Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་ལྔ་པ།


   
   
   
   
   
   
   
རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་བཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ། ཡོན་ཏན་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་བཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ། ཡོན་ཏན་རྒྱ་མཚོ།next

རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་བཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ། ཡོན་ཏན་རྒྱ་མཚོ།

རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་བཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །ༀ་ཨ་མཱ་ར་ཎི་ཛཱི་བནྟུ། རབ་མཛེས་ཟླ་བ་ཞུན་མའི་ཐིག་ལེ་ནི། །འཆི་མེད་བདུད་རྩིའི་བསིལ་ཟེར་འཛག་པ་ཡིས། །དུས་ཀྱི་མུན་པ་བསྙིལ་ནས་རྟག་བརྟན་གྱི། །ལང་ཚོ་རྒྱས་མཛད་ལྷག་པའི་ལྷ་དེས་སྐྱོངས། །མཐོ་རིས་རྟེན་བཟང་ལྷ་ཡི་དགའ་འཚལ་ན། །ཚེ་མཆོག་དཔལ་གྱི་འདབ་མ་ཡིད་འོང་བ། །སྡེ་བཞིའི་སྙེ་མའི་ཕུད་བུས་དུད་པ་དེར། །ཐར་པའི་ལོངས་སྤྱོད་དབྱར་གྱི་སྨན་ལྗོངས་བཞིན། །དེ་བས་ན་བརྗོད་བྱ་དང་དགོས་སོགས་ཀྱི་འབྲེལ་པ་དང་ལྡན་པ་འདི་འཆད་པ་ལ་སྤྱི་དོན་རྣམ་པ་བཅུ་གསུམ་གྱིས་བསྟན་ཏེ། ཚེའི་ངོ་བོ། མཚན་ཉིད། སྒྲ་དོན། དབྱེ་བ། འཚོ་འཆིའི་བྱེ་བྲག །འཆི་བའི་ལྟས། འཚོ་ཐབས་ཀྱི་ཆོ་ག །རྒྱུད་སྒྲུབ་ཐབས་ཀྱི་མདོར་བསྟན། ཆོ་གའི་འབྲེལ། འཆི་བ་བསླུ་བའི་ཤེས་བྱེད། མྱུར་དུ་འབད་པར་གདམས་པ། འཚོ་བའི་དགོས་པ། ཚེ་གྲུབ་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་ནམ་རྒྱུར་གྱུར་ཅིང་། ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་པ། མིང་གི་རྣམ་གྲངས་སུ་སྲོག་གི་དབང་པོ་ཞེས་ཀྱང་བྱ་བ་སྟེ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་བཞེད་དོ། །གཉིས་པ་ནི། དཔེར་ན། མདའ་འཕངས་པའི་ཤུགས་སམ། ས་བོན་བཏབ་པའི་དུས་ཀྱི་འཕེན་པས་ཇི་སྲིད་ས་ལ་ལྷུང་བ་དང་། འབྲས་བུ་སྨིན་པའི་བྱ་བ་གྲུབ་ཀྱི་བར་དུ་འགྲོ་བ་དང་། སྨིན་པའི་བྱ་བ་བྱེད་པ་བཞིན་དུ། ལས་ཀྱིས་ཇི་སྲིད་འཕངས་པ་དེ་སྲིད་དུ་འཚོ་ཞིང་གནས་པའི་རང་བཞིན་ཅན་ནོ། །གསུམ་པ་ལ་གཉིས། ཚེ་དང་སྲོག་གོ། །དང་པོ་ནི། འདོད་འཇོ་ལས། གསོན་པའི་ལས་ཀྱི་དུས་ལ། ཨཱ་ཡུཿསྟེ་ཨི་ཎ་ལས་ཎི་ཏྲའོ། །ཞེས་པས་ཨུ་སིའོ། །ཞེས་པ་ལྟར་ཨི་ཎ་འགྲོ་བའི་བྱིངས་ལ་ཨུ་ཎ་སོགས་ཀྱི་ཨུ་སི་སྦྱར། ཎིཏ྄་བཞིན་དུ་བསྒྲུབས་པས། ཨཱ་ཡུཿཚེ་ཞེས་གྲུབ་པ་ནི་འཚོ་བའི་དུས་ལ་འགྲོ་བའི་ལས་བརྗོད་པ་སྟེ་ཚེ་སྐབས་ཀྱི་དོན་ནོ། །གཉིས་པ་ནི། དེ་ལས། འདི་རབ་ཏུ་འགྲོ་བའི་ཕྱིར་པྲཱ་ཎཿསྟེ་ཨཎ་ལས་གྷ་ཉའོ། །ཞེས་དང་། ཡང་ན་ལས་ལ་ཨཎ་སྦྱར་བའང་བཤད་ཅིང་། སྲོག་ཅེས་བྱ་བ་རླུང་ཆེན་པོ། །ཁ་དང་སྣ་ནས་རྒྱུ་བར་བྱེད། །ཅེས་པ་ནི་སྙིང་གི་རླུང་ཉིད་བརྗོད་པ་ལ་རབ་ཏུ་སྦྱར་བ་སྟེ་སྲོག་རླུང་གི་རྣམ་གྲངས་ནི་མ་ཡིན་ནོ། །ཞེས་པྲཱ་ཎཿའི་སྒྲ་རབ་ཏུ་འགྲོ་བ་སྟེ་རྟག་ཏུ་ཕྱི་ནང་དུ་རྒྱུ་བའི་ལས་བྱེད་པས་སམ་འཚོ་བའི་དུས་ཇི་སྲིད་དུ་འགྲོ་བ་སྟེ་སྲོག་གམ་སྙིང་གི་རླུང་ལ་འཇུག་གི། བྱེ་བྲག་སྲོག་འཛིན་གྱི་རླུང་ཙམ་ཁོ་ནའི་སྐབས་དོན་མ་ཡིན་ཞེས་པའོ། །བཞི་པ་ནི། ཆོས་མངོན་པ་ལས། སྲོག་གི་དབང་པོ་གང་ཞེ་ན། །ཁམས་གསུམ་པ་ཡི་ཚེ་ཡིན་ནོ། །ཞེས་པས་ངོ་བོ་ལ་དབྱེ་བ་བྱར་མེད་ཅིང་། རྣམ་པའི་ལྡོག་པའམ། རྟེན་དང་བརྟེན་པའི་བྱེ་བྲག་ལས་བརྩམས་ཏེ་དབྱེ་ན་གསུམ། མདོ་ལུགས། སྔགས་ལུགས། གཙུག་ལག་ལས་འབྱུང་བའོ། །དང་པོ་ལ་གཉིས། ལྡོག་པ་དང་། རྟེན་ནོ། །དང་པོ་ནི། སྔོན་ལས་ཀྱི་ལུས་རྟེན་དེར་ཚེ་རིང་ཐུང་ཇི་ཙམ་ཞིག་འཕངས་པའི་སྲོག་གི་རྒྱུན་རིས་མཐུན་གནས་པར་འགྱུར་བ་དེ་ནི་ཚེའི་འདུ་བྱེད་ཡིན་ཅིང་། ད་ལྟའི་ལས་སམ་བྱེད་པའི་འབྲས་བུའི་དུས་ཇི་སྲིད་བར་འཚོ་བ་དེ་ནི་སྲོག་གི་འདུ་བྱེད་དོ། །མདོ་ལས་བཅོམ་ལྡན་འདས་ཀྱིས། སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་སྐུ་ཚེའི་འདུ་བྱེད་དག་བཏང་ངོ་ཞེས་པས་གསལ་ལོ། །ཞེས་མངོན་པ་བ་བཞེད་དོ། །གཉིས་པ་ནི། ཚེའི་རྟེན་དྲོད་དང་རྣམ་ཤེས་ཡིན་ལ། དེ་དག་གི་རྟེན་ཀྱང་ཚེ་ཡིན་པས་ཕན་ཚུན་ལྟོས་ནས་འཇུག་པས་དྲོད་དང་རྣམ་ཤེས་ཀྱི་རྟེན་གཉིས་སོ། །སེམས་དང་ཡིད་ཀྱི་ཆ་ནས་དབྱེ་བ་བྱར་མེད་དོ། །སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་ཅེས་འབྱུང་བས་སོ། །གཉིས་པ་སྔགས་ཀྱི་ལུགས་ལྟར་ན། །དྲི་མེད་འོད་ལས། དབུ་མར་སྲོག་གི་ལུང་བརྟེན་པར་བྱས་པས་ཚེ་དང་ནད་མེད་པ་སྟེར་རོ། །ཞེས་འབྱུང་སྟེ། འདི་ལ་གསུམ། རྩ་དང་རླུང་དང་ཐིག་ལེའོ། །དང་པོ་ནི། དེ་ཉིད་ལས། བྱང་ཆུབ་ཀྱི་སེམས་མྱུ་གུར་གྱུར་པ་སྙིང་གའི་གོ་སྐབས་རྣམས་སུ་རྣམ་པ་བཅུའི་རྩ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཏེ། དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་ཙམ་མོ། །ཞེས་པས་ཁམས་དྲུག་ལྡན་གྱི་གང་ཟག་གི་དབང་དུ་བྱས་ཏེ་འཁོར་ལོ་དྲུག་པོའི་བར་ན་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ལྡན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ་སྟོང་སང་ངེ་བ་ནམ་མཁའ་དྭངས་པ་ལྟ་བུ་ཨ་བ་དྷཱུ་ཏི་དང་སུ་སུ་མ་སོགས་མིང་གི་རྣམ་གྲངས་མང་པོ་དང་ལྡན་ལ་སྲོག་བརྟེན་པའི་ཆ་ནས་སྲོག་གི་རྩ་ཞེས་གྲགས་ཤིང་། ཇི་སྲིད་འཁོར་ལོའི་དབུ་མའི་འཕོ་བའི་རྩ་བཅུ་གཉིས་སུ་རླུང་དང་བྱང་ཆུབ་ཀྱི་སེམས་འབབ་པ་སྲིད་དུ་འཚོ་བ་ཞེས་བྱ་བ་རབ་ཏུ་གྲགས་སོ། །གཉིས་པ་ནི། གསང་བ་འདུས་པར། དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེ་ཞལ་གསུམ་བར་འགྱུར་ཏེ། ཞེས་པའི་དོན། གང་གི་ཚེ་མངལ་དུ་ཀུན་གཞིའི་རྣམ་ཤེས་ཞུགས་པ་དེའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་འདུ་བྱེད་པ་ལངས་པས་དཀར་དམར་གཉིས་ཀྱི་དྭངས་མ་ལས་སྲོག་རླུང་ཨའི་རྣམ་པ་ཆགས་ནས་ཟླ་བ་བཅུ་ལ་རླུང་བཅུ་འཕེལ་ཏེ་ད་ལྟ་ལུས་དང་འཚོ་བའི་རྒྱུན་གནས་པར་བྱེད་ཅིང་ཇི་སྲིད་འཕེལ་འགྲིབ་མེད་པར་རྩ་ཐམས་ཅད་དུ་རླུང་རྒྱུ་བ་དེ་སྲིད་དུ་འཚོ་ཞིང་འཆི་བའི་ལྟས་མི་འབྱུང་བ་ཡིན་ནོ། །གསུམ་པ་ནི། སྡོམ་འབྱུང་ལས། སྤྱི་བོ་བདེ་ཆེན་འཁོར་ལོ་ན། །པདྨ་འདབ་མ་བཞི་པའི་གཟུགས། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་རྟེན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ཅེས་སོགས་གསུངས་པ་ཀུན་གཞི་དང་སྲོག་གི་རླུང་རྟེན་བྱེད་ཕ་མ་ལས་ཐོབ་པའི་དཀར་ཆ་ཧཾ་དང་དམར་ཆ་ཨ་ཐུང་གི་རྣམ་པ་དབུ་མའི་ཡར་མར་སྣ་རྩེར་གནས་པ་ལ་བརྟེན་ནས་དྭངས་མ་བཅུ་གཉིས་དང་། སྙིགས་མ་ཉེར་བཞི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཐིམ། ཕྲ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། གཙོ་མོ་ཉེར་བཞི་རྣམས་ལ་རླུང་ཁྲག་འབབས་པའི་ལོངས་སྤྱད་ཟིན་ཐིམ་པ། ད་ལྟ་བ་ལོངས་སྤྱོད། འབྱུང་ཁུངས་བདག་པོ་སྟེ་རྩའི་རྩེ་སྐེད་རྩ་བ་གསུམ་ལ་སྦྱར་དགོས་ཞེས་གསུང་། མཆན། ལོངས་སྤྱོད་བདག་པོའི་ཚུལ་གྱིས་འབབ་པ་སྟེ་ཐིག་ལེ་ཇི་ཙམ་རྒྱས་པ་དེ་ཙམ་དུ་ཚེ་དང་བསོད་ནམས་ལ་སོགས་པ་འཕེལ་བ་ཡིན་ནོ། །གསུམ་པ་གཙུག་ལག་ལས་འབྱུང་པ་ལྟར་ན་བཞི། མདངས་དང་། བླ་དང་། ཁྲག་དང་། དྲོད་དོ། །དང་པོ་ནི། ཡན་ལག་བརྒྱད་པ་ལས། གང་ཞིག་འཇིགས་པས་འཇིགས་འགྱུར་ཞིང་། །གང་ཞིག་ལུས་ཅན་འཚོ་བྱེད་པ། །སྙིང་ལ་གནས་དང་ཁྱབ་གྱུར་གང་། །དེ་ནི་སྲོག་གི་གནས་མཆོག་ཡིན། །ཞེས་འབྱུང་བ་ལྟར་ཁ་ཟས་ཀྱི་དྭངས་མ་ལུས་ཟུངས་བདུན་པོའི་མཐར་ཕྱིན་པ་མདངས་ཀྱི་མཆོག་ཅེས་བྱ་བ་ལུས་ཀུན་ལ་ཁྱབ་ཅིང་ཚེ་རིང་དུ་གནས་པའི་རྟེན་དུ་གྱུར་པ་གང་ཡིན་པའོ། །གཉིས་པ་ནི། སྲོག་གམ་ཚེ་གནས་པའི་རྟེན་ངོ་བོ་ཚེ་སྲོག་གི་དྲིས་བགོས་པ་བླ་རྩའི་ནང་ནས་སྲིན་ལག་བརྒྱུད་དེ་ཕྱི་རོལ་དུ་འཁྱམས་པ་ལས། མི་དེ་དབང་ཐང་ཞན་ན་མཚན་མོར་རྒྱུ་བའི་འབྱུང་པོ་རྣམས་ཀྱིས་བདག་ཏུ་བཟུང་ནས་ལོངས་སྤྱོད་པ་ལས་བླ་འཁྱམས་པ་དང་འཕྲོག་པ་བརྐུས་པ་སོགས་ཟེར་ཞིང་རྟེན་བླ་ལ་གནོད་པས་བརྟེན་པ་ཚེ་སྲོག་ལའང་གནོད་པར་འགྱུར་བ་དེ་ཉིད་བརྟེན་པའི་རྩ་ལའང་བླ་རྩ་ཞེས་གྲགས་ཏེ། ཇི་སྐད་དུ། སེམས་ལ་རང་དབང་མ་ཐོབ་ཕྱིར་བལྟས་པས། །མ་རིག་སྲིད་པའི་ལུས་ངན་བླངས་པ་ཡིས། །ཚེ་སྲོག་རྟེན་དུ་བླ་རྩ་འཁྱམས་པོ་བྱུང་། །ཞེས་སོ། །གསུམ་པ་ནི། སློབ་དཔོན་དཔའ་བོས། དེ་ལ་སེམས་ཅན་རྣམས་ཀྱི་འཚོ་བ་ནི་ཁྲག་ལ་རག་ལས་པ་ཡིན་ཏེ་ཁྲག་ལེགས་པར་གནས་ཤིང་རྒྱུ་ན་ནི་སྲོག་ཀྱང་ལེགས་པར་གནས་པ་ཡིན་ནོ། །ཞེས་སོ། བཞི་པ་མེ་དྲོད་ནི། ཕོ་བ་དེར་མ་ཞུ་བའི་གནས་ལ་བརྟེན་ཏེ་དེ་ཚེ་དང་སྟོབས་དང་གཟི་མདངས་འབྱུང་བ་ཆེན་པོ་ལྔའི་དྭངས་མ་དང་ཁམས་བདུན་པོ་འཕེལ་ཞིང་རྒྱས་པར་བྱེད་དོ་ཞེས་སྲོག་འཚོ་བའི་གཙོ་བོར་བཤད་ཅིང་མངོན་པ་ནས་གསུངས་པའི་དྲོད་དང་གནད་གཅིག་གོ། །འདི་དག་ལ་བརྟེན་ནས་ཚེ་གནས་པ་དང་མི་གནས་པའི་འགྲོ་ལྡོག་བྱེད་པས་རྣམ་གྲངས་ཀྱི་དབྱེ་བར་རུང་སྟེ། ལུས་དང་སྲོག་གནས་པའི་རྩ་བར་བྱེད་པས་རྩ་ཞེས་པ་ལྟ་བུ་བདག་ཉིད་གཅིག་པ་དང་རྟེན་བརྟེན་པའི་འབྲེལ་པར་གྲུབ་ཅིང་། འདི་ལ་བརྟེན་ནས་ཚེ་གནས་པའི་རྐྱེན་དང་འཆི་མེད་འགྲུབ་པའི་གནད་སོགས་ཀྱང་ཞར་ལས་ཤེས་པར་འགྱུར་རོ། །ལྔ་པ་ལ་གསུམ། འཚོ་བའི་ཁྱད་པར། འཆི་བའི་བྱེ་བྲག །གློ་བུར་འཆི་བ་ཡོད་མེད་བཤད་པའོ། །དང་པོ་ནི། སྔགས་དང་བཅུད་ལེན་གྱིས་རིག་པ་འཛིན་པ་གྲུབ་པ་དང་། རྩེ་གཅིག་ཏུ་མཉམ་པར་བཞག་པའི་བསམ་གཏན་དངོས་གཞི་ཐོབ་པ་དང་། སེམས་མེད་སྙོམས་འཇུག་དག་ནི་འཕེན་པ་མ་རྫོགས་བར་དུ་འཚོ་བ་མི་འདོར་ལ། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་མི་ལོ་ས་ཡ་དགུ་འཚོ་བ་ནས་གོང་དུ་འཕེལ་ཏེ་སྲིད་རྩེ་བ་རྣམས་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་འཚོ་བ་དང་། དམྱལ་བའི་ཚེ་ཚད་ཐུང་ཤོས་ཀྱང་མིའི་ལོ་གྲངས་ཀྱིས་གཞལ་བར་དཀའ་ཞིང་རིང་ཤོས་བསྐལ་བས་གཞལ་དུ་མེད་ལ། ཡི་དྭགས་མི་ལོ་ས་ཡ་གཅིག་དང་དགུ་འབུམ། དུད་འགྲོ་རིང་མཐའ་བསྐལ་པ་ནས་ཐུང་མཐའ་སྐད་ཅིག་མའི་བར་མ་ངེས་པར་འཚོ་བ་དང་། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་པས་མིའི་འཇིག་རྟེན་བྱང་གླིང་པ་ལོ་སྟོང་། ནུབ་གླིང་ལྔ་བརྒྱ། ཤར་གླིང་པ་ཉིས་བརྒྱ་ལྔ་བཅུར་ངེས་པ་ཅན་དུ་འཚོ་ལ། ལྷོ་གླིང་འདིར་ནི་ཐུང་མཐའ་ཚེ་ལོ་བཅུ་དང་། རིང་མཐའ་བསྐལ་པ་དང་པོའི་མི་རྣམས་ཚེ་ལོ་དཔག་མེད་འཚོ་ལ། དེང་སང་ཚེ་ལོ་སུམ་ཅུའམ་ཉི་ཤུ་ཁ་རལ་བའང་བཞེད་པས། ཞི་བ་ལྷས། དེ་རིང་སང་ཙམ་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱོས། །ཞེས་གསུངས་པ་ལྟར་ཚེའམ་ཆོས་སོགས་བསྒྲུབ་བྱ་ལ་ཕྱི་བཤོལ་མ་སོང་བ་ཁོ་ན་གཅེས་སོ། །སྤྱིར་དགེ་བའི་ལས་ཀྱིས་ཚེ་རིང་ཞིང་བདེ་བར་འཚོ་བ་ཡིན་མོད་ཀྱི། ངན་འགྲོ་རྣམས་ནི་མི་དགེ་བའི་ལས་ཀྱིས་སྡུག་བསྔལ་མྱོང་བའི་ཡུན་ཤིན་ཏུ་རིང་བར་གྲུབ་པས་ལས་ལ་ཡིད་ཆེས་པར་བྱའོ། །གཉིས་པ་ནི་དཔེར་ན། མར་མེ་ནི་རེས་འགའ་སྡོང་བུ་ཟད་པས་དང་། རེས་འགའ་འབྲུ་མར་ཟད་པས་དང་། རེས་འགའ་གཉིས་ཀ་ཟད་པས་དང་། རེས་འགའ་གཉིས་ཀ་མ་ཟད་ཀྱང་རླུང་ལ་སོགས་པས་འཆི་བ་བཞིན་དུ་ཚེ་ཟད་པས་འཆི་ལ་བསོད་ནམས་ཟད་པས་མ་ཡིན་པ་དང་། དེ་ལས་ལྡོག་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་ལས། དང་པོ་ནི། ལས་ཀྱིས་འཕངས་པའི་སྲོག་གི་རྒྱུན་རྫོགས་པས་འཆི་བ་དང་། གཉིས་པ་ནི། ལོངས་སྤྱོད་ཀྱི་རྣམ་སྨིན་ཅན་གྱི་ལས་ཟད་པས་འཆི་བ་དང་། གསུམ་པ་ནི། ཚེ་དང་ལོངས་སྤྱོད་ཀྱི་རྣམ་སྨིན་ཅན་གྱི་ལས་གཉིས་ཀ་ཟད་པས་འཆི་བ་དང་། བཞི་པ་ནི། དེ་གཉིས་ཀ་མ་ཟད་ཀྱང་བག་མེད་པའི་སྤྱོད་པ་དང་གཡུལ་དང་མེ་ཆུ་སོགས་ཡ་ང་བ་མི་སྤོང་བས་འཆི་བའོ། །དེས་ན་མུ་དང་པོའི་ཕྱིར་སྲོག་སྐྱོབ་པ་དང་། མཆོད་རྟེན་བཞེངས་པ་སོགས་རྒྱུ་མཐུན་གྱི་དགེ་བ་རྣམས་དང་། གཉིས་པའི་ཕྱིར་དཀོན་མཆོག་མཆོད་པ་སོགས་བསོད་ནམས་ཀྱི་བྱ་བ་སྤྱི་དང་། གསུམ་པའི་དོན་དུ་གཉིས་ཀ་ལ་འབད་དེ་འཆི་བ་བསླུ་ཞིང་། བཞི་པའི་ཆེད་དུ་ཟས་དང་སྤྱོད་ལམ་ཀུན་ལ་བག་ཡོད་པར་བྱ་བ་དང་། ཡ་ང་བའི་གནས་རྣམ་པ་ཀུན་ཏུ་སྤང་། མོ་བོན་སྨན་ལ་སོགས་པས་ཀྱང་ཕྱི་མ་འདི་ཙམ་ལ་ཕན་གདགས་སུ་རུང་གི་སྔ་མ་གསུམ་ལ་ནི་དེ་དག་གི་མཐུ་འཇུག་པ་མ་ཡིན་ནོ། །དཀར་པོའི་རྒྱུ་དེ་དག་གཞིར་བཞག་པའི་སྟེང་དུ་སྔགས་ཀྱི་བསྐྱེད་རྫོགས་ཟབ་མོས་ཚེ་བསྒྲུབས་པ་ནི་བཞི་ཀ་ལ་གཅེས་ཏེ་བུ་ལོན་མ་ཁུག་པའི་དབུལ་པོ་གཉེན་ཁས་དྲག་གིས་མགོན་ནས་ནོར་དང་སྤྲད་པ་ལྟ་བུའོ། །གསུམ་པ་ལས་གཉིས། དངོས་དང་རྒྱུའོ། །དང་པོ་ནི། མཛོད་ལས། སྒྲ་མི་སྙན་མ་གཏོགས་པར་འཆི། ཞེས་པས་དམིགས་བསལ་ཁ་ཅིག་མ་གཏོགས་འདོད་ཁམས་པ་སྙོམས་འཇུག་གཉིས་ལ་མ་ཞུགས་པ་རྣམས་ནི་བར་འཆི་དང་བཅས་པ་སྟེ། དེ་དག་གི་ལུས་ལ་གནོད་པ་བྱས་པས་ཚེ་ལ་གནོད་པར་འགྱུར་བའི་ཕྱིར་ཚེ་ལུས་ཀྱི་རྒྱུད་ལ་རགས་ལུས་པར་འཇུག་པ་ཞེས་གློ་བུར་དང་བཅས་པ་ཡིན་ལ། སྒྲ་མི་སྙན་པ་ནི་ཚེ་ཚད་རངས་པོར་འཚོ་ཡི་བར་འཆི་མེད་ལ། དེ་བཞིན་དུ། ཚེ་ལན་གཅིག་སྐྱེས་ནས་གནས་པ་ཞེས་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་གཉིས་དང་བྱམས་པ་སོགས་ཏིང་ངེ་འཛིན་ཐོབ་པའི་འདོད་ཁམས་པ་དང་། གཟུགས་གཟུགས་མེད་ཀྱི་སེམས་ཅན། བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་དང་། ཚེ་འདི་ཉིད་ལ་དགྲ་བཅོམ་ཐོབ་པའི་སྲིད་པ་ཐ་མ་པ། རྒྱལ་བས་ཚེ་ཚད་ལུང་བསྟན་པ། རྒྱལ་བའི་ཕོ་ཉ། མཐོང་ལམ་དང་བྱམས་པ་ཆེན་པོ་ལ་ཞུགས་པ། བྱང་སེམས་སྲིད་ཐ་པ་དང་འཁོར་ལོས་སྒྱུར་རྒྱལ། དེ་དག་ལྷུམས་ན་ཡོད་པའི་ཡུམ་ལ་སོགས་པ་ནི་རང་རང་གི་ཚེ་ཚད་དམ་བྱ་བའི་འབྲས་བུ་མ་གྲུབ་ཀྱི་བར་དུ་གློ་བུར་འཆི་བ་མེད་དོ། །གཉིས་པ་ནི། དེ་ལ་དམྱལ་བ་པ་རྣམས་ནི་རྒྱལ་བའི་ཐུགས་རྗེ་དང་རང་རྒྱུད་ལ་དགེ་སེམས་སྐྱེས་པ་སོགས་དཀར་པོའི་མཐུ་ཡིས་གློ་བུར་དུ་འཆི་བའི་རྒྱུ་བྱེད་ལ། ལྷ་དང་ལྷ་མིན་གཡུལ་སྤྲོད་པ་དང་རྩེད་མོས་མྱོས་པས་མཚོན་གཞན་དག་ནི་མི་དགེ་བའི་བསམ་སྦྱོར་དང་བག་མེད་པ་ཁོ་ནས་གློ་བུར་དུ་འཆི་བའི་རྒྱུ་རྐྱེན་བྱེད་པ་དང་། ཁྱད་པར་མིའི་འཇིག་རྟེན་དུ་འཇིགས་པ་ཆེན་པོ་བཅུ་དྲུག་ཏུ་གྲགས་པ་ནི། དུས་འཁོར་བསྡུས་རྒྱུད་ལས། དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆི་བ་དང་། ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང་། དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས་པའི་འཇིགས་པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ། ཞེས་པ་ལྟར་ལ། འཇིགས་པ་གློ་བུར་བ་དེ་དག་སྔགས་ལ་སོགས་པའི་མཐུས་བཟློག་པར་འགྱུར་བའི་ཚུལ་ཡང་། དེ་ཉིད་ལས། གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་ཉིན་ཞག་སོ་སོར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། །ཞེས་སོ། །མདོ་ལས་གློར་བུར་དུ་འཆི་བའི་རྒྱུ་དགུར་གསུངས་ཏེ། ཟས་མི་འཕྲོད་པ་ཟ་བ། ཟས་འགྲངས་ཀྱང་མང་དུ་ཟ་བ། སྔ་མ་མ་ཞུ་ཕྱི་མ་ཟ་བ། གཤང་གཅི་དུས་སུ་མི་འདོར་བ། ནད་པས་སྨན་པ་དང་ནད་གཡོག་ལ་མི་ཉན་པ། གདོན་དྲག་པོས་བཏབ་པ། སྐྱུགས་སྨན་ལོག་པ། མ་བརྟགས་པའི་དྲག་ཤུལ་སྤྱོད་པ། བག་མེད་པར་འཁྲིག་པ་སྤྱོད་པ་རྣམས་དང་། གཞན་ཡང་གློ་བུར་བརྒྱད་ཅུ་རྩ་གཅིག་ཏུ་གྲགས་པ་སོགས་མང་ཡང་དེ་དག་ཏུ་མ་འདུས་པ་མེད་ལ། མདོར་ན་དེ་དག་མ་བྱུང་བའི་སྔ་རོལ་ནས་བསྲུང་བ་དང་སྤང་བ་ལ་མཁས་པར་བྱ་བ་ནི་ཚེ་རིང་པོར་འཚོ་བའི་ཆོ་ག་ཕུལ་དུ་བྱུང་བའོ། །དྲུག་པ་ལ་གཉིས། འཆི་ལྟས་འབྱུང་བའི་རྒྱུ་བརྗོད་པ། འཆི་ལྟས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། ཕྱི་དང་། ནང་དང་། གསང་བའོ། །དང་པོ་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལྷ་དང་འབྱུང་བ་གཉིས་ཀ་ནི། །འཁྲུགས་པ་འཆི་བའི་མཚན་ཉིད་གསུམ། །ཐོབ་ལས་འཆི་ལྟས་འབྱུང་འགྱུར་བས། །འདི་ལས་དབྱེ་བ་མཚོན་པར་བྱ། །ཞེས་གསུངས་པ་ལྟར་གསུམ་དང་། དེ་རེ་རེ་ལའང་ཕྱི་དང་ནང་གི་དབྱེ་བས་གཉིས་གཉིས་སུ་འགྱུར་ཏེ། ལྷ་འཁྲུགས་པའམ་ལྷ་ལས་གྱུར་པ་ལ་ཐོག་ལྷུང་བ་སོགས་ཕྱི་དང་། མུ་གེ་སོགས་ནང་། འབྱུང་བ་འཁྲུགས་པའམ་འབྱུང་བ་ལས་གྱུར་པ་ལ་མེ་ཆུ་སོགས་ཀྱིས་འཚེ་བ་ཕྱི་དང་། རླུང་མཁྲིས་སོགས་འཁྲུགས་པ་ནང་། ལྷ་དང་འབྱུང་བ་གཉིས་ཀ་འཁྲུགས་པ་ལའང་ཕྱི་དང་ནང་གི་དབྱེ་བས་དྲུག་ཏུ་འགྱུར་རོ། །གཉིིས་པ་ནི། རང་རང་གི་ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང་། སྔོན་ནས་བསགས་པའི་ལས་ཀྱི་ལྷག་མ་དང་། བསོད་ནམས་ཀྱི་མཐུ་གསུམ་ལས་གང་རུང་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་། ལྷན་ཅིག་ཏུ་ཟད་པ་སྟེ་གསུམ་ཀའང་སྔོན་བསགས་ལས་ཀྱི་འཕེན་པ་ལ་རགས་ལས་ཤིང་། འཕྲལ་རྐྱེན་གྱི་འགྲོ་ལྡོག་ལའང་ངེས་པར་ལྟོས་ཏེ། སྔ་འགྱུར་གྱི་རྒྱུད་ལས། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་པ་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་ཚེ་འཛད་པའི་རྐྱེན་དང་། ངག་དབང་གྲགས་པས། རྐུན་མ་ཉ་དང་རི་དྭགས་སྦྲུལ། །བྱ་སོགས་སྲོག་ལ་ཆགས་པ་རྣམས། །འདི་དག་བསད་ན་འཕྲལ་དུ་ནི། །ཚེ་རིང་བ་ཡང་ཚེ་ཐུང་འགྱུར། །ཞེས་སྲོག་གཅོད་སོགས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་འཕེལ་བས་རྣམ་པར་དཀར་བའི་ལས་ཀྱི་འཕྲོ་རྫོགས་པའི་རྐྱེན་དང་། མཆོད་རྟེན་འཇིག་པ་དང་དགེ་འདུན་གྱི་ཆོས་འཁོར་འཇོམས་པ་སོགས་བསོད་ནམས་མ་ཡིན་པའི་ལས་ཀྱིས་བསོད་ནམས་འཛད་པའི་རྐྱེན་བྱེད་པས། ལས་ཀྱི་འཕེན་པ་ཟད་ན་དུས་ཀྱི་འཆི་ལྟས་དང་། རྐྱེན་གྱི་དབང་ལས་དུས་མ་ཡིན་པའི་འཆི་ལྟས་འབྱུང་བའི་རྒྱུ་བྱེད་ཅིང་། ཚེ་དང་ལས་དང་བསོད་ནམས་གསུམ་པོའང་མར་མེ་དང་སྡོང་བུ་དང་མར་ཁུ་བཞིན་དུ་གཅིག་ལ་གཅིག་བརྟེན་ཏེ་རིང་དུ་འཚོ་བར་བྱེད་དོ། །གསུམ་པ་ནི། རང་རང་དབུགས་ཀྱི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཉིན་ཞག་རེ་རྩིས་པའི་ལོ་བརྒྱ་ན་རྩ་རླུང་ཐིག་ལེ་གསུམ་པོ་སྡུད་པའི་རིམ་པས་དུས་ཀྱི་འཆི་ལྟས་འབྱུང་ལ། རྐྱེན་གློ་བུར་བའི་དབང་གིས་གཡས་གཡོན་ཉི་ཟླའི་རྒྱུ་བ་ཡོན་པོ་ཤུགས་ཆེར་འཕེལ་ཞིང་ལྟེ་བར་ཁྱིམ། སྙིང་གར་ཐུན་བརྒྱད། མགྲིན་པར་རྒྱུ་སྐར། སྤྱི་བོར་ལ་རྐང་གི་རིམ་པ་རྣམས་ཡུན་ཐུང་ངུས་འདོར་བ་ལས་དུས་མ་ཡིན་པའི་འཆི་ལྟས་འབྱུང་བ་ཡིན་ནོ། །འདི་ནི་རྒྱས་པར་སྤྲོ་ན་མཐའ་ཡས་པས་གསང་སྔགས་ཀྱི་རྒྱུད་ལུང་མན་ངག་རྣམས་ལས་རྟོགས་དགོས་སོ། །གཉིས་པ་ལ་དྲུག །ཡུལ་གང་ལ་བརྟག །ཚུལ་ཇི་ལྟར་བརྟག །དུས་ནམ་གྱི་ཚེ་བརྟག །ལྟས་ཀྱི་འབྲེལ་བརྗོད། ལྟས་ཇི་ཙམ་འབྱུང་བ་ལ་དཔྱད། བརྟགས་པའི་དགོས་པའོ། །དང་པོ་ནི། འཆི་བདག་བསླུ་བའི་རྟོགས་པ་ལས། གལ་ཏེ་འགའ་ཞིག་འཆི་བ་ཡི། །མཚན་ཉིད་ཤེས་པར་འདོད་གྱུར་པ། །དེས་ནི་བདེར་གནས་ལུས་ལས་ནི། །ཤེས་བྱ་གཞན་དུ་ཡིད་གཉིས་འགྱུར། །ཁམས་མི་སྙོམས་དང་འདོད་ཆགས་དང་། །རབ་རིབ་ལ་སོགས་མཐུ་ལས་དང་། །འཇིགས་དང་མྱ་ངན་སོགས་ཀྱི་མཐུས། །གང་ལས་གཞན་དུ་སོ་སོར་སྣང་། །ཞེས་པ་ལྟར་རོ། །གཉིས་པ་ལ་གཞུང་ལུགས་མན་ངག་རྣམས་སུ་དབྱེ་བསྡུ་དུ་མ་མཆིས་ཀྱང་མདོར་བསྡུ་ན་གཉིས་ཏེ། ཕྱི་ནང་གི་ལྟས་སོ། །དང་པོ་ལ་དྲུག་སྟེ། ཀརྐ་ཊ་དང་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་གི་ཉིན་གུང་རང་གྲིབ་འཕེལ་འགྲིབ་གོ་ལྡོག་པའམ་ཚད་ལས་འདས་པར་འགྲིབ་པ་ནི་འཆི་བའི་ལྟས་དང་། ཚད་ལས་འདས་པར་འཕེལ་བ་ནད་ཀྱིས་འཚེ་བའི་ལྟས་ཏེ་དེ་སོགས་གྲིབ་མ་ལ་བརྟག་པ་དང་། རྐང་མཐིལ་དང་ལྟེ་བ་ཕུག་སྙམ་བྱེད་ན་ཉིན་ཞག་གསུམ་གྱི་གོང་དུ་ལྔ་པར་འགྱུར་བ་སོགས་གློ་བུར་ཟུག་རྔུ་ལ་བརྟག་པ་དང་། གཤང་གཅིའི་མཉམ་པོར་སྦྲིད་པ་བྱུང་བ། དཀར་པོའི་ཚེས་གཅིག་ལ་ཁམས་ནག་པོར་འབབ་པ། རི་རབ་ཀྱི་དུ་བ། རྣ་བའི་ཨུཏྟ། རྒྱལ་མོའི་འོད་མདངས། ཚངས་པའི་སྐུད་པ་ཆད་པ་སོགས་ལུས་ལ་བརྟགས་པ་དང་། མིག་གིས་གཟུགས་དང་རྣ་བས་སྒྲ་སོགས་ཡུལ་རྣམས་ཚུལ་ལྡན་དུ་མི་འཛིན་པའམ་ལོག་པར་འཛིན་ཏེ་འཁྲུལ་བ་སྣ་ཚོགས་སུ་མྱང་བ་སོགས་དབང་པོ་ལ་བརྟག་པ་དང་། སྤྲིན་མེད་ནམ་མཁར་སྔ་དྲོ་ཕྱི་དྲོའམ། ཡང་ན་ཟླ་འོད་རང་གི་གྲིབ་མར་ཡུན་རིང་བལྟས་པའི་གྲིབ་གཟུགས་ནམ་མཁར་མཐོང་བ་ལ་སྐྱོན་ཡོད་མེད་བརྟག་པ་སྟེ་གྲིབ་གཟུགས་ལ་བརྟག་པ་དང་། རྩ་སྡུད་ཅིང་རླུང་ཡོན་པོར་རྒྱུ་བ་དང་རྩ་གནས་སུ་གདོན་ཞུགས་ཏེ་ནད་དྲངས་པའི་རྐྱེན་ལས་མུན་རུབ་ཉི་ཟླ་ནུབ་པ་དང་། རྒྱན་གོས་ཕྲེང་བ་དམར་པོ་ཐོགས་པ། གཅེར་བུར་འཁྱམས་པ། བོང་བུ་ལ་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་བ་སོགས་ཚེ་ཉམས་པ། བླ་འཁྱམས་པ། ཉེས་པ་གསུམ་དང་འདུས་པས་གློ་བུར་དུ་འཆི་བའི་ལྟས་སོ་སོར་སྣང་བའི་རྨི་ལམ་ལ་བརྟག་པ་རྣམས་ཏེ་རྒྱས་པར་ནི་འཆི་བསླུའི་རྟོགས་པ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི་རླུང་ལ་བརྟག་པ་སྟེ་དེ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། མཁའ་འགྲོ་རྒྱ་མཚོ་ལས། མ་རིག་ཆུ་སྲིན་རོ་ཧི་ཏ། །ཞེས་གསུངས་པ་ལྟར་རྟེན་འབྲེལ་དང་སྦྱར་པའི་དབང་གིས་རྒྱལ་ཟླའི་འཕོ་བ་ཐོག་མར་བྱས་ཏེ་ནད་མེད་ཐ་མལ་དུ་གནས་པའི་སྐྱེས་བུས་རླུང་གི་འཕོ་བ་བརྟག་སྟེ། དེའང་དཀར་ཕྱོགས་ཚེས་གཅིག་ནས་བརྩམས་ཉི་མ་གསུམ་དུ་ནངས་པར་ནམ་ལངས་ནས་ཐུན་ཕྱེད་བར་ཟླ་བའི་རླུང་ཐོག་མར་བྱས་ཏེ་རྒྱུ། དེ་ནས་ཉིན་གསུམ་ཉི་མའི་རླུང་ཐོག་མར་བྱས་ཏེ་རྒྱུ་བ་སོགས་རེས་མོས་སུ་རྒྱུ་བ་ལ་འཕོ་འཆུག་མེད་ན་ཚེ་རང་བཞིན་དུ་གནས་ཤིང་། གལ་ཏེ་ཉི་མ་ལྔ་དྲུག་ཚུན་ཆད་ཕྱིན་ཅི་ལོག་ཏུ་རྒྱུ་ན་རྩོད་པ་དང་མྱ་ངན་ལ་སོགས་པའི་ཁ་སྨྲ་འབྱུང་། ཕྱོགས་གཅིག་ལོག་ན་ནད་མི་བཟད་པས་ཐེབ། ཕྱོགས་གཉིས་ལོག་ན་གྲོགས་པོ་ཉེ་དུ་རྒུད། ཕྱོགས་གསུམ་དུ་གོ་ལྡོག་པ་དང་། ཁ་སྣ་གསུམ་ཀ་ནས་རྒྱུ་བ། མཉམ་རྒྱུ་ཞག་བཅུའི་བར་དུ་མི་འཕོ་བ། ཐུན་ཕྱེད་གཅིག་ལའང་ལན་མང་དུ་འཕོ། ཁ་གཅིག་པུ་ནས་རྒྱུ་བ་སོགས་ནི་གདོན་མི་ཟ་བར་འཆི་བའི་ལྟས་སོ། །མགོ། ཐ་སྐར། གྲོ་བཞིན། སྣོན། ནག་པ། མཆུ་ཟླ་དྲུག་པོའི་ཁྱིམ་འཕོ་ནས་བརྩམས་ཏེ་ཉི་མ་ལྔ་ལྔར་ཉི་མའི་རླུང་ཁོ་ན་རྒྱུ་ན་རིམ་བཞིན་ལོ་བཅོ་བརྒྱད། བཅོ་ལྔ། བཅུ་གཉིས། དགུ། དྲུག །ལོ་གསུམ་གྱི་འོག་ཏུ་འཆི་བར་འགྱུར་ལ། ཟླ་བའི་རླུང་དེ་བཞིན་དུ་རྒྱུ་བ་ནའང་ནད་ལ་སོགས་པའི་འཚེ་བ་འབྱུང་ངོ་། །གཉིས་པ་ནི། སྐྱེས་ཁྱིམ་དུ་སྐྱེས་སྐར་ལ་ཟླ་བ་སོན་ཅིང་ཉི་མ་བདུན་ཟུར་བ་ཡོད་པ་དེའི་ཚེ་རྒྱས་པའི་དུས་ཞེས་བྱ་བ་འཚོ་འཆི་བརྟག་པའི་ཁྱད་པར་གྱི་དུས་ཏེ། རྒྱས་པའི་དུས་སུ་ཉི་མའི་རླུང་ཉིན་ཕྱེད་ཀྱི་བར་དུ་རྒྱུ་ན་ལོ་བཅུ་བཞི་ནས་འཆི་ཞིང་ཞག་གཅིག་རྒྱུ་ན་ལོ་བཅུ་གཉིས་སུ་འཆི་བ་ནས། ཞག་བཅོ་ལྔར་རྒྱུ་ན་ལོ་གཅིག །ཞག་ཉེར་ལྔར་རྒྱུ་ན་ཟླ་གསུམ། ཟླ་གཅིག་རྒྱུ་ན་ཞག་གསུམ། ཉི་མ་སོ་གསུམ་རྒྱུ་ན་དེ་ཉིད་ཀྱི་ཉིན་མོར་འཆི་བ་སོགས་ཤེས་པར་བྱ་ཞིང་། ནང་གི་ལྟས་ནི་འཚོ་འཆི་རྟོག་པ་ལ་ཤིན་ཏུ་གལ་ཆེ་སྟེ། སློབ་དཔོན་གྱིས། ཇི་སྲིད་ནང་གི་མཚན་ཉིད་ནི། །ཡང་དག་ངེས་པ་མ་གྱུར་ན། །ཕྱི་ཡི་མཚན་ཉིད་ཁོ་ནས་ནི། །འཆི་ལྟས་ལེགས་པར་ངེས་མ་ཡིན། །གཉིས་ཀ་ངེས་པར་གསལ་བ་ནི། །འཆི་བ་ཉིད་དུ་ངེས་པར་འགྱུར། །ཕྱི་རོལ་བློ་ནི་ཕྱིན་ཅི་ལོག །ནད་ལ་སོགས་པས་ཀྱང་བསྐྱེད་དོ། །ཞེས་རྒྱུ་མཚན་དང་བཅས་ཏེ་གསུངས་སོ། །གཞན་ཡང་སྔ་འགྱུར་གྱི་རྒྱུད་ལས། བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་སོགས་ངེས་པ་དང་མ་ངེས་པ་དང་། ཉེ་བ་དང་རིང་བའི་འཆི་ལྟས་ཀྱི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པས་གཞན་ལས་ཤེས་པར་བྱ་བ་ཁོ་ནའོ། །གསུམ་པ་དུས་གང་དུ་བརྟགས་ན། ཞི་བ་ལྷས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་རྒུད་འགྱུར་ཞིང་། །བསྣོན་པ་གུད་ནས་ཡོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་ངེས་པར་འཆི་ཞིང་མྱུར་དུ་འཆི་བའི་ངེས་པ་ཅན་ཡིན་པས་ཕྱི་བཤོལ་མི་བྱ་བར་ཆོས་བསྒྲུབ་པ་དང་འཆི་བ་བསླུ་བའི་ཐབས་ལ་ད་ལྟ་ནས་བརྩོན་དགོས་ཀྱི། རྩ་རླུང་གི་ནུས་པ་སྡུད་ཟིན་པ་དང་། ནད་ཀྱིས་ལུས་ཟུངས་བཅོམ་པ་དང་། འབྱུང་གདོན་གྱིས་གནད་ལ་ཐེབ་ཟིན་ནས་འཆི་བ་བསླུར་མེད་དོ། །དཔེར་ན། འོག་ཁང་ལ་མེ་ཤོར་སྐབས་ཐབས་ཀྱིས་གསོད་ན་བཅོས་སུ་ཡོད་ཀྱི། སྟེང་ཁང་ལ་ཤོར་ནས་མི་གསོད་ཅིང་འཆོས་སུ་མེད་པ་དང་འདྲའོ། །དེ་ལ་དགོངས་ཏེ་སློབ་དཔོན་གྱིས། འཆི་བའི་མཚན་ཉིད་རིང་མོ་ནས། །ཤེས་བྱ་འོས་པས་བཅོས་པར་བྱ། །སྤྱི་བོར་ཐོག་ནི་བབ་པའི་ཚེ། །རབ་ཏུ་མཁས་ཀྱང་ཅི་བྱར་ཡོད། །ཅེས་གསུངས་སོ། །བཞི་པ་ནི། ཟླ་ཟེར་ལས། ཇི་ལྟར་འབྲས་བུའི་མེ་ཏོག་དང་། །མེ་ཡི་དུ་བ་ཆར་གྱི་སྤྲིན། །ཕྱིས་འབྱུང་མཚན་མ་ཡིན་པ་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། །འཆི་ལྟས་མེད་ན་མི་འཆི་བ། །འཆི་ལྟས་སྣང་ན་འཚོ་མི་འགྱུར། །ཞེས་འབྱུང་སྟེ་འཇིག་རྟེན་འབྲས་བུ་དང་མེ་དང་ཆར་པ་རྣམས་འབྱུང་བའི་སྔ་ལྟས་མེ་ཏོག་དུ་བ་སྤྲིན་རྣམས་ཀྱི་མཚན་མ་འབྱུང་བ་བཞིན་དུ་རྒྱུ་སྔར་བྱུང་ན་འབྲས་བུ་ཕྱིས་འབྱུང་བ་ལ་ཐེ་ཚོམ་མ་མཆིས་སོ། །ལྔ་པ་ནི། སློབ་དཔོན་གྱིས། འཆི་ལྟས་རྣམས་ནི་མཐའ་ཡས་ཕྱིར། །གཅིག་ཅར་འབྱུང་བར་མི་འདོད་ཅིང་། །ཐམས་ཅད་རིམ་པས་ཀྱང་མ་ཡིན། །འོན་ཀྱང་གཅིག་སོགས་གྲངས་ཀྱིས་སོ། །ཞེས་གསུངས་པ་ལྟར་སྐྱེས་བུ་གཅིག་གི་འཚོ་བ་ཟད་པ་ལ་འཆི་ལྟས་གྲངས་མེད་པ་དེ་དག་རིམ་དང་ཅིག་ཅར་དུ་འབྱུང་བ་མ་ཡིན་ཅིང་། ངེས་པའི་འཆི་ལྟས་ནི་གཅིག་གམ་གཉིས་སོགས་འབྱུང་ལ་དེས་ཀྱང་ངེས་པར་འཆི་ཞིང་། མ་ངེས་པའི་འཆི་ལྟས་མང་དུ་བྱུང་ཡང་འཆི་བ་བསླུ་བའི་ཐབས་ཀྱིས་བཟློག་པར་འགྱུར་བ་དང་། ཡང་ཁ་ཅིག་རྨི་ལམ་དང་རྣམ་འགྱུར་ལ་སོགས་པའི་འཆི་ལྟས་མ་བྱུང་ཡང་འཆི་བར་འགྱུར་བ་ནི་ཚེ་གཟུགས་སམ། རླུང་འཐེམ་པ་སོགས་ངེས་པར་འཆི་ལྟས་ཤར་རུང་རང་གིས་མ་ངེས་པ་དང་། རྨི་ལམ་ལ་སོགས་པའི་ལྟས་བྱུང་རུང་མི་འཆི་བ་ནི་ལྷས་ཆོས་ལ་བསྐུལ་བ་དང་། ཆོས་སྤྱོད་པ་ལ་འབྱུང་པོ་ལ་སོགས་པས་གནོད་པ་རྩོམ་པའི་ལྟས་སུ་རིག་པར་བྱའོ། །དྲུག་པ་ནི། སློབ་དཔོན་གྱིས། འཆི་བ་རིང་ནས་ངེས་བྱེད་ཅིང་། །ཇི་ལྟར་ནུས་པས་གཏོང་བ་དང་། །གསོ་བ་ལ་ཡང་འཇུག་པ་ནི། །རབ་ཏུ་གྲུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟར། འཆི་བའི་ལྟས་མ་ཤེས་པས་ནམ་འཆིའི་དུས་ཚོད་མི་ཤེས། དེ་མ་ཤེས་པས་ཆོས་དང་འཚོ་ཐབས་ལ་བརྩོན་འགྲུས་རྩོམ་པ་མི་བྱེད། དེ་མ་བརྩམས་པས་ཚེ་ཟད་པ་མ་ཚོར་བར་འཆི་བའི་དུས་ཐེབས་ཏེ་བསླུར་མེད་པས་རིང་མོ་ནས་འཚོ་འཆི་བརྟགས་ཏེ་འཚོ་ཐབས་ལ་འབད་པས་རིང་འཚོའི་འབྲས་བུ་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །བདུན་པ་འཚོ་ཐབས་ཀྱི་ཆོ་ག་ལ་མཐའ་ཡས་ཀྱང་བསྡུ་ན་གཉིས་ཏེ། ཕྱི་དང་ནང་ངོ་། །དང་པོ་ལ་གསུམ། ནོར་བུ་དང་། སྨན་དང་། སྒོ་གསུམ་གྱི་བྱ་བའོ། །དང་པོ་ལ་གཉིས། མཆོག་དང་ཕལ་པའོ། །དང་པོ་ནི། རྗེ་རང་བྱུང་ཞབས་ཀྱིས། རྒྱལ་བའི་རིང་བསྲེལ་ནོར་བུའི་མཆོག །དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དེ་བཞིན་རྣལ་འབྱོར་ལྡན་པའི་གདུང་། །མཆོད་ཅིང་ལུས་ལ་བཅངས་པ་ཡིས། །གདོན་ཀུན་ཕྱོགས་སུ་ཉེ་མི་ནུས། །ཞེས་པ་ལྟར་དེ་དག་ནི་འཆང་བ་ལྟ་ཅི་སྨོས། །མཐོང་ཐོས་དྲན་རེག་ཙམ་གྱིས་སྡིག་སྒྲིབ་ཞི་ཞིང་འདོད་པའི་དངོས་གྲུབ་འབྱུང་བ་སོགས་ཕན་ཡོན་མཐའ་ཡས་ཤིང་ནོར་བུ་མཆོག་རྣམས་ཀྱང་རྒྱལ་བའི་གདུང་འབའ་ཞིག་ལས་གྲུབ་པ་ཡིན་ནོ། །གཉིས་པ་ནི། རྟོགས་པ་ལས། རིན་ཆེན་མཚན་ཉིད་བསྟན་བཅོས་སུ། །བཤད་པས་རབ་བརྟགས་རྡོ་རྗེ་འཆང་། །ཚེ་ཡི་ནོར་བུ་འཆང་བའང་རུང་། །དེ་བཞིན་སྣ་ཚོགས་ནོར་བུ་འཆང་། །ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང་། །བཅངས་པས་འཆི་བ་ཐམས་ཅད་ནི། །བསླུ་བར་འགྱུར་བ་ཐེ་ཚོམ་མེད། །གང་ཕྱིར་ནོར་བུའི་མཐུ་འདིར་ནི། །སོམ་ཉི་བྱ་བར་རིགས་མིན་ཏེ། །ནོར་བུ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་ལྡན་པར་ཐམས་ཅད་འདོད། །ཅེས་པ་ལྟར། རྡོ་རྗེ་རིན་ཆེན་དྲི་མེད་འོད་ལས། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས། དམངས་རིགས་ལས་སྐྱེ་བ་ཞེས་གསུངས་པས། རིགས་བཞི་དང་། ཨིནྡྲ་ནཱི་ལ་སོགས་མཆོག་གི་རིན་ཆེན་ལྔ། པདྨ་རཱ་ག །ཟླ་བ་ཆུ་ཤེལ། ཀརྐེ་ཏ། མརྐེ་ཏ་སྟེ། གསེར་དངུལ། ཟངས། ལྕགས་རྣོན་པོ། ཁབ་ལེན་ཏེ། སོགས་འབྲིང་པོ་ལྔ། ཤེལ་ཛཱི་ལ་ཛཱ་ཏི། ཌོ་ཧི་ཏ། མཆིང་བུ། ནོར་བུ་ལྗང་གུ་སྟེ། མཆན། སོགས་ཐ་མ་ལྔ། རྒྱལ་པོ་འཁྱིལ་བ། ཆུའི་ནོར་བུ། སྦྲུལ་དང་གླ་བའི་ནོར་བུ། དཀར་ཕྲ་མེན། གཟི་མིག་དགུ། ཅེ་སྤྱང་རྭ། ཀུན་བནྡྷ་ལ་སོགས་པའི་རིན་པོ་ཆེ་བཅངས་པས་ནད་གདོན་རིམས་དུག་སོགས་སྲུང་ཞིང་ཞི་བ་དང་། འགའ་ཞིག་ཆོ་ག་དང་སྦྱར་ན་ཚེ་རིང་པོར་འཚོ་བའི་བཅུད་ལེན་དུ་འགྱུར་བ་སོགས་ནོར་བུ་སྣ་རེའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་བོ། །གཉིས་པ་ལ་གཉིས། སྨན་དང་། བཅུད་ལེན་ནོ། །དང་པོ་ནི། སྨན་གྱི་ནོར་བུ་ཨ་རུ་ར་རྣམ་པར་རྒྱལ་བ་དང་། ཤུ་དག །གླ་རྩི། སླེ་ཏྲེ། ཡུངས་དཀར་ལ་སོགས་པ་རང་བཞིན་གྱིས་གྲུབ་པ་དང་། རིན་ཆེན་རིལ་བུ་དང་མང་སྦྱོར་ཆེན་མོ་ལ་སོགས་པ་སྦྱོར་བའི་སྨན་རྣམས་བཅངས་པའམ་ཟོས་པའི་ཕན་ཡོན་ཀྱང་མངོན་དུ་འབྱུང་སྟེ། རྟོགས་པ་ལས། གྲུབ་པའི་སྨན་ནི་གཞན་རྣམས་ཀྱང་། །ངེས་པར་བརྟེན་པར་གྱུར་པ་ཡིས། །ཚེ་འཕེལ་བ་དང་རྒ་བའི་ནད། །ཟད་པས་འཆི་བ་མི་མཐོང་ངོ་། །ཞེས་སོ། །གཉིས་པ་ནི། བཅུད་ལེན་གྱི་བསྟན་བཅོས་རྣམས་ནས་འབྱུང་བ་བཞིན་སྦྱོར་ཚུལ་བརྟེན་ལུགས་བསམ་གྱིས་མི་ཁྱབ་ལ། གཙོ་བོ་ནི། བདུད་རྩི་ལྔ་པོ་རབ་སྦྱར་བ། །མན་ངག་ཇི་བཞིན་བསྟེན་པ་ཡིས། །འཆི་བ་བསླུ་བར་འགྱུར་བ་ནི། །ཁ་སྦྱོར་ལ་སོགས་རྒྱུད་ལས་གསུངས། །ཞེས་དང་། དངུལ་དང་གསེར་སོགས་ཀྱིས་བཅིངས་པའི། །དངུལ་ཆུ་ཆོ་ག་བཞིན་ཟོས་ན། །གྲུབ་པའི་བཅུད་ལེན་རང་བཞིན་ཕྱིར། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཞེས་པ་ལ་སོགས་པ་གཞུང་རྣམས་སུ་རྒྱ་ཆེར་འབྱུང་བ་ཉིད་བརྟེན་པར་བྱ་སྟེ་རྒས་པ་སྐྲ་དཀར་གཉེར་མ་དང་བྲལ་ཞིང་ཚེ་ཉི་ཟླ་དང་མཉམ་པ་སོགས་བཅུད་ལེན་གྱི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །གསུམ་པ་ལ་བཞི་སྟེ། ལུས་ཀྱི་བྱ་བ་ལྷ་ཁང་མཆོད་རྟེན་སྐུ་གཟུགས་གསར་དུ་བཞེངས་པ་སོགས་རྫས། འདུལ་བ་ལུང་རྣམ་འབྱེད་ལས། ཀུན་༡དགའ་ར་བ་གཙུག་ལག་༢ཁང་། །མལ་༣སྟན་འཚོ་བ་ནར་༤མ་དང་། །གློ་༥བུར་ནད་༦པར་ནད་གཡོག་དང་། །ཡུལ་༧ངན་ཆེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་པ་ལྟར་རོ། །མཆན། ལས་བྱུང་བའི་བསོད་ནམས་བདུན་དང་། ཞིག་པ་འཆོས་པ། སཱཙྪ་འདེབས་པ། ལམ་འཕྲང་བཅོས་པ། རྟེན་གསུམ་ལ་མཆོད་པའི་བྱེ་བྲག་འབུལ་བ། དགེ་འདུན་ལ་ཆོས་སྟོན་གསོལ་བ། ཕ་མ་བླ་མ་ཡེ་ཤེས་རྒན་པ་བསྙེན་བཀུར་བ། མཆོད་རྟེན་ལ་ཕྱག་དང་བསྐོར་བ་བྱེད་པ་ལ་སོགས་པ་དང་། ངག་གི་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀོན་མཆོག་ཏ་ལ། ཕལ་པོ་ཆེ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྣམས་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་དང་སྲུང་བ་ལྔ་དང་གཟའ་ཡུམ་ལ་སོགས་པའི་གཟུངས། ཁྱད་པར་ཚེ་དཔག་མེད་དང་གཙུག་ཏོར་རྣམ་རྒྱལ་གཙུག་ཏོར་དྲི་མེད་ལ་སོགས་པའི་གཟུངས་རང་གིས་ཁ་ཏོན་དུ་བགྱིད་པའམ། དགེ་སློང་ཚུལ་དང་ལྡན་པ་ལ་བཀུར་བསྟི་དང་བཅས་ཏེ་འདོན་འཇུག་པ་དང་། ཡིད་ཀྱི་བྱ་བ་རྟོགས་པ་ལས། འབད་པས་འཆི་བ་བསླུ་བ་ནི། །དད་པ་ཉིད་ཀྱིས་བྱ་བར་ནུས། །དེ་བས་དད་པ་བརྟན་པར་བྱ། །གཞན་དུ་ངལ་བ་དོན་མེད་འགྱུར། །ཞེས་སོགས་འབྱུང་བ་ལྟར་དཀོན་མཆོག་ལ་དད་པ་བརྟན་པོ་དང་། ལས་འབྲས་ལ་ཡིད་ཆེས། བསྒྲུབ་བྱའི་ལྷ་ལ་ངེས་ཤེས་དང་། ཁྱད་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་དུ་བསླབ་ཅིང་འཚོ་བའི་ཆོ་ག་ལ་སྤྲོ་བ་ཆེན་པོ་དང་ལྡན་པར་བྱའོ། །གསུམ་ཀའི་བྱ་བར་བདེན་པ་དང་དཀའ་ཐུབ། སྦྱིན་དང་བཟོད་པ། དཀྱིལ་འཁོར་བྲི་བ། སྦྱིན་སྲེག །ཕྱག་རྒྱ། གཏོར་མ། ཚོགས་འཁོར་ལ་སོགས་པ་བྱ་བ་དང་། རྟོགས་པ་ལས། བྱ་ཉ་རི་དྭགས་རྐུན་མ་དང་། སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཞེས་དང་། བཙོན་ར་ནད་དང་གདུང་བ་དང་། །འཚེ་སོགས་འཇིགས་པ་ཇི་ཙམ་ཡང་། །བསྐྱབས་བྱས་ན་ནི་ངེས་པར་དུ། །ཚེ་རིང་འཆི་བ་བསླུ་བྱེད་ཡིན། །ཞེས་པ་ལྟར་འབྲས་བུའི་རྒྱུ་མཐུན་པ་ལ་ནན་ཏན་དུ་འབད་པ་དང་། ཁྱད་པར་དབེན་པར་རས་བྲིས་བཀྲམ་པའི་མདུན་དུ་མཆོད་པ་དང་གཙང་སྦྲ་བཅས་ཏེ། ལྷ་ལ་སེམས་རྩེ་གཅིག་པས་སྤྱན་རས་གཟིགས་ཡི་གེ་ཕྱེད་བཞི་པ་འབྲུ་འབུམ་བཟླ་བ་དང་། སྒྲོལ་མའི་སྙིང་པོ་བཅུ་བདུན་མ་དང་། སོར་འབྲང་མའི་སྙིང་པོ་གྲངས་སུ་བཟླས་པའི་མཐར་དུརྦཱའི་སྦྱིན་སྲེག་བཅུ་ཆ་བྱ་བ་དང་། སྤྱན་མའི་རིག་པ་བཀྲུ་བའི་ཆོ་ག་དང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཆོ་ག་ལྟར་བཟླ་བ་དང་། འཇིག་རྟེན་དབང་ཕྱུག་འཆི་བ་ལས་རྒྱལ་གྱི་གསང་སྔགས་འབྲུ་འབུམ་བཟླས་མཐར་མེ་ཏོག་དཀར་པོའི་སྦྱིན་སྲེག་བྱེད་པ་ལ་སོགས་པས་སྡིག་པ་དང་ནད་ཞི་བ་དང་། འཆི་བ་བསླུས་ནས་ངེས་པར་ཚེ་རིང་པོར་འགྱུར་ཏེ་སྔགས་ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་པས་སོ། །གཉིས་པ་ནང་ལྟར་ན་གཉིས། གཞན་གྱིས་འཚོ་བའི་ཆོ་ག་བྱེད་པ་དང་། རང་གིས་བྱེད་པའོ། །དང་པོ་ནི། ཚེ་ཉམས་པ་ལ་སོགས་པའི་ལྟས་མཐོང་ཡང་རང་ཉིད་ཀྱིས་གསོ་བའི་ཐབས་མི་ཤེས་པའི་སྐྱེ་བོ་ཕལ་པའམ། ཤེས་ཀྱང་ཉམས་སུ་ལེན་མི་ནུས་པ་དག་གིས་མཁྱེན་བརྩེ་ནུས་པ་དང་ལྡན་པའི་རྡོ་རྗེའི་སློབ་དཔོན་གཞན་ལ་བརྟེན་ཏེ་རིང་འཚོའི་ཆོ་ག་བསྒྲུབ་དགོས་ཏེ། དེའི་མཚན་ཉིད་ཀྱང་སྔ་འགྱུར་གྱི་རྒྱུད་ལས། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་གསུངས་པ་ལྟར་ཏེ་གསོ་བྱེད་ཀྱི་ཚུལ་ནི་ལྷག་པའི་ལྷ་ཁྱད་པར་ཅན་གྱིས་རྣལ་འབྱོར་ལ་བརྟེན་ནས་རང་དོན་དུ་སྒྲུབ་པའི་ཚུལ་ལྟར་ལ་ཏིང་ངེ་འཛིན་གྱི་ཁ་སྒྱུར་ཅི་རིགས་སུ་བྱ་བ་ཡིན་ནོ། །གཉིས་པ་ལ་གཉིས། བསྐྱེད་རིམ་གྱིས་བསྲིང་བ་དང་། རྫོགས་རིམ་ལ་བརྟེན་ནས་བསྲིང་པའོ། །དང་པོ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། སྒྲོལ་མ་འབྱུང་བའི་རྒྱུད་ཕྱི་མ་ལས། བགེགས་འཇོམས་བདུད་རྩི་འཁྱིལ་བ་ནི། །དང་པོར་འབུམ་ཕྲག་བཟླས་བྱས་ནས། །མཆོད་རྟེན་ལ་སོགས་བྱེད་པ་དང་། །མཆོད་དང་བསྐོར་བ་ལ་སོགས་བྱ། །ཞེས་འབྱུང་སྟེ། ཆར་འབེབས་པ་ལ་རླུང་མནན་པའམ། ལོ་ཏོག་བསྐྲུན་པ་ལ་གནོད་པ་སྲུང་བའི་བྱ་བ་གཙོར་འདོན་དགོས་པ་ལྟར། འདོད་པའི་དོན་སྒྲུབ་པ་ལ་ཐོག་མར་བར་ཆད་ངེས་པར་ཞི་བར་མ་བྱས་ན་འབད་པ་དོན་དང་མི་ལྡན་པས། སྤྱི་འགྲོར་བགེགས་མཐར་བྱེད་ཀྱི་རྩ་སྔགས་སམ་སྙིང་པོ་འབུམ་དང་སྦྱིན་སྲེག་ཁྲི་བྱ་བའམ། དམིགས་གསལ་རང་རིགས་ཀྱི་ལྷ་བདུད་བགེགས་འདུལ་བ་ལ་ཆེད་དུ་བསྔགས་པའི་ཁྲོ་བོ་ཆེན་པོ་གང་ཡང་རུང་བའི་བསྒོམ་བཟླས་སྦྱིན་སྲེག་དང་བཅས་པས་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱ་སྟེ་ཚོང་དོན་གཉེར་དུ་འགྲོ་བ་ལ་སྐྱེལ་མའམ་གྲོགས་སྟོབས་ཆེན་དང་འགྲོགས་པ་བཞིན་ཚེ་སྒྲུབ་སྤྱི་ལ་འདི་ཁོ་ན་གལ་ཆེ་བས། གསར་རྙིང་གི་མན་ངག་འགར་ཚེ་རྟ་ཟུང་འབྲེལ་དང་ཚེ་ཕུར་སྦྲགས་མ་སོགས་འབྱུང་བའང་དོན་འདི་ལ་དགོངས་པའོ། །གཉིས་པ་དངོས་གཞི་ལ། སྤྱིར་རང་གི་ལྷག་པའི་ལྷ་གང་ཡིན་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གནས་པ་དང་། ཁྱད་པར་འཆི་མེད་ཚེ་དབང་སྩོལ་བ་ལ་ཆེད་དུ་ཐུགས་བསྐྱེད་ཅིང་སྨོན་ལམ་ཡོངས་སུ་གྲུབ་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། ཚེ་དཔག་མེད། འཇིག་རྟེན་དབང་ཕྱུག །ཡིད་བཞིན་འཁོར་ལོ་ལ་སོགས་པ་གཙོ་བོ་རྐྱང་པའི་བསྐྱེད་རིམ་ནན་ཏན་དུ་བསླབ་ཅིང་བཟླས་པ་བྱ་བ་དང་། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་དཔལ། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད་སོགས་དཀྱིལ་འཁོར་དང་བཅས་པའི་བསྐྱེད་བཟླས་བྱ་བ་དང་། སྡོམ་པའི་རྒྱུད་ལས་གསུངས་པ་ཀེང་རུས་ཏཱ་ཏའི་གདམས་ངག་གམ། ཟླ་བ་བ་འཇོའི་བསམ་གཏན་སོགས་གང་ཡང་རུང་བའི་བསམ་གཏན་ལ་ཟླ་བ་དྲུག་ལ་སོགས་པར་རྩེ་གཅིག་ཏུ་གནས་པས་ངེས་པར་འཆི་བ་ལས་རྒྱལ་བར་འགྱུར་རོ། །གཉིས་པ་ལ་གཉིས། མཚན་བཅས་ཀྱི་རྫོགས་མ་དང་། མཚན་མེད་ཀྱི་རྫོགས་རིམ་ལ་བརྟེན་ཏེ་ཚེ་བསྲིང་བའོ། །དང་པོ་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དངོས་ལ་གཉིས། རྡོར་བཟླས་དང་། བུམ་པ་ཅན་ནོ། །དང་པོ་ནི། སྤྱིར་རིམ་ལྔ་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡ་གྱུར་དག་ནི་དོན་དམ་མོ། །ཞེས་རྡོར་བཟླས་ཀྱི་དབྱེ་བ་བཞིར་གསུངས་པ་གང་ཡང་རུང་བ་འབུམ་འཕྲག་གཅིག་བཟླས་པས་ཚེ་ཉམས་པའང་ལོ་ལྔར་འཚོ་བ་སྡོམ་འབྱུང་ལས་གསུངས། ཁྱད་པར་བདུད་རྩི་སྡུད་པའམ་རྩོལ་བ་འགོག་པ་ཞེས་ཚེ་བསྲིང་བ་ལ་མཆོག་ཏུ་བསྔགས་པའི་མན་ངག་གི་རྡོར་བཟླས་ནི། རྟོགས་པ་ལས། རླུང་ནི་འཇུག་པ་བསྔགས་པ་ཡིན། །བདུད་རྩི་འཚོ་བར་བྱེད་པའི་ཐབས། །དེ་ཕྱིར་འཆི་བས་མི་ཚུགས་སོ། །རིམ་གྱིས་འབུམ་སོགས་གྲངས་ཀྱིས་ནི། །རྩེ་གཅིག་སེམས་ཀྱི་ཆོ་ག་བཞིན། །རླུང་ནི་འཇུག་པ་བསྒྲང་བ་ནི། །སྒྲ་ཡོད་པ་ཡི་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་ཕྲག་གི། །ཆོ་ག་ཡོངས་སུ་རྫོགས་པ་ཡིས། །མི་ནི་ཚེ་ཉམས་གྱུར་པ་ཡང་། །ལོ་ལྔའི་བར་དུ་འཚོ་བར་ངེས། །ཉིས་འབུམ་ལ་སོགས་བཟླས་པ་ཉིད། །ཚེ་འཕེལ་བར་ནི་བསྒྲེ་བར་བྱ། །ཞེས་དང་། ནང་བར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བགྲངས་ན་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང་། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་སོ། །གཉིས་པ་བུམ་པ་ཅན་ཆེ་འབྲིང་ཆུང་གསུམ་ལས་ཆེན་པོ་གྲུབ་པས་ཚེ་བསྲིང་བར་འགྱུར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། ཉིན་མཚན་དུ་ནི་དབུ་མར་སྲོག །ཞུགས་པས་ནད་རྣམས་འཕྲོག་པར་བྱེད། །ཚེས་ཀྱི་ཉིན་ཞག་སྲོག་བཅིངས་ནས། །འདིས་ནི་མཁའ་སྤྱོད་ཉིད་སྟེར་ཕྱེད། །ཟླ་གཅིག་སྲོག་བསད་སྙིང་གར་གནས། །རྣལ་འབྱོར་པ་རྣམས་འཆི་མེད་འགྱུར། །ཞེས་བུམ་ཅན་ཞག་གཅིག་འཆིངས་ནུས་པས་ནད་ལས་རྒྱལ་བ་དང་། ཟླ་ཕྱེད་ཀྱིས་མཁའ་སྤྱོད་འགྲུབ་པ་དང་། ཟླ་གཅིག་གིས་འཆི་མེད་འགྲུབ་པར་བཤད་དོ། །གཉིས་པ་ཞར་བྱུང་ནི། སྐྲ་དཀར་ལ་སོགས་པ་འཇིག་ཅིང་འཇིགས་པ་ལས་སྲུང་བ་སོགས་ཕན་སྟོབས་ཆེན་པོ་དང་ལྡན་པའི་ལྕེ་རྩེ་རྐན་སྦྱར་གྱིས་བཟླས་པ། འཕྲལ་དུ་འཆི་ལྟས་ཟློག་ཅིང་ཡུན་དུ་འཆི་མེད་འགྲུབ་པའི་ནམ་མཁའ་འཇོ་བའི་བསམ་གཏན་ལ་སོགས་འཆི་ལྟས་ཀྱི་འཕེལ་བ་ཟློག་པ་ཡོན་པོ་སྲོང་བ་ལ་སོགས་པ་གདམས་ངག་སོ་སོ་ལས་འོངས་པའི་གནད་དང་སྦྱར་ཏེ་རྩེ་གཅིག་གམ་ཞར་བྱུང་དུ་བསྒོམས་པས་ཀྱང་ཚེ་སྲིང་བའི་ནུས་པ་ཆེན་པོ་དང་ལྡན་པས་འདི་དག་ནི་གཞན་ཀུན་གྱི་ཡན་ལག་ཏུ་སྦྱོར་བའང་བྱའོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ལ་རྣམ་གྲངས་དང་། དོན་དམ་གཉིས་ལས། དང་པོ་ནི། མཁས་པས་དངོས་པོ་མི་སྒོམ་ཞིང་། །དངོས་པོ་མེད་པའང་བསམ་མི་བྱ། །དངོས་དང་དངོས་མེད་ལས་རྣམས་གྲོལ། །དེ་སྤངས་པ་ནི་བསྒོམ་པར་བྱ། །ཞེས་པའི་ཚུལ་ལ་དཔྱད་སྒོམ་པས་རྒྱས་འདེབས་དང་། འཇོག་སྒོམ་པས་མོས་དཔྱདཀྱི་ཚུལ་གྱིས་ཉམས་སུ་ལེན་པ་དང་། གཉིས་པ་ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་། ཡུལ་ཅན་འགྱུར་མེད་ཀྱི་བདེ་བ་ཆེན་པོ་རོ་མཉམ་མངོན་སུམ་ལམ་དུ་བྱེད་དེ་ཏིང་ངེ་འཛིན་གྱི་སྐུ་བསྒྲུབ་པ་སྟེ། དེ་དག་གིས་ནི་སྲིད་པའི་འཆི་བ་སོགས་ཆུ་བོ་བཞིན་གཏན་དུ་གཅོད་པའི་ཕྱིར། ངག་གི་དབང་ཕྱུག་གིས། རྣམ་ཀུན་འཆི་བ་བསླུ་བ་ནི། །གྲོལ་བ་ཉིད་ལ་རགས་པ་ཡིན། །མ་གྲོལ་བ་རྣམས་ཐམས་ཅད་ལ། །ཇི་ཙམ་དུས་ལས་བསྲིང་བའོ། །ཞེས་དང་། དེ་བཞིན་ཉིད་ཀྱིས་འཆི་དང་བདུད། །དགྲ་རྣམས་གཞན་ལས་རྒྱལ་བར་འགྱུར། །ཉེས་པ་མ་ལུས་རབ་ཏུ་ཞི། །ཡོན་ཏན་མ་ལུས་འབྱུང་བ་དང་། །སྐྱེས་བུ་དེ་ཉིད་ཀྱིས་རྒྱལ་ཞིང་། །མངོན་པར་འདོད་པ་རྣམས་ཀྱང་འགྲུབ། །དེ་བཞིན་ཉིད་ནི་སྟོང་ཉིད་བཤད། །རྣམ་པ་ཀུན་མཆོག་བདག་ཉིད་ཅན། །དེ་ཉིད་རྟག་ཏུ་གོམ་བྱས་ན། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་དག་ཀྱང་མདོར་ན་ཚེ་ཟད་པ་ལ་ཚེ་ཆོག །འཆི་བསླུ། རླུང་གི་སྦྱོར་བ་སོགས་དང་། ལས་ཟད་པ་ལ་སྲོག་བསླུ་ཉེའུ་འདོན། དཀའ་ཐུབ་ལ་སོགས་པ་དང་། བསོད་ནམས་ཟད་པ་ལ་མཆོད་པ་དང་སྦྱིན་གཏོང་ལ་སོགས་པས གསོ་ཞིང་། དད་པ་བརྩོན་འགྲུས་བསྐྱེད་རྫོགས་ཀྱི་ཉམས་ལེན་ནི་ཐམས་ཅད་དུ་གལ་ཆེའོ། །དེའི་ཕྱིར་སློབ་དཔོན་གྱིས། བསོད་ནམས་ཀྱིས་ནི་འདོད་པ་འགྲུབ། །དེ་བས་བསོད་ནམས་འབད་པར་བྱ། །དད་པས་ཐམས་ཅད་ཡང་དག་འགྲུབ། །དེ་བས་དད་པ་རྣམ་པར་སྤེལ། །བརྩོན་འགྲུས་ཀྱིས་ནི་བརྩམས་པ་འགྲུབ། །དེ་བས་བརྩོན་འགྲུབ་སྔོན་འགྲོ་བྱ། །བསམ་གཏན་གྱིས་ནི་འདོད་འབྲས་བརྟན། །དེ་ཕྱིར་བསམ་གཏན་སེམས་གཅིག་བྱ། །འདུ་འཛི་སྤངས་པས་ཉམས་ལེན་འགྱུར། །དེ་ཕྱིར་འདུ་འཛི་རྣམ་པར་སྤང་། །ཡང་དག་ཤེས་ལྡན་ཐམས་ཅད་འགྲུབ། །དེ་བས་ཡེ་ཤེས་ཀུན་ལྡན་བྱ། །ཞེས་གསུངས་སོ། །བརྒྱད་པ་ལ་སྔ་འགྱུར་དང་། ཕྱི་འགྱུར་གཉིས། དང་པོ་སྔ་འགྱུར་བཀའ་མའི་ཕྱོགས་སུ་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་སོགས་རང་རྐང་ཚུགས་པ་དང་། འདུས་མདོའི་རྩ་རྒྱུད་ལེའུ་བཅུ་གསུམ་པ་ནས་བཤད་པའི་ཚེ་དཀྱིལ་དང་། རྫོགས་ཆེན་གྱི་རྒྱུད་རྣམས་ནས་འཆི་བསླུ་གསལ་རྒྱས་སུ་གསུངས་པས་མཚོན་ཞར་བྱུང་གི་རིམ་པ་ཇི་སྙེད་མཆིས་པ་ལ་བརྟེན། འདུས་མདོའི་ཡན་ལག་གི་ཚེ་དཀྱིལ་དང་། སྒྱུ་འཕྲུལ་ཡན་ལག་སངས་རྒྱས་གསང་བའི་མན་ངག་ཚེ་དཔག་མེད་ལུང་ལུགས་སུ་གྲགས་པ་གཉིས་ལ་ཟུར་པ་དང་རོང་ཟོམ་རོག་སྨིན་གླིང་སྐུ་མཆེད་སོགས་ཀྱི་ཡིག་ཆ་དང་དབང་ལུང་རྒྱུན་མ་ཆད་པར་བཞུགས་ཤིང་། ཆོ་གའི་ཆིངས་ལུང་བདུན་གྱིས་འཆིང་བར་མཛད་དེ། ཚེ་བཅའ་ཚེ་ཡི་དཀྱིལ་འཁོར་དང་། །ཚེ་ཡི་རང་བཞིན་འགུགས་པ་དང་། །ཚེ་བཅིང་ཚེ་ཡི་བླན་ཐབས་དང་། །ཚེ་ཡི་དབང་བསྐུར་བསྟིམ་པའོ། །ཞེས་པ་ལྟར་རོ། །གཏེར་མའི་ཕྱོགས་ལ། སངས་རྒྱས་གཉིས་པ་པདྨ་ཀཱ་ར་ཉིད་ངེས་པའི་དོན་དུ་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཉིད་དུ་གྲུབ་ཀྱང་གདུལ་བྱ་གཞན་སྣང་དུ་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་ལ་བརྟེན་ཏེ་མཱ་ར་ཏི་ཀར་ཚེ་དབང་རིག་འཛིན་བརྙེས་པའི་ཚུལ་བསྟན་ཚེ་རྒྱུད་བྱེ་བ་བརྒྱ་ཕྲག་ལྷ་མོ་ཙནྡྷ་ལཱིས་ཕུལ་ཞིང་ཚེ་དཔག་མེད་ཀྱིས་གནང་བ་བསྩལ་བ་ལ་བརྟེན་ཚེའི་རིག་འཛིན་སྒྲུབ་པའི་ཐབས་དཔག་ཏུ་མེད་པར་མཛད་དེ་འཕགས་བོད་ལ་སོགས་པར་རྒྱ་ཆེར་སྤེལ་ཞིང་། མ་འོངས་པའི་གདུལ་བྱ་ལ་དགོངས་ནས་ཕྱོགས་བཞི་དབུས་ལྔའི་གཏེར་དུ་བཙས་པ་རྣམས། སྐུ་གསུམ་རིགས་འདུས་སྔ་ཕྱི་གསུམ་ཉང་དང་སངས་གླིང་བྱང་བདག་གསུམ་གྱིས་ཕྱུང་ཞིང་། རཏ་གླིང་དང་པད་གླིང་གིས་རྡོ་རྗེ་ཕྲེང་བ་ཕྱུང་བས་མཚོན་གཏེར་སྟོན་རེ་རེས་ཀྱང་ཚེ་སྒྲུབ་ཀྱི་གདམས་པ་འདྲ་མིན་མང་དུ་བཏོན་པའི་རྒྱུད་དང་གདམས་པའི་རྣམ་གྲངས་བརྗོད་པར་མི་ལངས་ཀྱང་། ངོ་བོའི་སྒོ་ནས་བསྡུ་ན། གཙོ་སྒྲུབ་བཅོམ་ལྡན་འདས་ཚེ་དཔག་མེད་དང་། ཐུགས་རྗེ་ཆེན་པོ་ཡབ་ཡུམ། བླ་མ་ལོངས་སྐུ་དང་སྤྲུལ་སྐུའི་སྒྲུབ་ཐབས་རྣམས་སུ་ཅི་རིགས་པར་འདུ་ཞིང་། ཞར་ལས་བྱུང་བ་རྩ་གསུམ་སོ་སོའི་ལས་མཐའ་རྒྱས་ནི་བསམ་གྱིས་མི་ཁྱབ་བོ། །དེ་དག་རེ་རེ་ལའང་བདག་མདུན་བུམ་པ་སྒྲུབ་པ། དབང་བསྐུར། ཚེ་རྫས། འཁོར་ལོ། ཟ་ཡིག །བཅུད་ལེན། ཐབས་ལ། ནམ་མཁའ་ཟས་ཟ་སོགས་ལ་བརྟེན་ནས་ཚེ་བསྲིང་བའི་ཐབས་སྣ་རེ་རེས་ཀྱང་དགོས་པ་འགྲུབ་པའི་གདམས་ངག་གི་དབྱེ་བསྡུ་དང་། བདེར་འདུས་ལས་ཚེ་ལུང་ལྔར་བཤད་པས་མཚོན་ཆོ་གའི་ཆིངས་ཀྱི་བྱེ་བྲག་ནི་སྨོས་ཀྱི་མི་ལངས་སོ། །དག་སྣང་གི་ཕྱོགས་ལ། ཨོ་རྒྱན་ཆེན་པོས་དངོས་སུ་བསྩལ་བ་རས་ཆེན་དཔལ་འབྱོར་བཟང་པོའི་ཚེ་སྒྲུབ་མདའ་འཕེལ་མར་གྲགས་པ་ངོ་མཚར་མངོན་སུམ་བསྐྱེད་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་འཆི་མེད་དཔལ་སྟེར་ཞེས་བྱིན་རླབས་ཚན་ཁ་མཆོག་ཏུ་ཆེ་བ་དང་། འབྲི་གུང་ཆོས་ཀྱི་གྲགས་པའི་སྒྲ་མི་སྙན་གྱི་ཚེ་སྒྲུབ་དབང་གཞུང་ལས་ཁ་ཚར་བཅས་པ་དང་། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོའི་ཧྲཱིཿགཅིག་མ་ཞེས་ཟབ་ཅིང་རྒྱ་ཆེ་བ་དང་། ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ལས་འབྱུང་བའི་ཚེ་སྒྲུབ་བསྐྱེད་རྫོགས་ཤིན་ཏུ་ཟབ་པ་སོགས་ཡོངས་སུ་གྲགས་པ་དང་མ་གྲགས་པ་ཤིན་ཏུ་མང་སྟེ་སོ་སོའང་དབང་བསྐུར་བསྙེན་སྒྲུབ་ལས་ཁ་ཚར་དང་བཅས་པའོ། །རླུང་གི་རྣལ་འབྱོར་གཙོ་བོར་བསྟན་ཅིང་བཅུད་ལེན་གྱི་སྒོ་ནས། རྡོ་རྗེའི་ཚེ་སྒྲུབ་པ་ལ་མཆོག་ཏུ་ཟབ་ཅིང་ཡོངས་སུ་གྲགས་པ་ནི་སློབ་དཔོན་ཆེན་པོའི་སྒྱུ་འཕྲུལ་གྱི་བཀོད་པ་གྲུབ་ཆེན་ཛ་ཧཱ་བྷིར་གྱི་གདམས་པ་བྷྲཱུྃ་རླུང་རིགས་གསུམ་སྟེ། བཀའ་བབ་དང་པོ་ཛོ་གི་བཛྲ་ནཱ་ཐས་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་བསྩལ་བ་དང་། བར་པ་མ་ཎི་ཀཱ་ནཱ་ཐས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་གནང་བ་དང་། ཕྱི་མ་གྲུབ་ཆེན་ཉི་ཟླ་ཀློང་གསལ་ལ་དག་པའི་སྣང་བར་ཛ་བྷིར་ཉིད་ཀྱིས་དངོས་སུ་གནང་བ་སྟེ་སྔ་མ་གཉིས་ལ་ལུང་དང་ཁྲིད་ཀྱི་རྒྱུན་དང་། ཕྱི་མ་ལ་དབང་ལུང་སྨིན་ཁྲིད་བྱིན་རླབས་ཉམས་མྱོང་གྲུབ་པའི་རྟགས་མཚན་མ་ཆད་པར་བཞུགས་སོ། །གཉིས་པ་ཕྱི་འགྱུར་གསར་མའི་ཕྱོགས་སུ་ཚེའི་མདོ་རྒྱུད་རང་རྐང་ཚུགས་པ་ནི། བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་པའི་མདོ་གཟུངས་དང་། མཆི་མེད་རྔ་སྒྲའི་གཟུགས་གཉིས། གཤེགས་རིགས་ཀྱི་ཡུམ་གཙུག་ཏོར་རྣམ་རྒྱལ་ལ་བདེ་བ་ཅན་དང་། ངན་འགྲོ་ཡོངས་སྦྱོང་། འཆི་བདག་དབྱུག་འཛིན་བཅས་གཟུངས་སྟེ་གསུམ་དུ་བཞུགས་ལ། གཙུག་ཏོར་དྲི་མེད་ཀྱང་ཚེ་སྤེལ་བ་གཙོ་བོར་གསུངས་ཤིང་། རྒྱུད་སྡེ་བཞི་ཀར་ཞར་ལས་འོངས་པ་ནི་མཐའ་ཡས་སོ། །དེ་དག་ལ་བརྟེན་པའི་ཆོ་ག་དང་གདམས་ངག་གི་སྐོར་ནི། རྣལ་འབྱོར་འཕྲོས་རྒྱུད་ངན་སོང་སྦྱོང་བའི་བརྟགས་པ་ནས་གསུངས་པ་སློབ་དཔོན་ཀུན་དགའ་སྙིང་པོའི་བཀའ་སྲོལ་ཇོ་བོ་རྗེ་ལས་བརྒྱུད་པ་ཕྱག་ན་རྡོ་རྗེ་འཆི་བདག་འཇམ་དཔལ་ལྷ་བཅུ་གསུམ་པ་དང་། གསུང་དཀྱིལ་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གཉིས། གྲུབ་པའི་སློབ་དཔོན་ཛེ་ཏཱ་རིས་བཀྲལ་བ་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ལ་བརྟེན་པའི་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དང་། རྔ་སྒྲའི་གཟུངས་ལ་བརྟེན་པའི་ལྷ་བཅོ་ལྔའི་དཀྱིལ་འཁོར་གཉིས། འགྲོ་བའི་མེ་ལོང་གིས་བྱ་བཏུས་སུ་བཤད་པ་གཙུག་ཏོར་རྣམ་རྒྱལ་ལྷ་སོ་གསུམ་མའི་དཀྱིལ་འཁོར་དང་། མི་ཏྲའི་རྡོར་ཕྲེང་དུའང་ལྷ་དགུའི་དཀྱིལ་འཁོར་བཞུགས་ཤིང་། བདེ་བ་ཅན་གྱི་གཙུག་ཏོར་རྣམ་རྒྱལ་གཟུངས་ལ་བརྟེན་པ་རྣམ་རྒྱལ་ལྷ་དགུ་བ་རི་ལུགས་ཏེ་སྔ་མ་རྣམས་དབང་དང་ཕྱི་མ་རྗེས་གནང་གི་རྒྱུན་ལ་བརྟེན་སྒྲུབ་མཆོད་སྟོད་དབང་བསྙེན་སྒྲུབ་འཆི་བསླུ་སོགས་ཀྱིས་འགྲོ་བ་མཐའ་ཡས་པ་དུས་མིན་འཆི་ལས་སྐྱོབ་ཅིང་གནས་སྐབས་མཐར་ཐུག་གི་དངོས་གྲུབ་སྩོལ་བ་གྲུབ་མཐའ་ཡོངས་ལ་གྲགས་སོ། །གཙུག་ཏོར་དྲི་མེད་ལྷ་དྲུག་གི་རིག་པ་གཏད་པའི་རྒྱུན། དཀྱིལ་འཁོར་དང་སྲོག་ཤིང་འཛུགས་པ་སཱཙྪ་གདབ་པའི་ཆོ་ག །འཆི་བསླུའི་ཡིག་ཆ་ཕྱག་ལེན་གྱིས་བརྒྱན་པའི་བྱིན་རླབས་ཅན་ཞ་ལུ་དང་ངོར་ལུགས་ལ་བཞུགས་ཤིང་དར་སྲོལ་ཀྱང་ཆེར་བྱུང་། བདེ་མཆོག་རྩ་རྒྱུད་འབུམ་པ་སོགས་ལས་བསྟན་པའི་མ་རྒྱུད་པདྨ་གར་དབང་ངམ་དཔལ་ཧེ་རུ་ཀའི་རིགས་ཚེ་དཔག་མེད་གྲུབ་རྒྱལ་ལུགས་སུ་གྲགས་པ་ནི། མ་གཅིག་གྲུབ་པའི་རྒྱལ་མོས་རྗེ་བཙུན་འཇའ་ཚོན་གྱི་སྐུ་ཅན་རས་ཆུང་རྡོ་རྗེ་གྲགས་པ་ལ་དངོས་སུ་བསྩལ་བ་སྟེ། འདི་ལ་ཕྱི་སྒྲུབ་ལྷ་ཚོགས་སྟོང་དང་ལྔ་བརྒྱ། ནང་སྒྲུབ་ཉིས་བརྒྱ་ཉེར་ལྔ། གསང་སྒྲུབ་ལྷ་བཅུ་གསུམ་མ་སྟེ་དཀྱིལ་འཁོར་དང་འབྲེལ་བ་དང་། གཙོ་རྐྱང་གི་སྒྲུབ་ཐབས་ཡང་གསང་ལྷ་གཅིག་བུམ་གཅིག །ཚེ་དཔག་མེད་སྤྲུལ་སྐུའི་སྒྲུབ་ཐབས། དཀར་པོ་ཕྱག་བཞི་པ་སོགས་མཐའ་ཡས་པ་ཞིག་ཡོད་པར་གྲགས་ཤིང་། འབྲུག་ལུགས་ཞི་བ་ལྷ་མང་དང་ཁྲོ་བོ་ལྷ་མང་གི་དབང་ལུང་རྒྱུན་གཙོ་རྐྱང་གསུམ་གྱི་རྗེས་གནང་སོགས་དང་། ཁྱད་པར་ལྷ་གཅིག་བུམ་གཅིག་ནི་གྲུབ་མཐའ་ཡོངས་ལ་གྲགས་ཤིང་། ཤིན་ཏུ་ཁྱབ་ཆེ་བས་རས་ཆུང་པའི་གདམས་ངག་ཤམ་བུ་ཅན་བཅོ་བརྒྱད་ཀྱི་ནང་གསེས་ཚེ་དཔག་མེད་འགྲོ་དོན་གྱི་ཤམ་བུ་ཅན་དུ་བཞེད་ཅིང་། འདི་ལ་འབའ་ར་བའི་སྙན་བརྒྱུད་བསྐྱེད་བཟླས་ཀྱི་རིམ་པ་ལ་བརྟེན་ནས་ཚེ་བཅུད་བསྡུ་བ། རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་སྟེ་མན་ངག་ཁྱད་པར་ཅན་གྱི་ཚེ་ཁྲིད་མཐའ་རྒྱས་བཅུད་ལེན་གྱི་ལས་ཚོགས་དང་བཅས་པ་གྲུབ་པའི་མཚན་རྟགས་མ་ཆད་པར་བཞུགས་སོ། །གཞན་ཡང་ངན་སོང་སྦྱོང་རྒྱུད་ལ་བརྟེན་པ་ཨ་བྷ་ལེའི་གདམས་ངག་བ་རི་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུ་དང་། གཟུངས་ལས་གསུངས་པའི་ཚེ་དཔག་མེད་དཀར་པོ་གྲུབ་ཆེན་མི་ཏྲ་ཛོ་ཀིིའི་བཞེད་སྲོལ་ཆ་ལོ་ནས་བརྒྱུད་པ་ཚར་ལུགས་དཀར་པོ་ལྷ་གསུམ་དུ་འདྲེན་པ་དང་། བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པ་བསླབ་བཏུས་ནས་བཤད་པའི་ལུས་སྲུང་བའི་རིག་སྔགས་དང་ཚུལ་གཅིག་པ་ལྷའི་དགེ་བསྙེན་གྱིས་བྱང་གླིང་ནས་བླངས་ཏེ་དགྲ་བཅོམ་པ་བློ་གྲོས་དཔལ་ལ་གཏད་པ་སྒྲ་མི་སྙན་གྱི་ཚེའི་ར ང་གཟུངས་སུ་གྲགས་པ་ལ་རང་ལུས་ལྕགས་ཀྱི་རྡོ་རྗེར་བསྒོམ་ཞིང་གཟུངས་སྔགས་བཟླ་བ་གཏད་ལུང་གི་བརྒྱུད་པ་ཅན་དང་། ཤཱཀ་ཐུབ་བསྒོམས་བཟླས་ཡོད་པའི་སྒོམ་ལུང་ཕོག་པ་དང་། ཚེ་དཔག་མེད་ལྷུང་བཟེད་བསྣམས་པའི་མངོན་རྟོགས་དང་འབྲེལ་བ་ཚེ་དབང་སྒྲུབ་ཐབས་བཅས་པཎ་ཆེན་ནགས་རིན་ནས་བརྒྱུད་པ་བཅས་ལུགས་དང་། རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་གི་ཡ་གྱལ་ཐུབ་པ་མེ་རུ་ཤི་ཥ་དང་། ཤཱཀྱ་རཀྵི་ཏའི་མན་ངག་རྣམ་རྒྱལ་མ་ཕྱག་གཉིས་ལ་སོགས་པ་གཙོ་རྐྱང་གི་རིགས་ནི་མང་དུ་འབྱུང་ངོ་། །བོད་སྔ་མ་རྣམས་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྒྱུད་སོགས་ལ་བརྟེན་པའི་བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་བཞེད་ཅིང་། ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས་སྒྲོལ་མ་བླ་མེད་ཀྱི་ཤིང་རྟ་གསར་དུ་དྲངས་པ་ནས་ཁུངས་ཆོད་དེ་མངོན་འབྱུང་གི་རྒྱུད་ལ་བརྟེན་པར་བཞེད་པ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བདག་བསླུ་བའི་རྟོགས་པ་ལས་བྱུང་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་བོད་དུ་བཀའ་བབ་བཞིའམ་དྲུག་ཏུ་བཞེད་པའི་དང་པོ་ཇོ་བོ་ལུགས་ལ་སྒྲུབ་ཐབས་ལས་ཚོགས་ཚེ་ཁྲིད་དང་བཅས་པ་བྱིན་རླབས་དང་གྲུབ་པའི་མཚན་མ་མ་ཆད་པ་ཁྱད་འཕགས་སུ་བཞུགས། གཉིས་པ་བ་རི་ལུགས་ལ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་སུ་གྲགས་པའི་རྗེས་གནང་ཐུན་མོང་མ་ཡིན་པ་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་ལྟར་ཁྲིད་རྒྱུན་སྨིན་རྒྱས། ལས་ཚོགས་ཆེས་མང་བ་དང་བཅས་པ། གསུམ་པ་གཉན་ལུགས་དང་། བཞི་པ་པཎ་ཆེན་ནགས་རིན་ལུགས་བཅས་ཡོངས་སུ་གྲགས་ཤིང་། ངག་དབང་གྲགས་པས་མར་པ་དང་དེས་རྔོག་ཆོས་སྐུ་རྡོ་རྗེ་ལ་གནང་བའི་རྔོག་ལུགས་ཏེ་ལྔ་བོད་འཆི་བསླུའི་རྒྱ་གཞུང་ཁོ་ན་ལ་བརྟེན་པར་གྲགས། བཀའ་བབ་དྲུག་པ་སྒར་ལུགས་ནི་རྗེ་རོལ་པའི་རྡོ་རྗེ་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་བསྩལ་བའི་ཉེ་བརྒྱུད་དེ་བདག་བསྐྱེད་སྒྲོལ་དཀར་ལྷ་དགུའི་སྒོམ་བཟླས་དང་། མདུན་བསྐྱེད་ཚེ་དཔག་མེད་གྲུབ་རྒྱལ་ལུགས་དང་མཚུངས་པའི་བཟླས་སྒོམ་ཅན་ནོ། །གཞན་ཡང་ཨ་བྷ་ཡའི་ལུགས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ནས་བརྒྱུད་པ་དང་། རྡོ་རྗེ་གདན་པ་ནིཥྐཱ་ལཾ་ཀ་ནས་དཔལ་རྒྱལ་ཆོས་ཀྱི་བཟང་པོ་ལ་བརྒྱུད་པ་དང་། ཁ་ཆེ་པཎ་ཆེན་ལུགས་སྒྲོལ་དཀར་ལྷ་དགུ་མ་དང་། སློབ་དཔོན་ཡིད་བཞིན་ནོར་བུ་སྦྱིན་པའི་ལུགས་འཆི་མེད་འཕགས་མ་སྒྲོལ་མ་བཅས་ཐམས་ཅད་ཀྱང་རྗེས་གནང་སྔོན་དུ་འགྲོ་བའི་བསྐྱེད་རིམ་ཡན་ལག་བཞི་ལྡན་བཟླས་པ་སྤྲོ་བསྡུ་དང་བཅས་པས་ཚེ་བསྲིང་བ་དང་། ཁྱད་པར་ཇོ་བོ་ལུགས་ལ་བསྐྱེད་བཟླས་གཉིས་ལ་ནང་གསེས་བཞི། མཚན་བཅས་ཀྱི་རྫོགས་རིམ་གཉིས། མཚན་མེད་གཅིག་བཅས་ཀྱིས་ཚེ་བསྲིང་བ་དང་། བ་རི་ལུགས་ལ་བསྐྱེད་རིམ་གྱི་ཁྱད་པར་དམིགས་གནད་འཁོར་ལོ་གསལ་གདབ། རིགས་བདག་འཕོ་བ། སྲུང་འཁོར། ཚེ་བཅུད་བསྡུ་བ། སྔགས་བཟླས་ལྔའི་སྒོ་ནས་ཚེ་བསྲིང་བ་ཡིན་ནོ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལས་ཚོགས་མ་དག་ནི་མང་མཁར་བ་བློ་གྲོས་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པ་སྒྲོལ་དཀར་ཆེན་མར་གྲགས་པའི་བེ་བུམ་དུ་གསལ་ཞིང་ཁུངས་དང་ལྡན་པའོ། །རྒྱུད་གདན་བཞི་ནས་སྒྲོལ་དཀར་གྱི་འཁོར་ལོ་གསུངས་པ་དང་། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱིས་མཚོན་བླ་མེད་ནས་ཀྱང་ཚེ་སྒྲུབ་པའི་ལྷ་སྔགས་དངོས་དང་བརྒྱུད་ནས་ཇི་སྙེད་ཅིག་བསྟན་ལ། ཟུར་བཀའ་བཞུགས་པ་ནི། བདེ་མཆོག་བཤད་རྒྱུད་ཨ་བྷི་དྷ་ན་ལས་བསྟན་པ་འཆི་མེད་རྡོ་རྗེ་ལྷ་མོ་ཞེས་པ་དཔལ་ལྡན་ས་སྐྱའི་གསེར་ཆོས་བཅུ་གསུམ་ནང་ཚན་ཤིན་ཏུ་ཟབ་པ་སྟེ། རྒྱུད་དེ་ཉིད་ལས། འདི་ནི་ཁྲི་ཙམ་བཟླས་བྱས་ན། །འཆི་བ་ངེས་པར་འཚོ་བར་འགྱུར། །དུས་མིན་འཆི་བ་ཞི་འགྱུར་ཞིང་། །འཆི་བ་ལ་ནི་ངེས་པར་སློང་། །ཞེས་པ་ལྟར་ཕན་ཡོན་མཆོག་དང་ལྡན་པ་དང་། བདེ་མཆོག་རྩ་རྒྱུད་ལས། དུས་མིན་འཆི་བ་སླུ་བ་ལ། །ཡན་ལག་ཁ་ཊྭཱཾ་དག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚན་མ་ངེས་པར་སྦྱར། །ཞེས་པའི་བསྟན་དོན་ལ་ཁ་ཊྭཱཾ་ཀ་དང་ཐོད་སྦྱོར་གྱི་དམིགས་པ་ཙམ་དང་། དཔལ་ལྡན་འབྲུག་པའི་མན་ངག་སོགས་ཀྱང་འབྱུང་མོད་ཀྱི་གཙོ་བོར་ཁ་ཆེ་པཎ་ཆེན་གྱི་ཁྱད་འཕགས་ལྷ་བཞིའི་ཡ་གྱལ་བདེ་མཆོག་དཀར་པོའི་ཚེ་སྒྲུབ་ལ་ཚར་ལུགས་ཀྱི་བསྐྱེད་རྫོགས་ཁྲིད་དང་བཅས་པའང་བྱུང་ལ་ཚེ་སྒྲུབ་པའི་ལྷའི་རྣལ་འབྱོར་གྱི་གཙོ་བོ་ནི་དེ་ཙམ་ཞར་ལས་འོངས་པ་ནི་མང་ངོ་། །ནད་ཞི་མཛད་སྨན་གྱི་བླ་དང་སངས་རྒྱས་སྤྱན་མ། རྨི་ལམ་ངན་པ་ཟློག་པ་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པ། ས་འོག་གདོན་འཇོམས་སེང་གེ་སྒྲ་དང་ཡེ་ཤེས་ཁྱུང་ཁྲ། འཇིགས་པ་བཅུ་དྲུག་ལས་སྐྱོབ་པ་སྒྲོལ་མ་ལྗང་གུ་དང་སྣ་ཚོགས་ཡུམ། གྲིབ་གདོན་གཉེན་པོ་རྣམ་འཇོམས་དང་སྨེ་བ་བརྩེགས་པ། བྱད་ཁ་ཟློག་བྱེད་གདུགས་དཀར་མོ་དང་སེང་གདོང་མ་ལ་སོགས་པ་རྣམས་ཀྱང་རིང་དུ་འཚོ་བའི་ཆོ་གའི་ཡན་ལག་ཏུ་འགྱུར་རོ། །སྔགས་གསར་རྙིང་ལས་བཅུད་ལེན་གྱི་གཞུང་གདམས་ངག་མཐའ་ཡས་པ་གསུངས་མོད། དུས་ཀྱི་དབང་གིས་ཇི་བཞིན་པ་སྒྲུབ་པ་དཀོན་ཞིང་འགྲུབ་དཀའ་ཡང་། བཀའ་མ་ལོ་ཆེན་བཻ་རོའི་ལུགས་དང་། རྒྱ་བན་རྡོ་རྗེ་འོད་ཀྱི་རྟག་ངུའི་བཅུད་ལེན་དང་། བྱང་གཏེར་སོགས་ཀྱི་བཀའ་སྲོལ། གསར་མའི་གདམས་ངག་ཅི་རིགས་ལས་ཕྱག་རྒྱུན་མ་ཆད་པ་ཙམ་བཞུགས་ཤིང་ནུས་པ་ཐོན་པའང་མཐའ་མ་འགག་ཙམ་སྣང་ལ། གྲུབ་ཆེན་ཨོ་རྒྱན་པའི་ལུགས་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་ཚ་གྲང་སྦྱོར་བའི་ཕྱག་ལེན་ཤིན་ཏུ་ཁུངས་བཙུན་ཟུར་མཁར་ཁུ་དབོན་དང་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ལས་བརྒྱུད་དེ་རྐང་གཉིས་ལུས་སྲོག་འཚོ་བའི་བཅུད་ལེན་ཁྱད་འཕགས་སུ་སྦྱོར་བའི་རྒྱུན་ཀྱང་བཞུགས་བཞིན་པའོ། །དགུ་པ་ལ་གཉིས། ཆོ་ག་དེ་རྣམས་རིང་འཚོའི་བྱ་བ་དང་ཇི་ལྟར་འབྲེལ་བ། དོགས་གནས་ལ་དཔྱད་པའོ། །དང་པོ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། སྤྱིར་ལྷག་པའི་ལྷ་རྣམས་ལ་ཐུགས་རྗེ་དང་ནུས་པ་ཚད་མེད་པ་མངའ་ཞིང་། སྒོས་དམིགས་བསལ་དུ་སྨོས་པ་དེ་རྣམས་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་ལས་འགྲོ་བ་གང་ཞིག་ཚེ་ཡིས་ཕོངས་པ་ལ་ཚེ་སྩོལ་ཞིང་། དུས་མ་ཡིན་པར་འཆི་བ་ལས་སྐྱོབ་པའི་ཕྲིན་ལས་ཁྱད་པར་ཅན་མངའ་བས་སྒོམ་ཞིང་བཟླས་པ་ལྟ་ཅི་སྨོས། གསོལ་བ་འདེབས་པ་ཙམ་གྱིས་ཀྱང་གནས་སྐབས་དང་མཐར་ཐུག་གི་འདོད་པའི་འབྲས་བུ་སྟེར་བ་སྟེ། ངག་དབང་གྲགས་པས། རང་གི་འདོད་ལྷའི་རྣལ་འབྱོར་གྱིས། །ང་རྒྱལ་བརྟན་པར་གྱུར་པ་ལས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །འདོད་པའི་དོན་ནི་རབ་སྒྲུབ་བྱེད། །ཅེས་སོ། །གཉིས་པ་ནི། དཔེར་ན་ཕྱི་རོལ་གྱི་ཁང་པ་ལ་སྐྱོན་མེད་ན་ནང་གི་ཀ་བ་བརྟན་ཅིང་། ཀ་བ་བརྟན་པས་ཁང་པ་མི་འཇིགས་པ་གཅིག་ལ་གཅིག་ལྟོས་པ་བཞིན། ལུས་སྲོག་ཕན་ཚུན་དུ་ལྟོས་པས་སྲོག་གནས་པའང་ལུས་ལ་རག་ལས་ཤིང་། ལུས་ཀྱི་འཚོ་བ་སྲོག་ལ་ལྟོས་པ་སྟེ། ལུས་ནི་རྒྱུད་དང་གསོ་དཔྱད་སོགས་ལས་ཞིབ་པར་འབྱུང་བ་བཞིན་དང་པོ་འབྱུང་བཞིའི་དྭངས་མ་འདུས་པ་ལས་སྐྱེས། བར་དུ་འབྱུང་བ་བཞི་གཅིག་གྲོགས་གཅིག་གིས་བྱས་ཏེ་གནས། ཐ་མར་གཅིག་གཤེད་གཅིག་གིས་བྱས་ཏེ་སྲོག་འདོར་བ་ཕྱི་སྣོད་ཀྱི་ཆགས་འཇིག་དང་མཚུངས་ཤིང་། འབྱུང་བཞི་འཁྲུགས་པའི་རྒྱུ་དུག་གསུམ་དང་རྐྱེན་ཟས་སྤྱོད་མ་སྙོམས་པས་བྱེད་ཅིང་། དེ་ལས་དྭངས་མ་ཟད་ཅིང་སྙིགས་མ་འཕེལ་བའི་རྟགས་ལུས་ལ་ཤར་བ་སྟེ། སའི་དྭངས་མ་ཉམས་པས་ཤ་སྐམས། གཉེར་མ་འདུ། ཆུ་ཉམས་པས་ཁྲག་སྐེམས། མདངས་ཉམས། ལུས་གྱོང་། མེ་ཉམས་པས་དྲོད་ཤོར། ཤ་སྔོ། རླུང་ཉམས་པས་སྟོབས་མེད། ལུས་རྒུད། ནམ་མཁའི་དྭངས་མ་ཉམས་པས་བརྗེད་ངེས་ཆེ། རིག་པ་འཐིབས། དེ་ལས་དབང་པོ་རྣམས་ཀྱང་འགྲིབ་སྟེ། ཡུལ་དང་དབང་པོ་སྲོག་རྣམས་ནི། །འགག་པ་འཆི་བའི་མཚན་ཉིད་དོ། །ཞེས་པ་དེ་འབྱུང་བ་ཡིན་ལ། རྣམ་རྟོག་གཞན་དུ་མི་གཡོ་བས་ལྷ་བསྒོམ་པ་དང་། ངག་དང་འགོག་པ་སོགས་བཟླས་པའི་བྱེ་བྲག་ལ་རྩེ་གཅིག་ཏུ་བརྩོན་པས་སེམས་ཀྱི་བཅུད་མ་ཟག་པས་ལུས་ཀྱི་དྭངས་མ་སྟོབས་རྒྱས་ཏེ་སྲོག་མི་གཡོ་བའི་རྟེན་འབྲེལ་འགྲིག་པ་དང་། ཕུང་ཁམས་ལྷ་ལ་སོགས་པར་སྣང་བ་ལ་དུས་ཀྱི་ཞགས་པས་ཀྱང་འཆིང་བར་འོས་པ་མ་ཡིན་པ་དང་། ལུས་ངག་ཡིད་གསུམ་ཤིན་ཏུ་སྦྱངས་པས་སྲོག་ཡེ་ཤེས་ཀྱི་ཆར་ཇི་ཙམ་བཀག་པ་དེ་ཙམ་དུས་ཀྱི་ཆད་པ་ལས་རིང་དུ་བསྲིང་བར་གྲུབ་པ་དང་། ཕྱི་ནང་རྟེན་འབྲེལ་གྱི་འགྲོས་གཅིག་ཅིང་སྣང་བ་སེམས་ཀྱི་རང་གཟུགས་ཡིན་པའི་དབང་ལས་ཚེ་བཅུད་བསྡུ་བསྟིམ་གྱི་འཕྲོ་འདུས་ནང་གི་འབྱུང་བཞིའི་དྭངས་མ་སྟོབས་སུ་གྱུར་པ་ལས་གོང་དུ་སྨྲོས་པའི་ཉེས་པ་ཐམས་ཅད་ཟད་ཅིང་དེ་ལས་ལྡོག་པའི་ཡོན་ཏན་རྣམས་སྐྱེད་པའི་ཕྱིར། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་པ་ལྟར་ཆོ་ག་བྱས་པས་ལུས་སྲོག་འཚོ་བའི་འབྲེལ་ནི་དེ་ལ་སོགས་པ་མང་མོད་ཀྱི་མདོར་བསྡུས་སོ། །གཉིས་པ་ནི། དཔྱོད་ལྡན་ཁ་ཅིག་གིས་སྣོད་དང་བཅུད་ཀྱི་ཚེ་བཅུད་དེ་དངོས་སུ་བསྡུ་བ་ཡོད་ན་བསྡུ་གཞི་ལ་གནོད་ཅིང་། མེད་ན་བསྡུ་ཡུལ་ལ་མི་ཕན་པའི་དོགས་སློང་མཛད་དོ། །དེས་ནི་ཡང་ན་དམིགས་པའི་འཁྲུལ་འཁོར་ཐམས་ཅད་དོན་མེད་དུ་འགྱུར་བས་སྔགས་མི་འགྲུབ་ལ། ཡང་ན་སྔགས་གྲུབ་ཀྱང་སྤྱོད་པ་ཕྱིན་ཅི་ལོག་ཏུ་སོང་བས་ཐར་པ་དང་འགལ་བ་སོགས་ཐེ་ཚོམ་དུ་མ་སློང་བའི་ཕྱིར་གསང་སྔགས་ལ་ཐེ་ཚོམ་ཟ་བའི་རིགས་པར་སོང་བས་རྟོག་གེ་བའི་བློ་གྲོས་སུ་ཟད་དེ། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པ་ལྟར་རོ། །དེ་ལྟ་ན་ཞི་སོགས་ཀྱི་ལས་ལའང་དཔྱད་པ་འཇུག་ལ། དེའང་དཔྱད་ན་ཐུག་མེད་དུ་འགྱུར་བས་སྔགས་ཀྱི་ལས་རབ་འབྱམས་འགོག་དགོས་པར་འགྱུར་ལ། དེ་འགོག་ན། ཐམས་མང་དཀའ་བ་མེད་པ་སོགས་ཀྱི་སྒྲུབ་བྱེད་ཀྱང་དོན་མེད་དུ་འགྱུར་བ་དང་། གཞན་ཡང་འཕགས་པ་རྣམས་ཀྱི་བྱིན་རླབས་བསྡུ་བ་དེའང་དངོས་སུ་བསྡུར་ཡོད་དམ་མེད། མེད་ན་རང་ལ་བྱིན་གྱིས་རློབ་པར་མི་འགྱུར་ལ། ཡོད་ན་འཕགས་པ་ལ་གནོད་པར་འགྱུར་རོ། །དངོས་སུ་བསྡུར་མེད་ཀྱང་མོས་པའི་མཐུ་ལས་བྱིན་གྱིས་རློབ་པར་འགྱུར་ན་འབྱུང་བཅུད་སོགས་ལའང་རིགས་པ་མཚུངས་ཤིང་། ཡོད་ཀྱང་འཕགས་ལ་གནོད་པར་མི་འགྱུར་ཏེ་གསང་བ་བསམ་གྱིས་མི་ཁྱབ་བོ་ཞེ་ན། སེམས་ཅན་གྱིས་ལས་སྣང་ཡང་བསམ་གྱིས་མི་ཁྱབ་པས་ན་དེ་བས་ཀྱང་མཚུངས་སོ། །གཅིག་ཤོས་ཕན་པས་གཅིག་ཤོས་ལ་གནོད་པ་ཁོ་ནའང་མ་ངེས་ཏེ། རྒྱ་མཚོ་ལས་ཆར་བྱུང་བས་ལོ་ཏོག་ལ་ཕན་ཀྱང་རྒྱ་མཚོ་ལ་མི་གནོད་པ་བཞིན་ནོ། །དཔེར་ན་ནོར་བུ་ཤིན་ཏུ་སྦྱངས་པ་ལ་གསོལ་བ་བཏབ་པས་འདོད་པ་ཉིད་འཇོ་ཡང་། དངོས་པོ་དེ་དག་གཞན་ལས་འཕྲོག་པའང་མེད་ཅིང་ནོར་བུ་རང་གི་ངོ་བོའམ་གཞན་ལའང་གནོད་པ་མེད་པར་རྟེན་འབྲེལ་གྱི་ནུས་པས་བྱེད་པོ་རང་ཉིད་ལ་ཕན་བཏགས་པ་བཞིན་དུ། སྔགས་དང་ཏིང་ངེ་འཛིན་གྱི་མཐུ་ནི་བསམ་གྱིས་མི་ཁྱབ་པས་མོས་པའི་མཐུ་ལས་གྲུབ་པ་སྦྱིན་པ་སྟེ། ངག་དབང་གྲགས་པས། འཇིག་རྟེན་ན་ནི་དངོས་གཞན་གང་། །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་པས་འབད་པ་ལ། །སྔགས་རྣམས་ཡིད་བཞིན་ནོར་བུར་མཚུངས། །ཞེས་སོ། །དེས་ན་རྟོག་གེའི་རིག་པས་ཆོས་ཉིད་དང་སྔགས་ཀྱི་ཚུལ་ལ་གཞལ་ན་བློ་ཆུང་མང་པོ་ངན་འགྲོའི་གཡང་སར་འཕེན་པ་ལས་དགོས་ནུས་གཞན་མ་མཆིས་པས། བཟོད་པ་དང་མངོན་ཤེས་མ་ཐོབ་པ་དག་གིས་མོས་པ་བརྟན་པོས་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ཏེ། རྒྱུད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་རིང་དུ་བསྐལ། །ཞེས་ལྗགས་བྱང་བར་ཀློག་བཞིན་པས་སོ། །བཅུ་པ་ཐབས་དེ་རྣམས་ཀྱིས་འཆི་བ་སླུ་ཞིང་རིང་དུ་འཚོ་བའི་ཤེས་བྱེད་ལ་གཉིས། སྤྱི་དང་། ཁྱད་པར་རོ། །དང་པོ་ལ་གསུམ། གཏན་ཚིག་དང་། དཔེ་དགོད། རྒྱུ་མཚན་བཤད་པའོ། །དང་པོ་ནི། མདོ་ལས། སེམས་ཅན་ཐམས་ཅད་ནི་ཟས་ཀྱིས་གནས་པའོ། །ཞེས་དང་། སློབ་དཔོན་གྱིས། ངལ་དང་སྨིན་དང་བཏུང་སོགས་ཀྱིས། །ཕོ་བའི་མེ་ནི་འབར་གྱུར་ལ། །མེ་ནི་རབ་ཏུ་འབར་བས་ཟས། །ཡོངས་འཇུག་པར་ཡང་ནུས་པ་ཡིན། །ཡོངས་སུ་ཞུ་བས་ལུས་རྒྱས་ཤིང་། །རྒྱས་པས་སྟོབས་ནི་རྣམ་པར་འཕེལ། །སྟོབས་ལས་ཚེ་ནི་འཕེལ་འགྱུར་ཞིང་། །དེ་འཕེལ་བས་ནི་རིང་དུ་འཚོ། །ཀུན་གྱིས་མངོན་སུམ་གྲུབ་འདི་ལ། །ཐེ་ཚོམ་ཡོད་མིན་ཇི་ལྟ་བ། །དེ་ལྟར་མན་ངག་ལས་བསྐལ་སོགས། །འཚོ་བ་ཡང་ནི་ཐེ་ཚོམ་མེད། །ཅེས་པ་ལྟར་ཟས་དང་ལྡན་པས་སྲོག་འཚོ་ལ་མི་ལྡན་ན་འཚོ་མི་ནུས་པ་བཞིན་འཚོ་བ་ཉིད་ཐབས་ཀྱི་རྒྱུ་རྐྱེན་ལ་རགས་ལས་པ་ཡིན་ནོ། །གཉིས་པ་ནི། སློབ་དཔོན་གྱིས། སྣུམ་དང་སྙིང་པོ་ཟད་སོགས་ལས། །མར་མེ་ལ་སོགས་འཇིག་ཕྱོགས་པའང་། །སླར་ཡང་སྣུམ་སོགས་རབ་ཐོབ་པས། །བསྐལ་པའི་བར་དུ་གནས་པ་ཡིན། །ཇི་ལྟར་དེ་བཞིན་ལུས་འདི་ཡང་། །རྒས་སོགས་ཀྱིས་ནི་འཆི་བཞིན་པར། །གྲུབ་པའི་མན་ངག་ལེགས་རྙེད་ན། །བསྐལ་པའི་མཐར་ཡང་ཅིས་མི་གནས། །དཔེར་ན་ཁང་པ་རྙིང་པ་དག །བཅོས་པ་ཡིས་ནི་ཡུན་རིང་གནས། །དེ་བཞིན་རྙིང་པའི་ལུས་དག་ཀྱང་། །བཅོས་པས་གནས་པ་ཅིས་མི་འགྱུར། །ཞེས་གསུངས་པ་ལྟར་ཚེ་སྲིང་བའི་ཐབས་ལ་མཁས་ཤིང་རྩོལ་བ་དང་ལྡན་ན་རིང་དུ་འཚོ་བ་ལ་དཀའ་བ་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། མངོན་པ་ལས་སྲོག་ནི་མཐའ་གཅིག་ཏུ་ལས་ཀྱི་རྣམ་པར་སྨིན་པ་ཁོ་ན་ཡིན་པའི་ཤེས་བྱེད་དགྲ་བཅོམ་པ་དུས་མི་སྦྱོར་བས་གང་ཟག་ཁྱད་པར་ཅན་ནམ་དགེ་འདུན་ལ་འཚོ་ཆས་ཕུལ་ནས་འདུན་པ་དྲག་པོས་རབ་མཐའི་བསམ་གཏན་ལ་སྙོམས་པར་བཞུགས་ཤིང་། དེ་ལས་ལངས་ཏེ་བདག་གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཚོའི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་པའི་དགེ་རྩ་དང་རྣམ་རིག་དག་གི་མཐུས་རྣམ་སྨིན་གྱི་ཚེ་འཇོག་པར་བཤད་པས་བསོད་ནམས་གསོག་པ་དེ་ཡོངས་སུ་བསྔོས་པས་ཚེ་འཕེལ་བར་གྲུབ་སྟེ། སྲོག་བསླུ་བ་སོགས་འབྲས་བུའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་དང་། དེ་ཉིད་ཀྱང་མྱོང་བར་མ་ངེས་པའི་ལས་སུ་མི་འགྱུར་ཏེ་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་ཞིང་ལས་ཀྱི་འཕེན་པའི་རྒྱུན་འཐུད་པར་བྱེད་པའི་ཕྱིར་ཆུ་རྐ་གསོས་པས་ཡུར་ཆུའི་རྒྱུན་འཐུད་པ་བཞིན་ནོ། །དེས་ན་མདོ་ལས། སྲོག་ནི་རྣམ་པར་སྨིན་པ་ཡིན་གྱི་འདས་པའི་ལས་ཁོ་ནའི་ནི་མ་ཡིན་ནོ་ཞེས་པས་ཚེའི་ལས་མཐོང་ཆོས་ཀྱི་འབྲས་བུ་ཅན་དུ་བཞེད་དོ། །གཉིས་པ་ནི། མདོ་སྡེ་རྣམས་སུ། ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་འབྱུང་མོད། རྡོ་རྗེ་ས་འོག་གི་རྒྱུད་ལས། མདོ་སྡེས་ནི་ལས་ཀྱི་རྣམ་པར་སྨིན་པ་མི་ཟློག་ལ་སྔགས་ཀྱིས་ཟློག་པས་ཁྱད་པར་འཕགས་སོ་ཞེས་གསུངས་པ་ལྟར་སྔགས་ཀྱི་དཀྱིལ་འཁོར་ཟབ་མོ་དང་། ཕྱག་རྒྱ། གསང་སྔགས་སོགས་ལ་བརྩོན་པས་ལས་ཀྱི་རྣམ་སྨིན་ཀྱང་བྱང་ཞིང་སྲབ་པར་ནུས་ན་འཕྲལ་གྱི་བར་ཆད་ཙམ་སེལ་བ་ནི་ལྟ་ཅི་སྨོས་ཤིང་། ཁྱད་པར་སྐུ་གསུང་ཐུགས་འཆི་མེད་རྡོ་རྗེར་བསྒྲུབ་པའི་སྦྱང་གཞི་གདོས་བཅས་ཀྱི་ལུས་དང་། ངག་དང་། གཟུང་འཛིན་གྱི་རྣམ་རྟོག་ལ་ཡོད་ཅིང་། དེ་གསུམ་གྱི་གནད་རྩ་རླུང་ཐིག་ལེ་གསུམ་ལ་ཡོད་པས། རྩ་སྐམ་འཆུས་དྲི་ཅན་སོགས་སུ་གྱུར་བ་དང་། རླུང་ཟླ་ཉི་རང་དབང་དུ་བགྲོད་པས་དབུ་མའི་ལོངས་སྤྱོད་འཕྲོག་པ་དང་། ཐིག་ལེ་དཀར་པོ་ཐུར་དང་དམར་པོ་གྱེན་དུ་ཕྱོགས་ཏེ་སྐྱོན་དུ་གྱུར་པ་ལས་ནི་ནད་དང་རྒས་པ་དང་། འཆི་བའི་ཉེས་པ་སྐྱེད་ཅིང་། རྣལ་འབྱོར་གྱི་སྟོབས་ཀྱིས་རྩ་དབུ་མ། རླུང་མཉམ་རྒྱུ། ཐིག་ལེ་འདུ་འཕྲོད་ལ་གནད་དུ་བསྣུན་པས། བགྲོད་པ་གཉིས་པོ་དབུ་མའི་ལོངས་སྤྱོད་དུ་གྱུར་ཅིང་དཔྱིད་ཐིག་གོང་བུར་བཅིངས། གྲུབ་པའི་དངུལ་ཆུས་ལྕགས་འབིགས་པ་ལྟར་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་སྒྱུར་བས་རྩ་ཐིག་རླུང་གི་རྣལ་འབྱོར་འཆི་མེད་འགྲུབ་པ་གདམས་ངག་གསང་ལམ་ཡིན་པའི་རྒྱུ་མཚན་དེ་ལྟ་བུ་དང་། འཆི་བ་བསླུ་བ་ལ་རླུང་གི་རྣལ་འབྱོར་ལྷག་པར་ཟབ་པའི་གནད་གསང་རང་བྱུང་རྒྱལ་བས། ཕྱིར་འགྲོ་འཕེལ་བས་འཆི་ལྟས་ཡིན། །ནང་དུ་ཟིན་པས་འཆི་མེད་འགྲུབ། །ཅེས་གསུངས་པ་ལྟར། ལས་རླུང་དང་ཡེ་རླུང་གཉིས་ཀྱི་ཡེ་ཤེས་རླུང་ལ་ཆ་གཉིས་སུ་ཕྱེ་བའི་གཅིག་གིས་ནང་དུ་སྲོག་རླུང་གི་ནུས་པ་བསྐྱེད་ཅིང་། ཆ་གཅིག་ལས་རླུང་དང་འདྲེས་པའི་ཚུལ་གྱིས་ཉིན་ཞག་རེར་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཕྱི་རོལ་དུ་རྒྱུ་བ་དེ་ཉིད་འཕེལ་ན་སྲོག་གི་ནུས་པ་མྱུར་དུ་འཛད་པ་དང་། ཟླ་ཉི་དག་ཀྱང་ཡོན་པོར་རྒྱུས་ནས་འཆི་བ་སྐྱེད་ལ་བུམ་ཅན་སོགས་ཀྱིས་ནང་དུ་བཟུང་བས་ཡེ་རླུང་འཕེལ་ཞིང་རིང་དུ་སོང་བས་ལས་རླུང་དག་སྟེ་རྡོ་རྗེའི་སྐུ་འགྲུབ་པ་དང་། ཀུན་རྫོབ་ཀྱི་ཐིག་ལེ་ནི་ཆགས་པའི་འཕོ་བ་ཅན་ཡིན་ལ་ཇི་ཙམ་འཕོས་པ་དེ་ཙམ་དུ་ཚེའི་འདུ་བྱེད་བསྟུངས་ཤིང་ཆགས་བྲལ་འཕོ་མེད་དུ་བཞུ་བཏུལ་བྱས་པས་དྭངས་མ་སྟོབས་སུ་གྱུར་ཏེ་དོན་དམ་བྱང་ཆུབ་ཀྱི་སེམས་བརྟན་པས་འཆི་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པ་སོགས་རྒྱུ་མཚན་ཤིན་ཏུ་མང་མོད་ཀྱིས་རྒྱས་པར་མ་སྤྲོས་ལ། གོང་དུ་སྨོས་པ་རྣམས་ཀྱི་ཞར་ལས་ཀྱང་རྟོགས་ནུས་སོ། །བཅུ་གཅིག་པ་ནི། འཚོ་ཐབས་ཀྱི་ཆོ་ག་དེ་རྣམས་ཤེས་པ་ཁོ་ནས་ཕན་པ་མ་མཆིས་ཤིང་། སང་བྱ་གནང་བྱའང་མི་ཚེ་འཛད་པའི་རྒྱུ་ཡིན་པས་འཕྲལ་ལ་ཉམས་སུ་བླང་དགོས་ཏེ། རྟོགས་པ་ལས། འདི་ན་འཆི་བ་བསླུ་བ་རྣམས། །ཤིན་ཏུ་མང་པོ་ཤེས་ནས་ཀྱང་། །ཉམས་མ་བླངས་ན་མལ་དུ་ནི། །བཤང་བས་གོས་ཞེས་ཁྱོད་འཆི་འགྱུར། །ཞེས་དང་། རྣལ་འབྱོར་གྱི་ནི་བསྟན་བཅོས་དང་། །སྦྱོར་བ་དུ་མ་ཤེས་ནས་ཀྱང་། །དེང་ངམ་སང་ནི་བྱའོ་ཞེས། །སེམས་བཞིན་དུ་ནི་ཕ་རོལ་འཆི། །ཞེས་སོ། །གང་ཞིག་འབད་ན་འཇིག་རྟེན་ན་མི་འགྲུབ་པའི་དངོས་པོ་ནི་འགའ་ཡང་ཡོད་པ་མ་ཡིན་པས་འབད་རྩོལ་བྱ་དགོས་ཏེ། སྔ་མ་ལས། སྟོབས་ཀྱིས་འབད་པས་དཀའ་བ་ཅུང་ཟད་མེད། །དེ་བས་རྩོལ་བའི་ཁུར་ནི་འདོར་མི་བྱ། །རྟག་ཏུ་འབབ་ན་ཆུ་རྒྱུན་འཇམ་པོས་ཀྱང་། །དུས་སུ་རྡོ་ལེ བ་དག་ཀྱང་རྣམ་པར་འབིག །གཙུབས་ན་ཤིང་ལས་མེ་ནི་འབྱུང་འགྱུར་ཞིང་། །བརྐོས་པར་འགྱུར་ན་ས་ལ་ཆུ་འབྱུང་འགྱུར། །མི་ཡིས་རྩོལ་བ་བྱས་ན་མི་འགྲུབ་མེད། །དེ་འདིར་འོས་པའི་འབད་ཀུན་འབྲས་བུར་འགྱུར། །ཞེས་སོ། །ཁྱད་པར་ཤེས་རབ་རིག་པའི་གཞུ་ལ་ཐབས་མཁས་མདའི་འཕྲུལ་འཁོར་སྦྱར་ན་དཀའ་བ་མེད་པར་གནད་དུ་ཕིགས་པར་འགྱུར་ཏེ། གང་ཕྱིར་རིག་པ་ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ནོར་བུ་སྔགས་དང་སྨན་རྣམས་ཀྱི། །མཐུ་ནི་ཐམས་ཅད་ཡང་དག་འདོད། །ཅེས་སོ། །འོན་ཀྱང་བསྐྱེད་སྔགས་ལུང་གི་རྣམས་འབྱོར་ལ་སོགས་པ་ནི་ལན་ཅིག་ཙམ་དང་དུས་ཐུང་ངུས་འབྲས་བུ་ཆེན་པོ་འགྲུབ་པ་མ་ཡིན་ཀྱང་ཡང་དང་ཡང་དུ་ཉམས་སུ་བླངས་པས་འདོད་པའི་དོན་འགྲུབ་པར་འགྱུར་ཏེ། གུས་པ་ལ་སོགས་ཁྱད་པར་གྱིས། །རྒྱུན་དུ་བསྒོམ་པ་གང་གང་ཡིན། །འདོད་དང་མྱ་ངན་ལ་སོགས་པའི། །བློ་བཞིན་དེ་དེའི་གསལ་སྣང་འབྱུང་། །ཞེས་གསུངས་པ་ལྟར་རོ། །བཅུ་གཉིས་པ་ནི། དེ་ལྟར་འཚོ་བ་རིང་དུ་གནས་པ་ལ་དགོས་པ་ཅི་ཡོད་སྙམ་ན། ནོར་བུ་ཞེས་པའི་མིང་དང་ལྡན་པ་ཙམ་གྱིས་མི་ཆོག་སྟེ་ཡོན་ཏན་ཚང་དགོས། དེ་ལས་འདོད་པ་འཇོ་བ་བཞིན་དུ་མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་ཙམ་གྱིས་འདོད་དོན་མཐའ་དག་མི་འགྲུབ་པས་མཐོ་རིས་ཀྱི་ཡོན་ཏན་དང་ལྡན་དགོས། མཐོ་རིས་ཀྱི་ཡོན་ཏན་བདུན་དུ་གྲགས་པའི་གཙོ་བོ་ནི་ཚེ་རིང་བ་ཉིད་ཡིན་ལ། ཚེ་རིང་བ་ལ་བརྟེན་ནས་འཇིག་རྟེན་གྱི་ལུགས་དང་དམ་པའི་ཆོས་ཀྱི་བྱ་བ་ཅི་འདོད་པ་སྒྲུབ་ནུས་ཤིང་། དེ་ལས་མཐར་ཐུག་བྱང་ཆུབ་ཀྱི་གོ་འཕང་ཡང་འགྲུབ་པར་འགྱུར་བས་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་དང་ལྡན་པ་སྟེ། སློབ་དཔོན་གྱིས། ཆོས་སྤྱོད་དབང་པོ་དུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཚོ་བ་ལས་གཞན་སྙིང་པོ་ནི། །འཁོར་བར་ཅུང་ཟད་མ་མཐོང་ངོ་། །ཞེས་གསུངས་སོ། །བཅུ་གསུམ་པ་འབྲས་བུ་ལ་གཉིས། གནས་སྐབས་དང་། མཐར་ཐུག་གོ། །དང་པོ་ནི། རིན་པོ་ཆེའི་ནུས་པས་ཚེ་བར་བསྐལ་སོགས་སུ་གནས་པ་ཀླུའི་རྒྱལ་པོ་ལྟ་བུ་དང་། བཅུད་ལེན་གྱི་ནུས་པས་ཚེ་ཉི་ཟླ་དང་མཉམ་པ་སློབ་དཔོན་བྱ་ད་ལི་པ་ལྟ་བུ་དང་། སྲོག་གཅོད་སྤངས་པ་སོགས་དཀར་པོ་རྣམ་པར་སྨིན་པས་ཚེ་ལོ་དཔག་མེད་ནས་ཁྲི་ལ་སོགས་པ་འཚོ་བ་ལྷ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་དང་། རླུང་སྦྱོར་ཐུན་མོང་བ་ཙམ་གྱིས་ཚེ་ལོ་བརྒྱ་ཕྲག་མང་པོར་འཚོ་བ་རི་རབ་ཀྱི་ཁོང་གསེང་ལ་གནས་པའི་དྲང་སྲོང་ལ་སོགས་པ་ལྟ་བུ་འཚོ་བས་མི་ཕོངས་ཤིང་དཔལ་འབྱོར་ཆེན་པོ་ལ་ཡུན་རིང་དུ་ལོངས་སྤྱོད་ནུས་པ་ཉིད་དོ། །གཉིས་པ་ནི། བསྐྱེད་རིམ་དང་བཟླས་པ་མཐར་ཕྱིན་པས་ལྷག་པའི་ལྷ་ཡིས་བྱིན་གྱིས་བརླབས་ཏེ་ཇི་ཙམ་འདོད་ཀྱི་བར་དུ་འཚོ་བ་འཕགས་པ་ཀླུ་སྒྲུབ་མི་ལོ་དྲུག་བརྒྱ་བཞུགས་པས་མཚོན་རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེ་ལྟ་བུ་དང་། རྩ་ཐིག་རླུང་གི་རྣལ་འབྱོར་གྱི་དྭངས་མ་སྟོབས་སུ་གྱུར་ཏེ་འདོད་གཟུགས་གང་རུང་གི་རིག་པ་འཛིན་པའི་ལུས་སུ་གནས་གྱུར་ཏེ་བསྐལ་པ་ལ་སོགས་པར་འཚོ་ཞིང་བཞུགས་པ་གྲུབ་ཆེན་ཀླུའི་བྱང་ཆུབ་ལྟ་བུ་དང་། བསྐྱེད་རྫོགས་ཆ་མཉམ་དུ་བསྒོམས་པས་རགས་པའི་ཕུང་ཁམས་དཀྱིལ་འཁོར་གྱི་འཁོར་ལོར་གནས་གྱུར་པ་སློབ་དཔོན་ངག་གི་དབང་ཕྱུག་ལྟ་བུ་དང་། ལུས་སེམས་ཀྱི་འཕོ་བ་མཐའ་དག་ཟག་མེད་འོད་གསལ་གྱི་དབྱིངས་སུ་སྦྱངས་པས་རྡོ་རྗེའི་སྐུས་བསྐལ་པ་མ་སྟོང་བར་དུ་བཞུགས་ཤིང་གཞན་དོན་མཛད་པ་ས་ར་ཧ་དང་མི་ཏྲ་ཛོ་ཀི་ལ་སོགས་པ་བཞིན་ལམ་ལེགས་པར་སྦྱངས་བས་འཆི་མེད་ཀྱི་སྐུ་འགྲུབ་སྟེ་དོན་གཉིས་ལྷུན་གྲུབ་ཀྱི་འཁོར་ལོས་སྒྱུར་བ་ནི་རྒྱ་བོད་གཉིས་སུ་ཆེས་མང་པོ་བྱུང་ཞིང་འབྱུང་བར་འགྱུར་བ་ཉིད་དོ། །དེའང་རྩ་ཐིག་རླུང་གསུམ་སྐུ་གསུང་ཐུགས་རྡོ་རྗེར་སྦྱངས་ནས་ཡེ་ཤེས་རྡོ་རྗེའི་ངོ་བོར་མཉམ་པ་མཐར་ཐུག་གི་འཆི་མེད་རྣམ་གསུམ་འགྲུབ་པར་འགྱུར་བ་སྟེ། སེམས་སྒྲིབ་བྲལ་དུ་དག་པས་ཐུགས་རྡོ་རྗེ་དུས་གསུམ་མཉམ་ཉིད་ཀྱི་ཆོས་སྐུ་སེམས་འཆི་མེད་དང་། ངག་སྒྲིབ་བྲལ་དུ་དག་པས་གསུང་རྡོ་རྗེ་ཟབ་གསལ་དབྱེར་མེད་ཀྱི་ལོངས་སྐུས་གཞོམ་མེད་ཀྱི་བདེ་བས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་མཛད་པ་ངག་འཆི་མེད་དང་། ལུས་སྒྲིབ་བྲལ་དུ་དག་པས་སྐུ་རྡོ་རྗེ་ཀུན་ཁྱབ་སྒྱུ་འཕྲུལ་དྲྭ་བའི་སྤྲུལ་སྐུས་གང་འདུལ་གྱི་རོལ་པ་སྟོན་པ་ལུས་འཆི་མེད་དེ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་མངོན་པར་རྫོགས་ཤིང་བྱང་ཆུབ་པར་འགྱུར་ལ། དེ་བས་ན་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པ་ལ་ནན་ཏན་དུ་བྱའོ། །ལེན་པའི་རྣམ་ཤེས་ཁ་ལོ་སྒྱུར་བ་ཡིས། །རིག་པའི་སྐྱེས་བུ་སྲིད་འདིར་བསླུས་པ་ལ། །ཐར་དང་མཐོ་རིས་བདེ་བར་ངལ་འཚོ་བའི། །རྟེན་འདི་རིང་དུ་འཚོ་ལས་དོན་ཆེན་གང་། །སྤང་བླང་ཤེས་ཤིང་ཐབས་ཀྱང་མ་འགག་ལ། །དེ་བློ་སྦྱོར་བའི་ལམ་ལ་མི་འཇུག་ན། །ཀིམ་པའི་འབྲས་བཞིན་དགོས་དུས་མི་སྟོངས་པས། །གྲོགས་དག་རྣམ་པར་རིགས་པ་སུ་ཡིས་བརྐུས། །འཚོ་ཐབས་ཉི་ཟླའི་སྒྲོན་མེ་ཐོགས་བཞིན་དུ། །ད་ནི་བཏང་སྙོམས་མལ་དུ་མི་མནལ་བར། །འཆི་བདག་མུན་རུམ་བསྐྲད་ནས་ས་སྟེང་དུ། །དོན་གཉིས་སྣང་བ་སྦར་བའི་དུས་ནི་འདི། །རྒྱལ་བས་ཡིད་བཞིན་ནོར་བུའི་མཆོག་ཉིད་དུ། །བསྔགས་པའི་ལྗགས་བརྐྱང་ལྷ་བས་ལྷག་པའི་རྟེན། །ཆོ་གའི་མཐུ་ལས་རྡོ་རྗེའི་སྲོག་གྲུབ་སྟེ། །གྲུབ་གཉིས་ཆར་པས་སྐྱེ་དགུ་འཚོ་བྱེད་ཤོག །ཅེས་པ་འདིའང་ཐམས་ཅད་མཁྱེན་གཟིགས་རྡོ་རྗེ་འཛིན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བཀའ་སྩལ་གནང་བ་གཙུག་ཏུ་མཆོད་དེ་སྙོམས་ལས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དཔལ་ལྡན་བླ་མ་རྣམས་ཀྱི་ཞབས་པད་རྡོ་རྗེ་ལྟར་བརྟན་ཅིང་། འགྲོ་བ་མཐའ་ཡས་པ་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག། །།མདྒ་ལཾ།། །།


previousརིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་བཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ། ཡོན་ཏན་རྒྱ་མཚོ།next