Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྱུ་འཕྲུལ་ཞི་བའི་སྒོམ་ཁོག་ལམ་རིམ་གསལ་བའི་སྒྲོན་མེ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།
   


 
previousསྒྱུ་འཕྲུལ་ཞི་བའི་སྒོམ་ཁོག་ལམ་རིམ་གསལ་བའི་སྒྲོན་མེ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།next

སྒྱུ་འཕྲུལ་ཞི་བའི་སྒོམ་ཁོག་ལམ་རིམ་གསལ་བའི་སྒྲོན་མེ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།

སྒྱུ་འཕྲུལ་ཞི་བའི་བསྒོམ་ཁོག་ལམ་རིམ་གསལ་བའི་སྒྲོན་མེའི་དབུ་ཕྱོགས་སོ། །ༀ་སྭ་སྟི། གུ་རུ་དྷེ་ཝ་དྷཱ་ཀི་ལ་ན་མོ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་བསྐྱེད་པའི་རིམ་པ་འདི་ལག་ཏུ་བླངས་པའི་ལུགས་ལ། སྤྱི་དོན་གྱི་ཁོག་ཕུབ་པ་དང་། གཞུང་དོན་ཉམས་སུ་ལེན་པ་གཉིས་སོ། །དང་པོ་ནི། ཆོས་དང་ཆུ་གཉིས་ཕུག་ནས་བཤད་པར་བྱ་བ་ཡིན་པས། ཆོས་རྒྱུད་དྲི་མ་མེད་པ་འདིའི་ལུགས་ལ། དང་པོ་སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་སྡུད། རྒྱ་གར་མཁས་གྲུབ་རྣམས་ཀྱིས་བཀྲལ། ལོ་པཎ་སྐྱེས་མཆོག་རྣམས་ཀྱིས་བསྒྱུར། རྗེ་བཙུན་གོང་མ་རྣམས་ཀྱི་གསུང་ཚིག་དྲི་མ་མེད་པས་བརྒྱན་ནོ། །དང་པོ་ནི། ཐུགས་སྒྱུ་འཕྲུལ་དྲྭ་བ་ལ་ལེའུ་སྟོང་ཕྲག་བརྒྱ་པ་ཡོད་པ་ཟ་ཧོར་གྱི་ཡུལ་ན་བཞུགས། བོད་དུ་འགྱུར་བ་ལ། སྒྱུ་འཕྲུལ་སྡེ་བརྒྱད་བཤད་རྒྱུད་སྡེ་བཞི། ཁྱད་པར་དུ་རྩ་རྒྱུད་གསང་བའི་སྙིང་པོ་ལེའུ་ཉི་ཤུ་རྩ་གཉིས་པ་འདི་ཞི་ཁྲོ་གཉིས་ཀྱི་རྒྱུད་ཡིན་ཏེ། ལེའུ་བཅུ་བཞི་པ་ཡན་ཆད་མ་བསྒྱུར་རྣལ་མའི་དཀྱིལ་འཁོར། བཅོ་ལྔ་པ་མན་ཆད་བསྒྱུར་བ་ཁྲག་འཐུང་གིས་དཀྱིལ་འཁོར་སྟོན་པ་ཡིན་ནོ། །སྡུད་པ་པོའི་སྡུད་ལུགས་ནི། གསང་བདག་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་རྣམ་འཕྲུལ་ཡིན་ནོ། །རྒྱ་གར་མཁས་གྲུབ་རྣམས་ཀྱིས་བཀྲལ་ལུགས་ནི། འདི་ལ་པཎ་ཆེན་དུ་མའི་ཐུགས་དམ་བྱས་ཀྱང་། ཁྱད་པར་དུ་སྒྱུ་འཕྲུལ་ལ་མཁས་པ་སངས་རྒྱས་གསང་བས། ཞི་བ་ལ་སྒྱུ་འཕྲུལ་དྲྭ་བ། ཁྲོ་བོ་ལ་སྣང་བ་དམ་པ་རྒྱན་ཞེས་པའི་གཞུང་བྱས་ནས་ཡོད། ལོ་པཎ་སྐྱེས་མཆོག་རྣམས་ཀྱིས་བསྒྱུར་ལུགས་ནི། སྔ་འགྱུར་དང་། ཕྱི་འགྱུར་གཉིས་ཡོད་པ་ལས། འདིར་རེ་ཞིག་པཎྚི་ཏ་བྷི་མ་ལ་མི་ཏྲའི་ཞལ་ནས། ལོ་ཚ་བ་རིན་ཆེན་མཆོག་གིས་བསྒྱུར་བར་འདོད་མོད་ཀྱང་། དམ་པ་བདེ་བར་གཤེགས་པས་ནི། པདྨའི་བཞེད་པ་འཐད་པ་འདྲ། རྗེ་བཙུན་གོང་མིའི་གསུང་གིས་བརྒྱན་ལུགས་ལ། སྟོད་ཀྱི་གྲུབ་ཆེན་སོ་ཟུར་གནུབ་གསུམ་གྱི་ཕྱག་ལེན་ལོགས་སུ་ཤེས་ལ། འདི་ནི་དམ་པ་བདེ་བར་གཤེགས་པས་མཛད་པའི་ཆོག་བསྒྲིགས་ཡིན་ནོ། །འདི་ལ་སྦྱོར་བ་དང་། དངོས་གཞི། རྗེས་གསུམ་མོ། །སྦྱོར་བ་སྔོན་འགྲོའི་ཆོས་ནི། སློབ་དཔོན་སངས་རྒྱས་གསང་བ། །ཕྱོགས་བཅིང་བརྒྱད་ཀྱི་རིམ་རྫོགས་ནས། །ལས་ཀྱི་ལྷའི་རྣལ་འབྱོར་གྱིས། །མཆོད་རྫས་བྱིན་གྱིས་བརླབས་པར་བྱ། །བདུད་རྩི་ཆུས་བསང་བགེགས་བསྐྲད་འདུག །ཅེས་གསུངས་པས། བླ་མ་བཤེས་གཉེན་ནས་བཟུང་སྟེ། ཡེ་ཤེས་སྐུ་མཆོག་གི་བར་ཚང་བར་བྱའོ། །ཁྱད་པར་དུ་འདི་ཉིད་ཀྱིས་སྔོན་འགྲོ་ནི། ཀུན་རྫོབ་དང་དོན་དམ་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་གཉིས་ལས། དང་པོ་ཀུན་རྫོབ་སེམས་བསྐྱེད་ནི། བདག་དང་མཐའ་ཡས་པའི་སེམས་ཅན་རྣམས། ཡེ་གདོད་མ་ནས་སངས་རྒྱས་ཡིན་མོད་ཀྱང་། མ་རྟོགས་པའི་དབང་གིས་འཁོར་བ་ལ་འཁྱམས་པ་རྣམས། བྱང་ཆུབ་མཆོག་སངས་རྒྱས་ཐོབ་པའི་ཆེད་དུ་ཞི་བ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བསྒོམ་པར་སེམས་བསྐྱེད་དོ། །དོན་དམ་སེམས་བསྐྱེད་ནི། ཨེ་མའོ་ཞེས་པས། སྣང་བ་བཞིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་ངམ་ཞིང་ངོ་མཚར་ཞེས་པས། ཐམས་ཅད་སྐྱེས་པ་ལ་དམ་རྨད་ཀྱིས་ཆོས་ཞེས་པ། སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ལ་མཚར་བའོ། །དེ་དག་ཚོགས་གཉིས་ཡང་དག་རྫོགས་པའི་སངས་རྒྱས་སྐུ་ལྔ་པོ་ཀུན་གྱིས་ཐུགས་ཀྱི་བརྣག་བྱ་ཡིན་པས་ན་གསང་ངོ་། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་སྣང་བ་བཞིས་སྐྱེ་བ་མེད་པ་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཐམས་ཅད་སྐྱེ་བའོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལ་སྐྱེས་པའི་དུས་ཉིད་ནའང་དོན་དམ་པའི་བདེན་པ་ལ་སྐྱེ་བ་མེད་པའི་ཕྱིར་བདེན་གཉིས་དབྱེར་མེད་དུ་ལ་བཟླ་བའོ། །དེ་ནི་སེམས་ལྔ་ལས་གཡོ་ལྡང་བྱང་ཆུབ་ཀྱི་སེམས། སྐུ་ལྔ་ལས་ཆོས་སྐུ། ཡེ་ཤེས་ལྔ་ལས་སྟོང་པ་ཉིད་ཀྱིས་ཡེ་ཤེས་སོ། །དེའི་འགྲེས་ཀྱི་འོག་མ་བཞི་པོ་ལ་ཡང་ཤེས་པར་བྱ་སྟེ། ཨེ་མ༴ རྫོགས་པའི༴ ཆོས་ཉིད་འགག་པ་མེད་པ་ལས་ཀུན་རྫོབ་ཏུ་ཐམས་ཅད་འགག་པར་ལྟར་སྣང་། ཀུན་རྫོབ་ཏུ་འགག་པའི་དུས་དེ་ཉིད་ནའང་ཆོས་ཉིད་ལ་འགག་པ་མེད་པའི་ཕྱིར་བདེན་གཉིས་དབྱེར་མེད་དུ་ལ་བཟླ་བའོ། །དེ་ནི་འཇིག་འཇུག་བྱང་ཆུབ་ཀྱིས་སེམས་སོ། །མངོན་པར་བྱང་ཆུབ་པའི་སྐུ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཨེ་མ༴ རྫོགས་པའི༴ ཆོས་ཉིད་ལ་གནས་པར་བྱ་བ་དང་གནས་པར་བྱེད་མེད་པ་ལ། ཀུན་རྫོབ་ཏུ་ཐམས་ཅད་གནས་པ་ལྟར་སྣང་། ཀུན་རྫོབ་ཏུ་གནས་པའི་དུས་དེ་ཉིད་ནའང་ཆོས་ཉིད་ལ་གནས་པ་མེད་པའི་ཕྱིར་དབྱེར་མེད་དུ་ལ་བཟླ་བའོ། །གནས་པ་བྱང་ཆུབ་ཀྱི་སེམས། ལོངས་སྤྱོད་རྫོགས་པའི་སྐུ། མཉམ་ཉིད་ཡེ་ཤེས་སོ། །ཨེ་མ༴ རྫོགས་པའི༴ ཆོས་ཉིད་ལ་དམིགས་པར་བྱ་བའི་ཡུལ་མེད་པ་ལས་ཀུན་རྫོབ་ཏུ་ཐམས་ཅད་ལ་དམིགས་པ་ལྟར་སྣང་། ཀུན་རྫོབ་ཏུ་དམིགས་པའི་དུས་དེ་ཉིད་ནའང་ཆོས་ཉིད་ལ་དམིགས་པ་མེད་པའི་ཕྱིར་དབྱེར་མེད་དུ་ལ་བཟླ་བའོ། །དེ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས། རྡོ་རྗེའི་སྐུ། སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཨེ་མ༴ རྫོགས་པའི༴ ཆོས་ཉིད་ལ་ཕྱིར་འགྲོ་བ་དང་ནང་དུ་འོང་བ་མེད་པ་ཡིན་པ་ལས་ཀུན་རྫོབ་ཏུ་ཐམས་ཅད་འགྲོ་བ་དང་འོང་བ་ལྟར་སྣང་། ཀུན་རྫོབ་ཏུ་འགྲོ་བ་དང་འོང་བའི་དུས་དེ་ཉིད་ནའང་ཆོས་ཉིད་ལ་འགྲོ་འོང་མེད་པའི་ཕྱིར་བདེན་གཉིས་དབྱེར་མེད་དུ་ལ་བཟླ་བའོ། །དེ་ནི་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས། སྤྲུལ་པའི་སྐུ། བྱ་བ་གྲུབ་པའི་ཡེ་ཤེས་སོ། །གོང་གི་སེམས་བསྐྱེད་དེ་ནི་ལྟ་བའི་ངོ་བོ་ཡིན་ཏེ། གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱི་མ་སྐྱེས་མི་འགགས་དབྱེར་མེད་སྤྲོས་དང་བྲལ་བ་དོན་དམ་པ་ལྷག་པའི་ཆོས་སྐུ་ཆེན་པོ་ཡིན་པས། སྐྱེ་བ་མེད་པ་ནི་དོན་དམ་བདེན་པ། འགག་པ་མེད་པ་ནི་ཀུན་རྫོབ་བདེན་པ། གནས་པ་མེད་པ་ནི་དབྱེར་མེད་བདེན་པ། དམིགས་པ་མེད་པ་དང་། འགྲོ་འོང་མེད་པ་གཉིས་ནི་སྤྲོས་དང་བྲལ་བའི་བདེན་པ་ཡིན་པར་ཤེས་པར་བྱའོ། །ལྟ་བ་དེ་ཉིད་ཉམས་སུ་ལེན་པར་བྱེད་པ་ལ། བློ་རབ་འབྲིང་ཐ་མ་གསུམ་ཡོད་དེ། བློ་རབ་ཀྱིས་བསྐྱེད་རྫོགས་རོ་མཉམ་ཟུང་འཇུག་ཉམས་སུ་ལེན་པ་ཡིན་ཏེ། སློབ་དཔོན་སངས་རྒྱས་གསང་བས། སྒོམ་པ་རྣམ་བཞི་ཟུང་ལྡན་པར། །གདོད་མ་ཉིད་ནས་གོམས་པར་བྱེད། །ཅེས་པ་དང་། བརྟག་གཉིས་ལས། རིམ་གཉིས་མཉམ་པར་བཞག་ནས་ནི། རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཅེས་སོ། །རྒྱ་གར་གྱི་ན་རོ་པཎ་ཆེན་ཡང་འདིའི་རྗེས་སུ་འབྲང་བ་ཡིན་ནོ། །བློ་འབྲིང་གིས་དོན་དམ་ལམ་དུ་ཁྱེར་ནས་ཀུན་རྫོབ་གཏན་ལ་ཕབ་པ་ཡིན་ཏེ། མདོ་དགོངས་པ་འདུས་པ་ལས། དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྷག་པའི་དོན་དེ་དང་པོར་བསྒོམ། །ཞེས་པ་དང་། སངས་རྒྱས་གསང་བས། གལ་ཏེ་རྣལ་འབྱོར་འདི་མེད་ན། །རྒྱ་མཚོ་འཇིང་གི་ཕ་ཝང་ལྟར། །བསྐལ་པར་ལམ་ལ་བཙལ་བྱས་ཀྱང་། །དོན་མེད་སྙིང་པོ་སྐེམ་པ་ཡིན། །ཞེས་གསུངས་སོ། །བློ་ཐ་མས་ནི། བསྐྱེད་རིམ་ཀུན་རྫོབ་ལ་བརྟེན་ནས་དོན་དམ་གཏན་ལ་ཕབ་པ་ཡིན་ཏེ། དམིགས་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་སྐྱེ། །ཅེས་པ་དང་། གསང་བ་འདུས་པ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །རིམ་གཉིས་མཉམ་པར་བཞག་པའོ། །ཞེས་གསུངས་སོ། །ད་རེས་འདིར་ནི། དོན་དམ་སྐྱེ་མེད་ཀྱི་གནས་ལུགས་གདངས་འགག་པ་མེད་པར་ལྷའི་དཀྱིལ་འཁོར་དུ་ཤར་ལུགས་བཤད་པའོ། །སྤྱི་དོན་གཉིས་པ་དངོས་གཞི་ལ། ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་པ་དང་། ཆོ་འཕྲུལ་བཞིའི་གཞུང་བསྲང་བ་གཉིས་སོ། །དང་པོ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། འདི་ལྟར་དངོས་པོར་སྣང་བ་རྣམས་ནི་སྣང་དུས་ཉིད་ན་དངོས་པོ་མེད་པར་རང་སྣང་བས་ན་ཡུལ་དུ་རྟོག་པའི་ངག་གིས་སྨྲ་བ་དང་བློས་བསམ་པའི་ཡུལ་ལས་འདས་པའི་ཆོས་ཉིད་མ་བཅོས་པས་ན་དེ་བཞིན་ཉིད། འདའ་ཉམས་མེད་པས་ན་ཏིང་ངེ་འཛིན་ཞེས་བྱའོ། །གཉིས་པ་ཀུན་ཏིང་ནི། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་སྙིང་རྗེ་བསྒོམ་སྟེ། དཔེར་ན་ནམ་མཁའ་ལ་ནི་ནམ་མཁའ་བཞག་པ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་པར་འགག་མེད་དུ་སྙིང་རྗེ་ཀུན་སྣང་གིས་ཏིང་ངེ་འཛིན་བསྒོམ་པས་ཀུན་དུ་སྣང་བའི་ཏིང་ངེ་འཛིན་ཞེས་བྱའོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། འོག་གཞི་འབྱུང་བ་རིམ་བརྩེགས། རྟེན་གཞལ་ཡས་ཁང་ལྷ་དང་བཅས་པ་བསྐྱེད་པའི་རྒྱུ་ཡིན་པས་ན་རྒྱུའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཡང་སྐྱེ་མེད་མཚོན་པའི་ཡི་གེ་ཨ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོའམ་མཆོག་ཡིན་པས། དེ་ནི་བསྐྱེད་རིམ་པས་སྙིང་ཀའི་ཐད་དུ་བསྒོམ་པར་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པ་མཚོན་པའི་རྟགས་སུ། ཨ་དཀར་པོ་སྟེ་རབ་ཏུ་གསལ་ཞིང་བརྟན་པར་གྱུར་ནས་ཨ་དཀར་པོ་དེ་ལས། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ་སྟེ། ཨ་སྥ་ར་ར་ན་ཕཊ། ཨ་དཀར་པོ་དེ་ལ་བརྟེན་ནས་དེ་ལ་ཨ་དཀར་པོ་གཅིག་སྤྲོས། དེ་ལ་བརྟེན་ནས་གཉིས་སྤྲོས། དེ་ལ་བརྟེན་ནས་བཞི་སྤྲོས་ཏེ། དེ་བཞིན་དུ་ཇེ་མང་ཇེ་མང་ཇེ་རིང་ཇེ་རིང་དུ་སྤྲོ་བ་ནི། དང་པོ་དབུགས་ཀྱིས་སླེབ་ཚད་ཙམ། དེ་ནས་དྲིས་ཚོར་ཚད་ཙམ། དེ་ནས་མིག་གིས་མཐོང་ཚད་ཙམ། དེ་ནས་ནམ་མཁའི་ཁྱབ་པར་སྤྲོས་ཏེ། གཅིག་རྗེས་སུ་གཅིག་གཞུགས་ནས་སེམས་ཀྱིས་ཁྱབ་ཚད་ཨ་དཀར་པོ་ཡུངས་འབྲུ་ཙམ་གྱིས་གང་ནས། སཾ་ཧ་ར་ན་ཧཱུྃ། སླར་འོད་ཟེར་ཚུར་བསྡུས་ཀྱང་གཞི་པོའི་ཨ་མ་འཕེལ། ཕྱིར་ལ་མང་པོ་སྤྲོས་ཀྱང་གཞི་པོའི་ཨ་མ་འགྲིབ། དེ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །གོང་གི་ཨ་དེ་ཡང་། གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་དགོས་ཏེ། གང་ཞེ་ན། སང་ངེ་བ། ས་ལེ་བ། ལྷག་གེ་བ། ལྷང་ངེ་བའོ། །མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྒྱད་དེ། གཉིས་པ་ཆོ་འཕྲུལ་བཞིའི་གཞུང་བསྲང་བ་ལ་གཉིས་ལ། དང་པོ་རྟེན་བསྐྱེད་པ་ནི། བྲིས་བསྒོམ་འཆད་གསུམ་གྱི་དབང་དུ་བཤད་དགོས་ཏེ། བྲིས་པ་ས་ནས་ས་རུ་སྟེ། །བསྒོམ་པ་ས་ནས་གནམ་དུ་གཞལ། །འཆད་པ་དོན་རྟགས་སྦྱར་ཏེ་བཤད། །ཅེས་པས། དང་པོ་བྲི་བ་ནི། འགྱིང་ཕུར་གྱིས་ཤུལ་དུ་ཚོན་ལྔ་རིམ་པ་ལྟར་བླུག་ནས་བཀང་བ་ནི། འབྱུང་བ་རིམ་བརྩེགས་བྲི་བའི་དབང་དུའོ། །བསྒོམ་པ་ནི། ཨ་ལས་ཨེ་ཡྃ་བྃ་ལྃ་སུྃ་རྃ་རྣམས་སྤྲོས་པ་ལས། ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་རྒྱ་ཁྱོན་ནམ་མཁའ་དང་མཉམ་པ། དེས་སྟེང་དུ་ཡྃ་ལས་རླུང་ཞེས་གཞུང་བཞིན་ནོ། །དེའང་འཆད་པ་དོན་རྟགས་སྦྱར་ཏེ་བཤད་ན། ཕྱི་ལྟར་འབྱུང་བ་ལྔ། ནང་ལྟར་ཡུམ་ལྔ། གསང་བ་ལྟར་ཡེ་ཤེས་ལྔ་དང་སྦྱར་བར་བྱའོ། །ཡང་ན་ཕྱི་ལྟར་འབྱུང་བ་ལྔ། ནང་ལྟར་ཡེ་ཤེས་ལྔ། གསང་བ་ལྟར་ཡུམ་ལྔའི་མཁའ་ཀློང་ལྔར་འདོད་པར་སྣང་བ་འཐད་པར་མཐོང་ངོ་། །འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྒོམ་ཚར་ནས། རྡོ་རྗེའི་གུར་ཁང་ཁ་བསྐང་བ་ནི། ཨ་ལས་ཧཱུྃ་མཐིང་ནག་གཅིག་སྤྲོས་ཏེ་འོད་དུ་ཞུ་བ་ལས། རྡོ་རྗེ་རྒྱ་གྲམ་ཤར་གྱི་རྭ་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པར་གྱུར། དེ་འོད་དུ་ཞུ་བ་ལས་རྡོ་རྗེའི་གུར་ཁང་དུ་གྱུར་ཏེ། འོག་གཞི་རྡོ་རྗེའི་བྲག་རིས་གཏམ་པ། ཕྱི་ནང་ཐམས་ཅད་མེ་རི་འབར་བར་བསྒོམ། དེ་ཡང་། རྡོ་རྗེའི་རྭ་བས་བདུད་དཔུང་འཇོམས། མེ་རི་འབར་བས་ཉོན་མོངས་བསྲེག་པའི་རྟགས་སོ། །ཨ་ལས་བྷྲཱུྃ་སྤྲོས་པ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་གཞུང་བཞིན་ནོ། །བྷྲཱུྃ་ཅིར་ཡང་འགྱུར་བའི་ས་བོན་ཡིན་ཏེ། སྐབས་འདིར་གཞལ་ཡས་ཁང་བསྐྱེད་པའི་ས་བོན་དུ་འགྱུར་ལ། བི་ཤྭ་ནི་སྣ་ཚོགས། བི་ཤུདྡྷེ་ནི་རྣམ་པར་དག་པ་སྟེ། འབྱུང་བ་ལྔར་འཛིན་གྱི་རྟོག་པ་དག་ནས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་བསྐྱེད་པའི་སྔགས་སོ། །གོང་གི་བྷི་ཤུདྡྷེ་རྣམ་པར་དག་པ་ནི། བརྩིགས་པ་ལྔ་རིམ་རང་ཁ་མ་ཡིན་ཞིང་། ཡེ་ཤེས་ལྔའི་ངོ་བོ་ལ་དགོངས་པ་ཡིན་ནོ། །གདུལ་བྱའི་དགོས་འདོད་སྐོང་བའི་རྟགས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མེད་པའི་རྟགས་སུ་རྒྱ་ཁྱོན་ཚད་བཟུང་དུ་མེད་པ། འཁོར་བ་མ་སྤངས་འབྲས་བུ་ལྷུན་གྱིས་གྲུབ་ཅིང་ཡོན་ཏན་རྒྱས་པའི་རྟགས་སུ། དབྱིབས་གྲུ་བཞི། ཡེ་ཤེས་ལྔ་རྫོགས་པའི་རྟགས་སུ་བརྩིགས་པ་ནང་ནས་རིམ་པ་བཞིན་སྔོན་པོ། དཀར་པོ། སེར་པོ། དམར་པོ། ལྗང་ཀུ་ལས་བྱས་པ། དེ་ཡང་མེ་ལོང་ཡེ་ཤེས་འགག་མེད་དུ་ཤར་ཞིང་འགྲོ་བའི་རྒྱུད་ལ་འཆོས་འཁོར་བསྐོར་བའི་རྟགས་སུ། ཤར་ལོགས་འཁོར་ལོ་དཀར་པོས་བརྒྱན་པ། མཉམ་ཉིད་ཡེ་ཤེས་ཡོན་ཏན་རྫོགས་ཤིང་གདུལ་བྱའི་རེ་བ་སྐོང་བའི་རྟགས་སུ། ལྷོར་སེར་པོ་རིན་པོ་ཆེ། སོར་རྟོགས་ཡེ་ཤེས་ཆོས་སྤྱི་དང་རང་གིས་མཚན་ཉིད་མཁྱེན་ཅིང་། མཐའི་སྐྱོན་གྱིས་མ་གོས་པའི་རྟགས་སུ། ནུབ་དམར་པོ་པདྨ། བྱ་གྲུབ་ཡེ་ཤེས་ཕྲིན་ལས་སྣ་ཚོགས་ཀྱིས་བདག་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་རྟགས་སུ། བྱང་ལྗང་ཀུ་རལ་གྲི། ཆོས་དབྱིངས་ཡེ་ཤེས་ཀྱིས་ཕར་ལ་ཐམས་ཅད་འཇོམས་ཤིང་ཚུར་ལ་གང་གིས་མི་ཚུགས་པའི་ངོ་བོ་ལ་འགྱུར་བ་མེད་པའི་རྟགས་སུ། སྟེང་མཐིང་ནག་གིས་རྡོ་རྗེ་ཕོ་གྱོ་མོ་གྱོ་ཆོས་ཉིད་མི་འགྱུར་བ་ཡོན་ཏན་གཞན་ལ་དཔག་པའི་རྟགས་སུ། བརྩིགས་པའི་སྟེང་དུ་གསེར་ལས་གྲུབ་པའི་ཕ་གུ་གཉིས་སྣ་གཅིག་འགེབ། བདེན་པ་གཉིས་དབྱེར་མེད་པའི་རྟགས་སུ། ཕ་གུ་ལ་ཆུན་འཕྱང་རིན་པོ་ཆེའི་ཕྲེང་བ་རྒྱུས་པའི་དྲྭ་བ་ཡོད་པ། ཆུན་འཕྱང་ནི་མཛེས་གདུང་ལ་ཡོད་པར་བཞེད་དོ། །ཐབས་མ་འདྲེས་ལ་ཡོངས་སུ་རྫོགས་པའི་རྟགས་སུ། ཕ་གུའི་ནང་བརྩིགས་པའི་ཁ་ཆོད་རྣམས་ཐོག་ན་ཀ་ཐུང་ཉེར་བརྒྱད་ཀྱི་བར་དཔུང་ལྷས་ཀྱིས་སྦྲེལ་བའི་སྟེང་ན་མཛེས་གདུང་ལ་རིན་པོ་ཆེའི་ཤར་བུས་བརྒྱན་པ་དང་། ཡང་ན་ཤར་བུ་ནི་ཕྱི་རྩེའི་སྣར་ཡོད་པར་ཡང་བཞེད་དོ། །མདའ་ཡབ་ཤེལ་གྱི་མཆོད་རྟེན་གྱི་བར་ཐམས་ཅད་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་སྒྲེང་བ། ཡང་ན་མདའ་ཡབ་རིན་པོ་ཆེའི་ཐོང་པོར་འདོད་ཡང་ཟེར། ཐུགས་རྗེ་དང་སྤྲུལ་པའི་འཕྲོ་འདུ་རྒྱུན་མ་ཆད་པའི་རྟགས་སུ། མཛེས་གདུང་གིས་ཐོག་ན་ཕྱམ་རྩ་ཉེར་བརྒྱད་ཡོད་པའི་སྣར་སེང་མགོ་ཡོད་པའི་ཁ་ནས་མུ་ཏིག་གི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ་ལ་དྲིལ་བུ་རྔ་ཡབ་དང་ཟུར་གྱི་དྲིལ་བུ་ཆེན་པོ་ལ་རྔ་ཡབ་ཆེན་པོའི་བསིལ་ཡབ་འཕྱོ་བ། བསྙེན་གནས་བརྒྱད་རྫོགས་པའི་རྟགས་སུ་ཀ་གདན་དང་། འཕགས་ལམ་བརྒྱད་རྫོགས་པའི་རྟགས་སུ་ཀ་བ་དང་། རྣམ་ཐར་བརྒྱད་རྫོགས་པའི་རྟགས་སུ། ཀ་རྒྱན་དང་ཀ་གཞུ་རྣམས་རིན་པོ་ཆེ་འབར་བ་ལས་བྱས་པ་ཕྱོགས་མདོག །མི་འཇིགས་པ་བཞི་དང་ལྡན་པའི་རྟགས་སུ། ཀ་བའི་ཐོག་ན་གདུང་བཞི་མིག་མང་རིས་སུ་བྲིས་པ། སྟོང་ཉིད་བཅོ་བརྒྱད་ཕར་ཕྱིན་བཅུ་རྫོགས་པའི་རྟགས་སུ། ཕྱམ་རྩ་རིན་པོ་ཆེའི་གདུང་ཕྲན་ཉེར་བརྒྱད་ཕྱོགས་བཞིར་བཞི་བཞི། ཟུར་དུ་གསུམ་གསུམ། སྟོབས་བཅུ་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པའི་རྟགས་སུ། ཕྱམ་རྩེ་གདུང་ཐུང་ཉེར་བརྒྱད་ཀྱིས་མཐུད་པ། འདོད་ཡོན་ལྔ་མ་སྤངས་རྣམ་དག་རྒྱན་དུ་རྫོགས་པའི་རྟགས་སུ། འདོད་ཡོན་གྱི་ལྷ་མོ་དཔག་མེད་ཕྱོགས་བཅུར་འཁྲིགས་པ། བསྒོམ་དབང་དུ་ཁ་ཁྱེར་ལ་བསྒོམ། སྔར་གྱི་བཤད་སྲོལ་ཁ་ཅིག་ལ། གོང་གི་ཕ་གུའི་སྟེང་དུ་མཆོད་སྣམ་དམར་པོ་གྱང་གཞུང་བསྐྱང་བ་ལྟ་བུ་ཡོད་པར་འདོད་པ་སྣང་ཡང་། ཚུལ་དེ་ནི་བྲི་བསྒོམ་འཆད་གསུམ་གང་དང་ཡང་མི་མཐུན་སྟེ། བྲི་བའི་དབང་དུ་ཐིག་དང་མི་མཐུན་སྟེ་མཆོད་སྣམ་གྱི་ཕྱི་ན་ཕ་གུ་ཡོད་དགོས་པའི་ཕྱིར་དང་། བསྒོམ་པའི་དབང་དུ་མི་མཐུན་པ་ནི། དམར་ཆ་སྟེང་དུ་སོང་བས་འཆི་བ་རྙེད་པ་དང་། འཆད་པའི་དབང་དུ་མི་མཐུན་པ་ནི། ལས་རླུང་གིས་ཡེ་ཤེས་ཀྱིས་རླུང་མནན་པས་ནམ་ཡང་ལམ་དུ་མི་འགྱུར་བའི་སྐྱོན་རྣམས་ཡོད་ཅིང་། གང་དང་ཡང་མི་མཐུན་པས་སྤང་བར་བྱའོ། །ཆོས་རྗེ་ཟུར་པ་ཚང་གིས་བཞེད་པ་ལ། མཆོད་སྣམ་གྱི་ཕྱི་ན་ཕ་གུ་ཡོད་པར་འདོད་དེ། པཉྩ་རཱ་གའི་ཕྱི། འདོད་ཡོན་དམར་པོའི་སྟེང་། ཕ་གུ་སེར་པོའི་ནང་། སྟེང་གི་བྱ་འདབ་ཀྱི་འོག །ཀ་ཐུང་བཅུ་དྲུག་གི་ཕྲག །དྲྭ་བ་དྲྭ་ཕྱེད་ཀྱི་གསེབ་ན་མཆོད་པའི་ལྷ་མོ་རྣམས་ཀྱི་མཆོད་པ་འབུལ་བར་བསྒོམ་ཏེ། དེ་ཡང་གཟུགས་ཀྱི་ལྷ་མོ་དཀར་མོས་མེ་ལོང་བསྣམས་པ་དང་། སྒྲའི་ལྷ་མོ་སྔོན་མོས་ཕྱག་ན་པི་ཝང་བསྣམས་པ། དྲིའི་ལྷ་མོ་ལྗང་ཀུས་ཕྱག་ན་དྲིའི་དུང་ཆོས་ཐོགས་པ། རོའི་ལྷ་མོ་དམར་མོས་ཕྱག་ན་མཁར་གཞུང་གཡོས་ཀྱིས་བཀང་བ་ཐོགས་པ། རེག་བྱའི་ལྷ་མོའི་ཕྱག་ན་ན་བཟའ་པཎ་ཙ་ལི་ཀ་ཐོགས་པ་འཁྲིགས་པའོ། །ཐེག་པ་ལྔ་རྫོགས་པའི་རྟགས་སུ། བྱ་སྐྱིབ་ལྔ་དང་ལྡན་པ། ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་རྟགས་སུ། བྱ་སྐྱིབ་ཀྱིས་དབུས་གཙོ་བོའི་ཐོག་ཏུ་དར་མཐིང་ནག་གིས་བླ་རེ། ཐབས་དང་ཤེས་རབ་མཚོན་པའི་རྟགས་སུ། བྱ་སྐྱིབ་ཀྱི་འཁོར་ལོ་རྩིབས་བཞི་དོད་པའི་རྩེ་མོ་ནས་ཉི་ཟླ་འཁྲུག་པའི་སྐར་ཁུང་ལྡིང་བ། ཡེ་ཤེས་ཕྲ་མེན་དུ་མ་མཚོན་པའི་རྟགས་སུ། ཐོག་གི་བང་རིམ་གྱི་མཚམས་རྣམས་སུ་སྐར་ཚོགས་གསལ་བ། བྱུར་བུའི་ཕྱིའི་དབྱིབས་ནི། སངས་རྒྱས་གསང་བས་ཕྱི་དབྱིབས་མཆོད་རྟེན་མཁར་ཐབས་དང་། རྒྱལ་ཁབ་རི་བོ་གུར་དུ་འདོད། །ཅེས་དབྱིབས་ལ་ལྔ་ཡོད་པའི་མཆོད་རྟེན། དེ་ལ་བརྒྱད་ཡོད་པའི་ནང་ནས་བྱང་ཆུབ་ཆེན་པོའི་མཆོད་རྟེན་ལྟར་དུ་བཤད་ན། དྲན་པ་ཉེར་བཞག་བཞི། ཡང་དག་སྤང་བཞི། རྫུ་འཕྲུལ་རྐང་བཞི། དབང་པོ་ལྔ་མཚོན་པའི་རྟགས་སུ། བྱ་འདབ་བང་རིམ་བཞི། བུམ་རྟེན་སྟོབས་ལྔ། བུམ་པ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན། བྲེ་འཕགས་ལམ་བརྒྱད། སྲོག་ཤིང་སྐུ་གསུང་ཐུགས། འཁོར་ལོ་སྟོབས་བཅུ་རྣམ་ཐར་གསུམ་དང་བཅུ་གསུམ། གདུགས་ཐུགས་རྗེ་ཆེན་པོས་གདུལ་བྱ་ཉོན་མོངས་པའི་ཚ་གདུང་ལས་སྐྱོབས། འཕན་མཆོད་པའི་ལྷ་མོ། དེ་ལ་དྲིལ་བུ་འཕྱང་བ་སྟོང་ཉིད་ཀྱི་སྒྲ། གདུགས་ཀྱི་ཐོག་གིས་ཉི་ཟླ་ནི་ཐབས་ཤེས་རབ། ནང་ན་གཙོ་བོ་གང་བྱེད་ཀྱི་ཐུགས་ཕྱག་མཚན་གྱིས་མཚན་པ་ལ། རྡོ་རྗེའི་ཏོག་ནི་མི་ནུབ་བསྟན་པའི་རྒྱལ་མཚན་ནོ། །དེ་ཏིང་༴ ཀུན་ཏིང་༴ ཕྱག་རྒྱ་གཅིག་སྤྲོས་ཀྱི་རྣམ་ཐར་སྒོ་བཞི་ནས་འཇུག་པའི་རྟགས་སུ། གཞལ་ཡས་ཁང་གིས་ཕྱོགས་བཞིར་སྒོ་བཞི་ནི་རྒྱ་སྒོ་ལྟ་བུ་མ་ཡིན་སྒོ་ཁྱུད་ཅན་ནོ། །མ་རིག་པའི་མུན་པ་ལ་ཡེ་ཤེས་ཀྱིས་མཐོང་ཁོང་གསལ་བའི་རྟགས་སུ། སྒོ་ཁོང་སྒོ་སྲུང་གི་ཁང་པ་མུན་ནག་གི་གྲིབ་སོ་འཁྲིགས་པ་ལ་བཅུ་གཅིག་དོ་རྗེའི་འགྲིང་རྭའི་གསལ་བར་བྱེད་པ། འཁོར་བ་ལ་རྣམ་པར་ཐར་པའི་ཐེག་པ་བརྒྱད་བསྒྲོད་པའི་རྟགས་སུ། སྒོ་ཐེམ་རྟ་བབ་ཕྱི་བཞི་ནང་བཞི། རང་སའི་འབྲས་བུ་བརྒྱད་ཐོབ་པའི་རྟགས་སུ། རྒྱན་རྟ་བབ་བརྒྱད་ནི། རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། །མ་སྐྱེས་ཐབས་ཀྱིས་ཟ་ར་ཚགས། །རྣམ་འཕྱང་ཆུན་འཕྱང་ཤར་བུ་དང་། །སྣ་ཚོགས་ཁྱུང་མགོ་རིམ་པར་འཁྲིགས། །ཅེས་སོ། །དྲན་པ་ཉེར་བཞག་བཞི། ཡང་དག་སྤང་བཞི། རྫུ་འཕྲུལ་རྐང་བཞི་རིམ་པ་ལྟར་མཚོན་པའི་རྟགས་སུ། སྒོ་ཁང་ཕྱི་ཟུར་བཞི་པོ་ནས་རྟ་བབ་ཀྱིས་ཀ་གདན་དང་། བུམ་པ་ལས་བྱུང་བའི་ཀ་བ་ཀ་ཞུ་རྣམས་རིན་པོ་ཆེ་ལས་གྲུབ་པ་ཕྱོགས་མདོག །སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་དང་བདེན་བཞིའི་བསམ་གཏན་མཚོན་པའི་རྟགས་སུ། རྟ་བབ་ཀྱི་གདུང་རིང་གཉིས་ལ་གདུང་ཐུང་གཉིས་ཀྱི་སྣ་ལ་ཆུ་སྲིན་གྱི་ཞལ་གཉིས་ཡོད་པས་བཟུངས་ཏེ། ཏ་ར་ནི་རྟ་བབ། ན་ཡིས་ནི་ཆུ་སྲིན་སྟེ་བཟུངས་པའི་དོན་ཡང་དེ་བཞིན་ནོ། །གཞན་ཡང་སྒོ་རྒྱན་ལ། དབང་གི་རྟགས་བཅུ་དང་། སྒོ་ཁང་ནང་གི་རྒྱན་དགུ་དང་། བཀྲ་ཤིས་རྫས་བརྒྱད་དང་། རིན་ཆེན་སྣ་བདུན། བརྡ་དྲུག་གིས་བཤད་པ་ཡོད་པ་ལས། གཞན་རྣམས་ལོགས་སུ་ཤེས་ལ། འདིར་བརྡ་དྲུག་དང་རྒྱན་དགུ་བཤད་ན། རྟ་བབ་སྟེང་གི་ཆོས་འཁོར་ནི་གཙོ་བོའི་བརྡའོ། །རི་དྭགས་འཁོར་གྱི་བརྡ། འོག་གི་དབུས་ཀྱི་གཙོ་བོ་ཆེན་པོ་ནི་རྒྱབ་ནས་ལྟ་དུས་སྒོ་ནང་དུ་སྣང་བའི་ཚུལ་ནི་ངེས་དོན་གྱི་བརྡ། འཁོར་ལོའི་ཐོག་གིས་གདུགས་མདུན་རྒྱབ་གཡས་གཡོན་དུ་དར་དཔྱང་བཞི་འཕྱང་བ་ལ། གཉིས་ལ་གྷནྡྷེ་གཉིས་ཕྱང་བ་ནི་དྲང་དོན་གྱི་བརྡ། དར་ལྕེ་གཉིས་ལ་རྡོ་རྗེ་དྲིལ་བུ་གཉིས་བཏགས་པ་ནི་ཐབས་ཤེས་རབ་ཀྱིས་བརྡའོ། །སྒོ་ཁང་གི་རྒྱན་དགུ་ནི། སྨད་ན་ཉོན་མོངས་ཟིལ་གྱིས་གནོན་པ་ལ། གཏི་མུག་ནོན་ཅིང་སྟོབས་བཅུ་མཚོན་པ་ལ་གླང་ཆེན། ཞེ་སྡང་ནོན་ཅིང་མི་འཇིགས་པ་བཞི་མཚོན་པའི་སེངྒེ། འདོད་ཆགས་ནོན་ཅིང་ཚད་མེད་བཞི་མཚོན་པའི་ངང་པ། བར་ན་ལས་རྣམས་སོ་སོར་འབྱེད་པ་ལ། རི་དྭགས་སྙིང་རྗེ་དང་ལྡན་པས་སྡིག་ལས་མི་བྱེད་པས་གཡོ་བ་དང་། ཁྱིའུ་ཆུང་བཟོད་པ་དང་ལྡན་པའི་དགེ་སྡིག་གིས་བྱ་ར་བྱེད་པས་ལེགས་ཉེས་སྲང་ལ་གཏེགས་ཤིང་ཁྲམ་ལ་བཏབ་པའོ། །སྟེང་ན་སྡུག་བསྔལ་མ་སྤངས་དང་དུ་ལེན་པ་ལ། ཉོན་མོངས་ཡེ་ཤེས་སུ་ཤར་བའི་ཕྱིར་ཀླུ། དེ་ཉིད་ཐུགས་རྗེས་འཛིན་ཤེས་ལ་གཏོར་མི་ཤེས་པའི་ཕྱིར་ཆུ་སྲིན། ལྟ་བ་ཆོས་ཉིད་དུ་ཤར་བའི་བྱིན་རླབས་ཀྱིས་དེས་ཁྱུང་གིས་ཀླུ་རྒྱལ་ལས་བློང་བ་བཞིན་ནོ། །ཕྱིའི་རྒྱན་ནི། ཡེ་ནས་མཉམ་པ་ཉིད་ལ་མི་འདའ་བས་ཉོན་མོངས་གཏན་ནས་མི་སྐྱེ་བ་མཚོན་པའི་རྟགས་སུ། ཏ་ལའི་ལྗོན་ཤིང་མགོ་བོ་བཅད་ཟིན་བརྒྱད་དམ་བཅུ་དྲུག །མན་ངག་ལྟར་ན་མཁའ་འགྲོ་སུམ་ཅུ་སོ་གཉིས་ཀྱིས་གདན་ཡིན་པས་སོ་གཉིས་སུ་འདོད་གསུངས། གདུལ་བྱའི་རེ་བ་ཡིད་ལ་བསམ་པ་བཞིན་དུ་སྐོང་བར་མཚོན་པའི་རྟགས་སུ། དཔག་བསམ་ཤིང་ལ་རིན་པོ་ཆེའི་ཙོང་ཙོང་གིས་སྤྲས་ལ་དྲིལ་བུ་གཡེར་ཁའི་བརྒྱན་པ་ཏ་ལའི་གྲངས་དང་མཉམ་པ། དེ་དག་གིས་བར་དུ་རིན་པོ་ཆེའི་ཕ་ཝང་དང་། ཁྲུས་ཀྱི་རྫིང་བུ་ཡང་ཏ་ལ་དང་དཔག་བསམ་ཤིང་གིས་གྲངས་ལྟར་ཡོད་དོ། །འཁོར་བའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་མཚོན་པའི་རྟགས་སུ། ཏ་ལའི་རྒྱབ་ཏུ། གསེར་གྱི་ས་གཞིའི་སྟེང་། ནེའུ་སིང་སྔོན་པོའི་ཐང་། དེའི་ནང་ན་མེ་ཏོག་ལྟུམ་ཟེང་དཀར་པོའི་ཚལ་གྱི་སྟེང་དུ། དད་པ་ཅན་གཏམ་ཉན་པའི་འཁོར། འཇིག་རྟེན་གྱི་ལྷ་ཆེན་པོ་ལ་སོགས་དཔལ་མགོན་རྣམས་ཀྱི་གདན་ནོ། །རང་རིག་པའི་ཡེ་ཤེས་འབའ་ཞིག་ཏུ་སྣང་བའི་རྟགས་སུ། ནང་དང་ཕྱི་རོལ་ལྟ་བུ་མ་ཡིན་ཏེ། ཀུན་ཏུ་ཡང་ནང་དུ་གྱུར་པའོ། །འོག་གཞི་ནི། ཆོས་དབྱིངས་ཡེ་ཤེས་སྤྲོས་དང་བྲལ་བའི་རྟགས་སུ་ལྟེ་བ་ཟླུམ་པོ། དེ་ཉིད་ཡེ་ཤེས་བཞིར་སྣང་བའི་རྟགས་སུ་རྩིབས་བཞི། ཡེ་ཤེས་བཞིར་སྣང་དུས་ཆོས་དབྱིངས་ཡེ་ཤེས་ལས་མ་གཡོས་པའི་རྟགས་སུ། རྡོ་རྗེ་མུ་ཁྱུད་ཀྱིས་བསྐོར་བ། དེ་ཉིད་ཞི་བ་ཕྱོགས་གཅིག་པར་ལྷུང་བ་མ་ཡིན་ཏེ། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་གྲུ་བཞི། ཡེ་ཤེས་རེ་རེ་ལ་ཡང་ཡེ་ཤེས་བཞི་བཞི་ཤར་བའི་རྟགས་སུ་གློ་འབུར་མཁར་ཐབས་བཞིས་བརྒྱན་པ། བདེན་གཉིས་ཡ་མ་བྲལ་བའི་རྟགས་སུ་ལྷ་སྣམ་ཀུན་ཏུ་འཁོར་བ། ཐེག་པ་གཞན་ལས་འདིར་བླ་ན་མེད་པའི་ཐེག་པས་འཕགས་ཤིང་དེར་བགྲོད་པའི་རྟགས་སུ། ལྷ་སྣམ་ནས་ལྟེ་བའི་བར་ལ་རྡོ་རྗེའི་འགྲིང་བུ་རེ་རེའམ། ཁྲུ་རེ་རེའི་མཐོ་དམན་དུ་ཡོད་པའོ། །གདན་ལྔ་ནི། འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་དང་། སྨོན་ལམ་གུས་པའི་གདན་དང་། ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམས་པའི་གདན་དང་། སའི་ཁྱད་པར་བགྲོད་པའི་གདན་དང་། ཐུགས་རིག་པ་རང་སྣང་གིས་གདན་ནོ། །དང་པོ་ནི། ཆོས་འཁོར་རྒྱུན་ཆད་མེད་པ་བསྐོར་བའི་རྟགས་སུ། འོག་གཞི་འཁོར་ལོ་རྩིབས་བཞི་དང་། གཉིས་པ་སྨོན་ལམ་གུས་པའི་གདན་ནི། ས་མཐའི་བྱང་སེམས་སྨོན་ལམ་གྱི་དབང་གིས་སེངྒེ་ལ་སོགས་པར་སྤྲུལ་ནས་ལུས་གདན་དུ་ཕུལ་ནས་ཉོན་སྒྲིབ་སྦྱངས། རྣ་བས་ཆོས་ཉན་ནས་ཤེས་སྒྲིབ་སྦྱངས་བར་འདོད། གསུམ་པ་ཡོན་ཏན་གྱི་ཉེས་ཚོགས་བཅོམ་པའི་གདན་ནི། ཤེས་རབ་རང་བཞིན་མེད་པའི་རྟགས་སུ་ཉི་མ། ཐབས་འགག་པ་མེད་པའི་རྟགས་སུ་ཟླ་བ། ཐུགས་ལ་ཉེས་པའི་སྐྱོན་དང་བྲལ་བའི་རྟགས་སུ་པདྨ། གདུལ་བྱའི་རེ་བ་དགོས་འདོད་ལྷུན་གྱི་གྲུབ་པའི་རྟགས་སུ་རིན་པོ་ཆེའི་ཁྲི་རྐང་། དེ་ཡང་དཀོར་བདུན་ངོ་བོ་ཉིད་ལྷུན་གྱི་གྲུབ་པའི་རྟགས་སུ་ཁྲི་རྐང་རེ་རེ་ལ་མཛོད་མིག་བདུན་བདུན་ཡོད་པ། ལྔ་པ་ཐུགས་རིག་པ་རང་སྣང་བའི་གདན་ནི། སངས་རྒྱས་ཀྱིས་དགོངས་པར་འབྲས་བུའི་ཆོས་རྣམས་ལྷུན་གྲུབ་ཏུ་རྫོགས་པའི་རྟགས་སུ་སེམས་ཅན་ལྔའི་གདན་དུ་སྣང་སྟེ། མི་འཇིགས་པ་བཞིའི་རྟགས་སེངྒེ། སྟོབས་བཅུའི་རྟགས་གླང་པོ། རྫུ་འཕྲུལ་གྱི་རྐང་པ་བཞིའི་རྟགས་རྟ། དབང་བཅུའི་རྟགས་རྨ་བྱ། ཕྲིན་ལས་བཞིའི་རྟགས་ཤང་ཤང་། དེ་རྣམས་རེ་རེ་ལའང་བརྒྱད་བརྒྱད་རེ་ཁཱ་ཕྱོགས་བཞིར་བལྟ་བ། ཁྱི་ཚུགས་སུ་སྡོད་ནས་རོ་སྟོད་ཀྱི་ཁྲི་བཏེགས་པའི་ཚུལ་དུ་འདོད། གདན་གྱི་རིམ་པ་ནི། སྐྱེས་བུ་ལྔ་ལ་ལྔ་བརྩེགས་པ་སྟེ། སེམས་དཔའ་ལ་ནི་སུམ་བརྩེགས་སོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། ཀུན་བཟང་ཡབ་ཡུམ་བཞི་བརྩེགས་སོ། །ཅེས་གསུངས་ཀྱང་། སྤྱན་འགྲེལ་ལས། སྒོ་བ་ལ་ཉི་པད་གཉིས་བརྩེགས། ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་ལ་དགོད་པའི་ཚེ་གསུམ་བརྩེགས་དང་། ཆོས་འཆད་པའི་ཚེ་ལྔ་བརྩེགས་སུ་བཤད་དོ། །གདན་གྱི་སྟེང་དུ་ཟླ་བ་འོང་བའི་རྒྱུ་མཚན་ནི། གསང་སྙིང་འགྲེལ་བ་མང་དུ་སྣང་ཡང་། འདིར་འགྲེལ་པ་མངོན་རྟོགས་ལས། ཞི་བའི་ལྷ་ཀུན་ལ་ཟླ་བ་སྟེང་དུ་འོང་ལ། ཁྲོ་བོའི་ལྷ་ཀུན་ལ་ཉི་མ་སྟེང་དུ་འོང་ཞེས་བཤད་དོ། །མུ་ཏིག་གིས་དྲྭ་བའི་ཁྲི་ཁེབས་ནི་དམ་པའི་ཞལ་གཟིགས་ཡིན་གསུངས། རྟེན་བསྐྱེད་པའི་སྐབས་འདིར་འོག་གཞི་འབྱུང་བ་ལྔ་ཡང་ཡེ་ཤེས་ལྔ། ནང་གི་གདན་འཁོར་ལོ་ཡང་ཡེ་ཤེས་ལྔ། བརྩིགས་པ་ཡང་ཡེ་ཤེས་ལྔ། བརྩིགས་པའི་རྒྱབ་ན་ཡོད་པའི་ཕྱག་མཚན་ལྔ་ཡང་ཡེ་ཤེས་ལྔར་བཤད་པས་བལྡབ་བམ་ཞེ་ན། མི་བལྡབ་སྟེ། དཀྱིལ་འཁོར་ལ་གཞི་ལམ་འབྲས་བུ་ཚང་བ་དང་། ལྷ་ལ་གདན་གསུམ་འཛོམ་དགོས་གསུངས་ཏེ། དེ་ལ་འོག་གཞི་འབྱུང་བ་ལྔའི་ཡེ་ཤེས་ལྔ་ནི། གཞིའི་ཡེ་ཤེས་ལྔ་ཡིན་ལ། གདན་འཁོར་ལོས་ཡེ་ཤེས་ལྔ་མཚོན་པ་ནི་ལམ་ཡིན་ལ། བརྩིགས་པ་དང་དེ་ལ་དོད་པའི་ཕྱག་མཚན་ནི་འབྲས་བུའི་ཡེ་ཤེས་ཡིན་ཏེ། དེ་ལ་བརྩིགས་པའི་ཡེ་ཤེས་ནི། བདག་དོན་རྟགས་པའི་ཡེ་ཤེས་ལྔ་ཡིན་ལ། ཕྱག་མཚན་གྱི་ཡེ་ཤེས་ནི་གཞན་དོན་དུ་སྣང་ཚུལ་གྱི་ཡེ་ཤེས་ལྔ་མཚོན་ནོ། །ལྷ་གདན་གསུམ་འཛོམ་པ་ནི། དབུས་ན་སངས་རྒྱས་རིགས་ལྔའི་གདན། བར་ན་སེམས་དཔའ་སེམས་མའི་གདན། སྒོ་ན་ཁྲོ་བོ་ཁྲོ་མོའི་གདན་ནོ། །ད་ནི་བརྟེན་པ་ལྷ་བསྐྱེད་པའི་ཆོ་འཕྲུལ་ནི། ཨ་དཀར་པོ་ལས་ཀྵ་སྔོན་པོ་བྱུང་། ཨ་དང་ཀྵའི་ཁྱད་པར་ལས། དུར་མོ་དང་རྡོ་གཉིས་འཕྲད་པ་བཞིན་དུ། ཡི་གེ་བཞི་བཅུ་གཉིས་སུ་བྱུང་སྟེ། སོ་སོའི་གདན་ཐོག་ཏུ་བབ་པ་ལས། ཡབ་རྣམས་ཀྱིས་ཡི་གེ་ནི། ཐབས་འགག་མེད་མཚོན་པའི་རྟགས་སུ་ཡི་གེ་ལོག་པོ་ཡིན་ལ། ཡུམ་རྣམས་ཀྱི་ཡི་གེ་ནི་དབྱིངས་འགྱུར་བ་མེད་པ་མཚོན་པའི་རྟགས་སུ་དྲང་ཡིག་ཡིན་ནོ། །གསུང་ཡིག་འབྲུ་བསྒོམ་ཚར་ནས་ཁ་བསྐང་བ་ནི། འོད་འཕྲོས་བདེར་གཤེགས་གསུང་ལ་མཆོད། སེམས་ཅན་ངག་གི་སྒྲིབ་པ་ནི་ཐུན་མོང་དུ་བཞི། ཁྱད་པར་དུ་བརྟགས་པ་མངོན་པར་ཞེན་པའི་སྒྲིབ་པ་སྦྱངས། སླར་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཕྱག་མཚན་བཞི་བཅུ་གཉིས་སུ་གྱུར། དེ་ནས་ཐུགས་ཕྱག་མཚན་གཞུང་བཞིན་དུ་བསྒོམ་ལ། ཚར་བ་དང་། འོད་འཕྲོས་བདེར་གཤེགས་ཐུགས་ལ་མཆོད། སེམས་ཅན་ཡིད་ཀྱིས་ཐུན་མོང་དུ་གསུམ། ཁྱད་པར་དུ་གང་ཟག་གི་བདག་ཏུ་འཛིན་པའི་སྒྲིག་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཕྲ་མོ་བཞི་བཅུ་གཉིས་སུ་གྱུར། དེ་ལ་སྐུ་ཕྲ་མོ་ཚོན་གང་བ་བཞི་བཅུ་གཉིས་སུ་གྱུར། འོད་འཕྲོས་བདེ་གཤེགས་སྐུ་ལ་མཆོད། སེམས་ཅན་ལུས་ཀྱི་ཐུན་མོང་དུ་གསུམ། ཁྱད་པར་དུ་ཆོས་ལ་བདག་ཏུ་འཛིན་པའི་སྒྲིབ་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡོངས་རྫོགས་བཞི་བཅུ་གཉིས་སུ་གྱུར། ཧཱུྃ་རྒྱུ་མ་ནོར་བརྩེ་བའི་སྔགས། བཛྲ་དྷྲིཀ྄་ནི་རྡོ་རྗེ་སེམས་དཔའ་མཐིང་ཀ་རྡོ་རྗེ་འཛིན་པ་བསྐྱེད་པ་རྐྱེན་གྱི་སྔགས། རྩ་སྔགས་དང་བསྐྱེད་སྔགས་གཉིས་སྦྲེལ་བ་ནི་བཟླས་པ་ལས་སྔགས་སོ། །བཞི་བཅུ་རྩ་གཉིས་ཀྱི་སྔགས་ལྷག་མ་ཀུན་ལ་དེ་ལྟར་དུ་ཤེས་སོ། །ཡོངས་རྫོགས་ཞེ་གཉིས་ལ་དོན་རྟགས་སྦྱར་ནས་བཤད་ན། དེ་ཡང་གཞན་རྣམས་རྟོགས་པ་དང་སྦྱར། ཡིད་ཆོས་ཐུབ་པ་དྲུག་དག་པ་དང་སྦྱར་གསུངས་པས། དབུས་སུ་རྡོ་རྗེ་སེམས་དཔའ་ཆོས་དབྱིངས་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། རྣམ་ཤེས་ཕུང་པོ་འདི་གཞི་གདོད་མ་ནས་བཅོས་སླད་དང་བྲལ་བ་ཆོས་དབྱིངས་སྣང་སྟོང་གི་མཐའ་གང་དུའང་མི་བསྐྱོད་པས་མི་བསྐྱོད་པ་ཐུགས་ཆོས་དབྱིངས་ལ་འགྱུར་བ་མེད་པའི་ཕྱིར་སྐུ་མདོག་མཐིང་ག །དགོངས་པ་སྐྱེ་འཇིག་དང་བྲལ་བའི་རྟགས་སུ་ཕྱག་མཚན་རྡོ་རྗེ། ཤར་གྱི་རྩིབས་སྟེང་དུ་མེ་ལོང་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། གཟུགས་ཀྱི་ཕུང་པོ་བཅོས་སླད་དང་བྲལ་བ་དེ་ཉིད་རང་གསལ་བ་ལ་ཅིར་ཡང་སྣང་བའི་རྣམ་པར་སྣང་མཛད་སྐུ་དྲི་མ་དང་བྲལ་བའི་ཕྱིར་དཀར་པོ། སྐུའི་སྒོ་ནས་སེམས་ཅན་གྱི་དོན་མཛད་ནས་ཆོས་འཆད་དགོས་པའི་རྟགས་སུ་ཕྱག་ན་འཁོར་ལོ། ལྷོ་རིན་འབྱུང་མཉམ་ཉིད་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། ཚོར་ཕུང་འདི་གནས་སུ་དག་ནས་ཚོར་བ་ཡུལ་དུ་གསལ་བ་དང་སྟོང་པ་དབྱེར་མེད་པ་ལས་སངས་རྒྱས་ཀྱི་ཡོན་ཏན་ཀུན་འབྱུང་བས་རིན་ཆེན་འབྱུང་ལྡན། ཡོན་ཏན་ལ་དགོས་འདོད་འབྱུང་བའི་ཕྱིར་སེར་པོ། ཡོན་ཏན་གྱི་སྒོ་ནས་གདུལ་བྱའི་རེ་བ་སྐོངས་པའི་རྟགས་སུ་ཕྱག་ན་རིན་པོ་ཆེ། ནུབ་ཏུ་སྣང་བ་མཐའ་ཡས་སོ་སོར་རྟོགས་པའི་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་ནས། འདུ་ཤེས་ཀྱིས་ཤེས་བྱའི་ཡུལ་སོ་སོར་མ་འདྲེས་པར་གསལ་བ་སྟེ། ཞིང་ཁམས་མཐར་ཐུག་པ་མེད་པར་གསལ་བས་སྣང་བ་མཐའ་ཡས་གསུང་སོ་སོར་རྟོགས་པའི་མཐའ་གཉིས་དབང་དུ་བསྡུ་བའི་ཕྱིར་དམར་པོ། གསུང་གིས་སྒོ་ནས་སེམས་ཅན་གྱི་དོན་བྱས་ཀྱང་ཉེས་སྐྱོན་གྱི་མ་གོས་པའི་རྟགས་སུ་ཕྱག་ན་པདྨ། བྱང་དུ་དོན་ཡོད་གྲུབ་པའི་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། འདུ་བྱེད་ཀྱི་ཕུང་པོ་ལ་སྣ་ཚོགས་སུ་སྣང་དུས་ཆོས་ཉིད་རང་ལས་མ་གཡོས་པ་བཞིན་དུ། འཁོར་བ་མ་སྟོངས་གིས་བར་དུ་གཞན་དོན་གྱི་ཕྲིན་ལས་རྒྱུན་མི་འཆད་ཅིང་ལམ་བར་མ་དོར་ཆུད་མི་ཟ་བར་འབྲས་བུ་ལ་སྦྱོར་བས་ན་དོན་ཡོད་གྲུབ་པ། ཕྲིན་ལས་ལྷུན་གྱི་གྲུབ་པའི་ཕྱིར་ལྗང་ཀུ། བདག་གཞན་གྱི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི་རྟགས་སུ། ཕྱག་ན་རལ་གྲི། རིགས་ལྔའི་ཕྱག་གཡོན་གྱི་དབྱིངས་མཚོན་པའི་རྟགས་སུ་དྲིལ་བུ་བསྣམས་ཅིང་། གཡས་ཀྱི་ཕྱག་མཚན་དང་བསྣོལ་ནས་ཡུམ་ལ་འཁྱུད་པ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རྟགས་སོ། །དེ་ཡང་དབུ་གསུམ་ལྟར་ན་སྐུ་གསུང་ཐུགས། ཕྱག་དྲུག་ཡེ་ཤེས་དྲུག །ཐུན་མོང་ཁྱད་པར་གྱི་མཚན་བཟང་དང་དཔེ་བྱད་རྣམས་ཀྱི་བརྒྱན་པ། ཡུམ་ནི་བསྐྱེད་པ་དང་། སྤྱོད་པ་དང་སྲས་ཀྱི་འབྱུང་ཁུངས་དུ་གྱུར་པ་སྟེ། དེ་ལ་ཡུམ་ལྔ་ནི་སྲས་ཀྱི་འབྱུང་ཁུངས་དུ་གྱུར་པ་དང་། རིགས་ལྔ་བསྐྱེད་པ་སྟེ། ནམ་མཁའ་ནི་སྟོང་པ་སྟེ། སྟོང་པས་རྣམ་ཤེས་བསྐྱེད་ཅིང་། ཆོས་ཐམས་ཅད་ཀྱིས་འབྱུང་གཞིར་གྱུར་པས་ན་ནམ་མཁའ་དབྱིབས་ཕྱུག་མ། ས་ཡིས་གཟུགས་སྣང་བསྐྱེད་ཅིང་། རང་ལ་བཟང་ངན་གྱི་རྟོག་པ་དང་བྲལ་ཞིང་སྣང་དུས་སྟོང་བས་ན་ཡུམ་སངས་རྒྱས་སྤྱན་མ་དང་གཉིས་སུ་མེད་པར་འཁྲིལ་བ། ཆུས་ཚོར་བ་བསྐྱེད་ཅིང་། ཚོར་བས་ཆོས་ཐམས་ཅད་བསྐྱེད་པས་ན་ཡུམ་མཱ་མ་ཀཱི་དང་གཉིས་སུ་མེད་པར་འཁྲིལ་བ། མེས་གསལ་བའི་འདུ་ཤེས་བསྐྱེད་ཅིང་། རྟོགས་ན་གཟུང་འཛིན་གྱི་ལྷག་པ་ལས་སྐྱོབས་པ་དང་། སྲིད་པའི་ལྗན་ལྗིན་སྐེམ་པར་བྱེད་པས་ན་ཡུམ་གོས་དཀར་མོ་དང་གཉིས་སུ་མེད་པར་འཁྲིལ་བ། རླུང་གིས་འདུ་བྱེད་ཀྱིས་ལས་བསྐྱེད་ཅིང་། ཕྲིན་ལས་ཀྱིས་སེམས་ཅན་སངས་རྒྱས་ཀྱི་སར་སྒྲོལ་བ་ལ་མི་འདའ་བས་ཡུམ་དམ་ཚིག་སྒྲོལ་མ་དང་གཉིས་སུ་མེད་པར་འཁྲིལ་བ། ཡུམ་དེ་རྣམས་ཀྱི་གཡས་ཡབ་ལ་འཁྱུད་པ་ནི། དབྱིངས་ཡེ་ཤེས་དང་དབྱེར་མེད་པའི་རྟགས། གཡོན་ན་རང་རྟགས་ཀྱིས་ཕྱག་མཚན་དྲིལ་བུ་བསྣམས་པ་ནི། སྟོང་པ་དབྱིངས་ཀྱིས་ཆ་འཛིན་པའི་དོན་རྟགས་སོ། །ཡབ་ཡུམ་བཅུ་པོ་དེ་དག་གིས་བཞུགས་ཚུལ་ནི། ཐབས་ཡབ་བམ། ཞབས་གཡས་པ་དང་། ཤེས་རབ་ཡུམ་མམ། ཞབས་གཡོན་པ། ཡབ་ཡུམ་གྱི་རྡོ་རྗེ་དང་པདྨ་གཉིས་རྩེ་མོ་སྤྲད་པའི་བདེ་བ་ལ་རྒྱུ་འབྲས་ཀྱི་རིས་མཉམ་པར་རྫོགས་པའི་རྟགས་སུ། འབྲས་བུའི་མིང་རྒྱུ་ལ་བཏགས་པ་སྟེ། མཉམ་པའི་སྐྱིལ་ཀྲུང་ངོ་། །ཡབ་ཡུམ་མཉམ་པར་བཞག་པ་ལ་བདག་གཞན་གྱི་དོན་མཛད་པ་ཐམས་ཅད་རྫོགས་པའི་ཕྱིར། རྫོགས་པའི་སྐྱིལ་ཀྲུང་ངོ་། །ཞབས་མཐིལ་གཉིས་བརླའི་སྟེང་དུ་བཏོན་ནས་རྡོ་རྗེའི་ལྟེ་བའི་ཚུལ་དུ་གནས་ཤིང་སོར་མོ་བཅུ་རྡོ་རྗེ་རྭའི་ཚུལ་དུ་བྱས་པ་ནི། རྡོ་རྗེའི་སྐྱིལ་ཀྲུང་ངོ་། །བདེ་བ་ཆེན་པོའི་སྤྱོད་པས་འདུལ་བའི་ཕྱིར་བྱ་བ་མ་ཡིན་པ་བརྟུལ་ནས་བྱ་བ་ལ་ཞུགས་པ་ནི། བརྟུལ་ཞུགས་སོ། །ཡང་ན་ཡབ་རྡོ་རྗེའི་སྐྱིལ་ཀྲུང་། ཡུམ་པདྨའི་སྐྱིལ་ཀྲུང་སྟེ། ཞབས་གཉིས་ཡབ་ལ་འཁྱུད་ཅིང་ཞབས་མཐིལ་སྦྱར་བའོ། །ཡབ་ཡུམ་བཅུ་པོ་ནི་ལོངས་སྐུའོ། །འཁོར་ལོའི་རྩིབས་མཆན་བཞི་ལ། ཤར་ལྷོ་ནས་རིམ་པ་བཞིན་དུ་ནང་གི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་དོན་རྟགས་ལས། ཡབ་བཞི་ནི། རྣམ་ཤེས་བཞིའི་ཐུགས་རྗེས་ཆ་ཡིན་ཏེ། མིག་གིས་རྣམ་ཤེས་ཀྱིས་གཟུགས་མཐོང་བར་བྱེད་པའི་གཟུགས་ཀྱི་སྙིང་པོ་སྟེ། སའི་སྙིང་པོ་ཡིན་ལ། དེ་ཡང་སའི་སྙིང་པོ་ནི་མྱུ་གུ་ཡིན་ཏེ། གཟུགས་སྣང་སྟོང་དུ་ཆོད་ནས། སྐུ་གསུམ་གྱི་མྱུ་གུ་བསྐྱེད་པའི་རྟགས་སུ་ཕྱག་ན་མྱུ་གུ་རྩེ་གསུམ། རྣམ་སྣང་གིས་ཐུགས་ལ་སྐྱེས་པའི་ཕྱིར་སྐུ་མདོག་དཀར་པོ། རྣ་བའི་རྣམ་ཤེས་ཆོས་ཐམས་ཅད་ཐོས་པས་མཐར་ཐུག་གི་འབྲས་བུ་དོན་གཉིས་ལྷུན་གྲུབ་སྐྱེད་པའི་ཕྱིར་ཕྱག་ན་རྡོ་རྗེ། སྒྲ་གྲགས་སྟོང་དུ་ཐོས་པས་རྡོ་རྗེའི་སྐུ་ཐོབ་པའི་རྟགས་སུ་ཕྱག་ན་རྡོ་རྗེ་བསྣམས། དོན་གྲུབ་ཀྱི་ཐུགས་ལས་སྐྱེས་པའི་ཕྱིར་སྐུ་མདོག་ལྗང་ཀུ། སྣའི་རྣམ་ཤེས་ཀྱིས་དྲི་ཚོར་བ་ཙམ་ཡིན་པས་ན་ནམ་མཁའི་སྙིང་པོ། དེ་ཡང་ནམ་མཁའི་སྙིངས་པོ་ནི་སྟོང་ཉིད་ཡིན་ཏེ། དྲི་ཚོར་སྟོང་དུ་ཚོད་པའི་སྟོང་ཉིད་ཟབ་མོ་རྟོགས་པའི་སངས་རྒྱས་ཀྱི་ཡོན་ཏན་འབྱུང་ཞིང་མཐའ་གཉིས་གཅོད་པའི་རྟགས་སུ་ཕྱག་ན་རལ་གྲི། རིན་འབྱུང་གི་ཐུགས་ལས་སྐྱེས་པ་ཡིན་པས་སེར་པོ། ལྕེའི་རྣམ་ཤེས་ནི་གསུང་གི་སྙིང་པོ་ཡིན་པས་སྤྱན་རས་གཟིགས། ཁམས་གསུམ་གྱི་སེམས་ཅན་གྱི་མ་རིག་པས་སྤྱན་རས་ནས་མདངས་བ་རྣམས་ལ་ཐུགས་རྗེས་དུས་རྟག་པར་གཟིགས་པའམ། ཡང་ན་དགོངས་པ་ཆོས་དབྱིངས་དུ་མ་གཡོས་ནས་མཐའ་ཅན་དུ་མ་གཟིགས་སྤྱན་རས་ལ་ཡུལ་བྲལ་གྱི་ཡེ་ཤེས་ཀྱིས་ངང་དུ་ཐམས་ཅད་གཟིགས་ཤིང་། རོ་མྱོང་སྟོང་དུ་ཆོད་པ་ལ་ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་ཕྱག་ན་པདྨ། སྣང་མཐའི་ཐུགས་ལས་སྐྱེས་པ་ཡིན་པའི་ཕྱིར་སྐུ་མདོག་དམར་པོ། ཡུམ་བཞི་ནི། ཡུམ་སྟེ་སྐུའི་ཆའོ། །མིག་གིས་ཡུལ་གཟུགས་སུ་སྣང་བ་ནི། ལྷ་མོ་སྒེག་མོ་སྟེ། གཟུགས་དབྱིབས་ཁ་དོག་གཉིས་ཀྱི་མིག་གིས་རྣམ་ཤེས་བསྐྱེད་ཅིང་། གཟུགས་སྣང་དུས་སྟོང་པའི་རྟགས་སུ་སྒེག་ཅིང་མེ་ལོང་འཛིན་པ། རྣམ་སྣང་གི་སྐུ་ལས་བྱུང་བའི་ཕྱིར་དཀར་མོ། རྣ་བའི་ཡུལ་སྒྲ་ནི་གཞི་མ་ངེས་པ་ལས་སྣ་ཚོགས་འབྱུང་བའི་རྟགས་སུ་གར་མ་སྟེ། སྒྲ་ཟིན་མ་ཟིན་གཉིས་ཀྱི་རྣ་བའི་རྣམ་ཤེས་བསྐྱེད་ཅིང་། སངས་རྒྱས་ཀྱི་ཕྲིན་ལས་ནི་ཕྱོགས་གཅིག་ཏུ་མ་ངེས་ལ་སྣ་ཚོགས་སུ་འབྱུང་བའི་རྟགས་སུ། རྐང་པོའི་གཞི་མ་ངེས་པ་ལ་ལག་པའི་གར་སྣ་ཚོགས་སུ་བསྒྱུར་ཞིང་གནས་པའོ། །དོན་གྲུབ་ཀྱི་སྐུ་ལས་བྱུང་བའི་ཕྱིར་སྐུ་མདོག་ལྗང་ཀུ། སྣའི་ཡུལ་དྲི་ལ་རྒྱུན་ཆད་མེད་པའི་ཕྲེང་བ་མ། དྲི་ལ་བཟང་ངན་གཉིས་ཀྱི་སྣའི་རྣམ་ཤེས་བསྐྱེད་ཅིང་། སངས་རྒྱས་ཀྱི་ཡོན་ཏན་ལ་རྒྱུན་ཆད་མེད་པའི་རྟགས་སུ་ཕྱག་ན་ཕྲེང་བ། རིན་འབྱུང་གི་སྐུ་ལས་བྱུང་བའི་ཕྱིར་སེར་མོ། ལྕེའི་ཡུལ་རོའི་ནུས་པའི་ངག་གིས་སྒྲ་བསྐྱེད་པས་གླུ་མ། རོ་དྲུག་གིས་ལྕེའི་རྣམ་ཤེས་བསྐྱེད་ཅིང་། གསུང་གིས་ཆོས་སྒོ་དུ་མ་འཆད་པའི་རྟགས་སུ་པི་ཝང་། སྣང་མཐའི་སྐུ་ལས་བྱུང་བའི་ཕྱིར་དམར་མོ། རྣམ་ཤེས་བཞིས་ཡུལ་བཞི་ལ་སྤྱད་པས་ཀྱང་ཡུམ་ཡིན་ནོ། །གྲུ་ཆད་བཞི་ལ་ཤར་ལྷོ་ནས་རིམ་པ་བཞིན་དུ་ཕྱིའི་སེམས་དཔའ་ཡབ་ཡུམ་གྱི་དོན་རྟགས་ནི། དབང་པོ་བཞིའི་རྣམ་ཤེས་ཀྱིས་ཡུལ་དུ་བརྡ་སྤྲད་པའི་ཆ་ནས་གསུང་ཡིན་ཏེ། མིག་གིས་དབང་པོ་ལ་བཟང་ངན་གྱི་རྟོག་པ་མེད་པའི་ཕྱིར་བྱམས་པ་སྟེ། སྐུའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་མི་གནོད་ཅིང་ཕན་གདགས་པས་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་བྱེད་པའི་རྟགས་སུ་ཕྱག་ན་ཀླུ་ཤིང་དང་གྷནྡྷེ། ཕྱིའི་སེམས་དཔའ་ཡབ་ཡུམ་ནི་རིགས་འདྲེས་པའི་ཕྱིར། བྱམས་པ་ཡབ་ཡུམ་དཀར་སེར། རྣ་བའི་དབང་པོ་ལ་རྣམ་ཤེས་སྐྱེ་ཞིང་ཆོས་ཐོས་པས། དེས་འབྲས་བུ་སངས་རྒྱས་པས་སྒྲིབ་སེལ་སྟེ། སྒྲིབ་པ་གསུམ་པོ་རྣམ་པར་སེལ་བའི་ཡོན་ཏན་དང་ལྡན་པའི་རྟགས་སུ་ཕྱག་ན་པོ་ཏི། ཡབ་ཡུམ་གཉིས་དམར་སེར། སྣའི་དབང་པོ་ལ་རྣམ་ཤེས་སྐྱེ་བ་དེས་དྲིའི་ཚོར་བ་བསྐྱེད། དེས་ཆོས་ཐམས་ཅད་བསྐྱེད་ཅིང་མ་འདྲེས་ཡོངས་རྫོགས་སུ་ཤར་བའི་ཕྱིར་ཀུན་ཏུ་བཟང་པོ། ཆོས་ཐམས་ཅད་འབྲས་བུའི་ངོ་བོར་རྫོགས་པའི་རྟགས་སུ་ཕྱག་ན་སྙེ་མ། ཡབ་ཡུམ་གཉིས་དམར་ལྗང་། ལྕེའི་དབང་པོས་ཆོས་ཀྱི་སྒྲ་བསྐྱེད་ཅིང་། དེ་ཉམས་སུ་བླངས་པས་སྤངས་རྟོགས་སམ། འབྲས་བུ་དབྱིངས་དང་ཡེ་ཤེས་མངོན་དུ་བྱེད་པའི་ཕྱིར་འཇམ་དཔལ་བདག་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཕྱོགས་ཐམས་ཅད་དུ་རྒྱས་པའི་རྟགས་སུ་ཕྱག་ན་ཨུཏྤལ། དུས་བཞི་ལ་དབང་པོ་བཞིས་སྤྱད་པས་ཡུམ་སྟེ། ཁར་སང་དེ་རིང་ལ་སོགས་དུས་བཞི་ལ་སྤྱད་པའོ། །དེ་ལ་དུས་འདས་པ་དཔྱིད་ཀྱིས་དུས་སུ་རླུང་སོབ་མ་ཁུ་རླངས་སྣ་ཚོགས་ལང་བའི་ཕྱིར་བདུག་པ་མ། ལུས་ཅན་བདེ་བར་གཤེགས་པའི་སྐུ་རུ་གྱུར་པའི་བྱང་ཆུབ་ཀྱི་དྲིས་ཚིམས་པའི་རྟགས་སུ་ཕྱག་ན་བདུག་པ། ད་ལྟར་དབྱར་གྱི་དུས་སུ་རྩི་ཤིང་མེ་ཏོག་ཀུན་རྒྱས་པའི་ཕྱིར་མེ་ཏོག་མ་སྟེ། མཚན་དང་དཔེ་བྱད་ཀྱིས་ཡོན་ཏན་རྫོགས་པའི་རྟགས་སུ་ཕྱག་ན་མེ་ཏོག་གི་གཞོང་པ། མ་འོངས་པ་སྟོན་གྱིས་དུས་སུ་སྣོད་བཅུད་ཐམས་ཅད་བཀྲག་ཞུགས་ནས་གསལ་བའི་ཕྱིར་མར་མེ་མ་སྟེ། སེམས་ཅན་མ་རིག་པའི་མདངས་བསལ་བའི་དུས་སུ། ཡེ་ཤེས་ཀྱི་སྒྲོན་མར་སྣང་བའི་རྟགས་སུ་མར་མེ་བསྣམས་པ། ཕྱིས་འབྱུང་བ་དགུན་གྱི་དུས་ནི་གྲང་བས་དྲི་ཆབ་མ་སྟེ། ཟག་བཅས་ཀྱི་ཕུང་པོ་ལྔ་ལ་ཟག་མེད་ཀྱི་ཕུང་པོ་ལྔའི་དྲིས་ཁྱབ་པའི་རྟགས་སུ་དྲི་ཆབ་བསྣམས་པ། ཁྱབ་བདུག་ནི། རྣམ་ཤེས་རྣམ་གྲོལ་ཡེ་ཤེས། གཟུགས་རྣམ་གྲོལ། ཚོར་བ་ཚུལ་ཁྲིམས། འདུ་ཤེས་ཏིང་ངེ་འཛིན། འདུ་བྱེད་ཤེས་རབ་ཀྱི་ཕུང་པོའོ། །སེམས་དཔའ་དེ་རྣམས་ཀྱི་དབུ་ལ་རལ་པ་དང་། མཚན་བཟང་དཔེ་བྱད་དང་ལྡན་པ། ཞབས་ཐམས་ཅད་ཕྱེད་ཀྲུང་གིས་བཞུགས་པ། ཡབ་ཡུམ་ཞལ་སྦྱོར་དུ་གནས་པ། སེམས་དཔའ་དེ་རྣམས་ཀྱིས་ལམ་མཐར་མ་ཕྱིན་གྱིས་བར་དུ་བདག་གཞན་གྱི་དོན་བསྒྲུབ་དགོས་པའི་ཚུལ་གཡོན་བསྐུམ། གཡས་གདན་ལ་ཕབ་པ་དང་། ཡབ་རྣམས་ཀྱི་གཡོན་དྲིལ་བུ་དང་བཅས་པས་ཡུམ་ལ་འཁྱུད་པ། ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་བུ་གཅིག་ལ་མས་བྱམས་པ་བཞིན་དུ་སེམས་ཏེ། ཡབ་ཡུམ་དེ་རྣམས་ནི་མངོན་བྱང་གི་སྐུའོ། །ལྷ་སྣམ་གྱི་ཤར་དུ་ཡིད་འགྱུ་བ་རང་གྲོལ་ནས་ཡིད་འཛིན་དག་པས་རྟོག་ཚོགས་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བས་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སྣང་བས་རྒྱུད་ཐམས་ཅད་ཀྱི་བྱེད་པ་པོ་ཀུན་དུ་བཟང་པོ། བདག་དོན་དུ་ཆོས་ཉིད་མཉམ་པ་ཉིད་སྐྱེ་འཇིག་དང་བྲལ་བའི་རྟགས་སུ་ཕྱག་མཉམ་བཞག་གིས་སྟེང་ན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ། ཆོས་སྐུ་ལ་འགྱུར་བ་མེད་པའི་རྟགས་སུ་སྐུ་མདོག་སྔོན་པོ། མཁྱེན་པས་ཤེས་བྱའི་དངོས་པོ་ཐམས་ཅད་ཆོས་དབྱིངས་སུ་གཟིགས་པའི་རྟགས་སུ་ཞལ་ནུབ་ཏུ་གཟིགས་པ། ནུབ་ཏུ་ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་སྣང་བཞིན་ངོ་བོ་མ་གྲུབ་པར་གནས་སུ་དག་པའི་རྟགས་སུ་ཡུམ་ཀུན་ཏུ་བཟང་མོ། ཤེས་བྱའི་བག་ཆགས་བྱང་བའི་རྟགས་སུ་སྐུ་མདོག་དཀར་མོ། ཆོས་དབྱིངས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པའི་རྟགས་སུ་ཕྱག་ན་ཆོས་འབྱུང་། ཡབ་ཡུམ་དེ་གཉིས་ནི་ཆོས་ཀྱི་སྐུ་ཡིན་ཏེ། བཞུགས་ཚུལ་དང་། གྱན་ཆ་རྣམས་ནི་རིགས་ལྔ་དང་འདྲའོ། །ཐུབ་དྲུག་བསྐྱེད་ལུགས་ནི། བཤད་རྒྱུད་བླ་མ་ལྟར་ན། ཀུན་དགེ་སློང་གིས་ཆ་བྱད་ཅན། ཤར་ལྷོར་ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས་སུ། ལྷའི་ཐུབ་པ་སྐུ་མདོག་དཀར་པོ་ཕྱག་ན་པི་ཝང་འཛིན་པ། ལྷོར་འདོད་ཆགས་མ་སྤངས། མིའི་ཐུབ་པ་སྐུ་མདོག་སེར་པོ་ཕྱག་ན་བསྲེག་ཤང་དང་པར་བུ་བསྣམས་པ། ལྷོ་ནུབ་ཏུ་ཕྲག་དོག་མ་སྤངས། ལྷ་མ་ཡིན་གྱི་ཐུབ་པ་སྐུ་མདོག་ལྗང་ནག་ཕྱག་གཡས་རལ་གྲི། གཡོན་ཁྲབ་བསྣམས་པ། ནུབ་བྱང་དུ་གཏི་མུག་མ་སྤངས། བྱོལ་སོང་གིས་ཐུབ་པ་གསེར་གྱི་མདོག་ཅན་སྤྱི་བོས་ཆོས་ཀྱི་གླེགས་བམ་ཁུར་བ། བྱང་དུ་སེར་སྣ་མ་སྤངས། ཡི་དྭགས་གི་ཐུབ་པ་སྐུ་མདོག་ལྗང་སེར། ཕྱག་ན་རིན་པོ་ཆེའི་ཟ་མ་ཏོག་བསྣམས་ནས། ཡི་དྭགས་ཐམས་ཅད་ལ་མཆོད་སྦྱིན་གཏོང་བ། བྱང་ཤར་དུ་ཞེ་སྡང་མ་སྤངས། དམྱལ་བའི་ཐུབ་པ་སྐུ་མདོག་ནག་པོ། ཕྱག་གཡས་ན་མེ་བསྣམས་ནས་གྲང་བའི་སྡུག་བསྔལ་སེལ་བར་བྱེད་པ། གཡོན་ན་ཆུ་བསྣམས་ནས་ཚ་བའི་སྡུག་བསྔལ་སེལ་བར་བྱེད་པ། ཡང་ན་འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་འདོད་པའང་སྣང་ལ། གང་ལྟར་ཡང་འཐད་གསུངས། ཐུབ་པ་དེ་རྣམས་ནི་སྤྲུལ་པའི་སྐུ་ཡིན་ཏེ། འགྲོ་བའི་དོན་ལ་ཐུགས་བསྙིལ་བ་མི་མངའ་བར་དོན་མཛད་པའི་རྟགས་སུ། གདན་པདྨའི་སྟེང་ན་བཞེངས་པའོ། །སྒོ་བཞིར་ཁྲོ་བོ་ཡབ་ཡུམ་བསྐྱེད་པ་ནི། དེ་ལ་ལུས་ཀྱི་ཆོས་བཞི་འཇོམ་པའི་དུས་སུ། རྟོག་པ་གཞན་རྣམས་འཇིག་པས་ཁྲོ་བོ་དང་སྦྱར་བ་ཡིན་སྟེ། གསང་བའི་རྣམ་ཤེས་ཀྱི་བདེ་བ་མྱོང་ཙ་ན་ཐ་མལ་གྱི་རྣམ་ཤེས་འཇིག་པས་ཤར་སྒོ་ཐུགས་གཤིན་རྗེ་གཤེད། ཐུགས་བདེ་འཛིན་གྱི་དྲི་མ་དང་བྲལ་བའི་རྟགས་སུ་ཐོད་སྐམ། གསང་བའི་ཡུམ་པདྨ་ནི་བདེ་བ་འབྱུང་བའི་རྟེན་བྱེད་པས་ལྷོ་སྒོར་སྟོབས་པོ་ཆེ་སྐུ་སྐྱེ་འཇིག་དང་བྲལ་བས་རྡོ་རྗེ། གསང་བའི་དབང་པོའི་བདེ་བ་བརྡ་སྤྲད་པས་ནུབ་སྒོར་གསུང་རྟ་མགྲིན་གསུང་གིས་ཉོན་མོངས་པ་བདེ་བ་རང་ཡེ་ཤེས་སུ་ཤར་བའི་ཕྱིར་པདྨ་སྟེ་མི་མགོ་རློན་པའི་དབྱུག་པ་སྦྲུལ་གྱིས་དཀྲིས་པ་ཅན་ནོ། །གསུམ་འདུས་ཀྱི་རེག་པ་ཡུམ་གྱི་མཁའ་ལ་བྱང་སེམས་འཁྱིལ་པ་བྱང་སྒོར་བདུད་རྩི་འཁྱིལ་པ། ཕྲིན་ལས་བདུད་རྩི་འཁྲིལ་པས་རང་གཞན་གྱི་དོན་བསྒྲུབ་པའི་རྟགས་སུ་རྒྱ་གྲམ། འདི་རྣམས་ཁྲོ་བོའི་ཕྱག་མཚན་ཡིན་པས་དབྱུག་པར་བཙུགས་ཏེ་ཕྱར་བའོ། །ཕྱིན་ཅི་ལོག་བཞིར་བཟུང་བས་འཁོར་བའི་ལུས་ཀྱི་རྟོག་པ་བཞི་བསྐྱེད་ཅིང་། ལྟ་ངན་བཞི་དག་པའི་ཁྲོ་མོ་སྟེ། གསང་བའི་རྟོག་པ་འདུལ་བའི་དུས་སུ་རྟོག་ཚོགས་གཞན་རྣམས་འཛིན་པའི་ཕྱིར། རྟོག་པ་རྟག་པ་མ་ཡིན་པ་ནི་མི་རྟག་པ་དང་། ཆག་པ་མ་ཡིན་པ་ནི་སྡུག་བསྔལ་བ་དང་། བདག་ཏུ་ལྟ་བ་མ་ཡིན་པ་ནི་བདག་མེད་པ་དང་། མཚན་མར་ལྟ་བ་མ་ཡིན་པ་ནི་སྟོང་པ་སྟེ། བདེན་བཞི་ཆོས་ཉིད་མངོན་དུ་གྱུར་པའི་དུས་ན་རྟག་པར་ལྟ་བ་མི་ཕམ་མ་སྟེ། རྟག་ལྟ་རང་ཆོས་ཉིད་འགྱུར་མེད་རྟག་པ་ཆེན་པོར་རྟོགས་པས་ཁམས་གསུམ་དུ་མི་འཁོར་བས་མི་ཕམ་ཅིང་། ཐམས་ཅད་ཆོས་དབྱིངས་སུ་བཀུག་པའི་རྟགས་སུ་ལྕགས་ཀྱུ། ཆད་པར་ལྟ་བ་ཁྲོ་གཉེར་མ་ནི། ཆད་ལྟ་དང་རང་ཆོས་ཉིད་མཐའ་བྲལ་ཟུང་འཛིན་གྱི་དྲི་མ་གཏན་ནས་ཆད་པར་རྟོགས་ན་ཁྲོ་གཉེར་མ་སྟེ། ཡེ་ཤེས་འཕེལ་བ་ཆེར་བསྐྱང་བའི་རྟགས་སུ་ཞགས་པ། བདག་ཏུ་ལྟ་བ་རལ་གཅིག་མ་ནི། བདག་འཛིན་རང་བྱུང་གི་ཡེ་ཤེས་རང་སྣང་ཉག་གཅིག་ཏུ་རྟོག་པས་རལ་གཅིག་མ་སྟེ། མཐའ་གཉིས་དབང་དུ་བསྡུ་བའི་རྟགས་སུ་ལྕགས་སྒྲོགས། མཚན་མར་ལྟ་བ་རོ་ལོང་མ་ནི། ཡུལ་མཚན་མར་ལྟ་བ་རང་སྐུ་དང་ཡེ་ཤེས་སུ་རྟོགས་པས་རོ་ལང་མ་སྟེ། མཚན་འཛིན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འཇོམ་པའི་རྟགས་སུ་དྲིལ་བུ་བསྣམས་པ། ཁྲོ་བོ་དེ་དག་ནི་རྡོ་རྗེ་སྐུ་སྟེ། དུས་གསུམ་དུ་གཟིགས་ཕྱིར་སྤྱན་གསུམ། སྐྱེ་བཞི་རྩད་ནས་གཅོད་པའི་ཕྱིར་མཆེ་བ་བཞི་བརྩིགས་པ། སྲིད་གསུམ་ཆོས་དབྱིངས་སུ་སྒྲོལ་བའི་ཕྱིར་གཡོན་ན་ཐོད་ཁྲག་ཡུམ་ལ་འཁྱུད་པ། དཔལ་ཆས་བཅུ་དྲུག་ནི་དུར་ཁྲོད་ཆས་བརྒྱད་དང་། དཔལ་ཆས་བརྒྱད་དོ། །དང་པོ་ནི། བགོ་བའི་གོས་གསུམ། གདག་པའི་རྒྱན་གཉིས། བྱུག་པའི་རྒྱན་གསུམ་མོ། །དང་པོ་ནི། ཐབས་མཁས་ཕྲིན་ལས་ཀྱི་གོས་ཞིང་གི་རྐེད་ཆིངས། ཁྱབ་པ་ཐུགས་རྗེའི་གོས་གླང་ཆེན་གྱི་རྐོ་རློན་སྟོད་གཡོག །ཕྱི་ནང་གསང་བ་སྡུད་པའི་གོས་སྟག་ཤམ་མོ། །གདག་པའི་རྒྱན་གཉིས་ནི། སྦྲུལ་རྒྱན་དང་། ཐོད་པའི་རྒྱན་ནོ། །བྱུག་པའི་རྒྱན་གསུམ་ནི། རཀྟ། ཞག༴ ཐལ་ཆེན་གསུམ་མོ། །དེ་དག་ནི་རྒྱལ་བྱེད་དཔའ་རྟགས་གིས་རྒྱན་སྟེ་རུ་ཏྲ་ལ་ཕྲོག་པའོ། །དཔལ་ཆས་ནི། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་བསྲེགས་ཡེ་ཤེས་མེའི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོངས་རྡོ་རྗེ་གཤོགས་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་ལྷག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གིས་བསེ་ཁྲབ་ཆས། །གནོད་གདུག་བཟློག་བྱེད་རྒྱ་གྲམ་ལྕགས་ཀྱིས་ཆས། །ཅེས་དེ་དག་ནི་ཐུགས་རིག་པ་རང་སྣང་གི་ཆས་སོ། །ཁམས་ལུགས་ཀྱིས་དཔལ་ཆས་བཅུ་དྲུག་ནི་ལོགས་སུ་ཤེས་སོ། །ཞབས་བརྐྱང་བསྐུམ་དུ་སྒོ་བསྲུང་བའི་ཚུལ་དུ། སངས་རྒྱས་གསང་བས་ཟུར་བལྟས་སུ་འདོད་ལ། སྒྱུ་འཕྲུལ་ཐལ་བ་དང་། སྒེག་རྡོར་གྱིས་ཕྱིར་བལྟ་བར་བཞེད་དོ། །ལྷ་ཚོགས་དེ་དག་རྣམས་ལ་རང་བཞིན་གྱི་སྐུ་མདོག་བཞི་བཞི་དང་ལྡན་སྟེ། ཟླ་བ་ལྟར་གསལ། ཉི་མ་ལྟར་འཚེར་བ། ཀུ་མུ་ཏ་ལྟར་སྣུམ་ལ་འདྲིལ་བ། དུང་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པའོ། །བདེ་བར་གཤེགས་པ་རྣམས་བཞུགས་སོ། །ཞེས་པའི་སྐབས་ལ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ཅེས་ལྷ་ཐམས་ཅད་ཞི་བའི་ཚུལ་དགུ་དང་ལྡན་པ་སྟེ། ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས་སུ་ཡན་ལག་གསེར་ཞུན་མ་ལྟར་མཉེན་པ། ཞེ་སྡང་མ་སྤངས་གནས་སུ༴ ཕྱག་སོར་སྦྲུལ་མཇུག་ལྟར་ལྕུག་པ། འདོད་ཆགས་མ་སྤངས༴ ཐབས་ཤེས་གཡུའི་ལྗོན་པ་ལྟར་ཕན་ཚུན་འཁྲིལ་བ། གཏི་མུག༴ སྐུ་སྐེད་ཐང་ཤིང་ལྟར་ལྡེམ་པ། ཕྲག་དོག༴ བྱིས་པ་ལོ་བརྒྱད་པ་ལྟར་གཞོན་ཚུལ་ཅན། ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་ཟླ་བ་ལྟར་གསལ་བ། ཆེ་བའི་ཡོན་ཏན་ལྷུན་གྱི་གྲུབ་པའི་རྟགས་སུ་ཉི་མ་ལྟར་འཚེར་བ། མཚན་དཔེ་ཡོངས་སུ་རྫོགས་པའི་རྟགས་སུ་རི་རྒྱལ་ལྟར་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱི་ནོན་པའི་རྟགས་སུ་སེངྒེ་འབུམ་གཤིབ་པ་ལྟར་གཟི་བྱིན་དང་ལྡན་པ། བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ལ་རྣོ་བའི་འོད་ཟེར་དཀར། དམར། སེར། སྔོ། བཙོང་ཁ། དངུལ་མདོག་དང་དྲུག །རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་འཕྲོ་བའི་ཚོགས་ཆེན་པོ། ཁྱད་པར་དུ་ཁྲོ་བོ་རྣམས་ཀྱིས་སྐུ་ལ་མེ་དཔུང་འབར་བའི་ཕྲེང་བ་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་འཁྲིགས་པའི་འོད་ཀྱིས་ཚུལ་ཅན་སྟེ་ཞེས་པའི། གཞལ་ཡས་ཁང་གིས་རྒྱབ་རྡོ་རྗེ་རྭ་བའི་ནང་དུ་ཞིང་ཚལ་བའི་གདན་ལ་མཁའ་འགྲོ་སོ་གཉིས་ཟུར་གྱིས་བཞི་ནི་ཕོ་ཡིན་གསུངས། དེ་རྒྱབ་ཏུ་དཔལ་མགོན་བདུན་ཅུ་བསྒོམ་གསུངས། གཉིས་པ་དབང་བསྐུར་བའི་ཆོ་འཕྲུལ་ནི། དེ་ཡང་གང་གིས་བསྐུར་ན། རིགས་ཀྱིས་དག་པོས། གང་ལ་ན། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེ་གཉིས་ལ། གང་བསྐུར་ན། ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་ཏེ། དགོས་ཆེད་གང་གིས་ཕྱིར་ན། སྭ་བྷཱ་ཝའི་སྒྲ་དྲི་མ་དག་པར་བྱེད་པའི་ཚུལ་ཅི་ལྟར། ཐེག་པ་འོག་མ་ལྟར་སྤང་གཉེན་གྱི་ཚུལ་དུ་མ་ཡིན་ཏེ། རང་བཞིན་རྟོགས་པའི་ཚུལ་གྱིས་སོ། །དེ་ཡང་རིམ་པ་ལྟར་གུང་མོ། འཇུབ་མོ། སྲིན་ལག །མཐེ་བོང་། མཐེའུ་ཆུང་རྣམས་སྦྱར་ནས། གྱེན་དུ་བརྐྱང་བའི་རྡོ་རྗེ། སྡོམ་པའི་ཕྱག་རྒྱ་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུག་གམ། ཡང་ན་ཕྱག་རྒྱ་མ་བཅས་ཀྱང་རུང་སྟེ། དབུ་རྒྱན་གྱི་སྔགས་རྣམས་རིམ་པར་བརྗོད་པའི་ཚེ། རིགས་ལྔ་ཡབ་ཡུམ་རྣམས་རིམ་པར་སྦྱོར་བ་མཛད་པས། རྗེས་ཆགས་ཀྱིས་མེས་ཞུ་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་ཡེ་ཤེས་ལྔས་དབང་བསྐུར་བས། ཉོན་མོངས་པ་ལྔའི་དྲི་མ་རིམ་གྱི་དག་ནས། ཆུ་ལུད་པ་ལས་རིགས་ལྔས་དབུ་རིམ་པར་བརྒྱན་པར་བསྒོམ་ཞིང་། ཕུང་པོ་ལྔ་རྣམ་དག་རིགས་ལྔ་ཐོབ་པའི་ངོ་བོ་བདག་ཡིན་སྙམ་པའི་ང་རྒྱལ་བར་བྱའོ། །དེ་ཡང་མི་བསྐྱོད་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། ཐུབ་དྲུག་གིས་དབུ་རྒྱན་གྱིས་གཙོ་བོ་མི་བསྐྱོད་པ། རྣམ་སྣང་ཡབ་ཡུམ། ས་སྙིང་ཡབ་ཡུམ། བྱམས་པ་ཡབ་ཡུམ། གཤིན་རྗེ་གཤེད་ཡབ་ཡུམ་ལ་རྣམ་སྣང་། རིན་འབྱུང་ཡབ་ཡུམ། ནམ་སྙིང་ཡབ་ཡུམ། སྒྲིབ་སེལ་ཡབ་ཡུམ། སྟོབས་པོ་ཆེ་ཡབ་ཡུམ་ལ་རིན་འབྱུང་། སྣང་མཐའ་ཡབ་ཡུམ། སྤྱན་རས་གཟིགས་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། རྟ་མགྲིན་ཡབ་ཡུམ་ལ་སྣང་མཐའ། དོན་གྲུབ་ཡབ་ཡུམ། ཕྱག་རྡོར་ཡབ་ཡུམ། འཇམ་དཔལ་ཡབ་ཡུམ། བདུད་རྩི་འཁྱིལ་པ་ཡབ་ཡུམ་ལ་དོན་གྲུབ། ཡང་ན་ཀུན་ལ་མི་བསྐྱོད་པས་གཙོ་བོ་བྱེད་པར་འདོད་དོ། །གསུམ་པ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ནི། སྤྱི་བོར་གླད་པ་དུང་ཁང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ༀ་དཀར་པོ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས། སྐུའི་བྱིན་གྱིས་རླབས་དབང་ཐོབ། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། རློབ་པའི་རྟགས་སུ་སྤྱི་བོའི་ༀ་ཞུ་བའི་འོད་ཕུང་ལས་སྐུ་རྡོ་རྗེ་གཞུང་བཞིན་དུ་བསྐྱེད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུའི་རང་བཞིན་ངའམ་བདག་ཡིན་ནོ་སྙམ་པའི་ང་རྒྱལ་བྱའོ། །འོག་མ་བཞི་པོ་དེའི་འགྲེས་ཀྱིས་ཤེས་པར་བྱའོ། །ལྷ་དེ་དག་གིས་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་རང་དང་འདྲ་བའི་ཕྱག་མཚན་འཛིན་འཛིན་འདྲ་ལ་མི་འཛིན་པ། རྒྱན་ཆ་སྤང་བ། ཡེ་ཤེས་སེམས་དཔའི་དེའི་གདན་ཡང་། རིགས་ལྔ་ཡབ་ཡུམ་དང་། ཀུན་བཟང་ལ་ཉི་ལ་པདྨ་གསུམ་བརྩེགས། ཐུབ་པ་དང་བཟང་མོ་ལ་པདྨ། སྒོ་བ་ལ་ཉི་མའོ། །ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཐུགས་ཕྱག་མཚན་དེ་ལ་གསུང་ཡིག་འབྲུའི་མཚན་པ་ལ་ལུགས་གཉིས་ཏེ། བསྐྱེད་པའི་ས་བོན་ཨཱ་ལི་ཀཱ་ལི་དང་། སྔགས་ཀྱི་ཡི་གེ་དང་པོས་མཚན་པ་གཉིས་ལས། འདིར་ཕྱག་ལེན་ལ་ཐུབ་དྲུག་མ་གཏོགས་པ་ལ་སྔགས་ཀྱི་ཡི་གེ་དང་པོས་མཚན་ལ། ཐུབ་དྲུག་ལ་ཀྲེམ་ལ་སོགས་པའོ། །སྒོ་བ་ཡབ་ལ་ཧཱུྃ་བཞི། ཡུམ་ལ་ཛ་ཧཱུྃ་བྃ་ཧོ་བཞིའམ་ཕཊ་བཞིས་མཚན་པ། དེའི་མཐའ་བསྐོར་དུ་ཡབ་རྣམས་ལ་རང་སྔགས། ནང་ནས་ཀློག་པའི་ཚུལ་དུ་གཡས་བསྐོར། ཡུམ་ལ་གཡོན་བསྐོར། དེའང་རྡོ་རྗེའི་ལྟེ་བ། འཁོར་ལོ་སྦུབ་པའི་དཀྱིལ། རིན་ཆེན་ཟུར་བརྒྱད་ཀྱི་ནང་། པདྨའི་ལྟེ་བ། རལ་གྲིའི་སོ་ཡུའི་མཚམས། ཡུམ་ལྔའི་དྲིལ་བུ་ནང་དྲིལ་སྤོ་བ། མྱུ་གུ་རྩེ་གསུམ་གྱི་འདུས་མདོ། མེ་ལོང་སྦུབ་པའི་སྟེང་། ཕྲེང་བའི་མདོ་འཛིན་དང་། པི་ཝང་ཁོག་པའི་ནང་། ལག་པའི་དཀྱིལ། ཀླུ་ཤིང་གི་སྟེང་ན། གྷནྡྷེ་ཡུ་བའི་མཚམས། སྦོས་ཕོར་གྱི་དཀྱིལ། པོ་ཏིའི་ནང་། མེ་ཏོག་གཞོང་པའི་དཀྱིལ། སྙེ་མའི་རྩ་བ། མར་མེ་སྡོང་བུའི་དཀྱིལ། ཨུཏྤ་ལའི་ལྟེ་བ། དུང་ཆོས་ཀྱི་ནང་། ཐོད་སྐམ། རྡོ་རྗེ། ཐོད་རློན། རྒྱ་གྲམ་བཞིའི་ནང་། ལྕགས་ཀྱུའི་སོ་ཡུའི་མཚམས། ཞགས་པའི་མདུད་མདོ། ལྕགས་སྒྲོགས་ཀྱི་མདོ་མིག །པར་བུའི་ནང་ན། སྲེག་ཤང་ཡུ་བའི་བུད་མཚམས། མེ་ཡར་ལ་འབར་ཆུ་མར་ལ་འབབ་པའི་མཚམས་རྣམས་སུ་བསྒོམ་གསུངས། ཡང་ན་ཡབ་ཐམས་ཅད་ལ་ཉི་མ། ཡུམ་ཐམས་ཅད་ལ་ཟླ་བའི་སྟེང་དུ། རྡོ་རྗེའི་རིགས་ཐམས་ཅད་ལ་རྡོ་རྗེ་ཧཱུྃ། བྷུདྡྷ་ལ་འཁོར་ལོ་ༀ། རཏྣ་ལ་རིན་ཆེན་སྭཱ། པདྨ་ལ་པདྨ་ཨཾ། ལས་ཀྱི་རིགས་ཐམས་ཅད་ལ་རལ་གྲི་ཧས་མཚན་པ། སྒོ་བ་ཡབ་ཡུམ་ལ་རྡོ་རྗེ་ཧཱུྃ་གིས་མཚན་པ་འདོད་པ་ཡང་སྣང་། བྱིན་གྱིས་བརླབས་པའི་ཐུགས་ལྷ་དང་། ཡེ་ཤེས་སེམས་དཔའ་བསྒོམ་ཚུལ་ནི། དམ་པ་ཡབ་སྲས་ཀྱིས་ཡེ་ཤེས་སེམས་དཔའ་དབུས། བྱིན་རླབས་ཀྱི་ལྷ་ནི་ཐབས་ཀྱི་ཆ་ཡིན་པས་གཡས་སུ་བསྒོམ་གསུངས། དབུས་པས། ཡེ་ཤེས་སེམས་དཔའ་སྙིང་གི་ནང་། བྱིན་རླབས་ཀྱི་ལྷ་སྙིང་གི་རྒྱ་བ་བྲང་གི་ནང་དུ་བསྒོམ་གསུངས། བཞི་པ་ཡེ་ཤེས་པ་རྒྱལ་བའི་དལ་བསྟིམས་པའི་བྱིན་གྱི་བརླབས་པ་དང་། མཆོད་པའི་ཆོ་འཕྲུལ་ལ་སྤྱི་དོན་བཅུ་བཞི་སྟེ། དང་པོ་སྙན་གསན་དབབ་པ་ནི། དེ་ཡང་མ་རྟོགས་སེམས་ཅན་གྱི་ཁམས་ལ་ནི། ལོག་རྟོག་རང་སྣང་གི་དཀྱིལ་འཁོར་རྟོག་ཚོགས་ཞེ་གཉིས་སུ་སྣང་ལ། རྟོགས་པ་སངས་རྒྱས་ཀྱི་དགོངས་པ་ལ་ནི། ཡེ་ཤེས་རང་སྣང་གི་དལ་རྒྱལ་བ་ཞེ་གཉིས་སུ་སྣང་ལ། ལམ་པ་རྣལ་འབྱོར་པ་ལ་ནི། དེ་ཉིད་སེམས་ཉིད་རང་སྣང་གིས་དལ་ལྷག་པའི་ཏིང་ངེ་འཛིན་གྱི་དལ་དུ་སྣང་ཡང་། དེ་གསུམ་དུ་ཆོས་དབྱིངས་སུ་དབྱེར་མེད་ཡིན་པའི་ཕྱིར། དེ་བས་རྣལ་འབྱོར་པའི་ལོག་རྟོག་གི་སྣང་བ་དེ། ཡེ་ཤེས་ཀྱི་སྣང་བར་བྱ་བའི་ཕྱིར། ལྷག་པ་ཏིང་ངེ་འཛིན་གྱི་དལ་འདིར་རྫོགས་པ་དང་དུས་མཉམ་དུ་བསམ་ཡས་ལྷུན་གྲུབ་མཐའ་དབུས་མེད་པ་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བ་དང་དབྱེར་མེད་དུ་བྱ་བའི་ཕྱིར། དེ་ཡང་གསང་སྔགས་ལུགས་ཀྱི་སྒོ་བཞི་དང་སྦྱར་བ་ནི། དོན་དམ་གསལ་བྱེད་བརྗོད་པ་ཚིག་གིས་སྒོ། མཚན་མ་བརྡ་རྟགས་ཕྱག་རྒྱ་གར་གྱིས་སྒོ། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོའོ། །དང་པོ་བརྗོད་པ་ཚིག་གིས་ནི། ༀ་དམིགས་མེད་ཅེས་པ་དང་། ཕྱག་རྒྱ་ནི་རང་གིས་དཔུང་པར་སེ་གོལ་བསྣོལ་མ་གདབ་སྟེ། སྔགས་ནི། ༀ་བཛྲ་ས་མ་ན་ཛ་ཧཱུྃ་ཛ་ཅེས་བརྗོད་ལ། དམིགས་པ་ནི། བསམ་ཡས་ལྷུན་གྲུབ་ཀྱི་རྒྱལ་བ་རྣམས་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས་ཞལ་གྱིས་ཕྱོགས། སྤྱན་གྱིས་གཟིགས། ཐུགས་ཀྱིས་དགོངས་ནས་བྱོན་མ་རག་པར་བསམ་ལ། ཇ་འདྲེན་གྱི་ཚུལ་དུ་ཡིད་ཀྱིས་མཆོད་པ་འབུལ། གཉིས་པ་སྤྱན་དྲངས་པ་ནི། ཧོ་ཡོད་མེད་ཅེས་བརྗོད་པས་བསམ་ཡས་ལྷུན་གྲུབ་ཀྱི་དལ་སྤྱན་དྲངས་ཏེ། ངོ་བོ་ལ་བྱོན་པ་དང་བཞུད་པ་མེད་ཀྱང་གདུལ་བྱའི་དོན་དུ་མར་མེ་གཅིག་ལ་གཅིག་ཆད་པ་ལྟ་བུར་བྱོན་ནས་མེ་རི་འདབ་འབྲེལ་གྱི་ཤར་སྒོ་དང་ཤར་སྒོ་སྤྲད་ནས་བཞུགས་པར་བསྒོམ། གསུམ་པ་བརྟེན་པར་བཞུགས་སུ་གསོལ་བ་ནི། བྱོན་ལེགས་ཚར་ནས། ༀ་བཛྲ་ས་མ་ཡ་ཛས་སྒོ་བཞི་ནས་ནང་དུ་སྤྱན་དྲངས། ས་མ་ཡ་ཧཱུྃ་གིས་ལྷ་སྣམ་ནས་གཡས་བསྐོར་དུ་བྱོན་ནས་དམ་ཚིག་པ་རེ་རེའི་གཡས་སུ་ཡེ་ཤེས་པ་རེ་རེ་བཞུགས་པར་བསམ། ས་མ་ཡ་སྟྭཾ་གྱིས་བསྟིམ། ས་མ་ཡ་ཧོས་ཡེ་ཤེས་དམ་ཚིག་དབྱེར་མེད་དུ་གྱུར་པར་བསྒོམ། བཞི་པ་སྔོན་དུ་འགྲོ་བ་ཕྱག་གིས་མཆོད་པ་ནི། ཚིགས་བཅད་བརྗོད་པ་དང་། ཕྱོགས་བཞིར་ལྷ་མོ་སྤྱན་མ་ལ་སོགས་པ་བཞི་གྲངས་དཔག་ཏུ་མེད་པ་སྤྲོས་པས། སྒོ་བཞི་ནས་དགྱེས་པའི་གླུ་བླང་ནས་གསང་བའི་ཕྱག་བྱེད་པའམ། ཡང་ན་ལྷ་རེ་རེ་ལའང་ལྷ་མོ་བཞི་བཞིས་བསྐོར་ནས་བསྟོད་པར་བསམ་ལ། ཁྲོ་བོ་ལྟར་ཕྱག་དངོས་སུ་མི་དགོས་གསུངས། ཚར་ནས་ལྷ་མོ་བཞི་རང་གིས་ཐུགས་ཀར་བསྡུའོ། །ལྔ་པ་ཀུན་བཟང་མཆོད་པ་ནི། ཚིགས་བཅད་བརྗོད་དུས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞིའི་དོན་བསྒོམ་དགོས་ཏེ། དེ་ལ་ཕྱིའི་མཆོད་པ་ནི། རྒྱ་མཚོ་ཐམས་ཅད་ཡོན་ཆབ། རྩི་ཤིང་ནགས་ཚལ་ཐམས་ཅད་མེ་ཏོག་ལྷོ་སྤྲིན་ན་བུན་ཐམས་ཅད་བདུག་སྤོས། ཉི་ཟླ་སྐར་གསུམ་ནི་མར་མེ། ཆུ་བོ་ཐམས་ཅད་ནི་དྲི་ཆབ། རི་བོ་ཐམས་ཅད་ཞལ་ཟས། སྒྲ་གྲགས་པ་ཐམས་ཅད་ནི་རོལ་མོར་བསྒོམ་མོ། །ནང་གི་མཆོད་པ་ནི། དེ་རྣམས་མིག་གི་ཡུལ་དུ་གཟུགས་སྡུག །རྣ་བའི་སྒྲ་སྙན། སྣའི་དྲི་ཞིམ། ལྕེའི་རོ་མངར། ལུས་ཀྱི་རེག་བྱ་འཇམ་པར་བསྒོམ་མོ། །གསང་བའི་མཆོད་པ་ནི། སྣང་བ་ཐམས་ཅད་མཆོད་པའི་ཚོགས། སྒྲ་གྲགས་པ་ཐམས་ཅད་རོལ་མོ་དང་མཆོད་པ་དབུལ་བའི་ཚིག །དྲན་རྟོག་ཐམས་ཅད་དེ་ལས་མི་འདའ་བར་བསྒོམ་པའི་ཁྱེར་སོ་གསུམ་དང་མ་བྲལ་བའོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། འཁོར་འདས་ལམ་པའི་སྤྱོད་པ་མ་ལུས་པ་རྣམས་བསལ་བཞག་རྡུལ་ཙམ་ཡང་མེད་པ་ཐམས་ཅད་མ་སྐྱེས་པ་ཀུན་ཏུ་བཟང་མོའི་ངང་དུ་རོ་གཅིག་པས་དེ་ཁོ་ན་ཉིད་དང་། དེ་མ་འགག་པ་འཁོར་འདས་ལམ་གྱིས་ཆོས་རྣམས་མཆོད་པའི་ཚོགས་སུ་ཅིར་ཡང་འཆར་བ་ནི་ཀུན་ཏུ་བཟང་པོ། དེ་གཉིས་ཀྱང་ངོ་བོ་ལ་དབྱེར་མེད་པ་ནི་གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་དོ། །དྲུག་པ་ཕྱིའི་མཆོད་པ་ནི། མཉེས་པར་བྱེད་པས་མཆོད་པ། སྣང་གྲགས་ཐམས་ཅད་མཆོད་རྫས་ལས་མི་འདའ་བའི་ཕྱག་རྒྱ། མཆོད་པ་གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་འདི་ནི་སེམས་ཀྱིས་ཆོ་འཕྲུལ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་མཆོད་སྤྲིན་བསམ་གྱི་མི་ཁྱབ་པའི་ཚོགས་ཀྱིས་མཆོད་པར་བྱ་སྟེ། དེ་ཡང་བདག་གིས་ཐུགས་ཀ་ནས་ཡི་གེ་བྷྲཱུྃ་ཕྱོགས་བཅུར་སྤྲོས་པས་ས་གཞི་ཐམས་ཅད་ལ་ཕོག་པས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མཉེན་ལ་འཇམ་པ་རེག་ན་ཤིན་ཏུ་བདེ་བའི་ཁམས་དང་ལྡན་པ། འོག་གཞི་སྣ་ཚོགས་པའི་རིན་པོ་ཆེའི་ས་གཞི་མནན་ན་ནེམ་པ། བཏེག་ན་འཕར་བའི་རེའུ་མིག་མིག་མང་རིས་སུ་མཛེས་པར་བྲིས་ཤིང་ཕྲ་མིག་རིན་པོ་ཆེ་དུ་མས་སྤྲས་པ་དང་། ཏྲཱཾ་སྤྲོས་པས་རི་ཐམས་ཅད་ལ་ཕོག་པས་ཡོན་ཏན་ཀུན་འབྱུང་བ་ནོར་བུ་རིན་ཆེན་གྱིས་ཕུང་པོ་འོད་འབར་བར་བསམ། ཨ་སྤྲོས་པས་ཆུ་ཐམས་ཅད་ལ་ཕོག་པས་དབྱིབས་ལེགས་པའི་རྫིང་བུ་གསུམ་རིམ་དང་ལྡན་པའི་ནང་དུ་རོ་བྲོ་བའི་མཆོག་ཏུ་གྱུར་པའི་བསིལ་ཞིང་དྭངས་བའི་ཡན་ལག་བརྒྱད་དང་ལྡན་པར་བསམ། བྷྲཱུྃ་སྤྲོས་པས་ཁང་ཁྱིམ་སྦྲ་གུར་ཐམས་ཅད་ལ་ཕོག་པས་རིན་ཆེན་གྱིས་ཁང་པ་སྣ་ཚོགས་པར་བསམ་པ་དང་། ཏྲཱཾ་སྤྲོས་པས་ནགས་ཚལ་ཐམས་ཅད་ལ་ཕོག་པས་ཕྱི་སྣོད་ཀྱི་འཇིག་རྟེན་ནི་རིན་པོ་ཆེའི་རྒྱན་དང་། རྩི་ཤིང་ཐམས་ཅད་དཔག་བསམ་གྱི་ལྗོན་ཤིང་རྒྱས་པའི་ཚལ་དུ་བསམ། ཏྲཱཾ་སྤྲོས་པས་སྒྲ་སྐད་ཐམས་ཅད་ལ་ཕོག་པས་སངས་རྒྱས་བྱང་སེམས་རྣམས་ལ་བསྟོད་པའི་གླུ་དབྱངས་དང་། སེམས་ཅན་རྣམས་ལ་ཆོས་སྟོན་པའི་ཚིགས་སུ་བཅད་པའི་སྒྲར་བསམ། མཱཾ་སྤྲོས་པས་གོས་རྒྱན་དང་ན་བུན་ཐམས་ཅད་ལ་ཕོག་པས་ལྷབ་ལྷུབ་སྣ་ཚོགས་དང་བླ་རེ་རྒྱལ་མཚན་ལྷའི་ན་བཟའ་དང་གདུགས་དུ་བསམ། ཏྲཱཾ་སྤྲོས་པས་སེམས་ཅན་གྱི་རྒྱན་ཐམས་ཅད་ལ་ཕོག་པས་རིན་པོ་ཆེའི་དོ་ཤལ་དང་། དཔུང་རྒྱན་དང་སེ་མོ་དོ་རུ་བསམ། ༀ་བྃ་ཨ་སྤྲོས་པས་ལོངས་སྤྱོད་ཐམས་ཅད་ལ་ཕོག་པས། བདུད་རྩིའི་རང་བཞིན་བཟའ་བ་དང་བཏུང་བ་དང་། རོ་བྲོ་བའི་མཆོག་སྣ་ཚོགས་པ་རྣམས་དང་། ཧྲཱིཿསྤྲོས་པས་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ལ་ཕོག་པས་འགྲོ་བ་ཐམས་ཅད་ཀྱང་རང་ལ་མཛེས་པར་བརྒྱན་པའི་མཆོད་རྫས་འདོད་ཡོན་སྣ་ཚོགས་ཐོགས་པའི་ལྷ་དང་ལྷ་མོ་རེ་རེས་ཡང་གྲངས་རྡུལ་སྙེད་རྣམས་ཀྱིས་རྐང་པའི་བྲོ་དང་ལག་པའི་གར་ལ་སོགས་པའི་སྒྲ་ཁ་ནས་སྐྱེ་བ་མེད་པའི་གླུ་བླངས་ཞིང་བདེ་བར་གཤེགས་པ་རྣམས་ལ་ཚིགས་སུ་བཅད་པའི་བསྟོད་པ་བསམ་ཡས་ཀྱིས། མང་ཉུང་གིས་ཚད་ནི་ཕྱོགས་བཅུ་ནམ་མཁའི་ཁམས་གང་བར་བཀང་ནས། སྔར་སྤྱན་དྲངས་པའི་དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ་ལོ། །བདུན་པ་ཕྱག་རྒྱ་གར་ཚོགས་ཀྱི་མཆོད་པ་ལ་གཉིས་ཏེ། དང་པོ་རང་བཞིན་ལྟ་བའི་ཕྱག་རྒྱ་ནི། རྟོག་ཚོགས་ཐམས་ཅད་སྒྱུ་འཕྲུལ་དྲྭ་བ་ལྷ་ཡབ་ཡུམ་འབྲེལ་བར་གནས་པས་རང་བཞིན་ཕྱག་རྒྱ་དེ་ལྟར་མངོན་སུམ་དུ་རྫོགས་པའི་དུས་སུ། དབང་པོའི་ཡུལ་དུ་གང་གྱུར་པ་ཐམས་ཅད། ཐབས་དང་ཤེས་རབ་དབྱེར་མེད་དུ་ལྡན་པར་གྱུར་ཅིང་། འཁོར་འདས་མཉམ་པའི་ངང་ཉིད་དུ་རྟོགས་ཅིང་གསལ་ན་ལྟ་བའི་ཕྱག་རྒྱ། མངོན་དུ་བྱས་པ་འབྲས་བུའི་ཕྱག་རྒྱའོ། །དེ་གསུམ་དང་ལྡན་པ་ནི་ཐམས་ཅད་བྱང་ཆུབ་མཆོག་གི་རྒྱའོ། །གཉིས་པ་མ་འགག་པ་རྟགས་ཀྱིས་ཕྱག་རྒྱའོ། །དེ་ལ་གཉིས་ལས། དང་པོ་ཕྱག་རྒྱའི་ཁུངས་ངེས་ཚིག་དང་བཅས་པ་ནི། རྔམ་གློག་ལྟར་བསྐྱོད་ཆེན་ནི་ལུས་ཀྱིས་ཡན་ལག་ལྔ་སྟེ། ལག་པ་གཡས་ལ་རྡོ་རྗེ་རིགས་ཀྱི་ལྷ་བརྒྱད། མགོ་དེ་བཞིན་རིགས་ཀྱི་ལྷ་བརྒྱད། ལག་པ་གཡོན་རིན་ཆེན་རིགས་ཀྱི་ལྷ་བརྒྱད། རྐང་པ་གཡོན་པདྨ་རིགས་ཀྱི་ལྷ་བརྒྱད། རྐང་པ་གཡས་ལས་ཀྱི་རིགས་ལྷ་བརྒྱད་ཀྱིས་འཁོར་ལོའི་གཞལ་ཡས་སུ། ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་ཀུན་ཁ་དོག་གསལ་ཞིང་འོད་ཟེར་འཕྲོ་བར་བསྒོམ་ན། བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན་པས། འདི་ནི་སྤྱི་རྒྱ་ཆེན་པོ་ཡིན་ཏེ་ཞེས་སོ། །བླ་མེད་ཆེན་པོ་ཀུན་ཏུ་བཟང་པོས་འདི་སྐད་གསུངས། རང་བཞིན་གྱིས་ཕྱག་རྒྱ་རྟོགས་དཀའ་བས་ན། གསང་བ་དེ་ཉིད་གཞུང་གང་གིས་སྟོན་ན། དེ་ཁོ་ན་ཉིད་ངེས་པའི་དོན་མཚོན་པར་བྱེད་པ་གསང་བ་སྙིང་པོའི་གཞུང་གིས་སྟོན་པའི་ཕྱག་རྒྱ་འདི་ནི་འདའ་བར་དཀའ་བ་སྟེ་རྒྱལ་པོའི་བཀའ་རྟགས་དང་འདྲའོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱིས་ཕྱག་རྒྱ་ལ་གཉིས་ལས། དང་པོ་ཕྱག་རྒྱའི་རྒྱུ་བསྟན་པ་ནི། ལག་པ་གཡས་པ་མི་བསྐྱོད་པའི་རིགས་ཀྱི་སོར་མོ་བྲེ་ཁ་ལྔ་ལ། མ་སུརྱ་མཎྜལ་ཅེས་པས་ཉི་མའི་དཀྱིལ་འཁོར་ལྔ་བཀོད་ལ། དེའི་སྟེང་དུ་ཡབ་ཀྱི་ས་བོན་ཡི་གེ་ལྔ་བཀོད་དེ། གུང་མོ་ལ་ཧཱུྃ། འཛུབ་མོ་ལ་ༀ། སྲིན་ལག་ལ་སྭཱ། མཐེ་བོང་ལ་ཨཱཾ། མཐེའུ་ཆུང་ལ་ཧཱ་རྣམས་སོ། །ལག་པ་གཡོན་པ་རིན་ཆེན་རིགས་ཀྱི་སོར་མོར་བྲེ་ཁ་ལྔ་ལ། ཨཱ་ཙནྡྲ་མཎྜ་ལ་ཅེས་པས། ཟླ་བའི་དཀྱིལ་འཁོར་ལྔ། དེའི་སྟེང་དུ་ཡུམ་གྱིས་ཡི་གེ་འབྲུ་ལྔ་བཀོད། གུང་མོ་ལ་མཱུྃ། འཛུབ་མོ་ལ་ལཱྃ། སྲིན་ལག་ལ་མཱྃ། མཐེ་བོང་ལ་པཱྃ། མཐེའུ་ཆུང་ལ་ཏཱཾ་རྣམས་སོ། །དེ་ལ་ལག་པ་གཡས་གཡོན་གྱི་སོར་མོ་ལྔ་གཉིས་ཟུང་དུ་སྤྲད་པ་ལས་ཐལ་མོ་སྦྱོར་བའི་ལྷ་སོ་སོའི་ཕྱག་རྒྱ་འབྱུང་བའི་རྒྱུའོ། །གཉིས་པ་ཕྱག་རྒྱ་དངོས་ལ་གཉིས་ལས། དང་པོ་རིགས་ལྔ་སྤྱིའི་ཕྱག་རྒྱ་ནི། ལག་པ་གཡས་པའི་འཛུབ་མོའི་ༀ་དང་། གཡོན་པའི་མཱུྃ་གཉིས་རྩེ་སྦྱར་སྟེ། རིགས་བཞིའི་ཡི་གེ་འབྲུ་བརྒྱད་པོ་ཡབ་ཡུམ་བྲང་མ་སྦྲད་པར་བསྣོལ་ཏེ། རྩེ་མོ་སྤྲད་པ་ནི། དུས་གསུམ་གྱི་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བའི་དབང་དང་དངོས་གྲུབ་བདེ་བ་ཆེན་པོ་རང་གི་རྒྱུད་ལ་སྦྱིན་པར་བྱེད་པའི་ཕྱག་རྒྱའོ། །དེ་ཡང་ཡེ་ཤེས་རྔམ་གློག་གིས་འཁོར་ལོའི་རྒྱུད་ལས། ༀ་དང་མཱུྃ་གཉིས་རྩེ་སྦྱར་ཏེ། །དེ་བཞིན་ཧཱུྃ་དང་ལཱྃ་གཉིས་སྦྱར། །ཨཱྃ་དང་པཱཾ་ཡང་དེ་བཞིན་ཏེ། །ལཱཾ་དང་ཏཱཾ་གཉིས་སྦྱར་བ་ལས། །རྒྱབ་སྦྱར་སྭཱ་དང་མྃ་སྦྱར་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ༀ་དང་མཱུྃ་སྦྱར་ཧཱུྃ་དང་ནི། །ལཱྃ་སྦྱར་སྭཱ་དང་པྱཱཾ་དུ་སྦྱར། །ཨཱཾ་དང་མཱཾ་སྦྱར་ཧཱ་ཏཱཾ་སྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད་དོ། །ཅེས་སོ། །གཉིས་པ་ལྷ་སོ་སོའི་ཕྱག་རྒྱ་ནི། དེ་ལ་ཕྱག་རྒྱ་བཞི་ལ་དོན་བཅོ་ལྔ་ཡོད་ཀྱང་། འདིར་ལག་ཏུ་བླངས་པ་ལ་དོན་ཚངས་དགོས་ཏེ། དེ་ཡང་གཙོ་བསྡུ་དང་། འཁོར་བསྡུ་གང་འཐད་བྱ་ལ། བདག་རྡོ་རྗེ་སེམས་དཔའ་ལ་སོགས་རིགས་ལྔའི་ལྷ་རྣམས་ཀྱི་དབུའི་གཙུག་ཏོར་ནས་ཞབས་ཀྱིས་གདན་ཁྲི་མན་ཆད་གསལ་བ་ནི་སྐུ་ཕྱག་རྒྱ་ཆེན་པོ། དེ་ལྟར་གསལ་བའི་ལག་གཡས་ཀྱིས་ཉི་མ་ལ་གནས་པའི་ཡི་གེ་འབྲུ་བཞི་པོ་སྦས་ནས་གུང་མོ་འཛུབ་མོ་སྲིན་ལག །མཐེ་བོང་། མཐེའུ་ཆུང་རྣམས་རིམ་བཞིན་གྱེན་དུ་སྒྲེང་ནས་ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི། བཅའ་བ་དམ་ཚིག་གི་ཕྱག་རྒྱའོ། །དེའི་རྩེ་མོར་ཧཱུྃ་མཐིང་ཀ །ༀ་དཀར་པོ། སྭཱ་སེར་པོ། ཨཱྃ་དམར་པོ། ཧཱ་ལྗང་ཀུ་རྣམས་རིམ་པ་བསམ་པ་ནི། བསམ་པ་ཆོས་ཀྱི་ཕྱག་རྒྱའོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་ལ་སོགས་ཕྱག་མཚན་འོད་འབར་བ་བསམ་པ་ནི། བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་ལྔ་བརྟུལ་ཞིང་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ནས་དྲིལ་བུ་བསིལ་ཞིང་སྐུས་བརྗིད་གཡས་སུ་ཕབ་སྟེ། ཡུམ་ལ་འཁྲིལ་བའི་ཚུལ་གྱི་རླ་གཡོན་པ་ཆོས་ཀྱིས་རིགས་ལ་བརྟེན་ཅིང་། དབུ་གཡོན་དུ་གཡོ་ནས་གཡོན་ཟུར་སྨད་ནས་གཡོན་དུ་ཡུམ་གྱི་ཞལ་དུ་བལྟ་བའི་ཚུལ་གྱིས་ཕྱག་རྒྱ་དངོས་བཅའ་བ་ནི། བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ལ་བསམ་པ་ནི། བསམ་པ་ལས་ཀྱི་ཕྱག་རྒྱ་ཡིན་གསུངས། མན་ངག་ལྟར་ན་འདི་ནི་དམ་ཚིག་ཕྱག་རྒྱར་འདོད་དོ། །ཧཱུྃ་བཛྲ་དྷྲིཀ྄་ཅེས་སོགས་བརྗོད་པ། བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །མན་ངག་ལྟར་གྱི་ལས་རྒྱ་ནི། ཕྱག་རྒྱ་གནས་སྐབས་དྲུག་ལྡན་ལ། དངོས་གཞི་མ་གཏོགས་པ་ལྔ་བཅའ་བ་ལས་ཀྱི་ཕྱག་རྒྱ། དེའི་ཚེ་རྡོ་རྗེའི་སྟེ་བའི་ཧཱུྃ་ལས་འོད་འཕྲོས་པས་མཛད་པ་བཅུ་གཉིས་མཐར་ཕྱིན་ཏེ། དེ་ཡང་འགྲོ་བ་རིགས་དྲུག་བསྒྲལ་བའི་མཛད་པ་དྲུག་དང་། ཉན་ཐོས་དང་རང་རྒྱལ་འགོག་པའི་མཐའ་ལས་བསླང་བ་དང་། རིག་འཛིན་དང་བྱང་སེམས་དག་ཤེས་བྱའི་སྒྲིབ་པ་སྦྱངས་ཏེ་མཐར་ཐུག་སངས་རྒྱས་ཀྱི་སར་བཀོད་པ་དང་། དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུ་བ་དང་། མ་མོ་མཁའ་འགྲོ་དག་གི་ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་དང་། སངས་རྒྱས་རྣམས་ལ་འགྲོ་བའི་དོན་མཛད་པར་ཐུགས་དམ་བསྐུལ་བ་སྟེ། ཡང་ཚུར་བསྡུ་བར་བསམ་པ་ལས་ཀྱི་ཕྱག་རྒྱའོ། །དེའི་གཡོན་ཕྱོགས་སུ་ཡུམ་དབྱིངས་ཕྱུག་མ་ལ་སོགས་པ་ཡུམ་ལྔ་གསལ་བར་བསྒོམ་པ་ནི་སྐུ་ཕྱག་རྒྱ་ཆེན་པོ། ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་འབྲུ་བཞི་སྦས་ནས་གུང་མོ། འཛུབ་མོ། སྲིན་ལག །མཐེབ་ཆེན། མཐེའུ་ཆུང་རྣམས་རིམ་པར་སྒྲེང་བ། ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི། བཅའ་བ་དམ་ཚིག་གིས་ཕྱག་རྒྱ། དེའི་རྩེ་མོར་མཱུྃ་མཐིང་ཀ །ལཱྃ་དཀར་པོ། མཱྃ་སེར་པོ། པྱཱྃ་དམར་པོ། ཏཱྃ་ལྗང་གུ་རྣམས་རིམ་པར་བསམ་པ་ནི། བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་བསིལ་བའི་སྒྲ་ཆེན་པོ་འོད་འབར་བསམ་པ་ནི། བསམ་པ་དམ་ཚིག་གི་ཕྱག་རྒྱ། གཡས་པའི་ཉི་མ་ལ་གནས་པའི་འབྲུ་ལྔ་སྦས་ནས་ལས་ཀྱི་རིགས་སུ་བརྟེན་པའམ། ཡབ་ཀྱི་མགུལ་དུ་འཁྲིལ་ཞིང་། ཡུམ་གྱི་དབུ་ཡབ་ཀྱི་མདུན་ནས་བཏུད་དེ་འཛུམ་པའི་མདངས་ཀྱིས་སྐུ་བརྗིད་གཡོན་དུ་ཕབ། དབུ་གཡས་སུ་ཡོ་སྟེ་སྤྱན་ཟུར་བསྟོད་ནས་ཡབ་ཀྱིས་ཞལ་དུ་བལྟ་བའི་ཚུལ་དུ། ཕྱག་རྒྱ་དངོས་སུ་བཅའ་བ་ནི། བཅའ་བ་ལས་ཀྱིས་ཕྱག་རྒྱ། དེ་ལྟར་ཡིད་ལ་བསམ་པ་ནི། བསམ་པ་ལས་ཀྱི་ཕྱག་རྒྱ། མཱུྃ་དྷ་ཏུ་ཤྭ་རཱི་སོགས་བརྗོད་པ་ནི། བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །དེ་ལ་ཕྱག་རྒྱ་གནས་སྐབས་དྲུག་ལྡན་ནི། མཉམ་པར་བཞག་པ། མཁའ་ལ་འཕྱོ་བ། ཐད་དུ་བསྐོར་བ། ཕྱག་རྒྱ་བཅའ་བ། འོད་ཟེར་འཕྲོ་བ། སླར་བསྡུ་བ་སྟེ། ཡབ་གཡོན་དུ་མཉམ་པར་བཞག་ནས་གཡས་སུ་འཐེན་ནས་མཁའ་ལ་འཕྱོ་ཞིང་། ཐད་དུ་གཡས་སུ་པད་བསྐོར་གཅིག །གཡོན་དུ་གཅིག །དབུས་སུ་གསུམ་མམ། ཡང་ན་གཡས་གཡོན་དབུས་གསུམ་ལ་གསུམ་གསུམ་སྟེ་དགུ་བྱས་པ་ལ་རང་རང་གིས་སྔགས་དང་ཕྱག་རྒྱའི་ངོ་བོ་བསྟན་ལ། དེ་ནས་ཕྱག་རྒྱ་བཀྲོལ་ཏེ། སོར་མོ་ཕར་བསྟན་ལ་དཔྲལ་བའི་ཐད་དུ་བཀྲོལ་བའི་ཚུལ་བྱས་ལ་ཏིང་ངེ་འཛིན་གྱིས་མཛད་པ་བཅུ་གཉིས་ཀྱི་འོད་ཟེར་སྤྲོ་བ་མཛད་ཅིང་། དེ་ནས་སོར་མོ་ནང་དུ་བསྟན་ཞིང་ལྡོག་པ་དང་། ས་མ་ཡ་སྟྭཾ་ཞེས་བརྗོད་པ་དང་། འོད་ཟེར་བསྡུ་བ་དང་དུས་མཉམ་དུ་སེ་གོལ་ཐུགས་ཀ་ནས་ཡབ་ལ་གཡོན་དང་། ཡུམ་ལ་གཡས་སུ་བཀྲོལ་བར་བྱའོ། །སེམས་དཔའ་ཕྱིན་ཆད་ལ་རྔམ་པ་གློག་འཁོར་གྱིས་ཚིག་བཅད་ལྟར་བརྗོད་པ་ཡིན་པས། ཕྱག་རྒྱ་རེ་རེ་ལ་དོན་དྲུག་དྲུག་དང་ལྡན་པ་སྟེ། རང་ལྷ་དེ་དང་དེར་བསྒྱུར་བ་ནི་ཕྱག་རྒྱ་ཆེན་པོ། འདི་མན་ཆད་ལ་སོར་མོའི་རྩེ་མོར་ཕྱག་མཚན་དང་ཡིག་འབྲུ་བསྒོམ་པ་མེད་དེ། ཕྱག་རྒྱའི་དབྱིབས་དང་མཚན་མའི་འཛིན་སྟངས་བྱས་པ། བཅའ་བ་དམ་ཚིག་གིས་ཕྱག་རྒྱ། ཕྱག་དུ་ཕྱག་མཚན་བསྣམས་པར་བསྒོམ་པ་བསམ་པ་དམ་ཚིག་གིས་ཕྱག་རྒྱ། ལྷ་སོ་སོའི་སྙིང་པོ་བརྗོད་པ་ཆོས་ཀྱི་ཕྱག་རྒྱ། གར་བསྐོར་ཞིང་ཕྱག་རྒྱ་བཅའ་བ་ནི། བཅའ་བ་ལས་ཀྱི་ཕྱག་རྒྱ། ཕྱག་མཚན་ལ་མི་སྤྲོ་སྟེ། རང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་པས་སྔར་ལྟར་མཛད་པ་བཅུ་གཉིས་མཛད་པ་ནི། བསམ་པ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཞེས་པ་ཐམས་ཅད་གཡས། རིན་པོ་ཆེ་ཞེས་པ་གཡོན་གྱི་བརྡ་སྟེ། དེ་ལ་ལག་པ་གཡས་ཀྱི་སོར་མོ་གསུམ་བརྐྱང་ནས་མཐེའུ་ཆུང་བཀུམ་ནས་རིན་པོ་ཆེ་མྱུ་གུ་རྩེ་གསུམ་ལྟར་བྱས་ནས་ཐུགས་ཀར་བཞག་སྟེ། གཡོན་པས་དྲིལ་བུ་བསིལ་ལ་ཡུམ་ལ་འཁྱུད་ཚུལ་ནི་ས་སྙིང་ངོ་། །གཡས་གཡོན་གཉིས་ཁུ་ཚུར་བཅང་ནས་སྐུའི་སྟ་ཟུར་གཉིས་སུ་བཞག་པ་སྒེག་མོའོ། །འཛུམ་པའི་མདངས་ཀྱིས་གཡོན་དུ་སྨད་དེ་བལྟ་བ་ཡབ་ཀྱི་དང་། ཡུམ་གཡོན་དུ་བཏུད་དེ་བལྟ་བ་དང་། སྐུའི་བརྗིད་གཡོན་དུ་ཕབ་པ་དང་། གཡས་སུ་ཕབ་པ་ཐམས་ཅད་ཀུན་ལ་འགྲེས་པར་བྱའོ། །གཡས་མཐེའུ་ཆུང་མཐེ་བོང་གིས་མནན་ཏེ་སོར་མོ་གསུམ་གཤིབ་ཏེ་རལ་གྲི་ལྟར་ཕྱར་བའམ་ཐུགས་ཀར་བཟུང་བ་དང་། གཡས་གཡོན་གཉིས་ཀྱི་རྣ་ལྟག་ཏུ་རིན་པོ་ཆེའི་ཕྲེང་བ་ལྟར་བྱ་བ་ནི་ནམ་སྙིང་ཡབ་ཡུམ། གཡས་ཀྱི་སོར་མོ་ཅུང་ཞིག་མ་ཟིན་པར་བྱ་སྟེ་ལག་པའི་རྒྱབ་གཡས་སུ་ལྟ་བ་སྙིང་གར་བཞག་པ་དང་། གཡོན་མཐེབ་སྲིན་གྱི་ཁ་གྱེན་དུ་བསྟན་ཏེ་པི་ཝང་ལེན་པ་ལྟར་བྱས་ལ། གཡས་ཀྱི་མཐེབ་སྲིན་པི་ཝང་བརྡེག་པ་སྤྱན་རས་གཟིགས་ཡབ་ཡུམ་དང་། གཡས་ཀྱི་སོར་མོ་རྡོ་རྗེ་རྩེ་ལྔ་པ་ལྟར་བྱས་ལ། རིན་ཆེན་གར་ཐབས་བསྐོར་ནས་ཐུགས་ཀར་བཏུད་དེ། ལག་པ་གཉིས་གར་བྱས་པའི་རྟིང་ལ་གཡོན་དཔྲལ་བར་བཟུང་ལ། གཡས་ཡབ་ལ་འཁྲིལ་བ་ལྟར་བྱས་པ་ཕྱག་རྡོར་ཡབ་ཡུམ། གཡས་ཀྱིས་ལག་གུང་མོ་ཅུང་ཞིག་རིང་བར་བྱས་ཏེ་ཀླུ་ཤིང་ལྟར་ཐུགས་ཀར་དང་། གཡོན་པས་ཐུགས་ཀར་ཐལ་མོ་གྱེན་དུ་བསྟན་པ་བྱམས་པ་ཡབ་ཡུམ། གཡས་ཐུགས་ཀར་པོ་ཏི་བཟུང་བ་ལྟར་དང་། ལག་པ་གཉིས་སྣ་ལྟག་ཏུ་མེ་ཏོག་གཞོང་པ་འཛིན་པ་ལྟར་བྱ་བ་སྒྲིབ་སེལ་ཡབ་ཡུམ། ལག་པ་སོར་མོ་རྣམས་སྙེ་མའི་འབྲས་བུ་གཡོན་པའི་ཐལ་མོ་སྦྱར་ནས་གྱེན་དུ་བཀན་ཏེ། གུང་མོ་མར་མེ་ལྟར་བྱ་བ་ཀུན་བཟང་ཡབ་ཡུམ། གཡས་ཨུཏྤལ་སྟེ་སྔར་དང་འདྲ་བ་ལ་ལག་པའི་རྒྱབ་གཡས་སུ་བལྟ་བ་དང་། གཡོན་དུང་ཞལ་གྱི་ཕྱག་རྒྱ་དང་། གཡས་ཀྱི་མཐེབ་སྲིན་གྱིས་བྱུག་པའམ། འཐོར་བ་ལྟར་བྱ་བ་འཇམ་དཔལ་ཡབ་ཡུམ། ཁུ་ཚུར་བཅང་ལ་ཐོད་དབྱུག་རྒྱ། སོར་མོ་རྡོ་རྗེ་གདིང་བའི་དབྱུག་པ་རྒྱ། ཐོད་པ་ལྟར་སོར་མོ་ཟུང་འཇུག་གི་མ་བཟུང་བའི་གུང་འཛུབ་བསྒྲིལ་བ་པདྨའི་དབྱུག་པ་རྒྱ། སོར་མོ་རྣམས་བརྐྱང་པའམ། གུང་སྲིན་གཉིས་བསྐུམ་ལྷག་མ་བསྐྱང་པ་རྒྱ་གྲམ་དབྱུག་པ་རྒྱའོ། །ཁུ་ཚུར་སོར་མོ་བཅང་སྟེ་འཛུམ་གཉིས་བཀུག་པ་དང་། དེ་ཉིད་འཛུབ་གཉིས་རྩེ་སྤྲད་པ་དང་། འཛུབ་གཉིས་གཅིག་ལ་གཅིག་འཁྱུད་པ་དང་། དེ་ཉིད་བསྐུལ་བའི་གར་དང་ཐལ་མོའི་སྒྲའོ། །སྔར་ལྟ་པི་ཝང་ལེན་པ། གཡོན་པར་བུ་ཐུགས་ཀར། གཡས་སྲེག་ཤང་འཕྱར་ཐབས། སོར་མོ་རྣམས་བསྣོལ་སྟེ་ནང་རང་ལ་བསྟན་པའམ། ཡང་ན་གཡས་རལ་གྲི། གཡོན་ཁྲབ་འཛིན་ཚུལ། ལག་པ་གཉིས་སྤྱི་བོར་གླེགས་བམ་འཛིན། སྙེ་མཁའི་ཐད་དཀར་ཕྱེ། ལག་པ་གཉིས་མེ་ཆུ་ཐོགས་པ་ལྟ་སོ་སོར་ཐབ་མོ་གྱེན་ཐུར་དུ་བསྟན། མཉམ་བཞག་ཡབ། ཆོས་འབྱུང་ཡུམ། ཡང་ན་གཉིས་ཀ་རྡོ་རྗེའི་ཐལ་མོའོ། །དེ་ནས་རང་གཙོ་བོར་གསལ་བར་བྱའོ། །བརྒྱད་པ་སྦྱོར་བའི་མཆོད་པ་ནི། ས་མ་ཡ་ཧོ་ཡབ་ཀྱིས། ཨ་ནུ་རཱ་ག་ཡ་ཧཾ་ཡུམ་གྱིས་བརྗོད་པར་བསམ་ལ། རང་གི་སྨིན་མཚམས་སུ་སེམས་དཔའ་དཀར་པོ་དང་ཡུམ་དམར་པོ་གཉིས་འཁྲིལ་བར་བསྒོམ། ཕྱོགས་བཅུའི་སངས་རྒྱས་ཀྱི་བྱིན་རླབས་བསྡུ་ལ་བསྟིམས། དེ་གཉིས་སྦྱོར་བ་མཛད་པའི་འོད་ཟེར་ལས་དཀྱིལ་འཁོར་གྱི་ལྷ་ཡབ་ཀྱི་གྲངས། སེམས་མ་དམར་མོ་བྱུང་བས་ཡབ་རྣམས་ཀྱི་སྐུ་ལ་འཁྲིལ། ཡུམ་གྱི་གྲངས་ཀྱི་སེམས་དཔའ་དཀར་པོ་བྱུང་བས་ཡུམ་རྣམས་ལ་འཁྲིལ་བས་མཉེས་པ་ཕུལ་བར་བསྒོམ་ལ། དེ་ནས་དེ་རྣམས་རང་གི་སྨིན་མཚམས་སུ་བསྟིམ་མོ། །དགུ་པ་སྒྲོལ་བའི་མཆོད་པ་ནི། རང་གི་ཐུགས་ཀ་ནས་རྃ་སྤྲོས་པས་འགྲོ་བ་མ་ལུས་པ་སྣོད་བཅུད་དང་བཅས་པ་བསྲེག་ཏེ། ཡྃ་སྤྲོས་པས་ཐལ་བ་མ་ལུས་པར་གཏོར་ནས། ཁྃ་གི་ཆུས་བཀྲུས་ཏེ། རྣམ་པར་ཤེས་པ་ཧཱུྃ་གི་རྣམ་པ་དཀར་པོར་གྱུར་པ་རྣམས། བུང་བ་མང་པོ་ཕྱོགས་གཅིག་ལ་འདུས་པ་ལྟར་བྱུང་ནས། རང་གིས་ཞལ་དུ་ཞུགས་ཡུམ་གྱིས་མཁའ་ལ་ཕབ་སྟེ། ཧཱུྃ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ནས། གཙུག་ཏུ་རྣམ་པར་རྒྱལ་བ་ཀུན་བཟང་གིས་མཚན་པ། ཉི་ཟླའི་བར་དུ་བཞག་ནས་རླུང་གི་དལ་གྱི་སྟེང་དུ་བཞག་སྟེ། སྥ་ར་ན་ཕཊ྄་ཀྱིས་འོག་མིན་ཆོས་ཀྱི་དབྱིངས་ཀྱིས་ཕོ་བྲང་དུ་རྣམ་སྣང་གི་མཛོད་སྦུར་བསྟིམ་པ་རྒྱས་པ། ཡུམ་གྱི་མཁའ་ཆོས་དབྱིངས་ཡུམ་གྱི་བྷ་གར་བསྟིམ་པ་འབྲིང་། རང་རྡོ་རྗེ་སེམས་དཔའི་ཐུགས་ཀར་བསྒོམ་པ་བསྡུས་པ་དང་གསུམ་ལས། འདིར་བསྡུས་པ་བྱས་ཀྱང་ཉན་ནོ། །བཅུ་པ་སྨན་མཆོད་ནི། སྨན་མཐེབ་སྲིན་ཉི་ཟླའི་སྐྱོག་ཏུ་བསམ་ནས་གཏོར་བས་ལྷ་ཐམས་ཅད་ཀྱི་ཞལ་དུ་སྐྱེ་མེད་ཆོས་ཀྱི་བདུད་རྩི་ཆར་བཞིན་དུ་བབ་ནས་ཐིམ་པར་བསམ་པའམ། ཡང་ན་ལྷ་མོ་ཉི་ཟླའི་སྐྱོག་ཐོགས་པ་དཔག་ཏུ་མེད་པ་རང་གི་ཐུགས་ཀ་ནས་སྤྲོས་པས་སྨན་དེ་བཅུས་ནས་མཆོད་པར་བསམ། བཅུ་གཅིག་པ་གཏོར་མའི་གོང་དུ་ཕྱི་མཆོད་རྣམ་ལྔ་སྔགས་སམ་ཡིད་ཀྱི་འབུལ། གཏོར་མའི་མཆོད་པ་དངོས་ནི། སྟེང་འདོད་ཡོན་གྱི་ལྷ་མོ། གཟུགས་ཀྱི་ལྷ་མོ་སྤྱན། སྒྲའི་ལྷ་མོ་སྙན། དྲིའི་ལྷ་མོ་ཤངས། རོའི་ལྷ་མོ་ལྗགས། རེག་བྱའི་ལྷ་མོ་སྐུ། ཆོས་ཀྱི་ལྷ་མོ་ཐུགས་ཀར་ཐིམས་པར་བསམ། བར་བདུད་རྩིའི་རྒྱ་མཚོ་ལྷ་ཚོགས་རྣམས་ཀྱི་སྔགས་བརྗོད་ཅིང་བྷ་ལིངྟ་ཁཱ་ཏི་བཏགས་པས། བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ལྗགས་ཉི་ཟེར་ལྟ་བུ་དང་། ཡི་དམ་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ལྟ་བུ་དང་། ཆོས་སྐྱོང་རྣམས་ཀྱི་ལྗགས་གྲི་གུག་གི་ཚུལ་དུ་གསོལ་བར་བསམ་མོ། །འོག་དུག་གསུམ་ཤ་ཁྲག་རུས་པ་ནི། མཁའ་འགྲོ་ཆོས་སྐྱོང་ལ་མཆོད་དོ། །གཉིས་བཅུ་པ་མཆོད་པའི་ཡོན་ཏན་ནི་གཞུང་བཞིན་ནོ། །བཅུ་གསུམ་པ་བསྟོད་པ་ནི། ཡང་ལྷ་མོ་བཞི་སྤྲོས་ནས་བསྟོད་པར་བསམ་མོ། །དེ་ནས་ཆོས་སྐྱོངས་མཆོད་བསྟོད་གཞུང་བཞིན་དུ་བྱེད་ཚར་ནས། སྨོན་ལམ་ལས་བཅོལ་བྱས་ལ། སྐུ་གསུང་ཐུགས་ཀྱི་ལྷག་ཆད་ཁ་བསྐང་བ་ལ་རིམ་པ་ལྟར་ཀཱ་ལི་ཨཱ་ལི་ཡིག་བརྒྱ་རྣམས་འདོད་ལ། དེ་ནས་བཅུ་གཅིག་རྡོ་རྗེའི་འགྲིང་རའི་ནང་ན་བཞུགས་པའི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་བཏབ་ཟེར་ཀྱང་། ཡེ་ཤེས་རང་སྣང་ལ་གང་ཡང་མི་འགལ་ཀྱང་། གདུལ་བྱ་དང་བློ་མཚམས་དགོས་པའི་དབང་དུ་ན། རྡོ་རྗེ་མ་ཐོ་གང་བར་ཡིན་པས་དེར་བཞུག་པ་མི་མཚམས་པ་དང་། རྒྱུད་སྡེ་མཐའ་དག་གིས་འདོད་པ་དང་། འདིའི་རྒྱུན་བཤགས་ཀྱི་སྐབས་སུ་གཙོ་བོའི་དབུ་ཐོག་ན་བླ་མ་བསྒོམ་པར་བཤད་པས། རང་གི་སྤྱི་བོར་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མས་བསྐོར་བར་བསམ་ལ་གསོལ་བ་གདབ་བོ། །བཅུ་བཞི་པ་བསྙེན་པ་ནི། དེ་ནས་སྐབས་འདིར་གཙོ་ཆེར་ལྷའི་རྣམ་པ་གསལ་ཅི་ནུས་བྱ་སྟེ། དང་པོ་གཙོ་བོ་ནས་རིམ་གྱིས་རྫོགས་པའི་བར་བྱ་བ་ནི་བསྙེན་པའི་རབ་བོ། །བསྙེན་པ་དངོས་ལ་གཉིས་ལས། དང་པོ་ལྷ་རྟོགས་གི་བསྙེན་པ་ནི། རྟོག་ཚོགས་གང་དང་གང་ཡིན་པ་དེ། ལྷ་གང་ཡིན་པར་གྱུར་ནས་དབུའི་གཙུག་ཏོར་ནས་འོག་གི་གདན་ཁྲིའི་བར་གྱི་རྒྱན་ཆ་སྔགས་འཁོར་རྣམས་རིམ་པར་གསལ་བར་བྱེད་པ་ལ། གཙོ་བརྒྱུད་དང་། འཁོར་བརྒྱུད་གཉིས་ལས། དང་པོ་ལྟར་ན་གཙོ་བོ་རྡོར་སེམས་སུ་གསལ་ཐོབ་ནས། རང་དབུས་སུ་རྣམ་སྣང་དུ་བསྒོམ་ལ། རྡོ་སེམས་ནི་རྣམ་སྣང་གི་མལ་དུ་བསྒོམ་ལ། དེ་བཞིན་དུ་ཐུབ་དྲུག་ཡན་ཆད་ལ་ཤེས་པར་བྱའོ། །འཁོར་བརྒྱུད་ནི། རང་རྡོར་སེམས་ནས་ལྷ་ཞེ་གཉིས་པོ་རང་རང་གི་གདན་ཐོག་ཏུ་ཤེས་པ་གོ་འཕོ་ཞིང་བསྒོམ་སྟེ། གང་ལྟར་ན་རྣམ་ཤེས་ཕུང་པོ་གནས་སུ་གྱུར་ནས་རྡོར་སེམས་ཡབ་ཡུམ་དུ་བསྒོམ་ལ་ཚིགས་བཅད་འདི་བརྗོད་དོ། །རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཐུགས་སུ་དབང་བསྒྱུར་བས། །དངོས་གྲུབ་ལམ་རྣམས་འགྲུབ་བྱེད་ཤོག །ཧཱུྃ་བཛྲ་དྷྲིཀ྄ །མཱུྃ་དྷཱ་ཏཱི་ཤྭ་རི། ཅེས་བཟླའོ། །དེ་ནས་རང་ཀུན་བཟང་ཡབ་ཡུམ་དུ་བསྒོམ་ལ། ཡིད་ནི་རང་རིག་མ་སྐྱེས་སེམས། །ཀུན་ཏུ་བཟང་པོའི་རང་བཞིན་ལས། །ཏིང་འཛིན་བྱེད་པོར་དབང་བསྒྱུར་ནས། །མ་ལུས་ཀུན་གྱིས་བྱེད་པོར་ཤོག །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཆོས་ནི་དེ་བཞིན་མ་སྐྱེས་པ། །ཀུན་ཏུ་བཟང་པོའི་རང་བཞིན་ལ། །ཏིང་འཛིན་བྱ་བར་དབང་བསྒྱུར་ནས། །མ་ལུས་ཀུན་གྱི་བྱ་བར་ཤོག །ཨ་ཨ་ཨ་བཛྲཱི་བྷ་དྲ་སནྟ་ཨ། ཅེས་བཟླའོ། །དེ་ནས་རྣམ་སྣང་ཡབ་ཡུམ་དུ་བསྒོམ་ལ། །གཟུགས་ཕུང་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །སྣང་མཛད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སྐུ་རུ་དབང་བསྒྱུར་བས། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ༀ་ཛི་ན་ཛིཀ྄ །ལཱྃ་དཻ་ཥ་ར་ཏི་ཅེས་བཟླའོ། །ཚོར་བ་ཆུའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །འབྱུང་ལྡན་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཡོན་ཏན་དབང་བསྒྱུར་བས། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །སྭཱ་རཏྣ་དྷྲཱིཀ྄ །མཱྃ་མོ་ཧ་ར་ཏི་ཅེས་བཟླའོ། །འདུ་ཤེས་མེའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མཐའ་ཡས་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ཨཱྃ་ཨ་རོ་ལིཀ྄ །པྱཱྃ་རཱ་ག་ར་ཏི་ཅེས་བཟླའོ། །འདུ་བྱེད་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །དོན་གྲུབ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཕྲིན་ལས་དབང་བསྒྱུར་བས། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ཧཱ་པྲཛྙཱ་དྷྲཱིཀ྄ །ཏཱཾ་བཛྲ་ར་ཏི་ཅེས་བཟླའོ། །མིག་གཟུགས་སེམས་ཕྱིར་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵིཾ་ཧི་རཱ་ཛ་ཡ། ཧཱུྃ་ལཱ་སྱཱེ་ས་མ་ཡ་སྟྭྃ། ཅེས་བཟླའོ། །སྣ་དྲི་སེམས་ཕྱིར་མ་སྐྱེས་པ། །ནམ་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཏྲཱྃ་ཨ་གརྦྷ་ཡ། ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོཿཅེས་བཟློའོ། །ལྕེ་རོ་སེམས་ཕྱིར་མ་སྐྱེས་པ། །སྤྱན་གཟིགས་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧྲཱིཿཧ་ཧཱུྃ་པདྨ་པ་ད་མ། ཧྲཱིཿགཱིརྟི་རཱ་ག་ར་ཧྃ་ཅེས་བཟླའོ། །རྣ་སྒྲ་སེམས་ཕྱིར་མ་སྐྱེས་པ། །ཕྱག་རྡོར་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཛི་ཀུ་རུ་པཱ་ཎ་ཧྲཱིཿ ཨ་ནྲྀ་ཏི་རཱ་ག་ཡཱ་མི་ཅེས་བཟླའོ། །མིག་དབང་འདས་དུས་མ་སྐྱེས་པ། །བྱམས་པ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མཻ་དྷ་ར་ཎི་སྭཱ་ཧཱ། ཛཿདྷུ་པེ་པྲ་བེ་ཤཱ་ཅེས་བཟླའོ། །རྣ་དབང་ད་ལྟར་མ་སྐྱེས་པ། །སྒྲིབ་སེལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཐླྷིཾ་ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་བེ་ཤཱ་ཅེས་བཟླའོ། །སྣ་དབང་མ་འོངས་མ་སྐྱེས་པ། །ཀུན་བཟང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧཱུྃ་སྭ་རཱ་ཛཱ་ཡ་སྭཱ་ཧཱ། བྃ་དཱི་བ་སུ་ཁི་ནཱི་ཅེས་བཟླའོ། །ལྕེ་དབང་མ་ངེས་མ་སྐྱེས་སེམས། །འཇམ་དཔལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མཱུྃ་ཤྲཱི་ཨ་རཱཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟཾ་ཅེས་བཟླའོ། །རེག་གི་རྟོག་པ་མ་སྐྱེས་སེམས། །གཤིན་རྗེ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ྄། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ཅེས་བཟླའོ། །རེག་ཡུལ་ཆད་པ་མ་སྐྱེས་སེམས། །སྟོབས་ཆེན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་པྲ་ཛྙཱནྟ་ཀྲྀཏྟ་ཕཊ྄། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭཱ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ཅེས་བཟླའོ། །རེག་དབང་བདག་འཛིན་མ་སྐྱེས་སེམས། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ྄། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ཅེས་བཟླའོ། །རེག་པ་མཚན་འཛིན་མ་སྐྱེས་སེམས། །བདུད་རྩི་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་བྷིགྣཱནྟ་ཀྲྀཏ྄་ཕཊ྄། ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལཱི་ནཱི་ཧཱུྃ་ཕཊ྄། ཅེས་བཟླའོ། །ང་རྒྱལ་སེམས་ཕྱིར་མ་སྐྱེས་པ། །བརྒྱ་བྱིན་དབང་པོའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་ལྷ་རྣམས་འདུལ་བར་ཤོག །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཅེས་བཟླའོ། །ཕྲག་དོག་སེམས་ཕྱིར་མ་སྐྱེས་པ། །ཐག་བཟང་རིགས་ཀྱི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་ལྷ་མིན་འདུལ་བར་ཤོག །ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཅེས་བཟླའོ། །འདོད་ཆགས་སེམས་ཕྱིར་མ་སྐྱེས་པ། །ཤཱཀྱ་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་མི་རྣམས་འདུལ་བར་ཤོག །ༀ་མུ་ནེ་ཧཱུྃ་ཏྲཱུྃ་སྭཱ་ཧཱ། ཅེས་བཟླའོ། །གཏི་མུག་སེམས་ཕྱིར་མ་སྐྱེས་པ། །སེངྒེ་དམ་བརྟན་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་བྱོལ་སོང་འདུལ་བར་ཤོག །ༀ་མུ་ནེ་བྲེཾ་སྭཱ་ཧཱ། ཅེས་ཟླའོ། །སེར་སྣ་སེམས་ཕྱིར་མ་སྐྱེས་པ། །ཁ་འབར་མའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་ཡི་དྭགས་འདུལ་བར་ཤོག །ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཅེས་བཟླའོ། །ཞེ་སྡང་སེམས་ཕྱིར་མ་སྐྱེས་པ། །གཤིན་བུ་རྗེའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་དམྱལ་བ་འདུལ་བ་ཤོག །ༀ་མུ་ནེ་ཡེ་སྭཱ་ཧཱ། ཅེས་བཟླའོ། །གཉིས་པ་མཉམ་རྫོགས་གི་བསྙེན་པ་ལ་ཡང་། མཉམ་རྫོགས་དང་། མཉམ་རྫོགས་ཆེན་པོ་གཉིས་ལས། དང་པོ་མཉམ་རྫོགས་གི་ཚུལ་ནི། དཀྱིལ་འཁོར་མི་བསྡུ་བར་དང་པོ་རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་བཟླས་པ་ནི། རང་གི་ཐུགས་ཀར་སྔགས་འཁོར་གཡས་སུ་འཁོར་ནས་སྔགས་ཀྱི་ཕྲེང་བ་རང་གི་ཤངས་ཁུང་གཡས་སུ་བྱུང་ནས་ཡུམ་གྱི་གཡོན་པ་བརྒྱུད་དེ་ཐུགས་ཀར་བསྒྲིལ་མ་གཡོན་དུ་འཁོར་ནས། ཡང་ཡུམ་གྱི་གཡས་ནས་རང་གི་གཡོན་དུ་ཞུགས་ཏེ་སྙིང་ཀར་ཐིམ། དེར་བསྒྲིལ་མ་གཡས་སུ་འཁོར་ཏེ། ཡང་སྔར་བཞིན་ནོ། །ཡབ་ཡུམ་གྱི་སྔགས་གཉིས་སྦྲེལ་ལ་བཟླའོ། །དེ་ནས་རིགས་ལྔ་ནས་རིམ་བཞིན་དུ་བསྙེན་པ་དེ་བཞིན་བྱ་ལ། ཐུབ་དྲུག་ནི་རང་རང་གི་ཐུགས་ཀར་བསྐོར་གསུང་། ཡང་ན་རང་གཙོ་བོ་ནི་དབུས་སུ་མི་འགྱུར་བར་བཞུགས་པ་ལ་སྔགས་བརྗོད་པས་སོ་སོའི་ཐུགས་ཀའི་སྔགས་ལ་འོད་ཟེར་ཤངས་ཁུང་དུ་བྱུང་ནས་རང་གི་ཐུགས་ཀར་བསྟིམ་མོ་གསུངས། ཚུལ་དེ་གང་ལའང་། དང་པོ་རྡོར་སེམས་ཡབ་ཡུམ། དེ་ནས་ཀུན་བཟང་ཡབ་ཡུམ། དེ་ནས་རིགས་བཞིའམ། ཡང་ན་དང་པོ་ལ་ཀུན་བཟང་ཡབ་ཡུམ། དེ་ནས་རིགས་ལྔ་ལ་བརྒྱ་རྩ་རེ་བཟླས་ནས། སེམས་དཔའ་ལ་དེའི་ཕྱེད། ཐུབ་པ་དང་སྒོ་བ་ལ་དེའི་ཕྱིར་ཉེར་གཅིག་རེ་བཟླའོ། །མཉམ་རྫོགས་ཆེན་པོ་ནི། ལྷ་ཡབ་རྣམས་བདག་ཡབ་ལ་བསྡུ། ཡུམ་རྣམས་ཡུམ་ལ་བསྡུ་ལ། ལྷ་སྤྱིའི་བསྙེན་པ་རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་བྱ་སྟེ། འཕྲོ་འདུ་གོང་དང་འདྲའོ། །སྔགས་ནི་རིགས་ལྔ། སེམས་དཔའ། ཁྲོ་བོ། ཀུན་བཟང་ཡབ་ཡུམ། ཐུབ་པ་དྲུག་རྣམས་སྦྲེལ་ལ་བཟླའོ། །ཡང་ན་རིམ་པར་བཟླའོ། །བསྙེན་པ་གང་ལྟར་བྱས་ཀྱང་བསྙེན་པ་ཟིན་པ་དང་། དངོས་གྲུབ་ཀྱི་རྟེན་ལ་ཡེ་ཤེས་པ་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་ཛཔ྄་ཁང་གཅིག་བསྒོམ་པའམ། ཡང་ན་ལྷ་རྟོག་གི་དུས་སུ་ཡེ་ཤེས་དམ་ཚིག་དབྱེ་ནས་དངོས་གྲུབ་ཀྱི་རྟེན་མདུན་དུ་ཡེ་ཤེས་པ་བསྒོམ་ལ། མཉམ་རྫོགས་དང་མཉམ་རྫོགས་ཆེན་པོ་གང་གི་སྐབས་སུ། བསྙེན་པ་ཟིན་པ་དང་སྔར་བདག་ལ་བསྟིམ་པའི་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་གཉིས་དབྱེ་ལ་ཡེ་ཤེས་པ་མདུན་དུ་བསྒོམ་ལ། བདག་དང་མདུན་གྱི་བར་ལ་འོད་ཟེར་བསྐོར་བར་འདོད་དོ། །དེ་ནས་དམ་བླངས་པ་ནི། མདོར་ན་བསྙེན་པའི་དངོས་གྲུབ་བླངས་སྟེ། ཐུན་མཚམས་སུ་བབ་པ་དང་། མདུན་གྱི་ཡེ་ཤེས་པ་དེ་ཉིད་ལ། རྣམ་ལྔ༴ ཀུན་བཟང་༴ སྒེག་མོ་བརྒྱད། མཆོད་པ་བསྡུས་པ་ཙམ་གྱིས་མཆོད་ལ། དེ་བཞིན་གཤེགས་པ་ཀུན་གྱི་བདག །ཅེས་སོགས་ཀྱི་བསྟོད་ལ། དམ་བླང་པའི་ཚིགས་བཅད་ཀྱིས་གཞུང་ལྟར་ལན་གཅིག་བརྗོད་ལ། སྔགས་འདི་ལན་གསུམ་བརྗོད་ཅིང་། ཕྱག་རྒྱ་གནས་གསུམ་དུ་གཏུག་པས། དང་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རང་བཞིན་ཅན་གྱི་འཁོར་ལོ་དཀར་པོ་དྲིལ་བུ་ཅན་གྱི་སྤྱི་བོའི་སྐུ་རྡོ་རྗེ་ལ་ཐིམ་པར་བསམ། གསུང་ཐུགས་ལ་དེས་འགྲེས་སོ། །དེ་ནས་སེམས་དཔའ་དེ་ཉིད་ལ་བསྟིམ་མོ། །རྗེས་ཀྱི་ཆོ་ག་ལ་ལྷག་མ། དཀྱིལ་འཁོར་བསྡུ་བ། ཐུན་མཚམས་ཀྱི་རྣལ་འབྱོར་རྣམས་ཏེ། དང་པོ་ལྷག་མ་བྱེད་ལུགས་གཞུང་དུ་ཤེས་ལ། དམིགས་པས་ཁ་བསྐང་བ་ནི། བདག་གི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་མོ་དམར་པོ་གཡས་གཡོན་ཞགས་པ་ཅན་ཕྱུང་ལ། དེ་ལ་སྤྲུལ་པ་གྲངས་མེད་པ་སྤྲོས་པའོ། །སྲོག་གི་སྙིང་པོ་ཕུལ་བ་ནི། འོག་གི་ཧཱུྃ་མཛད་བཛྲ་ཌཱ་ཀ་ཌཱ་ཀཱི་ནི་ཞེས་པ་སོགས་བརྗོད་པས་ཕུལ་བར་དམིགས། རྒྱན་སྟག་ཤམ་དང་གཡང་ངོ་། །ལྷ་རྣམས་ཀྱི་ལྕེ་ལ་ཧྲཱིཿབསམ། རང་གི་ལྕེ་ལ་ཡང་ཧྲཱིཿདཀར་པོ་ལ་བདུད་རྩི་འཕྲོ་བའོ། །རིགས་ལྔའི་འཁོར་དུ་ཤར་དུ་བརྒྱད། དེ་ནས་འགྲེས་ཏེ་ཕྱོགས་བཞིར་བརྒྱད་བརྒྱད་དོ། །དེ་ལྟར་སུམ་ཅུ་རྩ་གཉིས་ནི་མོའི་ཆ་འཛིན་ལ། མཚམས་བཞི་ནི་ཕོའི་ཆ་འཛིན་ནོ། །དེ་ནས་ཕྲིན་ལས་བཅོལ་ལ། ཚར་བ་དང་བྷ་ལིང་ནང་གི་ཡི་གེ་གསུམ་རང་ལ་བསྡུའོ། ཌཱ་ཀི་རྣམས་ནི་རང་གི་བཅོལ་བའི་ལས་མྱུར་དུ་བསྒྲུབ་པར་བསམ་ལ་རང་རང་གི་གནས་སུ་གྱེས་སོ། །ཡང་ན་བསྡུའོ། །འདི་ཡན་ཆད་ནི་སྔོན་དཔལ་ཆེན་པོས་དམ་སྩོལ་བའི་འཁོར་ཡིན་ལ། བརྟན་མ་ནི། སློབ་དཔོན་པདྨས་དམ་རྩོལ་བ་ཡིན་ཏེ། དེ་ཉིད་དུ་བསྔོས་ན་བརྟན་མས་མི་ཐོབ་པས་གོམ་པ་བདུན་ཅུའམ། བདུན་ལ་སོགས་པ་ཕྱིར་བསྣུར་ལ། དེ་ཡང་ནམ་མཁའ་མཐོང་ས་ལ་མ་བཞག་ན། ནམ་མཁའི་རྒྱལ་མོ་རྡོ་རྗེ་ཏིང་ལོ་སྨན་གྱིས་མི་ཐོབ་པས། ནམ་མཁའ་མཐོང་སར་བཞག་ནས་སྨན་རག་བྲན་ལ། གཏོར་མ་ༀ་ཨཱཿཧཱུྃ་གིས་འདོད་དོན་དུ་དམིགས་ནས་བརྟན་མ་བསྐྱང་། ཚར་བ་དང་། གཏོར་མ་ཏྲཱྃ་ལས་རིན་པོ་ཆེའི་མཆོད་སྡོང་རྩེ་མོ་གསུམ་པ་རྩ་བ་ཏྲཱྃ་གིས་མཚན་པ་རྩེ་མོ་གསུམ་ལ་འབྲུ་གསུམ་གྱི་མཚན་པ་ལ། དང་པོ་བདེ་བར་གཤེགས་པ་རྣམས་ལ། གཉིས་པ་དམ་ཅན་སྲུང་མ། གསུམ་པས་འགྲོ་དྲུག་རྣམས་མཆོད་སྦྱིན་གྱིས་ཁྱབ་པར་བསམ་ལ་བསྐྱང་། བསྐྱང་དུས་སུ་ལྷ་ཚོགས་ཐམས་ཅད་ཀྱང་ཞལ་ཕྱིར་གཟིགས་པར་བསྒོམ་ལ། བཟློག་སྔགས་གང་ཤེས་འདོན། དེ་ནས་ཛྭ་ལ་བཛྲའི་སྔགས་བརྗོད་པ་ཙམ་གྱིས་རང་གི་གནས་ལྔ་ནས་མཚོན་ཆ་རྣམས་སྤྲོས་པས། གཞལ་ཡས་ཁང་གི་རྒྱབ། རྡོ་རྗེའི་རྭ་བའི་ནང་དུ་མཚོན་ཆའི་གུར་དྲུག་ལ་ཕོག །དེ་ལ་མཚོན་ཆའི་ཚོགས་འཕྲོས་པས་ལོག་པར་འདྲེན་པའི་བགེགས་རྣམས་བསྐྲད། དེ་ནས་ཡེ་དྷརྨཱ་བརྗོད་པ་ཙམ་གྱིས་ལྷ་ཚོགས་རྣམས་ཞལ་ནང་དུ་གཟིགས་པར་བསམ་ལ། མཚོན་ཆ་ཚུར་འདུས་ནས་གུར་དྲུག་ལ་ཐིམ་པས་སྲ་ཞིང་བརྟན་པར་གྱུར་པར་བསམ། དེ་ནས་རྟིང་བཤག་བྱ་བ་ནི། རང་གཙོ་བོ་གཉིས་པའི་ཚུལ་དུ་ཤར་སྒོར་གཤེགས་པར་བསམ་ལ་ལུས་ངག་ཡིད་གསུམ་གནང་འགྱོད་དང་བཅས་ཏེ། ན་མོ་བྷུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་སངྒ་ཡ། ༀ། བདག་ནི་རང་རིག་ཡེ་ཤེས་བློ་དང་མ་ལྡན་པས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །བཀའ་བརྒྱུད་བླ་མའི་ཐུགས་དང་༴ ཐུགས་རྗེ༴ བདག་ནི༴ བག་མེད༴ རྡོ་རྗེ་སེམས་དཔའི་ཐུགས་དང་༴ ཐུགས་རྗེ༴ བདག་ནི༴ མ་མོ་མཁའ་འགྲོའི༴ ཐུགས་རྗེས༴ ཞེས་པ་མན་ཆད་གཞུང་བཞིན་ནོ། །དེ་ནས་ཡི་གེ་བརྒྱ་པ་འདོན། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཆོ་ག་ལྷག་ཆད་དུ་གྱུར་པའི་ཉེས་པ་དག་པའི་གནང་བ་བྱིན་པར་བསམ་ལ། རང་གཙོ་བོའི་ཐུགས་ཀར་ཡར་ལ་ཐིམ་པར་བསམ། དེ་ནས་ལྷ་ཚོགས་གཞལ་ཡས་དང་བཅས་པས་བརྗོད་པར་བསམ་ལ་བཀྲ་ཤིས་བརྗོད་དོ། །དེ་ནས་དཀྱིལ་འཁོར་བསྡུ་བ་དང་། སྤྱོད་ལམ་གྱི་ལྷ་བསྒོམ་པ་དང་། ལུས་བསྲུང་གོ་བགོ་ལུགས་ནི། སངས་རྒྱས་གསང་བས། ཞི་བའི་རྒྱ་གཞུང་ལས། རང་སྣང་དབྱེར་མེད་དཀྱིལ་འཁོར་དུ། །ཐུགས་ཀྱི་དཀྱིལ་འཁོར་ཉིད་ལ་བསྡུ། །ཧཱུྃ་ཧཱུྃ་ཞེས་ནི་རབ་བརྗོད་པས། །ཆོས་ཀྱིས་དབྱིངས་སུ་ཐིམ་པར་འགྱུར། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །ཕྱག་རྒྱ་ཆེན་པོ་གསལ་གྱུར་ནས། །གོ་བགོ་མཚམས་བཅད་ལུས་བསྲུང་སྟེ། །དེ་ནས་རྣལ་འབྱོར་ཆེན་པོ་ཡི། །འགྲོ་ཉལ་འདུག་སྡོད་བཞི་པོར་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ཞིང་། །སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །བདག་ཉིད་ཆེན་པོ་བརྟེན་པར་བསྒོམ། །ཞེས་གསུངས་པས། ཐོག་མར་དཀྱིལ་འཁོར་བསྡུ་བ་ནི། རིམ་གཅིག་ཅར་གཉིས་ལས། གཅིག་ཆར་ལྟར་ན། ཧཱུྃ་ཧཱུྃ་ཞེས་བརྗོད་པས། བསམ་ཡས་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར་ལ་བསྡུ། དེ་ནས་རིམ་གྱིས་གཙོ་འཁོར་རྣམས་རིགས་བཞིར་བསྡུས་ཏེ། གཙོ་བོ་ལ་བསྟིམ། གཙོ་བོ་ཡང་ཡེ་ཤེས་སེམས་དཔའ་ནས། ཕྱག་མཚན་ནས། ཧཱུྃ་ནས། ཐིག་ལེ་ནས་ཆོས་ཀྱི་དབྱིངས་སུ་བསྟིམ་མོ། །གཞལ་ཡས་ཁང་བརྟེན་དང་བཅས་པ་ཡང་ལྷ་དང་དུས་མཉམ་དུ་ཉི་མ་ཐལ་བ་དང་། ཟེར་མི་སྣང་བ་བཞིན་དུ་བསྡུའོ། །ཡང་ན་རིམ་བསྡུས་བྱ་སྟེ། དེ་བཞིན་གཤེགས་པ་སྐུའི་རིགས་རྣམ་སྣང་ལ་བསྡུ། རིགས་གསུམ་པོ་དེས་འགྲེས་ཏེ། ཐུབ་དྲུག་དང་ཀུན་བཟང་ཡབ་ཡུམ་གཙོ་བོ་ལ། རིགས་བཞི་པོ་ཡང་གཙོ་བོ་ལ་བསྡུད་ནས་སྔར་དང་འདྲའོ། །འདིར་ལས་དང་པོ་པས་རིམ་སྡུད་བྱས་ན་འཐད་གསུང་། སྤྱོད་ལམ་གྱི་ལྷ་བསྒོམ་པ་ནི། ཧཱུྃ་བཛྲ་དྷྲིཀ྄་ཞེས་པས། ཧཱུྃ་ལས་རྡོ་རྗེ། དེ་ལས་རྡོ་རྗེ་སེམས་དཔའི་སྐུ་བསྲུང་འཁོར་ནས་བཤད་པ་ལྟར་རིམ་གྱིས་བསྒོམ་པའམ། ཡང་ན་གཅིག་ཆར་དུ་རྡོ་རྗེ་སེམས་དཔའི་སྐུར་བསྒོམ། རིགས་ལྔས་དབུ་བརྒྱན། སྐུ་གསུང་ཐུགས་བྱིན་གྱིས་བརླབས། སེམས་དཔའ་སུམ་བརྩེགས་དང་ལྡན་པར་བྱས་ནས། བཛྲ་རཀྵ་ཧཾ་ཞེས་པས་ལུས་རྡོ་རྗེའི་ཁྲབ་ཞུབ་ལྷུབ་དུ་གཡོག་པར་བྱས་ནས། རྐང་པའི་མཐེ་བོང་གཉིས་ནས་རྡོ་རྗེའི་རྒྱུན་ཐག་ཟུང་རེ་རེ་བྱུང་ནས། རྐང་ཚིག་གཉིས་ཀྱི་རྒྱབ་པུས་མོ་འོག །དཔྱི་མིག་གཉིས། དེ་ནས་མདུན་རྒྱབ་ཏུ་ཁྱེར་བ་ལས། ཐུགས་ཀ་དང་པོ་འདུལ་གཉིས། དེ་ནས་དཔུང་མགོ་གཡས་གཡོན། དེ་ནས་སྣ་ཡ་རེ་རེ་མར་ལ་འགྲོ་ནས་ལག་པའི་མཐེ་བོང་གཉིས་ནས་ཡར་ལ་ལག་ཚིག་གི་ནང་གྲུ་ཚུག་གི་རྒྱབ་གཉིས་ནས། དཔུང་མགོ་ནས་རྒྱུན་ཐག་གཉིས་བསྡམ་ནས། ལྟག་པ། དེ་ནས་དཔྲལ་བ་རྣམས་སུ་རྡོ་རྗེ་རྒྱ་གྲམ་གྱིས་མདུད་པ་རེ་རེ་བྱས་པར་བསྒོམ། རང་གི་འཛུབ་མོ་གཡས་ན་ཧཱུྃ་ནག་པོ། གཡོན་ན་ཨ་དམར་པོ་བསམ་མོ། །རྒྱུན་ཐག་གིས་སྣ་ཁྲིད་པ་ལྟར་བྱས་ནས། འཛུབ་མོ་གཡས་ལ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་བསམ། སྐུ་མདོག་ནག་པོ་གཡས་རྡོ་རྗེ། གཡོན་ཕག་རྒོད་ཀྱི་མཆེ་བ་ཐོགས་པ་ཅན་འཛུབ་མོ་གཡོན་ལ་བདུད་རྩི་ཐལ་སྦྱོར་དམར་པོ་བསམ་པ་ལས་གཡས་རལ་གྲི་གཡོན་ཞགས་པ་ཅན་བསྐྱེད་ལ། འཛུབ་མོ་གཉིས་ཚིག་མདོ་བཅུ་དྲུག་ཏུ་གཏུག་པས་ཁྲོ་བོ་ཟུང་རེ་རེ་སྟེ་སུམ་ཅུ་རྩ་གཉིས་བྱུང་བར་བསྒོམ། རྒྱུན་ཐག་གི་རྩེ་མོ་སྨིན་མཚམས་སུ་ཡོད་པའི་སྣེ་མོ་ལ་དར་མཐིང་ཀའི་ཅོད་པཎ་ཡོད་པར་བསམ། འདི་ལུས་སྲུངས་གོ་བགོ་འབྲིང་པོའི་ལུགས་ཡིན་ནོ། །རྒྱས་བསྡུས་གཉིས་ལོགས་སུ་ཤེས་སོ། །དེ་ནས་འདིར་ཐུན་བསྐྱེད་ལུགས་དང་། ཞི་ཁྲོ་མཚམས་སྦྱོར་ཐབས་རྣམས་བཤད་དེ། དང་པོ་ནང་པར་ཐུན་མགོ་ལ་མཚམས་བཤགས་ནས་བཟུང་སྟེ་ལྷ་བསྒོམ་མཆོད་བསྟོད་ཚར་ནས་ཉིན་ཕྱེད་ལ་མ་ཕྱིན་གྱི་བར་དུ་བསྙེན་པ་བྱ། ཉིན་ཕྱེད་ལ་བབ་པ་དང་། དམ་བླངས། ལྷག་མ་བྱ། བརྟེན་མ་བསྐྱང་། དལ་བསྡུ། ཐུན་མཚམས་བྱའོ། །ཡང་བྷ་ལིང་བཤམས་ནས་དེ་བཞིན་ཉིད་ནས་བཟུང་སྟེ་ལྷ་བསྒོམ་མཆོད་བསྟོད་ཚར་ནས། ཉི་མ་དམར་ཐག་མ་ཆད་ཀྱི་བར་དུ་བཟླས་པ་བྱ། དམར་ཐག་ཆད་པ་དང་། དམ་བླང་བའི་སྟེང་ལ་ཏིང་ངེ་འཛིན་བསྣན་ཅེས་པས། མངོན་རྟོགས་གསལ་གདབ་བྱ་སྟེ། དེ་ནས་ཡེ་ཤེས་པ་བསྟིམ་པ་ལ་སོགས་མཆོད་བསྟོད་ཚར་བ་དང་ལྷག་མ་བྱ། གཏོར་མ་བསྐྱང་ངོ་། །དལ་བསྡུའོ། །དེ་ནུབ་སྲོད་ནས་ལམ་ནམ་གྱིས་བར་བྱེད་ཚུལ་དེ་རིང་ལྟར་བྱའོ། །དེ་ལྟར་ཉི་ཞག་འཕྲུག་གཅིག་ལ་སྔོན་འགྲོ་ཚར་གཉིས། ལྷ་བསྐྱེད་པ་ཐུན་བཞི། བཟླས་པ་ཐུན་བཞི། མཆོད་པ་ཐུན་དྲུག །དཀྱིལ་འཁོར་བསྡུ་བ་ལན་བཞིའོ། །ཡང་མཚམས་ཤིན་དུ་དམ་ནས་རྒྱུན་དུ་བསྒོམ་ན་ཉིན་ཕྱེད་ཀྱིས་ལྷག་མ་ཚར་ནས་དལ་མི་བསྡུ་བ་དང་ཡང་གཏོར་མ་བཤམས་པ་དང་། མངོན་རྟོགས་གསལ་གདབ་ནས་སྤྱན་འདྲེན་ལ་སོགས་གཞུང་བསྲང་ནས་བཟླས་པ་བྱ་སྟེ། ཉི་མ་ཐལ་ནས་དལ་བསྡུའོ། །དོ་ནུབ་ཡང་དེ་རིང་ལྟར་བྱའོ། །དེ་ནས་མཚམས་སྦྱོར་ལ་ཆེ་འབྲིང་ཆུང་གསུམ་སྟེ། ཆེན་པོ་ནི། ཞི་བའི་དལ་བསྐྱེད་མཆོད་བསྟོད་ཚར་ནས། དཀྱིལ་འཁོར་རིམ་གྱིས་བསྡུ་བའི་སྟོང་ཉིད་དེའི་ཐོག་ནས་ཁྲོ་བོའི་དེ་བཞིན་ཉིད་བསྒོམ་པ་སྤྲད་ནས། བསྐྱེད་རྫོགས། མངོན་རྫོགས། དབང་རྫོགས་གསུམ་གང་རུང་དུ་བསྒོམ་ཀྱང་། ལས་དང་པོ་བས་དབང་རྫོགས་བསྒོམ་ན་འཐད་གསུང་། མཚམས་སྦྱོར་འབྲིང་པོ་ནི། ཞི་བའི་བཟླས་པ་ཚར་ནས། ལྷ་རྣམས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་བསྡུ། ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་བའམ། སྔགས་ཚར་གཅིག་བརྗོད་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ། བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་ལ་དཀྱིལ་འཁོར་མངོན་རྫོགས་ལྟར་བསྒོམ་པའོ། །མཚམས་སྦྱོར་ཆུང་བ་ནི། ཞི་བའི་དལ་མ་བསྡུས་པར་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་བའམ། ཡང་ན་ཁྲོ་བོ་སུམ་ཅུའི་སྔགས་བརྗོད་པས་རྟེན་གཞལ་ཡས་དང་བརྟེན་པ་ལྷ་གཅིག་དུས་གཅིག་དུ་བསྒྱུར་སྟེ། རིན་པོ་ཆེའི་གཞལ་ཡས་ནི། དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་བསྒྱུར། རིགས་ལྔ་ཡབ་ཡུམ་བཅུ། ཁྲག་འཐུང་ཡབ་ཡུམ་བཅུ། སེམས་དཔའ་བརྒྱད། ཀ་རཱི་བརྒྱད། སེམས་མ་བརྒྱད། སེངྷ་བརྒྱད། སྒོ་བ་ཡབ་ཡུམ་བརྒྱད། སྒོ་མ་བཞི། ཀུན་བཟང་ཡབ་ཡུམ་དང་ཐུབ་དྲུག་ནི། བཛྲ་ཁྲག་འཐུང་ལ་བསྡུ། དེ་ནས་ཡེ་ཤེས་པའི་དབང་དང་། བྱིན་གྱིས་བརླབས་པའི་ལྷ་ལྔ་དང་། ཐུགས་ཡེ་ཤེས་སེམས་དཔའ་གསུམ་བརྩེགས་རྣམས་བསྒོམ། དབང་ཕྱུག་མ་རྣམས་ཁྲོ་བོ་རང་གཞུང་བཞིན་དུ་བསྒོམ་ལ། དེ་ནས་སྙན་གསན་དབབ་པ་ནས་བཟུང་སྟེ། བཟླས་པ་ཡན་ཆད་ཚར་ནས། ཞི་བ་དང་ཁྲོ་བའི་ལྷག་མ་ནི། ཕྱིས་དུས་གཅིག་བྱེད་པས་ཆོག་གསུངས་སོ། །ཞི་བ་དང་ཕུར་བ་ལ་སོགས་ཁྲོ་བོ་གཞན་དང་མཚམས་སྦྱར་ན། མཚམས་སྦྱོར་ཆེན་པོ་ལྟར་དུ་བྱ་གསུངས། དཀྱིལ་འཁོར་ནུབ་རེ་ལྟར་དུ་བསྒོམ་རེས་བྱེད་ན་ཡི་དམ་ལྷ་ལ་སྤངས་བླང་མི་འགྱུར་བའི་ཐབས་ལ། རང་རང་གི་མཆོད་བསྟོད་ཚར་ནས། བསྙེན་པ་བྱེད་ཁ་ལ་སྔར་ནུབ་གང་བསྒོམ་གྱི་ལྷ་སྤྱན་དྲངས་ལ། ལྷ་ལ་ལྷ། ཐུགས་མཚན་ལ་ཐུགས་མཚན། གསུང་ཡིག་འབྲུ་ལ་གསུང་ཡིག་འབྲུ། སྔགས་འཁོར་ལ་སྔགས་འཁོར་བསྟིམ་ནས། དེ་ནས་དོ་ནུབ་ཀྱི་ལྷ་གང་ཡིན་གྱིས་བཟླས་པ་བྱའོ། །དེ་ལྟར་དུ་མཚམས་སྦྱར་ན། སྤངས་བླངས་སུ་མི་འགྱུར་བའི་ཐོག་ནས། ནུས་པ་ཤིན་དུ་ཆེ་བར་གསུངས་སོ། །སྒྱུ་འཕྲུལ་ཞི་བའི་བསྒོམ་ཁོག །ལས་རིམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི། གསང་སྔགས་རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་གྱིས་བུ་འབོར་རི་ཁྲོད་དུ་སྦྱར་བ་རྫོགས་སོ།། །།


previousསྒྱུ་འཕྲུལ་ཞི་བའི་སྒོམ་ཁོག་ལམ་རིམ་གསལ་བའི་སྒྲོན་མེ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།next