་ལངས་ཀྱིས་ལག་གཡོན་དཀུར་བརྟེན་དང་གཡས་འཕྱར་བས། རྔ་དགུ་བརྡུངས་ཀྱི་དྲུག་གི་བར་རྟིང་བསིགས་གཡོན་དུ་བསྐོར་ནས་བདུན་བརྒྱད་ལ་ལག་གཡས་ཕྱིར་བསྐོར་བས་དགུ་ལ་ལིངྒ་སྡིགས་མཛུབ་གྱེན་བསྟན་གྱིས་བསྡིགས། བཞི་བརྡེག་ཆུང་བྲེལ་ཕྱེད་གཉིས་ལ་རང་ས་དང་། གསུམ་བཞི་ལ་རྐང་གཡས་ཀྱིས་གཡོན་དུ་བསྒྱུར་ཏེ་དགག་པད་འཐེན་བརྒྱངས། གཡོན་གྱིས་ནང་དུ་ལྡོག་སྟེ་དགག་པད་འཐེན་བརྒྱངས། གཡས་ཀྱིས་གཡོན་དུ་ལྡོག་སྟེ་དགག་པད་སྐྱུར་གཏོད་བྱས་རྗེས། གཅིག་གཅིག །གཉིས་གཉིས་ཞེས་རྔ་འཐེང་བརྡུངས་ལ་སྡིགས་མཛུབ་ནང་དུ་ལིངྒར་བསྡིགས་ཤིང་རྐང་གཡོན་འཐེན་པ། རྐང་གཡས་ལྕགས་རིས་སུ་བསྒྱུར་བ་སོགས་གཡས་གཡོན་གོ་ལྡོག་པ་མ་གཏོགས་སྔར་ཇི་ལྟ་བ་ལས། ལག་གཡས་འཕྱར་གྱིས་དགུ་ལ་ལིངྒར་སྡིགས་མཛུབ་གྱེན་བསྟན་གྱིས་བསྡིགས་ནས་བཞི་བརྡུངས་ཆུང་བྲེལ་ཕྱེད་གཉིས་ལ་རང་སར་བསྡད་རྗེས། ཕྱེད་ཕྱི་མར་གཡས་སུ་སྟོད་གཡོམ་གྱིས་རལ་བསིགས་ནས་གཡོན་གཡས་ཀྱི་ཛམ་ལེན་ཏེ་དྲེད་མོའི་རྒྱུག་འགྲོས་ཀྱིས་འཁྱིལ་ཞིང་བསྡིགས་པ་ཞེས་བྱའོ། །དེ་ནས། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམ་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་འབུལ། །ཞེས་པ་ལ་གདབ་ཁའི་རྩ་དབྱངས་བཅུག་སྟེ་འགྲོས་སྟབས་ཚིག་རྐང་རེ་ལ་བཞི་འགྲོས་ཚར་གཉིས་གཉིས་ལས་མི་འདྲ་བའི་ཁྱད་པར་གཡོན་པའི་བཞི་འགྲོས་ཀྱི་གསུམ་བཞི་ཞེས་པར་གཡས་སུ་འཐེན་ཏེ་འཆམས་པ་ཙམ་མོ། །དེ་ཡང་ཁམས་གསུམ་སྒྲོལ་གིང་དུ་མངའ་གསོལ་བའི་འཆམས་དཔོན་གྱིས་གདབ་ཕུར་ཐོགས་ལ། ཨེ་ཡི་ཞེས་པར་གཡས་ནས་བརྩམས་པའི་འགྲོས་བླངས་ཏེ། ཇི་སྲིད་རྐང་པ་བདུན་པ་རྫོགས་པའི་བར་དང་། བརྒྱད་པའི་རྡུལ་དུ་ཞེས་པ་ཡན་ལ་འཇམ་འགྲོས་བྱས་ནས་ཚོགས་ལ་འབུལ་ཞེས་པར་རྐང་པ་བཏེགས་ནས་ཤུགས་ཆེར་བསྐྱོད་ཅིང་དབྱངས་འགྲོས་འཚུབ་པ་དང་འཆམས་དཔོན་ནང་དུ་རིམ་གྱིས་ཞུགས་ནས་རྐང་པ་ཐ་མར་ལིངྒའི་མདུན་དུ་སླེབ་པར་བྱས་ནས་དབྱངས་རྫོགས་པའི་བའི་བའི་ལ་རྐང་གཡོན་བཏེགས་པའི་པད་བརྩམ་ནས་བཟུང་། ནང་དུ་བསིགས་འགྲོས་ཀྱིས་འགྲོ་བའི་སར་སྤྱང་མོ་འདུར་འགྲོས་ཀྱིས་གཡས་གཡོན་ཇི་ལྟ་བ་བཞིན་བྱ་སྟེ་རྔ་ཆུང་གཉིས་ལ་རང་སར་བསྡད་རྗེས། གསུམ་བཞི་ལ་ལག་ཡངས་པད་དང་། རྐང་གཡས་འདེགས་འབེབས་ཀྱིས་གཡོན་དུ་བསྐོར་ནས། རྐང་གཡོན་བཏེགས་ཏེ་གཅིག་གཉིས་ལ་རང་སར་འགྱིང་། གསུམ་བཞི་ལ་ཡངས་པད་དང་རྐང་གཡོན་གྱིས་ཕྱིར་ལྡོག་སྟེ་གཡས་བཏེགས་ནས་བཞི་གྲངས་གཅིག་ལ་དེ་ཁར་འགྱིང་ནས། སྦིར་སྦྲམ་ལ་གཡོན་པའི་རྟིང་བསིག་གིས་འཕར་ཏེ་རྐང་གཡས་སུ་ཕབ་ཅིང་གཡས་ཕྱོགས་སུ་རོལ་བསིགས་དང་། དེ་བཞིན་དུ་ནང་དུ་ཕྱིར་ཕྱོགས་སུ་རོལ་བསིགས་ཀྱིས་ཛམ་ནས། རབ་འབེབས་དང་བསྟུན་ནང་དུ་གཡས་སྔོན་འགྲོའི་གོམ་གཉིས་ནུར་ནས་ཙོག་པུར་བསྡད། ལིངྒའི་གནས་གསུམ་དུ་ཕུར་བུ་གདབ། དེའི་ཚེ་སློབ་དཔོན་དཔལ་ཆེན་པོའི་ང་རྒྱལ་ལ་གནས་པས་ཏིང་ངེ་འཛིན་གྱིས་སྒྲོལ་བའི་ཐབས་ཀྱིས་མཛད་སྤྱོད་ཚེ་ཁྲུས་ཀྱི་དགོངས་པ་ལ་བཞག་གོ། །དེ་ནས་སྒྲོལ་གྲི་ཐོགས་ཏེ་རོལ་པ་གཉིས་བླང་རྗེས་ཧར་ལངས་ཀྱིས་རྐང་གཡས་ལྕགས་རིས་སུ་བཀོད་ནས་རྐང་པ་མི་བཏེགས་པ་མ་གཏོགས་གཞན་སྔར་བཞིན་ལྕེ་སྤྱང་གི་བསིགས་འགྲོས་ཇི་ལྟ་བས་བསྐོར་བས་མཇུག་གི་གཡོན་གཡས་ཀྱི་ཛམ་ནས། ཧཱུྃ། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཐལ་བ་བཞིན་དུ་བརླག་བྱས་ནས། །དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པར་དབྱངས་འགྲོས་གཉིས་ཀ་སྔར་ལྟར་ལ་བསྡད་ནས་སྒྲོལ་གྲིས་དམིགས་ཡུལ་ཕོ་མོའི་ཁྱད་པར་གྱིས་རྐང་པ་གཡས་གཡོན་གང་རིགས་ནས་བརྩམས་ཏེ་དུམ་བུར་གཏུབ་ཅིང་། སྔ་ཕྱི་གཉིས་ཀའི་གདབ་སྔགས་སོ་སོར་བཤད་པ་བཞིན་ནམ་བསྡུས་པ་ལ་དགའ་ན་གཉིས་ཀ་ལ་རུ་ལུའི་རྗེས་སུ། སརྦ་དུཥྚན་མཱ་ར་ཡ་ཧཱུྃ་ཕཊ། །ཅེས་སྤེལ་བས་ཀྱང་རུང་ངོ་། །དེ་ནས་ལངས་ཏེ་ལྕེ་སྤྱང་གི་བསིགས་འགྲོས་ལྟ་བུས་བསྐོར་བའི་ཚེ། འཆམས་དཔོན་གྱིས་གྲངས་བདུན་གྱི་བར་བརྒྱང་འགྲོས་ཀྱིས་གྲལ་དུ་ཞུགས་ནས་གཡོན་གཡས་ཀྱི་ཛམ་རྗེས་ཕཊ་ཀྱིས་བསྒྱུར་ཏེ། ལྔ་དྲུག་གི་བར་དགུ་སྐོར་རླུང་འཚུབས་མ་སྤྱི་ལྟར་ལས། བདུན་ལ་རྐང་གཡོན་མི་འབེབས་པར། བརྒྱད་ལ་ཕབ་རྗེས། དགུ་དགུ་ཞེས་པར་རྐང་གཡས་གཡོན་འདེགས་འཇོག་དང་བསྟུན་ལག་སྟབས་ཀྱི་ཁྱད་པར་དགུ་བསྐོར་ཚར་བཞིའི་དང་པོ་ལ་གཡས་འཕྱར། གཉིས་པར་གཡོན་འཕྱར། གསུམ་པར་གཉིས་ཀ་བརྒྱངས་པ། བཞི་པར་དཀུར་བརྟེན་པ་རྣམས་ཏེ། །དེ་དག་ལ་ཕོ་ཉའི་བསྒྲལ་འཆམས་ཞེས་བྱའོ། །དེ་ནས་ཡེ་ཤེས་སྟོབ་གང་གི་ཆས་སུ་ཞུགས་པ་ཡོད་ན་དང་། མེད་ན་ལས་རྡོར་གྱིས་ལིང་རོ་ཞིང་ལྤགས་ཀྱི་སྣོད་དུ་སྤུངས་ལ་རོག་དང་བཅས་པས་བཏེགས་ནས་སྨན་རཀ་སྦྲེང་ཞིང་། འཆམས་དཔོན་གྱིས་ཕཊ་ཀྱིས་བསྒྱུར་ཏེ་བཞི་འགྲོས་བླངས་ནས་གཡས་པའི་གསུམ་བཞིའི་འགྲོས་ཐོག་ཡངས་པད་བྱ་སྟེ་མདུན་དུ་ལག་གྱེན་བསྟན་གྱིས་བསྙབ་ནས། ཧཱུྃ། བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ། །ཉི་མ་སྟོང་གི་འོད་ཟེར་བརྡལ་བ་ལྟར། །ཞེས་པ་ལ་སྟོབ་དབྱངས་ཆེ་བ་འགྲོས་དང་བཅས་པ་བྱ་སྟེ། བཻ་ཌཱུར་སྔོན་ཡན་ལ་རྐང་གཡོན་བརྐྱང་དང་ལག་གཉིས་མདུན་དུ་གྱེན་བསྟན་མཉམ། པོའི་ལ་རྐང་གཡོན་མདུན་དང་གཡས་ཀྱིས་འགྲོས་སུ་ཅུང་ཟད་སྤོ་ཞིང་ལག་གཉིས་གཡས་འཕྱར་གྱིས་སྟོབ་པའི་སྟངས་ཀ །རིན་འས་ལ་རྐང་གཡོན་བཏེགས་འབེབས་དང་ལག་གཉིས་གཞོལ། ཆེན་ལ་རྟིང་བསིགས་དང་ལག་གཉིས་སྟོབ་ཚུལ། རི་ལ་རྐང་གཡས་གཡོན་བསྐོར་གྱིས་འགྲོ་ཕྱོགས་འབེབས་པ་དང་གཡོན་སྟོབ། རབ་ལའང་རྐང་གཡས་བཏེགས་འབེབས་དང་གཡོན་སྟོབ། ལ་ཞེས་པར་རྐང་གཡས་མདུན་དུ་ཟོལ་པོ་དང་ལག་གྱེན་མཉམ། ཝ་ལ་གཡོན་དྲུད་ཅིང་དབུས་སྟོབ། བའི་ལ་རྐང་གཡས་ཅུང་ཟད་སྤོས་ཏེ། བའི་ཉི་ཡ་མ་ཞེས་པར་གཡོན་པའི་རྟིང་བསིགས་ཀྱིས་གཡས་གཡོན་དུ་ལྡོག་སྟེ། སྟོང་ལ་རྐང་གཡས་གཡས་འཐེན་དང་ལག་གཉིས་གཡས་སུ་སྟོབ་པའི་སྟོང་ག་གི་འོད་ཟེར་བརྡལ་ལ་ཞེས་པ་ཡན་སྔར་ལྟར་ལས། བ་ཞེས་པར་རྐང་གཡས་ཅུང་ཟད་བཏེགས་འབབ་དང་གཡོན་དྲུད་དེ་དབུས་སུ་སྟོབ། ལྟར་ར་ལ་རྐང་གཡོན་འགྲོ་ཕྱོགས་སུ་སྤོ་ཞིང་གཡས་ཕྱིར་དྲུད། འ་ཝའི་ལ་རྐང་གཡོན་བཏེག་ལེན་ནས་རོལ་འགྲོས་ལ་འཇུག །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན། །དཔལ་ལྡན་གཟི་བྱིན་འབར་ལ་ཕྱག་འཚལ་ལོ། །ཞེས་པའང་དབྱངས་འགྲོས་གཉིས་ཀ་སྔ་མ་ཉིད་ལྡབ། དེ་ནས། འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡི། །འཇིགས་བྱེད་རྔམས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་སྟེ། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང་། །ཁམས་གསུམ་ཟ་བར་ཆས་པའི་རྐན་སྒྲ་ཅན། །ཉི་ཟླ་རབ་ཏུ་འབར་བའི་སྡང་མིག་གིས། །བདུན་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་པའི་ཤྭ་ལོ་ཀ་གཉིས་པོ་ལ་ལྷའི་རྐང་སྟོན་སྟོབ་པའི་རྩ་དབྱངས་བཅུག་སྟེ། འོད་ཕུང་སྟུག་པོ་ཞེས་པའི་བར་རྐང་གཡོན་བརྐྱང་དང་ལག་མཉམ་སྟེ་འདུག །སྤྲིན་ལྟར་ལ་སྟོད་གཡོམ་དང་བཅས་པ་རྐང་གཡས་གཡས་སུ་སྤོས་ནས། འཁྲིགས་པ་ལ་རྐང་གཡོན་དྲུད་ཅིང་ལག་གཉིས་གཡས་སྟོབ། ལ་འ་ཞེས་པར་རྐང་གཡོན་བཏེགས་ནས་ཡི་ཡ་དོར་སྟབས་སུ་ཕབས། འ་ཝའི་འེ་ཡ་རྣམས་ལ་རང་སར་འགྱིང་། འཇིགས་བྱེད་རྔམ་སྟབས་ཀྱིས་རྐང་པ་གཅིག་པོར་རྐང་ལག་ལྡོག་པས་གཡོན་སྟོབ་སྟེ། ཚུལ་དེས་གཡས་གཡོན་རེས་མོས་ཀྱིས་ཤྭ་ལོ་ཀ་དང་པོ་སོང་བའི་མཇུག་གི་འེ་ཡ་ཞེས་པར་རྐང་གཡས་གཡས་སུ་སྤོས་པའི་ལེན་ནས་ཡོང་ཕྱོགས་སུ་རྐང་གཡོན་ནས་བརྩམས་པའི་བཞི་འགྲོས་ལ་བཅུག་པའི་གཡོན་འགྲོས་ཀྱིས་གསུམ་བཞི་ཞེས་པར་ཡངས་པད་མཐར་ལག་གྱེན་བསྟན་མཉམ་ནས། མི་བཟད་མཆེ་བ་སོགས་ལ་དབྱངས་འགྲོས་གཞན་སྔར་ལྟར་ལས་ཐོག་མར་གཡོན་སྟོབ་དང་མཇུག་ཏུ་གཡས་ནས་བརྩམ་པའི་བཞི་འགྲོས་ཀྱིས་འགྲོ་ཕྱོགས་ལ་བསྐོར་མཐར་ལག་གྱེན་མཉམ་ནས། དུག་གསུམ་སྟོབ་པ་རྒྱས་པ་ནི། འབྱུང་པོའི་ཤ་ནི་ཟན་ལས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་ཁྲག་ནི་ཆང་ལས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་རུས་པ་མར་ལས་ཞིམ། །ཞེ་སྡང་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ཤྭ་ལོ་ཀ་གསུམ་པོ་ལ་རེ་རེ་ལ་གཡས་གཡོན་དབུས་རྣམས་སུ་འགྲོ་ཞིང་། བསྡུས་པ་ལ་དགའ་ན། དུག་གསུམ་དགྲ་བགེགས་བསྒྲལ་བ་ཡི། །ཤ་ཁྲག་རུས་གསུམ་སོགས་ཀྱི་ཤྭ་ལོ་ཀ་གཅིག་པོར་དུག་གསུམ་སྟོབ་ཀྱི་རྩ་དབྱངས་རྩ་གདངས་སུ་གྲགས་པས་བཀབ་སྟེ་ཧཱུྃ་ལ་རྐང་གཡོན་བཏེགས་པའི་ལེན་ནས། ཚིག་རྐང་གི་འོག་ཐམས་ཅད་ལ་རྐང་གཡས་འདེགས་པ་ཕྱོགས་སོ་སོར་ལྡོག་ཚུལ་ཤེས་པར་བྱས་ལ། ལག་གཉིས་སྟོབ་པའི་སྟངས་ཀ་གཡས་གཡོན་ཁྱེར་ཞིང་རྐང་པ་གཡས་གཡོན་རེ་མོས་ཀྱིས་འདེགས་འབེབས་བྱེད་ལ་འཇོལ་འགྲོས་སུ་གྲགས་པས་ཚིག་རྐང་དང་པོ་ལ་ཡོང་ཕྱོགས། གཉིས་པར་འགྲོ་ཕྱོགས། གསུམ་པར་དོ་རའི་རྒྱབ། བཞི་པར་དབུས་སུ་འགྲོ་བ་སྟེ། དེ་དག་ལ་རྡོ་རྗེ་སྲིན་པོའི་བསྟབ་འཆམས་ཞེས་བྱའོ། །དེ་ནས་དབྱངས་མཇུག་གི་གསོལ་ལ་ཞེས་པར་རྐང་གཡོན་བཏེགས་པས་ལེན་ནས་ཕཊ་ཀྱིས་བསྒྱུར་ཏེ། རྡོ་རྗེ་ཕྱེད་འགྲོས་ཚར་གསུམ་དང་སྦྲུལ་ནག་འཁྱིལ་འགྲོས་ཀྱིས་ཆས་འཇུག་ཁང་པར་རིམ་གྱིས་འགྲོ་ཚུལ་ནི་རྩ་འཆམས་ཇི་ལྟ་བའོ། །འདིར་རྡོལ་ཐབས་སུ་སྨྲ་བ་ཁ་ཅིག །རྩ་འཆམས་དང་གྲུབ་འཆམས་འདི་ཕུར་པའི་འཆམས་ཡིན་པས་སྒྱུ་འཕྲུལ་སོགས་ལ་སྦྱོར་བ་ནི་རིགས་པ་མ་ཡིན་ཞེས་ག་ཞ་བྱེད་པ་ནི་རང་རང་གི་མཐོང་རྒྱ་དང་རྣམ་དཔྱོད་ཆུང་བ་སྟོན་པ་ཙམ་སྟེ། རྒྱུ་མཚན་སྒྱུ་འཕྲུལ་ཁྲག་འཐུང་གི་འཆམས་ཀྱི་ཕྱག་བཞེས་ཟུར་ཆེ་ཆུང་ནས་རིམ་པར་འདར་ལ་བབ་སྟེ། ཆོས་རྗེ་བསོད་རྒྱན་པའི་བཀའ་བཞིན་ཤེས་རབ་སྣང་བས་ལམ་གྱི་དཀའ་སྤྱད་བཟོད་པར་བྱས་ནས་འདར་སྟོན་གྱི་དྲུང་དུ་ཕྱིན་ཏེ་ཚུལ་འདི་ལ་མཁས་པར་སྦྱངས་ཏེ། རྗེས་ཆོས་རྗེ་ཨེ་ཝཾ་རིམ་པར་རྣམས་ལ་བསླབས་ནས་ཕུར་པ་ལའང་སྒྱུ་འཕྲུལ་ཁྲོ་བོའི་རྩ་འཆམས་ཁོ་ནའི་ཕྱག་ལེན་ཚར་གཉིས་མཛད་ནས་སླད་ཀྱིས་ཕུར་འཆམས་སུ་བསྒྱུར་བ་ཡིན་པར་ལུས་འགྱུར་སྣང་བ་ལས། བདག་གིས་བླ་མའི་གནང་བ་ཐོབ། །བཀའ་བཞིན་བགྲོད་དཀའི་གནས་སུ་ཕྱིན། །དགོངས་བཞིན་སློབ་དཔོན་དམ་པ་རྙེད། །ཚུལ་བཞིན་འདི་དོན་བརྩོན་པས་སྦྱང་། །བཞེད་བཞིན་ལུས་བསྒྱུར་ཇི་བཞིན་ལོན། །ཆོས་ཀྱི་རྗེ་ལ་གཟིགས་པར་ཕུལ། །ཇི་བཞིན་ཡིན་ཞེས་རྗེས་སུ་གནང་། །བཀའ་འཁོར་དང་བཅས་རྣམས་ལ་བསླབ། །འདི་ལ་ཕྱག་ལེན་ལན་གཉིས་མཛད། །དེ་རྗེས་འབྱུང་གཞི་རཀྟ་དང་། །ཀེང་རུས་གཞལ་ཡས་ཁང་རྣམས་བསྣན། །ཀ་རི་སེང་ཧའི་འཆམས་ཚུལ་རྣམས། །ཕྱག་བརྙན་ཕྲ་མེན་ཕྱག་རྒྱར་བསྒྱུར། །འདི་ལ་ཕྱག་ལེན་མང་དུ་མཛད། །ཅེས་གསུངས་པ་ལྟར་ཡིན་པས་འདིར་སྒྱུ་འཕྲུལ་ཁྲོ་བོ་ལ་སྦྱར་བ་ནི་རང་ནོར་རང་གིས་སྤྱོད་པའི་ཕྱིར་ཤིན་ཏུའང་རིགས་ཤིང་འཐད་པ་ལགས་སོ། །དེས་ན་འདི་ཡི་ལག་ཁྲིད་ཀྱི་བརྒྱུད་པའང་། རྒྱལ་པོ་ཛཿནས་མཁས་པ་མི་གསུམ་ལ་བརྒྱུད་དེ་བོད་ཀྱི་ལོ་ཆེན་རྨ་གཉགས། གནུབས་ཆེན་ཡབ་སྲས། ཟུར་ཆུང་བ། གླན་ཆུ་བར་པ། རྒྱལ་བ་རྒྱ། སྒོམ་ཕུག་པ། འདར་སྟོན་གྲུབ་རྒྱལ། སྟོང་གསུམ་རྒྱལ་པོ། འདར་སྟོན་མཆེད་གཉིས། འདར་ཆོས་དབང་། དཔའ་འདར་རྣམ་གཉིས་དང་འབྲོ་སྟོན་ལ་བསྟན་པ་ལས། འདར་སྟོན་རིན་རྒྱལ། ཆོས་སློང་བ་བསོད་ནམས་དཔལ། སློབ་དཔོན་བྲག་རྡོར་པ། ཆོས་བསོད་གཉིས། ཆོས་རྒྱལ་གྲགས་པ་འབྱུང་གནས། གར་ཐིག་པ་ཆོས་དབང་། ཁོས་སྔགས་འཆང་ངག་དབང་གྲགས་པ། མི་ཡི་དབང་པོ་བི་ཛ་ཡ། གར་ཐིག་པ་ཀུན་འབྱུང་། མཁས་པ་བློ་བཟང་རབ་བརྟན་ཏེ་དེ་ཉིད་ཀྱི་དྲུང་དུ་ཁོ་བོ་ཅག་གིས་ཀྱང་རྗེ་བླ་མའི་བཀའ་སྩལ་ཐོད་དུ་བཅིངས་ནས་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོ་འདི་ཉིད་དུ་ཚུལ་བཞིན་དུ་སྦྱངས་པ་ལས་ཅུང་ཟད་ཤེས་པར་རློམ་པ་ཡིན་ནོ། །གཞན་ཡང་སེང་རྒྱ་མཁར་བ་དང་། སོ་ལུང་བའི་ཁྲག་འཐུང་རྩ་འཆམས། ཟུར་ཡང་དབེན་པའི་དམ་ཅན་གྱི་འཆམས་རྣམས་མཐོང་ཞིང་འཆམས་ཚུལ་གྱི་གནད་ཅུང་ཟད་རིགས་པར་བྱས་ཏེ། ཡི་གེ་འདི་ཡང་འདར་གྱི་ཡིག་རྙིང་དང་ལུས་འགྱུར་སྣང་བའི་ནང་གི་ཁྲོ་བོ་ང་བརྒྱད་ཀྱི་ཕྱག་ཆེན་བསྒྱུར་ཚུལ་སོགས་ལ་གཙོ་བོར་བརྟེན་ཅིང་། སེ་དང་རོག་གི་ཡི་གེ་སོགས་ལའང་ལེགས་པར་བརྟགས་ཏེ་ཁུང་དག་ཅིང་གོ་བདེ་བར་སྤེལ་བ་ཡིན་ནོ། །དཔལ་ལྡན་ཁྲག་འཐུང་སྒྱུ་འཕྲུལ་རྡོ་རྗེའི་གར། །ཀུན་བཟང་རྣམ་པར་རྩེན་པའི་རོལ་པ་ཡི། །གསལ་བར་མཚོན་འདི་མྱོས་བཙུན་གར་ཐིག་པ། །དྷརྨཱ་ཤྲཱིས་བརྗེད་བྱང་ཉིད་དུ་སྤེལ། །འདི་ལས་རབ་དཀར་བསོད་ནམས་གང་ཐོབ་དེས། །རྡོ་རྗེ་ལུས་ཀྱི་སྤྱོད་པ་རྨད་བྱུང་ལ། །བརྟེན་ནས་འགྲོ་ཀུན་ལས་དང་དངོས་གྲུབ་ཆེར། །བདག་གིར་སྐལ་བ་བཟང་པོ་མྱོང་གྱུར་ཅིག །ཤུ་བྷཾ་མསྟུ། སརྦ་ཛ་ག་ཏཾ།། །།


previousཁྲག་འཐུང་ཁྲོ་བོའི་འཆམས་ཀྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་པ། དྷརྨཱ་ཤྲཱི།next