Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་དྲུག་པ།


   
   
   
   
དཔའ་བོ་ཚོགས་ཀྱི་རྣམ་རོལ་ཞེས་བྱ་བའི་ཊིཀྐ་འདོད་དོན་ལམ་ཁྱེར། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔའ་བོ་ཚོགས་ཀྱི་རྣམ་རོལ་ཞེས་བྱ་བའི་ཊིཀྐ་འདོད་དོན་ལམ་ཁྱེར། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།next

དཔའ་བོ་ཚོགས་ཀྱི་རྣམ་རོལ་ཞེས་བྱ་བའི་ཊིཀྐ་འདོད་དོན་ལམ་ཁྱེར། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།

དཔའ་བོ་ཚོགས་ཀྱི་རྣམ་རོལ་ཞེས་བྱ་བའི་ཊིཀྐ་འདོད་དོན་ལམ་ཁྱེར་གྱི་དབུའོ། །ༀ་སྭ་སྟི་སིངྔྷཾ། གུ་རུ་དྷེ་ཝ་ཌཱ་ཀི་ལ་ན་མོ། ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །འགགས་མེད་སྐུ་དང་ཡེ་ཤེས་དཀྱིལ་འཁོར་སྟོན། །མཛད་པ་ཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །ཚོགས་ཀྱིས་གཙོ་བོ་དེ་ལ་མི་ཕྱེད་འདུད། །ཚོགས་གཉིས་རབ་རྫོགས་དམ་ཚིག་ཆགས་ཉམས་བསྐང་། །སྒྲིབ་གཉིས་རྣམ་དག་ལས་རྣམས་མྱུར་དུ་འགྲུབ། །དུས་མིན་འཆི་བ་བཟློག་ཚེ་བར་ཆད་སེལ། །རྦོད་གཏོང་ལྟས་ངན་ཡེ་འདྲོག་སྣ་ཚོགས་བཟློག །འདོད་ཡོན་ལམ་ཁྱེར་གསང་སྔགས་ཆེ་ཡོན་རྫོགས། །མྱུར་སྐྱོབ་བདེ་སྐྱོར་འདི་ནི་བྱང་ཆུབ་ལམ། །མཐར་ཐུག་ལོངས་སྤྱོད་རྫོགས་སྐུ་ཐོབ་ལས་ཆེ། །དེ་ཕྱིར་གསང་སྔགས་སྒོར་ཞུགས་རྣལ་འབྱོར་རྣམས། །འདི་ལ་ཐུགས་དམ་བརྩོན་འགྲུས་ནན་ཏན་མཛོད། །དེ་ཕྱིར་ཚོགས་ཀྱིས་དཔའ་བོ་རྣམ་རོལ་ཤད། །ཚོགས་ཀྱི་མཆོད་པའི་སྐབས་འདི་ལ། །ཐོག་མར་རྣལ་འབྱོར་ཕོ་མོ་རྣམས་བརྡ་དང་བརྡའི་ལན་ལ་མཁས་དགོས། མ་མཁས་ན་ཚོགས་ཀྱི་མཆོད་པའི་ནང་ན་འདུག་ར་མེད་པ་རྒྱ་གར་བ་རྣམས་ཀྱིས་བཤད། རྒྱུད་སྡེའི་ནང་ནས་ཀྱང་གསུངས། དེ་ལ་བརྡ་ལ་བཞི་སྟེ། དགོས་ཆེད། ངེས་ཚིག །དུས་ཚོད། དབྱེ་བའོ། །དང་པོ་བརྡའི་དགོས་པ་ནི། རྡོ་རྗེའི་མཆེད་ལྕམ་དང་རྡོ་རྗེའི་སྤུན་དུ་གྱུར་པའི་དགོས་པ་ཡོད་དེ། དེའང་བོད་ཀྱིས་རྣལ་འབྱོར་པ་གཅིག་གིས་རུས་པའི་རྒྱན་ཆ་དྲུག་ཐོགས་ནས་སྤྱོད་པ་ལ་སོང་བའི་དུས་སུ། རྒྱ་གར་ནས་རྣལ་འབྱོར་པ་གཅིག་བྱུང་ནས་དེ་གཉིས་བརྡ་སྤྲད་དེ། གཅིག་གིས་དགྱེས་པ་རྡོ་རྗེའི་བརྡ་བྱས་པས། གཅིག་གིས་གདན་བཞིའི་སྒོ་ནས་བརྡ་བྱས་ནས་བརྡ་མ་མཐུན་ནས། རྡོ་རྗེའི་སྤུན་དུ་མ་གྱུར། བརྡ་མཐུན་ན་རྡོ་རྗེའི་སྤུན་དུ་གྱུར། རྣལ་འབྱོར་མ་དང་བརྡ་མཐུན་ན་རྡོ་རྗེའི་ལྕམ་འབྲེལ་ལམ་རྣལ་འབྱོར་མིང་སྲིང་དུ་འགྱུར་རོ། །དེ་ཡང་འཐད་པར་མཐོང་སྟེ། སངས་རྒྱས་གསང་བས། རྣལ་འབྱོར་མིང་སྲིང་བརྩེ་གདུང་ལྡན། །ཅེས་པ་དང་། སྒེག་རྡོར་གྱིས། ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་། གསང་སྔགས་ཀྱི་ཆོས་གསང་སྒྲོགས་སུ་མི་འགྱུར་བའི་དགོས་ཆེད་ཡོད་དེ། གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། ཅེས་པའི་དོན་ནོ། །གཉིས་པ་བརྡའི་ངེས་ཚིག་ནི། རྣལ་འབྱོར་པ་རང་གི་གོ་ཞིང་། གཞན་གྱིས་མི་གོ་བས་ན་བརྡ་ཞེས་བྱའོ། །དཔེར་ན་ལྐུག་པའི་འཛུབ་བརྡ་བཞིན་ནོ། །གསུམ་པ་བརྡའི་དུས་ཚོད་ནི། སྤྱོད་པ་སྤྱོད་པའི་དུས་དང་དབང་བསྐུར་བའི་དུས་དང་། ཚོགས་འཁོར་གྱི་དུས་དང་། བསྐྱེད་རྫོགས་བསྒོམ་པའི་ཐུན་མཚམས་ཀྱིས་དུས་དེ་རྣམས་ལ་བྱའོ། །བཞི་པ་དབྱེ་བ་ལ། ལུས་ཀྱིས་བརྡ་དང་། ངག་གིས་བརྡ་གཉིས། ལུས་ཀྱིས་བརྡ་ལ་སོར་མོ་གཅིག་སྟོན་པ་ནི། ལེགས་པར་འོང་ངམ་ཞེས་དྲིས་པའོ། །དེའི་ལན་དུ་སོར་མོ་གཉིས་བཤིབ་ནས་བསྟན་ཏེ་ལེགས་པར་འོང་ཞེས་པའོ། །གཡོན་པའི་མཐེ་མོ་བཅང་བ་ནི། ཁམས་བདེའམ་ཞེས་དྲིས་པའོ། །དེའི་ལན་དུ་ངག་ཏུ་ར་ཏི་བྱ་བ་ནི་ཁམས་བདེ་ཞེས་པའོ། །བུམ་དབང་མ་ཐོབ་པའི་རྣལ་འབྱོར་པ་མི་འོང་བས། གསང་དབང་ཐོབ་པ་མ་དྲིས་པ་ནི། སྲིན་ལག་དང་མཐེའུ་ཆུང་བཅད་ནས་སྟོན་ཏེ། བྱང་སེམས་དཀར་དམར་གཉིས་པོ་དེ་ལྕེ་ཐོག་ཏུ་བཞག་གམ་དྲིས་པའོ། །དེའི་ལན་དུ་མགྲིན་པ་རབ་ཏུ་བསྟན་ཏེ། ཐིག་ལེ་དཀར་དམར་མགྲིན་པར་ལོངས་སྤྱོད་ཅེས་པའོ། །དབང་གསུམ་པ་ཐོབ་བམ་དྲིས་པ་ནི། སྲིན་ལག་སྟོན་པའོ། །དེའི་ལེན་ནི་མཐེའུ་ཆུང་བསྟན་སྟེ་གསུམ་པ་ཨ་ཅང་ཆེ་ཏེ་བཞི་བའི་དོན་ལ་རེག་གོ་ཞེས་པའོ། །དབང་རྫོགས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་སམ་དྲིས་པ་ནི། གུང་མོ་སྟོན་ནོ། །དེའི་ལེན་ནི་འཛུབ་མོ་སྟོན་ནོ། །དེ་ནི་བྱང་ཆུབ་སེམས་ཀྱིས་རྟེན་རྩའི་མན་ངག་དྲིས་པ་ནི། གོ་སྟེ་ཐོད་བསྟན་པ་ནི་བརྡ། དེའི་ལེན་ནི་རྡོ་རྗེ་རྩེ་གསུམ་གྱིས་ཕྱག་རྒྱ་བསྟན་ཏེ་རྩ་གསུམ་གྱི་ངོ་བོ། འོ་ན་རྩ་མན་ངག་ཤེས་འདུག །བྱང་ཆུབ་སེམས་ཀྱིས་མན་ངག་ཤེས་སམ་དྲི་བ་ནི། གང་ཞིག་ནུ་མ་སྟོན་པ་ནི་ནུ་མ་ནས་འོ་མ་འབབ་པ་ལྟར། འོ་མ་དང་འདྲ་བའི་ཀུན་རྫོབ་བྱང་ཆུབ་སེམས་དེ་གང་ན་གནས་ཞེས་དྲི་བའོ། །དེའི་ལེན་ནི་སྐྲ་མཚམས་བཟློག་ནས་སྟོན་པ་སྟེ་བྱང་ཆུབ་སེམས་དེ་ཕལ་ཆེར་མཆོག་གསང་འོག་མ་ནག་ནས་ཞེས་བྱ་བ་ནི། གང་ཞིག་ས་ནི་སྟོན་པ་ནི། ས་གཞི་འདི་ལ་ཐམས་ཅད་ལོངས་སྤྱོད་ཅིང་བརྟེན་པར་བྱེད། དེ་དང་འདྲ་བར་བྱང་ཆུབ་ཀྱིས་སེམས་དེ་ཕྱག་རྒྱ་མོ་ལ་བརྟེན་ནས་ལོངས་སྤྱོད་ཞེས་དྲི་བའོ། །ལེན་དེ་ལ་མཁའ་ནི་རབ་ཏུ་བསྟན་ལག་པ་ནམ་མཁའ་ལ་ཀྱོག་ཀྱོག་བྱས་ཏེ། ཕྱག་རྒྱ་མོ་ལ་བརྟེན་ནས་ལོངས་སྤྱོད་དོ་ཅེས་སོ། །ངག་བརྡལ། རྒྱ་གར་སྐད། བོད་སྐད། བརྡ་སྐད་དང་གསུམ་གསུམ་རེ་ཡོད། བརྡ་སྐད་དུ་ཛ་གད། རྒྱ་གར་སྐད་དུ་སུ་ར། བོད་སྐད་དུ་ཆང་། བརྡ་སྐད་དུ་བ་ལའམ་ཐབས་རྫས། རྒྱ་གར་གྱིས་མཾ་ས། བོད་ཀྱིས་ཤ །བརྡ་སྐད་དུ་པདྨ་བྷ་ཛ་ནི། རྒྱ་གར་སྐད་དུ་ཀ་པཱ་ལ། བོད་སྐད་དུ་ཐོད་པ། བརྡ་སྐད་དུ་ཏྲི་པ་ཏ་རུ། རྒྱ་གར་སྐད་དུ་ཌ་མ་རུ། བོད་སྐད་དུ་ཅང་ཏེའུ། བརྡ་སྐད་དུ་བྷ་ལ། རྒྱ་གར་སྐད་དུ་ཨཱ་པ་ར་མི་བྷྱ། བོད་སྐད་དུ་རྡོ་རྗེ། བརྡའི་སྐད་དུ་ཀ་ཀོ་ལ། རྒྱ་གར་སྐད་བོད་སྐད་གཉིས་ཀ་ལ་པདྨ་དེ་ལ་སོགས་པའི་བརྡ་ཆོས་མང་ངོ་། །ད་ནི་ཚོགས་ཀྱིས་མཆོད་པ་རང་ལ། སྒྲ་དོན་དང་། དབྱེ་བ་གཉིས། སྒྲ་དོན་ནི། དགྱེས་ལྡན་ལྷའི་ཚོགས་དེ་ལ། སྐལ་ལྡན་མིའི་ཚོགས་སམ། རྣལ་འབྱོར་ཕོ་མོ་དེས། འབྱོར་ལྡན་ཡོ་བྱད་ཀྱིས་ཚོགས་དེ་ལོངས་སྤྱོད་པའམ་མཆོད་པས་ཚོགས་མཆོད་ཅེས་བྱའོ། །དབྱེ་བ་ནི། སློབ་དཔོན་པདྨས་དོན་བཅུ་གཅིག་གིས་བསྟན་ཏེ། བྱེད་པའི་དུས་བསྟན་པ་དང་གཅིག་བྱེད་པའི་གནས་བསྟན་པ་དང་གཉིས། རྒྱུའི་ཡོ་བྱད་བསྟན་པ་དང་གསུམ། སྔོན་འགྲོའི་བར་ཆད་བསྟན་པ་དང་བཞི། རྣལ་འབྱོར་པས་སྤྱོད་ལམ་བསྟན་པ་དང་ལྔ། ཡོ་བྱད་བྱིན་གྱིས་བརླབས་པ་དྲུག །ཏིང་འཛིན་བསྐྱེད་རིམ་གཞུང་བསྲང་བ་དང་བདུན། ཚོགས་ཀྱིས་མཆོད་པ་འབུལ་བ་དང་བརྒྱད། ཚོགས་ལ་རོལ་བ་དང་དགུ། ལྷག་མ་གཏོར་སྐྱོངས་བྲོའི་ལས་བསྟན་པ་དང་བཅུ། རྗེས་ཀྱིས་བྱ་བ་བསྟན་པ་དང་བཅུ་གཉིས་སོ། །ད་རེས་འདིར་དམ་པ་བདེ་བར་གཤེགས་པའི་བཞེད་པའི་ཚོགས་མཆོད་འདི་ལ་དོན་རྣམ་པ་དྲུག་སྟེ། སྔོན་དུ་བྱ་བའི་རིམ་པ་དང་། གསོལ་བ་གདབ་པ་དང་། མཚམས་བཅད་ཅིང་དལ་སྤྲུལ་པ་དང་། ཚོགས་བྱིན་གྱིས་བརླབས་ཅིང་བྱིན་དབབ་པ་དང་། མཆོད་ཅིང་རོལ་པའི་ཆོ་ག་དང་། བཀྲ་ཤིས་བརྗོད་ཅིང་ལྷག་པའི་ལས་བྱ་བའོ། །དེའང་སྔོན་དུ་བྱ་བའི་རིམ་པ་ནི། དུས་ཁྱད་པར་ཅན་ལ། དབང་། སྒྲུབ་པ། ཕྲིན་ལས། རབ་གནས། ཆོས་འཆད་པའི་དུས། ཁྲིད་ལ་སོགས་པའི་དུས་དང་། གཉེན་པའི་དུས་ནི། ཚེས་གཅིག །ཚེས་བརྒྱད། བཅུ། བཅུ་བཞི། བཅོ་ལྔ། བཅོ་བརྒྱད། ཉེར་གསུམ། ཉི་ཤུ་ལྔ། ཉི་ཤུ་དགུ། གནམ་སྟོང་དང་འདི་རྣམས་ཀྱིས་དུས་ནི་མ་དང་མཁའ་འགྲོ་འདུ་བའི་དུས་ཡིན་པས། ཉི་མ་ཐལ་ཕྱིན་ཆད་ལ་བྱའོ། །གནས་ནི། ལས་དང་པོ་པས། དབེན་པའི་གནས། དགོན་གནས་བྱིན་རླབས་ཅན་ལ་བྱའོ། །ཅུང་ཟད་ཡེ་ཤེས་ལ་དབང་བའི་གང་ཟག་གིས། ཨུ་རྒྱན་ལ་སོགས་པའི་དུར་ཁྲོད་ཆེན་པོའི་གནས་བརྒྱད་དམ། ཛ་ལེན་ངྷ་ར་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་དང་། དྲག་ཤུལ་ཅན་གྱི་གནས་རྣམས་འགྲིམ་ནས་ཚོགས་དང་སྤྱོད་པ། ཁྱད་པར་དུ་དབྱེ་དགོས་པས། གསང་སྔགས་བླ་མེད་ཀྱིས་རྒྱུད་སྡེ་རྣམས་ཀྱི་ནང་ནས་གསུངས་སོ། །འདིར་རང་རེ་དགོན་གནས་དབེན་པར་མཎྜལ་ཅི་རིགས་པ་ཕྱི་བདར་བྱས་ལ། ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀྲམ་ལ། ཤར་དུ་ཡོན་ཆབ། ཤར་ལྷོ་བདུག་སྤོས། ལྷོ་ནུབ་ཏུ་མེ་ཏོག །ནུབ་བྱང་དུ་མར་མེ། བྱང་ཤར་དུ་དྲི་ཆབ། ནུབ་ཏུ་ཞལ་ཟས། ལྷོར་མཎྜལ། དེ་ནི་ཕྱིའི་མཆོད་པའོ། །ནང་གི་མཆོད་པ་ནི། འདོད་ཡོན་ལྔ་མཆོད་དང་། སྨན་རཀ་གཏོར་གསུམ་དང་། ཚོགས་ཀྱི་ཞལ་ཟས་ཀྱིས་རྣམ་པ་སེར་སྣ་མ་སོང་བའི་ཡོ་བྱད་དང་། གསང་བའི་མཆོད་པ་དང་། ཕྱག་རྒྱ་མོ་མཚན་ཉིད་དང་ལྡན་པ་ལ་ཁྲུས་བྱས་ནས་རྒྱན་བཏགས་ལ་གཡོན་དུ་བཞག་ཅེས་གསང་སྔགས་ཀྱིས་རྒྱུད་སྡེ་ནས་གསུངས་ཀྱང་། འདིར་རེ་ཞིག་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མོ་ལ་བརྟེན་པར་བྱའོ། །གཞན་ཡང་། རྡོར་དྲིལ་དང་། རྐང་དུང་དང་། ཐོད་རྔ་དང་། ཅང་ཏེའུ་དང་། ཏིང་ཏིང་ཤག་ལ་སོགས་པའི་སྒྲ་སྙན་དང་། རུས་པའི་རྒྱན་དང་། དུ་ཁྲོད་ཀྱི་ཆས་ལ་སོགས་པ་རྣམས་བཤམས། ཅེས་སློབ་དཔོན་པདྨས་གསུངས་སོ། །འདིར་དམ་པ་ཡབ་སྲས་ཀྱིས་ཚོགས་ཀྱི་ཞལ་ཟས་བཤམས་ལུགས་ནི། ཛ་གད་དང་པཉྩ་སྦྱར་བའི་སྣོད་གཅིག་དལ་གྱིས་ནུབ་ཕྱོགས་སུ་བཞག་གོ། །ཤའི་རིགས་ཐམས་ཅད་དལ་གྱི་ལྷོ་ཕྱོགས་སུ་བཞག་གོ། །ཤིང་ཐོག་དང་ཞོ་ཕྲུམ་ལ་སོགས་པ་ཐམས་ཅད་ནི་དལ་གྱི་ཤར་ཕྱོགས་སུ་བཞག་གོ། །ཟླ་རྫོགས་ནི་ཚོགས་བཤོས་ཟླ་གམ་དུ་བྱས་ལ་བྱང་ཕྱོགས་བཞག་གོ། །དེ་དག་ཐམས་ཅད་ལ་དར་གྱི་ཞལ་ཁེབ་བྱས་ལ་མི་མངོན་པར་བྱའོ། །ཅེས་གསུངས་ཏེ། འདིར་ཕྱག་ལེན་ལ་གྲལ་ཐབས་སམ་གྲུ་ཆད་བཞི་ལ་མན་ངག་བཞིན་དུ་བཤམས། བསང་ཆུ་སྨན་རཀ་རྣམས་ཕྱག་ལེན་ལྟར་བྱའོ། །ཁྱད་པར་དུ་ཚོགས་རྫས་ལ། བཟའ་བའི་རིགས་ཐམས་ཅད་ཐབས་ཀྱི་རྫས་ཡིན་པས་གཡས་སུ་བཞག །བཏུང་བའི་རིགས་ཐམས་ཅད་ཤེས་རབ་ཀྱི་ངོ་བོ་ཡིན་པས་གཡོན་དུ་བཞག་གོ། །རྒྱ་གར་བ་རྣམས་ཀྱི་ཚོགས་རྫས་བཤམས་ལུགས་ནི། གསང་སྔགས་རང་གཞུང་གིས་ལྟ་སྤྱོད་དང་མཐུན་པ་ཡིན་ཏེ། ཚོགས་རྫས་བཟང་ངན་ཐམས་ཅད་སྣོད་གཅིག་ཏུ་སྤུང་ནས་བྱིན་གྱིས་བརླབས། ཚོགས་ལ་རོལ་བའི་དུས་སུ། མཛེ་ཤ་དང་། ཡུག་ཤ་ཁྱད་མེད་པར་ཟ་བའོ། །གཞན་ཡང་སྐུ་གསུང་ཐུགས་ཀྱིས་རྟེན་བྱིན་རླབས་ཅན་རྣམས་བཀྲམ། བླ་རེ་དང་། ཡོལ་བ་བྲེས། གདུགས་ཕུབ། རྒྱལ་མཚན་སྒྲེལ། འཕན་གདག །བ་དན་ཕྱར། གནས་ཁང་བརྒྱན་ཅིང་ཤིན་ཏུ་ཡིད་དུ་འོང་བར་བྱའོ། །དེ་ནས་ལས་ཀྱི་སྤྱོད་ལམ་བསྟན་པ་ནི། རྒྱ་གར་བ་རྣམས་ཀྱི་ཚོགས་ཀྱི་གནས་ཁང་དུ་བླ་མ་དང་དབྱུག་པ་སྔོན་པོ་ཕྱར་བ་འབག་སྔོན་པོ་གྱོན་པ། མིག་ཡ་གཅིག་གནམ་ལ་བལྟ་བ། ཡ་གཅིག་ས་ལ་བལྟ་བ། ལག་ན་དབྱུག་པ་སྔོན་པོ་འདོམ་གང་བ་གཅིག་བཟུང་བ། གོས་སྔོན་པོ་གོན་པ་གཅིག་དང་། ལས་ཀྱིས་ཧེ་རུ་ཀ་བྱ་བ་བྱ་བཞག་བྱེད་པའི་མི་གཅིག་དང་གསུམ་ནང་དུ་བསྡད། གཞན་དཔའ་བོ་དཔའ་མོ་ཐམས་ཅད་ཕྱི་རོལ་དུ་འགྲོ་ལ་ཁྲུས་བྱའོ། །དེར་དབྱུག་སྔོན་གྱིས་སྒོ་བཅད་ནས། སྒོ་རྒྱབ་ཏུ་བསྡད་མི་རྣམས་ཀྱིས་ནང་ནས་དཔོན་གཅིག་གིས་སྒོ་བསྲུང་ལ་མེ་ཏོག་ཕུལ་བས་གསོལ་བ་གདབ་སྟེ། ཀྱེ་ཁྲོ་བོ་སྔོན་པོ་མཛེས་པ་ཆེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་སྤྱི་བཅིང་པས། །ཕྱག་ན་དབྱུག་པ་བསྣམས་པ་འདིས། །བདག་ཉིད་འཁོར་བ་ལས་བསྒྲལ་ཕྱིར། །གསང་སྔགས་གསང་བའི་ད་ལ་འདིར། །བདག་ཉིད་འཇུག་པར་འཚལ་ལགས་ཀྱིས། །བཟང་བའི་སྒོ་འདི་རྣམ་པར་ཕྱེས། །ཅེས་ཞུ་བ་ཕུལ། གསང་སྔགས་ཀྱི་བརྡ་དང་བརྡའི་ལེན་དུ་མ་ཤེས་ན། དབྱུག་སྔོན་གྱིས་དབྱུག་པ་བརྒྱབ་ནས་ནང་དུ་མི་བཏང་ངོ་། །ལེན་ཐེབ་ན་ནང་དུ་བཏང་སྟེ། སྒོ་སྲུང་གིས་ལེན་བྱིན་པ་ནི། ཧཱུྃ་ཐེག་དམན་ཉན་ཐོས་ལོག་ལྟ་ཅན། །མུ་སྟེགས་ལ་སོགས་བསྐྲད་པར་བྱེད། །སྐལ་དང་ལྡན་པའི་རྣལ་འབྱོར་རྣམས། །ནང་དུ་རྣམ་པར་བཏང་བར་བྱ། །ཅེས་བརྗོད་ལ་སྒོ་ཕྱེའོ། །དེའི་དུས་སུ་གུ་གུལ་གྱིས་དུད་པས་བདུག །ཁྲོ་བོའི་དྲག་སྔགས་བཟླས་ལ། ཕྱིར་འབྲང་གི་བགེགས་བསྐྲད་པར་བྱའོ། །དེ་ནས་གྲལ་ལ་འཁོད་པ་ནི། ཐོག་མར་གདན་ལ་འཁོད་པ་ནི། རས་ལ་རོའི་གཟུགས་བྲིས་ལ། རྣལ་འབྱོར་ཕོ་མོའི་གྲངས་དང་། ཡང་ན་སྟག་གིས་སྤགས་པ་ཅན་དང་། ཡང་ན་དུར་ཁྲོད་ཀྱིས་རོ་རས་ལ་བྱའོ། །གདན་དེའི་སྟེང་དུ་དཔའ་བོ་གཡས་གྲལ། དཔའ་མོ་གཡོན་གྲལ། ཡང་ན་ཟུང་སྡེབ་དུ་འཁོད་དོ། །དེ་ནས་ལས་ཀྱི་རྡོ་རྗེས། རྣལ་འབྱོར་ཕོ་མོ་རྣམས་གསན་དུ་གསོལ། །བླ་མ་ལ་མ་ཞུས་པའི་སྤྱོད་པ་བག་མེད་པ་དང་། ངག་འཛིན་རྟེན་གྱིས་དུག་ལྔ་དང་འབྲེལ་བའི་གཏམ་དང་། ཁ་ན་མ་ཐོ་བའི་ངག་འཁྱལ་དང་། ཡིད་ཉོན་མོངས་པ་དང་འབྲེལ་བའི་བསམ་པ་དང་། མ་གུས་པ་དང་། མ་དད་པ་དང་། ལོག་པར་ལྟ་བ་ཐམས་ཅད་སྤང་ལ། དག་པའི་སྣང་བས་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཉེ་བར་བཞག་ལ། ཡན་ལག་བདུན་པ་རྒྱས་བསྡུས་ཅི་རིགས་པ་བྱའོ། །དེ་ནས་ཡང་ལས་ཀྱི་རྡོ་རྗེས་ཕྱག་འཚལ་ནས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་དབུ་མཛད། རྣལ་འབྱོར་ཕོ་མོ་ཐམས་ཅད་རང་རང་གི་ཐུགས་དམ་ལ་མཉམ་པར་བཞག་པར་ཞུ། རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་རེ་རེ་བྱས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དུར་ཁྲོད་ཀྱི་ཆས་དང་། རུས་པའི་རྒྱན་ཆ་དཔལ་གྱི་ཆས་བརྒྱད་རྣམས་ཀྱིས་མངའ་གསོལ་ཞིང་རྟགས་གདབ་བོ། །དེ་ནས་ལས་དང་པོ་ལ་བར་ཆད་འོང་དོགས་པའི་ཆེད་དུ་བསྲུང་བའོ། །སྐབས་འདིར་དམ་པ་བདེ་བར་གཤེགས་པས། རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ། ཐམས་ཅད་ཀྱི་དབུ་ལ་མེ་ཏོག་གི་ཕྲེང་བ་རེ་རེ་གདག་གསུངས། རྒྱ་གར་བ་རྣམས་ཀྱི་ཕྱག་ལེན་ལ། ཚོགས་ལ་མ་བྱོན་པའི་དུས་སུ་རྣལ་འབྱོར་ཕོ་མོ་རྣམས་ལ་མེ་ཏོག་འགྲིམ་དགོས་པར་བཤད། དེའི་དོན་ཅི་ཡིན་ན། བརྡ་དང་བརྡའི་ལེན་ལ་མི་མཁས་པའམ། ཐུགས་མི་སྐབས་ན་མེ་ཏོག་མི་ལེན་ནོ། །དེ་ལྟར་མ་ཡིན་ན། མེ་ཏོག་ལེན་ནས་ཚོགས་ཀྱི་གཙོ་བོ་ལ་འབུལ་དགོས་པར་བཤད། དེས་སྔོན་དུ་འགྲོ་བའི་རིམ་པ་དེ་སོང་ནས། སྤྱི་དོན་གཉིས་པ་གསོལ་བ་གདབ་པ་སྐབས་འདིར་གསུངས་ཀྱང་། ཕྱག་ལེན་ལ་འོག་དངོས་གཞིའི་སྐབས་སུ་བྱའོ། །སྤྱི་དོན་གསུམ་པ་མཚམས་བཅད་ཅིང་དལ་སྤྲུལ་པ་ནི། ཡན་ལག་བརྒྱད་པ་ནས་བཟུང་སྟེ། ཡི་དམ་ཆོས་སྐྱོང་གིས་གཞུང་བསྲང་ལ་མཆོད་བསྟོད་བསྙེན་པ་ཡན་ཆད་བྱའོ། །སྤྱི་དོན་བཞི་པ་ཚོགས་གཞུང་བསྲང་བ་ནི། སློབ་མ་བཞིའམ་གསུམ། གཉིས་གང་རུང་གིས་གསོལ་བ་གདབ་པ་ནི། བླ་མ་དང་དལ་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་ཧཱུྃ་དཀར་སེར་དམར་ལྗང་བཞི་སྤྲོས། སྒོ་བཞིར་གསང་བའི་ལྷ་མོ་བཞིར་གྱུར་པ་ནི། ཤར་དུ་རྒྱས་འདེབས་མ་དཀར་མོ། ལྷོར་དམ་པ་མ་སེར་མོ། ནུབ་ཏུ་ཟབ་མོ་དམར་པོ། བྱང་དུ་ཚེ་འཕེལ་མ་ལྗང་ཀུ། ལྷ་མོ་དེ་རྣམས་ཀྱི་ཐུགས་ཀར་ཐལ་མོ་སྦྱར་ནས་གསོལ་བ་གདབ་པའི་སྔོན་དུ་མཎྜལ་འབུལ་དགོས། ཅེས་དམ་པས་གསུངས་སོ། །ཞུ་བ་པོ་གཅིག་ལས་མེད་ན། དམིགས་པ་ལྷ་མོ་བཞིར་བསྒོམ་དགོས། སློབ་མ་མི་འདུག་ནས་རང་གཅིག་པུ་ཡིན་ན་ཡང་། ཆོ་ག་ཆད་མ་ཉན་པའི་དོན་ལ། གསོལ་གདབ་རང་གིས་བརྗོད། དམིགས་པ་གོང་བཞིན་དུ་བྱེད། གསོལ་གདབ་དངོས་ནི། ཀྱེ་ཅེས་པོས་པའི་ཚིག །གང་ལ་བོས་ན། གསང་སྔགས་གཉིས་མེད་ཀྱིས་དོན་རྟོགས་པའི་རྡོ་རྗེ་སློབ་དཔོན་བདག་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པ་ཁྱོད་ལ་ཞུ་བ་ནི། སྲིད་པའི་སྡུག་བསྔལ་སྟེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུད་ང་འབྲས་བུ་རྩ་བ་ནས་བཅད་པའི་ཕྱིར་དང་། བྱིས་པའི་ཅེས་པ་ཆེ་ལ་ལྟོས་ན། ཆུང་བ་བྱིས་པ། མཁས་པ་ལ་ལྟོས་ན། མི་ཤེས་པ་བྱིས་པ། འཕགས་པ་ལ་ལྟོས་ན། སོ་སོ་སྐྱེ་བོ་བྱིས་པ། ཐེག་ཆེན་ལ་ལྟོས་ན། ཐེག་ཆུང་བྱིས་པ། འདིར་ནི་གསང་སྔགས་ལ་ལྟོས་ན་མཚན་ཉིད་བྱིས་པའི་ལམ་འདོད་ཡོན་ལྔ་པོ་སྤང་བ་ཡིན། དེ་ལས་བརྒལ་བའི་ཕྱིར། གསང་སྔགས་མ་ཧཱ་ཡོ་གའི་སྤྱོད་པའི་ཁྱད་པར་གྱིས་ཆོས་འདོད་ཡོན་ལྔ་པོ་སྤང་བ་མེད་པར་ལམ་དུ་ཁྱེར་བར་མཛད་དུ་གསོལ། དེའི་ཅིའི་ཕྱིར་ཞེ་ན། གནས་ཕྱོགས་བཅུ། དུས་འདས་མ་འོངས་ད་ལྟ་བསླད་ནས་བྱོན་པ་དང་བཞི། ཞིང་ཁམས་བསམ་ཡས་ཀྱིས་སྣང་སྟོང་གཉིས་མེད་ཀྱིས་གནས་ལུགས་ལ་བདེ་བར་སྟེ། དེ་ནར་སོན་པ་ལ་གཤེགས་པ་སྟེ་སངས་རྒྱས་ཐམས་ཅད་དང་དེའི་སྲས་ཀྱིས་ཚོགས་རིག་འཛིན་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཤིང་ཁམས་ཇི་སྙེད་པ་རྣམས་ནི་གསང་སྔགས་ཐུན་མོང་མ་ཡིན་པའི་སྤྱོད་པའི་ཁྱད་པར་འདོད་ཡོན་ལྔ་པོ་འདི་མི་སྤང་ཞིང་ལམ་དུ་ཁྱེར་བ་ལས་བྱུང་། གཏན་ཚིག་དེ་བས་ན་འདོད་ཡོན་ལྔ་པོ་སྤང་མི་དགོས་པར་བདེ་བ་ཆེན་པོ་དེ་ཡིས་དོན་ཉམས་སུ་ལེན་པ་ལ་ངོ་མཚར་དོན་རྨད་དུ་བྱུང་བ་ལ་ཡང་དག་དེ་ལྟ་བུའི་དོན་རྡོ་རྗེ་སློབ་དཔོན་ཁྱེད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ལ་བསྟན་དུ་གསོལ། བྱང་བ་སྟོང་པའི་རང་བཞིན། ཆུབ་པ་སྣང་བའི་རང་བཞིན། སྣང་སྟོང་གཉིས་སུ་མེད་པའི་དོན་ལ་བྱང་ཆུབ་སྙིང་པོ་མཆོག་དོན་ལ་སངས་རྒྱས་མ་ཐོབ་ཀྱིས་བར་དུ་འདོད་ཡོན་སྤང་བ་མེད་པར་ལམ་དུ་ཁྱེར་བས་ན་བདེེ་མཆོག་སྤྱོད་པ་ཅེས་ཟེར་རོ། །གསང་སྔགས་ཀྱིས་དོན་འདི་ལྟ་བུ་ལ་མ་དད་པའི་ཐེ་ཚོམ་ཟ་བ་ལྟ་བུ་མ་ཡིན་པར་ཉམས་སུ་ལེན་པ་ལ་ཡང་དག་བླང་ཅེས་ཚིག་རྐང་གཉིས་པོ་འདི་ནི་འཁོར་རྣལ་འབྱོར་ཕོ་མོ་རྣམས་ཀྱི་འདོད་ཡོན་ལ་སྤྱོད་པར་ཁས་ལེན་པའོ། །དེ་ལྟར་ལན་གསུམ་གསོལ་བ་གདབ་བོ། །དེའི་དོན་ནི་དང་པོ་ངག་འཁྱལ། གཉིས་བ་ངོ་བསྲུང་། གལ་ཆེ་ན་ལན་གསུམ་གསོལ་བ་གདབ་བོ། །སྐབས་འདིར་ལྷ་མོ་བཞི་ཐུགས་ཀ་ན་ཚུར་བསྡུ་གསུང་ཡང་། ད་རུང་འོག་མ་ཞུ་ལེན་དགོས་པ་དང་། ཚོགས་མ་ཚར་གྱི་བར་དུ་མི་བསྡུའོ། །དེ་ནས་རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ་ཀུན་གྱིས་ཚོགས་བྱིན་གྱིས་བརླབས་པ་ནི། སྔར་སྨན་བྱིན་རླབས་བྱས་ཟིན་དེ་སྐྱོག་གང་བཅུས་ལ་ཚོགས་ཆང་ནང་དུ་བསྲེ་ལ་ཕུད་ཕར་ལ་བླུག །དེ་ནས་ཐིག་གཅིག་ཐབས་རྫས་ཀྱི་སྟེང་དུ་བླུག །བསང་ཆུ་བྱིན་རླབས་བྱས་ནས། སྭ་བྷཱ་ཝས་སྦྱངས། རྣམ་ལྔ་བྱིན་གྱིས་བརླབས། གཏོར་མ་བྱིན་རླབས་ནི། གཏོར་མའི་སྟེང་འདོད་ཡོན་གྱི་ལྷ་མོ། བར་བདུད་རྩིའི་རྒྱ་མཚོ། སྨད་དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ། སྨན་བྱིན་གྱིས་བརླབས་པ་ལ་སོགས་པ་ནི་གཞུང་བཞིན་དུ་བྱའོ། །དེ་ནས་ཚོགས་ཞིང་སྤྱན་དྲངས་པ་ནི། དཔུང་པ་གཡས་གཡོན་གཉིས་ན་བྱང་ཆུབ་ཀྱི་རྩ་གཉིས་ཡོད་པར་བཤད་པའི་དོན་ལ། ལག་བསྣོལ་ནས་དཔུང་པ་གཉིས་ཀྱི་ཐད་ཀར་སེ་གོལ་གཏོགས་ལ། བཛྲ་ས་མ་ན་ཛ་ཧཱུྃ་ཛ། ཅེས་བརྗོད། དེའི་དོན་བཛྲ་ནི་སྣང་སྟོད་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་རྣམས་སོ། །ས་མན་ཛ་ཧཱུྃ་ཛ་ནི་དམ་ཚིག་ལ་དགོངས་ནས་འདིར་གཤེགས་ཤིག །ཅེས་པའོ། །ཇི་སྐད་དུ། ལག་ངར་དང་ནི་རྡོ་རྗེ་བཅིངས། །ལག་པ་གཡས་དང་གཡོན་པ་ནི། །སེ་གོལ་མཉམ་པར་གཏོགས་པ་ཡིས། །སངས་རྒྱས་ཐམས་ཅད་བྱོན་པར་འགྱུར། །ཅེས་སོ། །མདུན་གྱི་ནམ་མཁར་ཚོགས་ཞིང་ལ་ཕུར་པ་ལྟ་བུ་ཡིན་ན། གཡས་སུ་ཞི་བའི་ལྷ་ཚོགས། གཡོན་དུ་ཁྲོ་བོའི་ལྷ་ཚོགས། སྟེང་གི་ཆ་ལ་སློབ་དཔོན་པདྨ་ལ་སོགས་རིག་འཛིན་བརྒྱུད་པའི་བླ་མ་དང་འོག་གི་ཆ་ལ་ཆོས་སྐྱོང་མ་མགོན་ལ་སོགས་བཀའ་སྡོད་བསྟན་བསྲུང་རྣམས་དང་། གཡས་སུ་ཕ་བརྒྱུད་ཀྱི་ལྷ་ཚོགས། གཡོན་དུ་མ་རྒྱུད་ཀྱི་ལྷ་ཚོགས། མདུན་དུ་གཉིས་མེད་ཀྱི་ལྷ་ཚོགས་རྣམས་བསྒོམ་པར་བྱའོ། །བཀའ་གསར་རྙིང་གི་གང་ཟག་ཕྱོགས་འཛིན་ཅན་འགའ་ཞིག་གིས་རང་རང་གི་ཡི་དམ་ལྷ་བསྒོམ་ནས་གཞན་གྱི་ལྷ་བསྒོམ་པ་བསླད་མ་ཡིན་སྐད། ཆོས་སྤངས་གི་ལས་བསགས་པ་མང་པོ་མཐོང་ངོ་། །ཆོས་སྤང་གི་ལས་བསགས་ན་ཉེས་པ་ནི་དྲན་པ་ཉེར་བཞག་ནང་ནས་ལྕེ་དཔག་ཚད་ལྔ་བརྒྱའི་ས་ན་དྲང་ནས། ལྕགས་ཀྱི་ཐོང་སོ་མེ་འབར་བ་ལྔ་བརྒྱས་རྨོ་གསུངས་སོ། །དེ་ནས་ཚོགས་གཟི་བྱིན་བསྐྱེད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་ལ་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ་ཆ་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་པས། གླུ་དང་དབྱངས་ཀྱིས་མགོ་འདྲེན། དཔེར་ན་འབྱུང་བ་ཆེན་པོ་ནམ་མཁའ་འདི་ནི། ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་བཞིན་ནམ་མཁའ་ལས་འབྱུང་བའམ། མ་གཡོས་པས་ནམ་མཁའ་དང་ལྔ་པ་སྟེ། ནམ་མཁའ་ལ་ནི་སྐྱེ་འགྲོ་ཕྱི་ནང་གི་ཆོས་འདོད་པ་ཐམས་ཅད་འབྱུང་བའོ། །དོན་ནི་ཕྱི་ནང་གི་མཆོད་རྫས་ཟད་མི་ཤེས་པའི་དོན་འདོད་པའི་མཆོད་པ་འགྲུབ་པར་ཤོག་ཅེས་མཆོད་རྫས་ལ་སྨོན་ལམ་གདབ་པའོ། །ཚོགས་ཞིང་ལ་སྨོན་ལམ་གདབ་པ་ནི། འདོད་པའི་མཆོད་པས་མཉེས་གྱུར་ཅིག །ཨཱོྂ་ཆ་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཡེ་ཤེས་ལྔའི་ངོ་བོའོ། །ན་མཿསརྦ་ཏ་ཐཱ་ག་ཏ་པུ་ཙ་བཛྲ་སྭ་བྷཱ་ཝ་ནེ་སྟོང་པ་ཨཱཏྨ་ཀོ྅་ཧཾ་ནི་བདག་ཉིད་ཡིན་ནོ། །དེ་ནས་ཀུན་བཟང་མཆོད་འབུལ་ལ་བཞི་སྟེ། ཕྱིའི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཞིའོ། །དེ་ལ་ཀུན་ཏུ་བཟང་པོ་ཕྱིའི་མཆོད་པ་ནི། འཇིག་རྟེན་ཁམས་ཀྱི་རྒྱ་མཚོ་ཐམས་ཅད་ནི་ཡོན་ཆབ། ལྷོ་སྤྲིན་དང་ན་བུན་ཐམས་ཅད་ནི་བདུག་སྤོས། རྩི་ཤིང་ནགས་ཚལ་ཐམས་ཅད་ནི་མེ་ཏོག །ཉི་ཟླ་གཟའ་སྐར་ཐམས་ཅད་ནི་སྣང་གསལ། ཆུ་བོ་ཐམས་ཅད་ནི་བྱུགས་པ། རི་བོ་ཐམས་ཅད་ནི་ཞལ་ཟས། སྒྲ་གྲགས་ཐམས་ཅད་ནི་རོལ་མོར་བྱིན་གྱིས་བརླབས་ནས་འབུལ་དགོས་པར་བཤད་འདི་ལ་སྣང་གྲགས་མཆོད་པའི་ཚོགས་སུ་གྱུར་ནས། ཀུན་ཏུ་ངན་པའི་མཚན་ཉིད་མེད་པས་ཀུན་བཟང་མཆོད་པ་ཅེས་བྱའོ། །ཀུན་ཏུ་བཟང་པོ་ནང་གི་མཆོད་པ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་གཟུགས་ཐམས་ཅད་སྡུག་པ། སྒྲ་ཐམས་ཅད་སྙན་པ། དྲི་ཐམས་ཅད་ཞིམ་པ། རོ་ཐམས་ཅད་མངར་བ། རེག་ཐམས་ཅད་འཇམ་པ། ཚོགས་དྲུག་གི་སྣང་བ་ཐམས་ཅད་འདོད་ཡོན་གྱི་མཆོད་པར་གྱུར་པས། ཀུན་ཏུ་ངན་པའི་མཚན་ཉིད་མེད་པས་ན་ཀུན་བཟང་མཆོད་པ་ཅེས་བྱའོ། །ཀུན་བཟང་གསང་མཆོད་ནི། སྣང་བ་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་དང་གསུམ་ལ་བྱའོ། །དེ་ཁོ་ན་ཉིད་ཀྱིས་མཆོད་པ་ནི། མ་སྐྱེས་མི་འགགས་དབྱེར་མེད་ལ་བྱ་སྟེ། སྐྱེ་མེད་ཀྱི་གནས་ལུགས་གདངས་འགག་པ་མེད་པ་མཆོད་པའི་ཚོགས་སུ་ཤར། ཤར་བའི་དུས་དེ་ཉིད་ན་སྐྱེ་མེད་ཀྱི་གནས་ལུགས་རང་ལ་མ་གཡོས་པས་དབྱེར་མེད་པའོ། །དཔེར་ན་རྒྱ་མཚོ་དང་གཟུགས་བརྙན་བཞིན་ནོ། །དོན་ལ་འཁོར་འདས་ལམ་གསུམ་གྱི་བསྡུས་པའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་པར་མ་གྱུར་པ་མེད་པ་ཡིན་ཏེ། བདེ་བར་གཤེགས་ཅེས་པ་གནས་ལུགས་ཟབ་མོའི་དོན་རྟོགས་ཤིང་ནར་སོན་པའོ། །དེ་ལྟ་བུའི་བདེ་བར་གཤེགས་པ་ཡིན་སོ་ཅོག་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིན་ནོ། །བདུད་བཞི་བཅོམ་པས་ན་བཅོམ། ཆེ་བའི་ཡོན་ཏན་དང་ལྡན་པས་སྣང་སྟོང་རྟག་ཆད་ཀྱི་མཐའ་ལས་འདས་པ་ཅེས་པའི་དོན་ནོ། །མཐའ་གཉིས་དང་བདུད་བཞི་ལས་རྒྱལ་བ་གྲངས་མང་བའམ། རྒྱ་ཆེ་བས་རྒྱ་མཚོ་ལྟ་བུའི་གཟུགས་སྐུར་བཞེངས་པ་དེ་ཡང་གཟུགས་སྐུ་རང་ཁ་མ་ཡིན་གྱི་ནང་དགོངས་པ་ཡེ་ཤེས་ཀྱི་རང་གཟུགས་ཕྱི་རོལ་དུ་རྒྱལ་བའི་སྐུར་ཤར་བ་ནི་སྣང་བ་སྐུ་དང་ཡེ་ཤེས་སུ་ཤར་བ་ནི་ཀུན་བཟང་གིས་མཆོད་པའོ། །སྲིད་པ་ཁམས་གསུམ་འཁོར་བའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྒྱ་མཚོ་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་སྤྱོད་པ་ཅི་ལྟར་སྣང་ཡང་། སྣང་བ་སྐུ། སྒྲ་གྲགས་གསུང་། དྲན་རིག་ཐུགས་སུ་ཁྱེར་བ་ནི། ཀུན་ཏུ་བཟང་པོའི་མཆོད་པ། ལམ་ཐེག་པ་མཐོ་དམན་ནམ་ཟག་བཅས་ཟག་མེད་ཀྱི་སྤྱོད་པ་རྒྱ་མཚོ་དེ་རྣམས་ལ་སྐྱོན་མེད་པས་ན་རྨད་བྱུང་ཡང་དག་པ་ཀུན་སེམས་ཀྱི་གནས་ལུགས་རིག་རྩལ་འགག་མེད་དུ་ཤར་བ་ཀུན་ཏུ་བཟང་པོའི་མཆོད་པའོ། །འཁོར་འདས་ལམ་གསུམ་གྱི་བསྡུས་པའི་ཆོས་ཐམས་ཅད་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་དང་བཞིའི་མཆོད་པ་ལས་མ་གཡོས་པས་ན་ཀུན་བཟང་མཆོད་པ་ཞེས་བྱའོ། །སྤྲིན་ནི་དཔེར་ན་ཟད་པ་མེད་པར་ཐམས་ཅད་འབྱུང་བའོ། །མཆོག་ཏུ་རོལ་པ་ནི་ཀུན་བཟང་མཆོད་པ་མཆོད་པའི་ཚོགས་ཡིན་ལ། རོལ་བ་ནི་གདུལ་བྱའི་ངོ་ལ་མཆོད་པ་དེ་ཚོགས་ཞིང་གིས་ལེན་ཅིང་བཞེས་སུ་གསོལ་བ་ནི་རོལ་བའོ། །ༀ་ནི་སྔགས་ཀྱི་མགོ་འདྲེན་ཅིང་ཡེ་ཤེས་ལྔའི་ངོ་བོའོ། །ན་མཿནི་ཕྱག་འཚལ་བ་དང་མཆོད་པ་ཞེས་བྱ་བ་ལ་སོགས་དོན་བཅུ་ཙམ་ལ་འཇུག་ནའང་། སྐབས་འདིར་ཕྱག་འཚལ་བའོ། །གང་ལ་ན་སརྦ་ཏ་ཐཱ་ག་ཏ་བྷྱོ་ནི་དེ་བཞིན་གཤེགས་པ་རྣམས་ལ་བྱའོ། །བྷི་ཤྭ་མུ་ཁེ་བྷྱ་སྣ་ཚོགས་པའི་གདོང་པ་ཅན་མཆོད་མགྲོན་རྣམས་སོ། །སརྦ་ཐམས་ཅད་ཏད་ཁང་ནམ་མཁའ་ཨུཏྒ་ཏེ་ནི་གནས་པ་སྥ་ར་ཎ་ནི་འགྲོ་བའམ་ཁྱབ་པའི་མཆོད་པའོ། །དེས་ཅི་ཙམ་ཁྱབ་སྙམ་ན་ཧི་མཾ་ག་ག་ན་ཁཾ་འདིའི་ནམ་མཁའི་ཁམས་གང་བའི་སྭཱ་ཧཱ་ནི་གྱུར་པའོ། །རྨད་བྱུང་གཏོར་མའི་མཆོད་པ་ནི། ཐོག་མར་གཏོར་མའི་སྟེང་གི་ཁམས་དྲུག་གི་ལྷ་མོས་མཆོད་པ་ནི། གཟུགས་ཀྱི་ལྷ་མོ་དཀར་མོས་ཕྱག་ན་མེ་ལོང་བསྣམས་པ། སྒྲའི་ལྷ་མོ་སྔོན་མོས་ཕྱག་ན་པི་ཝཾ་འཛིན་པ། དྲིའི་ལྷ་མོ་སེར་མོས་ཕྱག་ན་སྤོས་བསྣམས་པ། རོའི་ལྷ་མོ་དམར་མོས་ཕྱག་ན་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་བསྣམས་པ། རེག་བྱའི་ལྷ་མོ་ལྗང་གུ་ཕྱག་ན་ན་བཟའ་གོང་བ་རྡོ་རྗེས་མཚན་པ་བསྣམས་པ། ཆོས་ཀྱི་ལྷ་མོ་མཐིང་ཀས་ཕྱག་ན་ཨེ་གྲུ་གསུམ་བསྣམས་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་དང་། སྙན་དང་། ཤངས་དང་། སྐུ་དང་། ཐུགས་ཀར་ཐིམ་པར་བསྒོམ་ལ། ཚིག་གིས་དོན་ནི་ཧཱུྃ་ནི་གླུའི་མགོ་འདྲེན་པ་ཡིན་ལ། གཟུགས་ཀྱི་ལྷ་མོ་དཀར་མོས་ནི་ལག་པ་གཉིས་ཀྱིས་མེ་ལོང་གཉིས་སྟྭ་ཟུར་གཉིས་སུ་འཛིན་ཅིང་། གཟུགས་ཤིན་ཏུ་མཛེས་པའི་ལྷ་མོས་ལག་པ་གར་སྤྱོད་པས་ཕྱོགས་བཅུར་གཡོས་ནས། ཤིན་ཏུ་སྒེག་པའི་གཟི་བརྗིད་དང་ལྡན་ཞིང་འོད་འབར་བའི་གཟུགས་ཀྱི་ལྷ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ལ་ཐིམ་པར་བསྒོམ་མོ། །ༀ་བཛྲ་རཱུ་པ་ཧཱུྃ་ནི་གཟུགས་རྡོ་རྗེ་མ་ཅེས་པའོ། །ལྷ་མོ་བཞི་ནི་གོ་སླའོ། །སྔགས་ཀྱི་སྒྲ་རྡོ་རྗེ་མའོ། །དྲི་རྡོ་རྗེ་མ། རོ་རྡོ་རྗེ་མ། རེག་བྱ་རྡོ་རྗེ་མའོ། །ཆོས་ཀྱི་ལྷ་མོ་ནི་བློའི་ཡུལ་དུ་གྱུར་ཚད་ཀྱི་ཆོས་ཐམས་ཅད་བསྡུ་ན། འདུས་བྱས་དང་འདུས་མ་བྱས་གཉིས་ལ་འདུ། འདུས་མ་བྱས་ལ་ནམ་མཁའ། འགོག་པ་དེ་བཞིན་ཉིད་གསུམ། འགོག་པ་ལ་སོ་སོར་བརྟགས་པའི་འགོགས་པ་དང་། སོ་སོར་བརྟགས་མིན་གྱིས་འགོག་པ་གཉིས། དེ་རྣམས་གནས་སུ་དག་པའམ། སྣང་སྟོང་གཉིས་མེད་ཀྱི་དོན་ངོ་བོ་འགྱུར་བ་མེད་པས་ན་རྡོ་རྗེ། སྟོང་ལ་ཐམས་ཅད་འབྱུང་བ་ནི་ནམ་མཁའ། ཆོས་ཀྱི་ལྷ་མོ་སྐུ་ཆོས་ཉིད་འགྱུར་བ་མེད་པས་ན་སྐུ་མདོག་མཐིང་ཀ་ཕྱག་མཚན་ཆོས་འབྱུང་བསྣམས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་དང་གཉིས་སུ་མེད་པའི་དོན་ལ། རྟགས་ལ་ཆོས་ཀྱི་ལྷ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ་པར་བསྒོམ་མོ། །དྷརྨ་དྷརྟུ་ནི་ཆོས་ཐམས་ཅད་བཛྲ་རྡོ་རྗེ་སྭ་བྷཱ་ཝ་སྟོང་པ་རྣམ་པར་དག་པ་ཨཱཏྨ་ཀོ྅་ཧཾ་ནི་བདག་ཉིད་ཡིན་ནོ། །དེས་ཁམས་དྲུག་གི་ལྷ་མོའི་མཆོད་པ་སོང་ནས། གཏོར་མ་བར་བདུད་རྩིའི་རྒྱ་མཚོར་གྱུར་པར་བསྒོམ་ལ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་ནས་ཆུ་ལ་ཉི་ཟེར་ཕོག་པ་བཞིན་དུ་གསོལ་བར་བསམ་མོ། །འདི་ཡན་ཆད་ཀྱི་མཆོད་པ་ནི་ཞི་ཁྲོ་ཐུན་མོང་གི་མཆོད་པ་ཡིན་ནོ། །གཏོར་མའི་འོག་དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་ནི་ཁྱད་པར་དུ་ཁྲོ་བོའི་ལྷ་ཚོགས་ལ་འབུལ་བར་བཞེད་དོ། །དེ་ཡང་ཀཿཐོག་པའི་ཕྱག་ལེན་ལ། དྲིལ་བུ་གསུམ་བརྡུང་བྱེད། གཡས་པས་རྡོ་རྗེ་བསོར་ཞིང་ཞགས་བསྡོག་བྱེད། རྩ་སྡེའི་ཕྱག་ལེན་ལ། དུང་འབུད། ཆ་ལང་བརྡབས། ལྷ་ཆ་ཐམས་ཅད་འུར་གྱིས་བསྒྲགས་སོ། །དྲག་པོའི་ཕྲིན་ལས་ཀྱི་སྐབས་ཡིན་པས་སོ། །གསང་སྔགས་རྡོ་རྗེ་ཐེག་པའི་བསྒྲལ་བའི་ཞིང་ཆེན་ནི་བམ་སྐྱེ་བ་བདུན་པ་ཡིན་ཏེ། དེའི་དྲི་ནི་ངད་དཔུང་དཔུང་ཟེར་བ་ཡིན། བམ་འདི་དངོས་སུ་ཡོད་ན་མ་དང་མཁའ་འགྲོ་སྤྲིན་བཞིན་འདུ། སོ་སོའི་སྐྱེ་བོ་ཐ་མལ་བ་ཡིན་ན་བམ་འདིའི་ཤ་ཟོས་དྲི་ཚོར་ན་ངན་སོང་རྡོག་པས་ནོན་པར་གསང་སྔགས་ཀྱིས་རྒྱུད་གཞུང་ནས་གསུངས་སོ། །འདིར་ནི་དངོས་སུ་མ་ཡིན་ཡང་ཏིང་ངེ་འཛིན་གྱིས་བསྒོམ་མོ། །འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་སུ་རཀྟ་རྒྱ་མཚོའི་རྦ་རླབས་ཀྱི་ལི་ལི་ནི་ལྷ་ཚོགས་ཐམས་ཅད་ཀྱིས་གསོལ་བར་བསྒོམ་མོ། །ཞེ་སྡང་མ་སྤང་གནས་སུ་དག་པའི་རྟགས་སུ་ཀེཾ་རུས་མང་པོའི་ཚོགས་ནི་ཁྲ་ལ་ལ་བྱེད་པ་རུས་པའི་གྲམ་ཁྲོད་ལྷ་ཚོགས་རྣམས་ཀྱིས་གསོལ་བར་བསྒོམ་མོ། །གཏི་མུག་མ་སྤངས་གནས་སུ་དག་པའི་རྟགས་སུ་མཾ་ས་གལ་ཆེན་ཚོགས་ནི་ཐང་མར་བདལ་བ་ནི་ཤའི་རི་བོ་རྣམས་ལྷ་ཚོགས་ཐམས་ཅད་ཀྱིས་བཟའ་བར་བསྒོམ་མོ། །འདི་ལྟར་དུག་གསུམ་མཆོད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱིས་གཙང་ཙོག་མེད་པའམ་ཉོན་མོངས་པ་དུག་གསུམ་སྤང་བ་མེད་པར་ལམ་དུ་ཁྱེར་བའི་དོན་གྱིས་ན་ཤ་ཁྲག་རུས་གསུམ་གྱི་མཆོད་པ་བཤམས་པ་ལགས་མོད་ཀྱིས། འདི་འབུལ་བའི་ཞིང་ནི་ཉོན་མོངས་པ་ཚང་ཚིང་དད་འདྲ་བ་ཐམས་ཅད་བསྲེག་ཅིང་གདུག་པ་ཅན་འདུལ་བའི་དོན་ལ། རྟགས་བསྐལ་བ་མར་འགྲིབ་ཟད་པའི་དུས་མཐའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས་སྐུ་བཞེངས་པ་ལྟ་བུའོ། །བདུད་རུ་ཏྲ་ལ་སོགས་པ་དྲག་བྱེད་ཐམས་ཅད་འདུལ་བའི་ཕྱིར། བཅོམ་ལྡན་འདས་དཔལ་ཆེན་པོར་སྣང་ངོ་། །བཅོམ་ལྡན་ནི་གསང་སྔགས་ཀྱིས་བཤད་ལུགས་གཞན་དང་མཐུན་ལ། དཔལ་ནི་དཔལ་གསུམ་དང་ལྡན་པའོ། །ཆེན་པོ་ནི་གོང་ན་མེད་པའི་དོན་ནོ། །འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་སུ་གཡོན་གྱི་དུང་དམར་ཞལ་དུ་སྟོབ་པ་ནི། ཁྲག་འཐུང་ཅེས་བྱའོ། །ཧེ་དགྱེས་པ་འདི་ལ་བདག་ཏུ་དགྱེས་པ་དང་གཞན་དུ་དགྱེས་པ་གཉིས། རུ་ནི་ཆགས་པ་སྟེ། བདག་དོན་དུ་ཆགས་པ་དང་། གཞན་དོན་དུ་ཆགས་པ་གཉིས། ཀ་ཀ་ར་ན་མཛད་པ་ཡིན་ཏེ། ཆོས་རྗེ་གཙང་སྟོན་གྱིས། དཔལ་གསུམ་ཉིད་ལྡན་དགྱེས་པ་རྣམ་གཉིས་ཀྱིས། ཆགས་ག ཉིས་མི་གཏོང་འགྲོ་བའི་དོན་མཛད་པ། །ཅེས་ཧེ་རུ་ཀའི་བཤད་པ་ལ་དེ་ལྟར་དུ་གསུངས་སོ། །ཁྲག་འཐུང་རོལ་པའི་དཀྱིལ་འཁོར་འདི་ནི་སངས་རྒྱས་ཀྱི་ཞིང་ཡིན་ལ་ཉོན་མོངས་སྒྲོལ་བའི་མཛད་པའི་རྟགས་སུ་ཤ་རུས་ཁྲག་གསུམ་བཟའ། མཆོད་པ་འདི་རྣམས་ནི་འགྲོ་བའི་དོན་ལ་དཔེར་ན། ཡིད་བཞིན་གྱི་ནོར་བུ་ཆེ་ལ་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་བཞིན་དུ་མཆོད་པའི་ཚོགས་མི་འདྲ་བ་སྣ་ཚོགས་སུ་ཤར་བ་འདི་རྣམས་བདེ་བར་རོལ་བའམ། ཡང་ན་འགྲོ་བའི་དོན་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་བ་བཞིན་དུ། གང་ལ་གང་འདུལ་དེ་ལ་དེར་སྐུར་སྟོན་པའི་ཆེད་དུ་བདེ་བར་རོལ་སྟེ་མཆོད་པ་འདི་རྣམས་བཞེས་སུ་གསོལ་ཅེས་བྱས་ན་རུང་། ཚོགས་རྗེ་ཅེས་པ་ནི་ཚོགས་ཀྱི་རྗེ་བོ་ལ་བོས་པ་ལྟ་བུ། རྔམ་པའི་མཆོད་པ་ནི་དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འདི་བཞེས་སུ་གསོལ། ཀེང་རུས་ཚོགས་ལ་སོགས་པའི་མཆོད་པ། དེ་རྣམས་ཚོགས་ཞིང་རྣམས་ཀྱི་བསྟོད་པའི་ཚུལ་དུ་སྟོན་པར་བྱེད་ཅིང་ཁྱད་པར་དུ་ལོག་འདྲེན་གདུག་པའི་བདུད་དཔུང་འཇོམས་པར་མཛད་པའི། ཕྱིའི་མཁའ་འགྲོ་དུར་ཁྲོད་ཆེན་པོའི་གནས་བརྒྱད། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས་ལ་གནས་པའི་རང་རྒྱུད་པ་རྣམས་དང་། ནང་གི་མཁའ་འགྲོ་དེ་རྣམས་འདུལ་བར་བྱེད་པའི་སྤྲུལ་པ་རྣམས་དང་། དེ་ལྟ་བུའི་ཕྱི་ནང་གི་མཁའ་འགྲོ་མ་མང་པོའི་ཚོགས་དང་བཅས་པ་དང་། གཞན་ཡང་གདུག་པའི་སྟོབས་ཆེན་ཅེས་པ་ནི་ཆོས་སྐྱོང་མ་མགོན་མགར་གསུམ། དབང་མོ་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། དམ་ཅན་བཅུ་གཉིས། དྲེགས་པ་ཉི་ཤུ་རྩ་གཅིག །བསྭེ་ལྕགས་དུང་གསུམ་གྱི་ཚོགས་དང་། ལག་ཀ་བཅུ་དྲུག །འབར་མ་བརྒྱད། མ་བདུན་སྲིང་བཞི་དང་། ཕོ་ཉ་མང་པོའི་ཚོགས་ཅེས་པ་ནི་ཕོ་ཉ་དྲུག་ཅུ་རྩ་བཞི། གིང་ཕོ་མོ་བཅོ་བརྒྱད། དེ་ལྟ་བུའི་ལས་མཁན་ཕོ་ཉ་དང་བཅས་པ་ལ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་ཕུང་པོ། གཏི་མུག་ཤའི་རི་བོ་དེ་ལྟ་བུའི། དུག་གསུམ་རྒྱ་མཚོའི་མཆོད་པ་བཞེས་སུ་གསོལ། རྩ་སྡེའི་ཕྱག་ལེན་ལ། སྐབས་འདིར་སྔགས་ཀྱི་མཆོད་འབུལ་འདི་བཏགས། ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ་ཨ་མྲྀ་ཏ་ཧཱུྃ་ཁ་རཾ་ཁ་རཾ་ཏ་ཀི་ནི་ཡོ་ནི་དང་སྟྭཾ་བྷ་ག་ཏེ་ཨ་ལ་ལ་ཧོ། དགྲ་བགེགས་གདུག་པ་ཅན་གྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། སྐྱེ་མཆེད་བཅུ་གཉིས་ལ་ཁཱ་ཧི། རྣམ་ཤེས་ཚོགས་བརྒྱད་ལ་ཁཱ་ཧི། སྤྱི་དོན་ལྔ་པ་མཆོད་ཅིང་རོལ་པ་ནི། གོང་གི་ལྷ་མོ་བཞིའི་ཞུ་བ་བྱེད་པར་བསྒོམ་ལ། ཕྱག་ཚང་པས་ཚོགས་རྫས་བཏེག་ལ་འདི་སྐད་བརྗོད་དོ། །ཚོགས་རྫས་འདི་ལ་རྣམ་རྟོག་མི་རུང་བཞི་ཞུ་བ་ནི། ཀྱེ་གཟིགས་ཤིག་ཅེས་པ་ནི་ཚོགས་ཀྱི་གཙོ་བོ་ལ་བོས་པའོ། །འདོད་ཡོན་སྤང་བ་མེད་པར་ལམ་དུ་ཁྱེར་བ་ལ། མཛེས་ལྡན་དམ་པའི་ཆོས་ཡིན། འདི་ལ་བཟང་ངན་དང་གཙང་རྩོག་གི་རྣམ་རྟོག་བྱེད་མི་རུང་དཔེར་ན་བྲམ་ཟེ་གཙང་མ་དང་། ཁྱི་དང་གདོལ་པ་གཉིས་རྩོག་པ་ཡིན་ཏེ་འདི་གསུམ། རང་བཞིན་གཅིག་པ་ཉིད་དུ་རོལ་བའོ། །དེ་ཅི་ཡི་ཕྱིར་ཞེ་ན། གཟུང་འཛིན་གཉིས་ཀྱི་ནང་ནས་རག་པ་གཙང་སྨེ་གཉིས་ཡིན། གཙང་སྨེ་གཉིས་ཀྱི་རྟོག་པ་སྦྱང་བར་བྱེད་པ་ལ་བདུད་རྩི་ལྔ་ཉམས་སུ་ལེན་དགོས། འདི་ལ་མོས་པ་ཉམས་སུ་ལེན་པ་དང་། ནུས་པ་ཉམས་སུ་ལེན་པ་གཉིས། མོས་པ་ཉམས་སུ་ལེན་པ་ལ་ཏིང་ངེ་འཛིན་གྱི་ཉམས་ལེན་དང་། བཅུད་ལེན་གཉིས། དེ་གཉིས་ནི་ལས་དང་པོ་བའི་སྤྱོད་ཡུལ་ཡིན། ནུས་པ་ལམ་དུ་ཁྱེར་བ་ནི། ཕྱག་རྒྱ་སྤྲོས་པ་མཐར་ཕྱིན་ནས་ཤ་ལྔ་བདུད་རྩི་ལྔ་ཐུག་འཕྲད་དུ་ཉམས་སུ་ལེན། ཁྱི་ཤ་དང་། མཛེ་ཤ་དང་། ལུག་ཤ་གསུམ་ལ་ཁྱད་མེད། ཆང་དང་དྲི་ཆུ་གཉིས་ལ་ཁྱད་མེད་པར་ཉམས་སུ་ལེན་ཐུབ་དགོས། རྗེས་ཤེས་ལ་གཙང་རྩོག་ཤར་ཡང་ཚོམ་བུ་ཚོགས་བསྒྲུབ་བས་སྦྱངས་དགོས། ཟག་མེད་ཚེ་རྣམ་གཉིས་ཀྱི་སྐབས་སུ་ཕྱིན་པའི་དུས་སུ་མཉམ་རྗེས་མེད་པར་གཙང་རྩོག་འཛིན་པ་ཀ་ནས་དག་པའོ། །ཉོན་ཡིད་གཏན་ལྡོག་རེད་པའི་ཕྱིར་རོ། །ནུས་པ་ལམ་དུ་ཁྱེར་བའི་སྐབས་སུ་རྒྱ་གར་བ་རྣམས་ཀྱི་བདུད་རྩི་ལྔ་རང་དང་། ཤ་ལྔའི་ནང་ནས། ཤ་ཆེན་གྱི་སྐབས་ལ། ཁྱད་པར་དུ་མཛེ་ཤ་ཚོགས་ལ་བཤམ་པར་སྣང་། གཉིས་པ་ཚོགས་ལ་རོལ་བར་ཞུ་བ་ནི། ༀ་ནི་གླུའི་མགོ་འདྲེན། གསང་སྔགས་རྡོ་རྗེ་འཛིན་གྱི་ཚོགས་ཀྱི་གཙོ་བོ་སོགས་ཀྱི་སྒྲས་རྣལ་འབྱོར་ཕོ་མོ་རྣམས་དང་བཅས་པ་དགོངས་སུ་གསོལ། ཅེས་པ་ནི། གསན་པར་ཞུ་བས་ཞལ་གྱིས་ཕྱོགས། ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས་སུ་གསོལ་བྱས་ནའང་རུང་ངོ་། །ཚིག་རྐང་གསུམ་པོ་ནི་གོ་སླའོ། །གོང་གི་བྲམ་ཟེ་ནེས་པའི་སྐབས་ལ་གཏམ་རྒྱུད་འདི་ལྟར་དུ་གསུངས། སྔོན་རྒྱ་གར་གྱི་ཡུལ་ན་རྡོལ་བྱ་བ་དང་། བྲམ་ཟེ་ཁྱོ་ཤུག་གཉིས་ཡོད་སྐད། ཁོང་གི་ཁང་པ་དེ་ལྡིང་ཁང་གཉིས་ཡོད་སྐད། དེར་བྲམ་ཟེ་སྟེང་ཁང་དུ་བསྡད་ནས་ཆུང་མས་འོག་ཁང་དུ་འབྲས་ཐུགས་བཙོས། དེ་འཁར་གཞོང་དུ་ཁྱེར་འོང་ནས་གང་བྲམ་ཟེ་ལ་འདྲེན། གང་མོ་རང་གི་ཟ་བ་ཡིན་པ་ལས། གང་མང་བ་གཅིག་བྲམ་ཟེ་དེ་ཟ་སྐྱེན་པར་བྱུང་བས་ཆུང་མས་ཁོ་མ་འགྲངས་པར་ཚོར་ནས་ད་རུང་ཁྱེར་ནས་འོང་ངམ་བྱས་པས་ཁྱེར་རུང་ཟེར་སྐད། ལར་བྲམ་ཟེ་བྱ་བ་དེས་ཟས་ཟོས་པ་དང་། ཆོ་ག་མང་པོ་བྱ་དགོས་པ་ཡོད་དོ། །དེ་ནམ་དགའ་དགར་བཟའ་བར་མེད། དཀའ་ལས་ཆེ་གསུངས་སྐད། དེར་འོག་ཁང་དུ་སོང་བ་དང་། ཡུན་ཐག་རིང་གཅིག་ལོན་པས། བྲམ་ཟེ་དེ་ངང་ཐུང་ནས་བལྟས་པས། མོས་འབྲས་ཐུགས་ཁྱེར་ནས་བྱུང་བྲམ་ཟེ་ལ་དྲངས་བས། བྲམ་ཟེ་མོའི་ཞབས་ཁྲག་ཐིག་གཅིག་འདུག་པ་མཐོང་སྟེ། ཁོས་ན་རེ་ཁྱོད་ཀྱི་ཁྲག་དེ་མངལ་ཁྲག་ཡིན་ཏེ་འོང་བས་མི་འདོད་ཟེར། དེར་མོས་ན་རེ་འདི་མངལ་ཁྲག་མིན། ང་ལ་ལོ་རྒྱུས་ཡོད་ཟོ་དང་བྱས་པས། དེར་ཁོས་འགྲངས་པར་ཟོས་ཏེ་ལོ་རྒྱུས་ཤོད་བྱས་པས། མོས་ན་རེད་མཁའ་འགྲོ་མ་ཡིན། ད་ཀྱི་ཡུལ་པ་ལ་པུ་ཏྲ་བྱ་བར་རྒྱལ་པོ་བསད་པས། ངས་དེའི་རོ་ཁྱེར་ནས་འོང་སྟེ་དྷི་ཝི་ཀྲོ་ཏྲ་བྱ་བར་བསྐྱལ་ནས་ཡོད། དོ་ནུབ་མཁའ་འགྲོ་མ་ཐམས་ཅད་དྷེ་ཝི་ཀོ་ཏྲ་ར་འཚོགས་ནས་ཚོགས་ཀྱི་འཁོར་ལོ་བྱེད། ང་ཡང་དེར་འགྲོ་དགོས་པས་ཁྱོད་དང་དེ་རིང་བས་འགྲོག་ཡུན་མེད་སྐད། དེ་ནས་རྡོལ་ནས་པ་ལ་པུ་ཏྲར་འགྲོ་བ་ལ་མི་གཤའ་མ་འགྲོ་བའི་ལམ་ལ་ཟླ་བ་ཕྱེད་ཡོད། པ་ལ་པུ་ཏྲ་ནས་དྷེ་ཝི་བ་ཀོ་ཏྲར་འགྲོ་བ་ལ་ཟླ་བ་ཕྱེད་ཡོད། དྷེ་ཝི་ཀོ་ཏྲ་ནས་རྡོལ་དུ་འགྲོ་བ་ལ་ཟླ་བ་ཕྱེད་ཡོད་སྐད། མོས་ཟླ་བ་ཕྱེད་གཉིས་ཀྱི་ལམ་དལ་གཅིག་ལ་འཁོར་ནས་བྱུང་སྐད། དེར་བྲམ་ཟེ་མོ་ལ་ངའང་ཁྲིད་པར་ཞུ་བྱས་པས། མོས་ན་རེ་ཁྱོད་བྲམ་ཟེ་བྱ་བ་ཤིན་ཏུ་རྣམ་རྟོག་ཆེ་བས་གསང་སྔགས་ཀྱི་སྣོད་མ་ཡིན་པས་མི་ཁྲིད་བྱས་པས། བྲམ་ཟེ་མོ་འོ་སྐོལ་གཉིས་དེ་ཙམ་གཅིག་འགྲོགས་འགྲོགས་ནས་དང་མི་ཁྲིད་དམ་རྣམ་རྟོག་མི་བྱེད་བྱས་པས། ཕ་ཀི་དེར་ཁྲིད་པར་ཁས་བླང་པས་དོ་ནུབ་ས་སྲོས་ཙམ་ན་མོའི་རྫུ་འཕྲུལ་ལ་བརྟེན་ནས་འོང་བས། ཅི་ཙུག་ཡིན་ཆ་མེད་པར་དྷེ་ཝི་ཀོ་ཏྲར་ཕྱིན་པ་དང་། དེ་ན་མཁའ་འགྲོ་མ་མང་པ་ལ་ལས་མི་རོ་མང་པོ་ཁྱེར་ནས་བྱུང་། ལ་ལས་རྟ་རོ་མང་པོ་ཁྱེར་ནས་བྱང་། ལ་ལས་ཤིང་ཐོག །ལ་ལས་སྤོས་ཀྱི་བྱེ་བྲག །ལ་ལས་ཆང་། ལ་ལས་དྲིའི་བྱེ་བྲག་མང་པོ་ཁྱེར་ནས་བྱུང་སྐད། དེར་མཁའ་འགྲོ་ཐམས་ཅད་འདུས་པ་དང་མི་རོ་གཅིག་གིས་ཐོད་པ་བཀོག་སྟེ། ཐོད་པ་ཤ་བཀྲ་བ་གཅིག་གིས་ཆང་ལྷུབ་ཀྱིས་བཅུས་ནས་མཁའ་འགྲོ་མ་ཐམས་ཅད་ཀྱིས་ཧུབ་བསྐོར་བྱས་ཏེ་བྲམ་ཟེ་ལ་དྲངས་པས། བྲམ་ཟེ་ཐོད་པའི་ཕྱོགས་སུ་ཡང་མི་བསྙེན། ཆང་གིས་ཕྱོགས་སུ་ཡང་མི་བསྙེན་པ་ཡིན་པས། ཁོས་སྣ་བཀབ་པས་མ་འདོད་སྐད། དེར་མཁའ་འགྲོ་མ་ཐམས་ཅད་ཀྱིས་བརྐྱངས་ནས་ཧུབ་གཅིག་འཐུང་བྱས་པས། ཁྱད་པར་དུ་ཁོ་རང་གི་ཆུང་མས་འདི་ལ་ཧུབ་གཅིག་འཐུང་བྱས་པས་ཀྱང་མ་བཏུབ་བོ། །དེར་མཁའ་འགྲོ་མ་གཅིག་གིས་ཁོ་རང་གི་སྤར་བ་ཟེད་དུ་བཅུག །དེར་མེ་ཏོག་ཕུལ་རང་གི་ཕྱག་གིས་བཀབ་ཁོ་ལ་མིག་བཙུམ་གཅིག་གསུང་ནས་དེར་ཁོས་མིག་བཙུམ་པས། དེ་ཏེ་ཞག་བདུན་ན་འདིར་ཤོག་ཟེར་ཙམ་ན། ཅི་ལྟར་ཡིན་ཆ་མེད་པར་ཁོ་རང་ཁྱིམ་གྱི་མལ་ས་རྙིད་པར་ཕྱིན་ནས་འདུག་སྟེ། དེར་ཁོ་ན་ནས་ཞག་བདུན་ནས་ཤི་སྐད། ད་ལྟའི་ཆང་དེ་ལ་ཧུབ་གཅིག་འཐུང་ན་དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཏེ། དེའི་ཕྱིར་མཁའ་འགྲོ་མའི་ཅི་གསུང་ཉན་དགོས་སྐད། ཅེས་གསུངས་སོ། །རྡོ་རྗེ་སློབ་དཔོན་གྱིས་ལན་བཏབ་པ་ལ་གསུམ་སྟེ། ཚོགས་གཉིས་འདོད་དོན་ལམ་གྱི་དོན་ལ་མཉེས་པ་དང་། ཚོགས་ཀྱི་རང་བཞིན་སྐུ་གསུམ་དུ་བསྟན་པ་དང་། དེའི་རྒྱུ་ཡོ་བྱད་ལམ་དུ་ཁྱེར་བའོ། །དང་པོ་ནི། རང་བྱུང་ཡེ་ཤེས་ཆེན་པོ་ལས་བྱུང་བའི་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆེན་འབར་བའི་དོན་གྱིས་ན་ཉོན་མོངས་པ་རང་རྒྱུད་བསྲེག་གོ། །འདོད་ཡོན་སྤངས་པ་མེད་པར་འདི་འདྲའི་བདེ་བ་ཐོབ་ནས་ནི། རྣལ་འབྱོར་ཕོ་མོ་ཀུན་གྱིས་ཨ་ཧོ་མ་ཧཱ་སུ་ཁ་བརྗོད་དགོས་སོ། །ཨ་ལ་ལ་ནི་ངོ་མཚར། ཧོ་ནི་དགྱེས་པ། མ་ཧཱ་ནི་ཆེན་པོ། སུ་ཁ་ནི་བདེ་བ། ཧཱུྃ་ནི་སྡུད་པའོ། །གཉིས་པ་ཚོགས་ཀྱི་རང་བཞིན་སྐུ་གསུམ་དུ་བསྟན་པ་ལ་གཉིས་ཏེ། དང་པོ་ཚོགས་ཀྱི་དལ་སྐུ་གསུམ་དུ་ངོ་སྤྲད་པ་ནི། འདོད་ཡོན་ལྔ་ལ་ཅི་ལྟར་སྤྱོད་ན་ཡང་སྟོང་པ་ཉིད་ལ་བློ་འབྱོར་དགོས་པས་དེའི་རྟགས་སུ་དམ་པ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འབྱུང་། སངས་རྒྱས་དེའི་དབྱེ་བ་ལ་བདེ་མཆོག་ནི་ཆོས་སྐུ། བདེ་མཛད་ནི་སྤྲུལ་སྐུ། བདེ་བར་མཛད་པའི་ནི་ལོངས་སྐུའོ། །སྐུ་གསུམ་དབྱེར་མེད་པའི་དོན་ནི། རིག་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་ཡིན་སྟེ་གསང་སྔགས་ཀྱི་ཚོགས་གཉིས་འདི་ལ་ལོངས་སྤྱོད་ན་རྡོ་རྗེའི་སེམས་དཔའི་གོ་འཕང་ཐོབ་བོ། །གཉིས་པ་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་ནི། རྡོ་རྗེ་སེམས་དཔའ་དེ་ཐོབ་པའི་རྒྱུ་ནི་རྩ་བ་བྱང་བ་སྟོང་པའི་རང་བཞིན་ཡི་གེ་འདོད་ཡོན་ལང་ཅི་ལྟར་སྣང་ཡང་རང་རྒྱུད་དུ་མ་གྲུབ་པའི་དོན་ནོ། །ཆུབ་པ་སྣང་བའི་རང་བཞིན་ཡིན་ཏེ་འདོད་ཡོན་ལྔ་འགགས་མེད་དུ་ཤར་ཞིང་སྣང་བས། སེམས་རིག་པའི་རང་བཞིན་སྣང་སྟོང་གཉིས་སུ་མེད་པ་དོན་རྟོགས་པའི་ཡེ་ཤེས་ཀྱིས་རིག་པས་རིག་པ་ནི་གནད་ཤིན་ཏུ་ཆེའོ། །བྱང་ཆུབ་སེམས་རིག་ན་ནི་དངོས་གྲུབ་ཀྱིས་མཆོག་སངས་རྒྱས་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་དོན་རིག་ན་མི་བསླུ་མི་འགྱུར་བའི་ཡང་དག་ཉིད་ཅེས་བྱའོ། །འོད་དང་མངོན་ཤེས་མངའ་ལ་སོགས་པ་ལྡན་ཡང་གནོད་སྦྱིན་ཆོས་མི་ཤིས་ཅེས་པའི་དོན་ནི། བྱང་ཆུབ་སེམས་མ་རྟོགས་པར་ལུས་ལ་འོད་བྱུང་བ་དང་། ཟག་བཅས་ཀྱི་མངོན་ཤེས་མངའ་བ་དང་། བྲག་ལ་ཐོག་པ་མེད་པ་དང་། ཆུ་ལ་མི་བྱིང་བ་དང་། དེ་ལ་སོགས་པའི་རྫུ་འཕྲུལ་ནི་འཇིག་རྟེན་གྱི་ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་དང་། བདུད་དང་མུ་སྟེགས་ཅན་ལའང་ཡོད་དེ། དེ་དག་ནི་སངས་རྒྱས་ཀྱི་དངོས་གྲུབ་ག་ལ་ཐོབ་སྟེ། ཆོས་ཉིད་ཟབ་མོའི་དོན་མ་རྟོགས་པའི་ཕྱིར་རོ། །དེ་བས་བྱང་ཆུབ་སེམས་རྟོགས་ན་ཐུན་མོང་གི་དངོས་གྲུབ་མ་བྱུང་ཡང་། མཆོག་གིས་དངོས་གྲུབ་འདི་ཡིན་ནོ། །གོང་གི་མངོན་ཤེས་མངའ་བ་ཞེས་བྱ་བ་འདི་ལ་ཡིག་ཆ་འགའ་ཞིག་ལ་གྲངས་ཀྱིས་ལྔ་ཟེར་བ་སྣང་སྟེ། ཡི་གེ་མི་དག་པ་ཨེ་ཡིན་སྙམ་མོ། །ཟག་བཅས་ཟག་མེད་ཀྱིས་མངོན་ཤེས་ལྔ་ཀ་ཤེས་ན། ལྡན་ཡང་གནོད་སྦྱིན་མི་ཤེས་ཟེར་བ་དང་འགལ་ལོ། །བཀའ་བསྟན་ཆོས་ཀྱིས་གཞུང་ལུགས་དང་བསྟུན་ན། དེ་ཡང་ལྷའི་རྣ་བ་དང་མིག་གི་མངོན་ཤེས་གཉིས་ནི། རྣ་བ་དང་མིག་གིས་མངོན་ཤེས་ཁྱད་པར་ཅན་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཡིན་ལ། ལྷག་མ་བཞིན་ཡེ་ཤེས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཡིན་ནོ། །ཅེས་གསུངས་སོ། །གསུམ་པ་ཡོ་བྱད་ལམ་དུ་ཁྱེར་ནས་འདོད་ཡོན་ཚོགས་སུ་བསྟན་པ་ལ་གསུམ་ལས། དང་པོ་བགོ་བ་དང་བཟའ་བའི་ཡོ་བྱད་ནི། སྟོང་ཉིད་ཟབ་མོའི་དོན་རྣལ་མ་ལ་རང་རིག་པའི་བློ་འབྱོར་བས་ན་རྣལ་འབྱོར་ཅེས་བྱའོ། །རིག་འཛིན་ལ་གསུམ་སྟེ། སར་ཆུད་པ་དང་། སར་གནས། སར་སྨིན་པ་དང་གསུམ་མོ། །འདིར་ནི་ཟག་བཅས་གསང་སྔགས་ཀྱིས་སོར་ཆུད་པའི་རིག་འཛིན་ཅན་ནོ། །དམ་ལྡན་པས་ཅེས་པ་ནི་རྡོ་རྗེའི་མིང་སྲིང་ལྕམ་དྲལ་ལ་བྱའོ། །ན་བཟའ་དང་ནི་ཅེས་པ་ལ་ཞི་ཆས་དང་། ཁྲོ་ཆས་གཉིས། ཞི་བ་ལ་སྐུའི་སྟོད་གཡོག་དང་། གསུང་གི་སྨད་དཀྲིས་དང་། ཐུགས་ཀྱི་ཟེ་ཁབ་དང་། ཕྱག་རྒྱ་ཕུ་རུང་དང་། གསང་གཡོབ་དང་། གསང་ནན་དང་། ཀུན་ལ་ཁྱབ་པའི་ཆོས་གོས་ལ་སོགས་པའི་རྒྱན་དང་བདུན་ནོ། །ཁྲོ་བོ་ལ་གླང་ཆེན་གྱི་ཀོ་རློན་དང་། སྟག་ལྤགས་ཀྱིས་ཤམ་ཐབས། ཞིང་ལྤགས་ཀྱིས་རྐེད་ཆིངས། ཐོད་པའི་ཕྲེང་བ་རྣམས་སོ། །རྒྱ་གར་གྱི་ཚོགས་ནང་ན་འདི་རྣམས་དངོས་སུ་བྱེད་པ་མཐོང་ངོ་། །འདིར་ནི་ཏིང་ངེ་འཛིན་ཙམ་ཡིན་ནོ། །ཞལ་ཟས་རྣམས་ཅེས་པ་ནི། ཤ་དང་། མར། ཁུར་བ། ལ་དུ། བུ་རམ། སྦྲང་རྩི། ཤིང་ཐོག །ཟན་ལ་སོགས་པ་བཟའ་བའི་བྱེ་བྲག་རྣམས་དང་། ཞོ། ཆང་། དགུན་ཆང་། འབྲས་ཆང་། བུ་རམ་ཆང་། ཚབ་ཚ། སྦྲང་ཆུ་ལ་སོགས་པའི་བཏུང་བའི་བྱེ་བྲག་རྣམས་སོ། །བསྒྲུབ་པའི་རྫས་སུ་དབང་བསྐུར་སྟེ་ཅེས་པ་ནི་བགོ་བ་དང་བཟའ་བཏུང་དེ་རྣམས་ལ། མ་འགག །མི་དམིགས། དབྱེར་མེད་པ་བྱང་ཆུབ་སེམས་སུ་རྟོགས་ན་གྲུབ་པའི་རྫས་སུ་དབང་བསྐུར་བའམ། དབང་བསྒྱུར་བ་ཡིན་ཏེ། དེ་ལྟ་བུའི་སྒོ་ནས་ན་བཟའ་དང་བཟའ་བ་རྣམས་གསོལ་ན་དངོས་གྲུབ་མཆོག་སྟེ་འབྲས་བུ་སངས་རྒྱས་ཐོབ་པར་འགྱུར་བའོ། །གཉིས་པ་གླུ་ཚིག་སྒྲའི་ཡོ་བྱད་ནི། ཚོམ་བུ་ཚོགས་སྒྲུབ་ཀྱི་སྐབས་ལ། གླུའི་བྱེ་བྲག་རིགས་ལྔའི་གླུ་ལེན་ལུགས་ཡོད་ཀྱང་། རྣལ་འབྱོར་རིག་འཛིན་འབྲུ་མཐུན་ལ། འདིར་གླུ་ནི་དབྱངས་རྟ་ལ་མཁས་པ་དང་ཚིགས་ནི་ཚིགས་སུ་བཅད་པ་དུ་མ་རྣམས་དང་ལྡན་པ། དེ་དག་གིས་སྒྲ་རྣམས་ནི་སྒྲ་དེ་དག་མ་འགག་མི་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་རིག་པ་ནི། སྒྲ་གྲགས་སྟོང་དབྱེར་མེད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། གྲགས་སྟོང་དབྱེར་མེད་ཀྱི་ངང་ནས་བསྒྲག་ན་དངོས་གྲུབ་ཀྱིས་མ་ཆོག་སངས་རྒྱས་ཐོབ་པར་འགྱུར་བའོ། །གཞན་ཡང་སྐབས་འདིར། རོལ་མོའི་སྒྲ་སྐད་སྣ་ཚོགས་ལམ་དུ་ཁྱེར་དགོས་ཏེ། ཚིགས་རྒྱུད་ལས། བསྒྲུབ་མཆོག་གསང་བའི་རྣལ་འབྱོར་པ། །སྐྱེ་བོའི་ཡིད་རྣམས་གསང་ཕྱིར་དང་། །གཏི་མུག་མུན་པ་གཞོམ་པའི་ཕྱིར། །དུང་དང་མཁར་རྔ་རྫ་རྔ་དང་། །ཅང་ཏེའུ་པི་ཝང་ཀ་ཀོ་ལ། །སྙན་པར་སྒྲོགས་པའི་རྫས་རྣམས་ཀུན། །སྣ་ཚོགས་འབྱུང་པའི་རོལ་མོ་སྟེ། །ཉེར་རྫོགས་དུས་ནི་སྦྱར་བར་བྱ། །ཅེས་གསུངས་སོ། །གསུམ་པ་བྲོ་གར་འདུ་འཕྲོའི་ཡོ་བྱད་ནི། རྣལ་འབྱོར་རིག་འཛིན་ནི་འབྲུ་མཐུན་ལ། བྲོ་གར་གྱི་སྐབས་ལ་རྣལ་འབྱོར་ཕོ་མོ་ལྷར་གསལ་བའི་ངོས་ནས་བྲོ་དང་གར་བྱེད་དགོས་ཏེ། ཚོམ་བུ་ཚོགས་བསྒྲུབ་ལེའུ་བདུན་པ་ལས། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །དབུས་ནས་ཤར་ཕྱོགས་ཁ་བལྟས་ཏེ། །སེང་གེའི་སྟབས་སུ་མཆོད་པར་བྱ། །ཅེས་གསུངས་པས། རིགས་ལྔ་ལ་གླུ་བྲོ་མི་འདྲ་བ་ལྔ་གསུང་ཀྱང་། འདིར་ཏིང་ངེ་འཛིན་གྱི་སྒོ་ནས་རང་ཉིད་ལྷ་ཡབ་ཡུམ་གྱི་ང་རྒྱལ་གྱིས་རྐང་པའི་བྲོ་དང་ལག་པའི་གར་གྱི་མཆོད་པར་བྱས་ཏེ། དེ་ཡང་བྲོ་བརྡུང་བ་དང་གར་བྱེད་པའི་དུས་དེ་ཉིད་ན་འོད་ཀྱིས་འདུ་འཕྲོར་བྱིན་གྱིས་བརླབས་པ་ནི། འོད་ཟེར་ཕར་སྤྲོས་ཁམས་གསུམ་གྱི་སེམས་ཅན་ལ་ཕོག །ཡི་དམ་ལྷའི་སྐུར་གྱུར། སངས་རྒྱས་ཐམས་ཅད་ལ་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་དངོས་གྲུབ་རྣམ་གཉིས་སྟེར་བར་བསྒོམ་མོ། །བྲོ་གར་གྱི་དུས་སུ་མ་འགགས་མི་དམིགས་དབྱེར་མེད་བྱང་ཆུབ་སེམས་སུ་རྟོགས་ན་དངོས་གྲུབ་མཆོག་ཀྱང་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་ཚུལ་དུ་རྣལ་འབྱོར་ཕོ་མོ་ཀུན་གྱིས་ལུས་པདྨ་གར་གྱི་ཕྱག་རྒྱ་དང་། ངག་དབྱངས་དང་། སེམས་ཏིང་ངེ་འཛིན་གྱི་སྒོ་ནས་ཚོགས་རྫས་ལེན་པ་བྱའོ། །ལྔ་པ་ཨཱ་ལི་ཀཱ་ལིའི་ཡོ་བྱད་ནི། རྒྱ་གར་བ་རྣམས་ཀྱི་ཚོགས་ནང་ན་བྱེད་པར་སྣང་། མི་རོ་དང་། རྟ་རོ་དང་། བར་རྣམས་དངོས་སུ་བསྒྲལ་ནས་ཚོགས་བྱེད། ཕྱག་རྒྱ་མོ་མཚན་ཉིད་དང་ལྡན་པ་ཡིན་ན་ཆགས་རྟོག་ལམ་དུ་ཁྱེར་ནས་སྦྱོར་མཆོད་འབུལ་བ་ཡིན་ནོ། །ཚིགས་ཙམ་གྱི་སྦྱོར་མཆོད་ནི། གཏེར་མ་ལ་སྣང་ཡང་། འདི་ན་མི་འདུག་གོ། །ད་ནི་སྨན་མཆོད་ཀྱི་དོན་ལ་གཉིས་ཏེ། དང་པོ་ཞུ་བ་ནི། ཐབས་རྫས་བཞག་ལ། ཛ་གད་བཟུང་ལ་སྔར་གྱི་གསང་བའི་ལྷ་མོ་བཞིས་ཞུ་བར་བསམ་ལ་འདི་སྐད་དོ། །ཧཱུྃ་ཆ་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་ལྷ་བསྒོམ་པའམ། ཡེ་ཤེས་ལྔའི་རང་གཟུགས་རིགས་ལྔའི་དལ་གང་ཡིན་པ་དེ་ཚོགས་ཀྱི་གཙོ་བོ་དེས་ཅི་མཛད་ན། གདུལ་བྱ་འགྲོ་བ་རྣམས་ཀྱིས་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་དོན་མཛད། ཁྱད་པར་དུ་ད་རེས་འདིར་ཚོགས་བསགས་པའི་ཞིང་མཛད་པའོ། །གཏན་ཚིགས་དེ་བས་ན་ཧཱུྃ་མཛད་ཅེས་བྱའོ། །ཧཱུྃ་གིས་ཐུགས་དམ་བསྐང་བ་ནི་ད་རེས་འདིར་ཧཱུྃ་ནི་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་ནོ། །བདུད་རྩི་ལྔ་མ་འགག་མི་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་རྟོགས་པ་ནི་ཐུགས་དམ་བསྐང་བའོ། །དེ་ལ་བདུད་རྩི་ལྔ་ངོས་བཟུང་བ་ནི། གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱིས་གཙང་གཙོག་མེད་པ་ལམ་དུ་ཁྱེར་བ། བྷནྡྷ་ལྕང་ལོ་དང་བཅས་པའི་སྣོད་པདྨ་བྷནྡྷ་དེ་རུ། ཚེ་འཛིན་ལ་བཤད་པ་མང་ལ་མར་ཁུ་ལ་ཚེ་འཛིན་ཆང་ལ༴ པདྨ་རཀྟ་ལ༴ བྱང་སེམས་ལ༴ ད་རེས་འདིར་བྱང་སེམས་ལ་ཚེ་འཛིན་ཅེས་སོ། །མཆོག་གི་སྟེ་མི་ཤ་ཡིན་སྟེ་མཆོག་ཆེན་མེ་ལ་བྱའོ། །དམར་ཆེན་དམ་པས་བསྐང་བ་ནི་རཀྟ་ལ་བྱའོ། །རཀྟའི་ནད་ནས་ཀྱང་ཡུམ་གྱི་པདྨའི་ཟིལ་ཏིག་ཡིན་སྟེ། དྲི་དང་ནི་དྲི་ཆེན་པོ་རཀྟ་ཁ་ནི་རཀྟ་གཙོ་ཆེ་བ་ལ་བྱའོ། །རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་ལས་ཀྱི་ཆུ་དང་ནི་རྡོ་རྗེ་སློབ་དཔོན་གྱིས་དྲི་ཆུའོ། །པཉྩ་ནི་ལྔ་ཨ་མྲྀ་ཏ་དང་དེ་རྣམས་ནི་བདུད་རྩི་ལྔའོ། །སྤྱིར་བདུད་རྩི་ལྔ། ཤ་ལྔ་ནི་སྨན་སྒྲུབས་ཀྱི་གཙོ་བོ་ཡིན་པར་ཤེས་པར་བྱའོ། །ཤ་ལྔ་ནི་ཤ་ཆེན་སྟེ་མི་ཤ་དང་། མཁའ་ལྡིང་སྟེ་རྨ་བྱའི་ཤ་དང་། ཤེལ་སྒོང་ལ་འདོད་པ་མང་སྟེ། ད་རེས་འདིར་སྨན་སྣ་ཚོགས་བསྡུས་པ་ལ་འབྲང་རྒྱས་ཅེས་བྱའོ། །དེ་ལྟ་བུའི་གཟུགས་ཀྱི་ཚོགས་ལ་སོགས་ཀྱིས་སྒྲས། གླང་ཆེན་གྱི་ཤ་དང་། རྟའི་ཤ་དང་། སེང་གེའི་ཤ་དང་། གླང་ཆེན་མེད་ན་གཡག་ཞོལ་པོའི་ཤ་དང་། རྨ་བྱ་མེད་ན་བྱ་ཝང་ཤ་དང་། སེངྒེ་མེད་ན་ཁྱི་དཀར་ཤ་དང་དེ་ཤང་ཤང་མེད་ན་ཕ་ཝཾ་ཤ་དང་དེ་རྣམས་སོ། །དེ་ལྟ་བུའི་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་ལྔ་ཚན་གྱིས་སྨན་ཆེན་ལྔ་དང་། ད་རེས་འཆི་མེད་བདུད་རྩི་ལྔ་ལ་ཚེ་འཛིན་པ་དང་། དེ་རྣམས་ཀུན་ལྷན་གཅིག་རུ་བསྲེབ་ལ་བྱི་ལ་སེ་ཞེས་བྱའོ། །སྨན་སྒྲུབས་ཀྱི་དབང་དུ་བྱས་ན་དེ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་ཁྲོལ་བུའི་བསྒྲུབ་པ་བྱའོ། །དེ་ནས་རྐམ་ཕྱེའི་བསྒྲུབ་པ། སྦྱང་བ་བྱེད་པ་ལ། དམ་པ་རིགས་བརྒྱའི་སྦྱང་བ། དེ་ཉིད་རིགས་ལྔའི་སྦྱང་བ། གསང་ཆེན་རིགས་གཅིག་གི་སྦྱང་བ་སོགས་དགོས་སོ། །སྦྱོར་དང་ཞེས་པ་ནི་སྨན་རྩ་བརྒྱད་སྟོང་ལ་སྦྱོར་ཅེས་སོ། །སྒྲོལ་བ་ནི་བམ་སྐྱེ་བ་བདུན་པ་ལ་སྒྲོལ་པའོ། །དེ་ལྟ་བུའི་སྦྱོར་བ་དང་། སྒྲོལ་བའི་བདུད་རྩི་མཆོག་ཉིད་ཀྱིས། ཧཱུྃ་མཛད་ནི་ཚོགས་ཀྱི་གཙོ་བོ་ལ་བྱའོ། །ཧཱུྃ་གིས་ནི་ཤ་ལྔ་བདུད་རྩི་ལྔའི་ངོ་བོ་ཡེ་ཤེས་ལྔ་ལ་བྱའོ། །ཐུགས་དམ་བསྐང་བར་མཛོད་ནི་མ་འགགས་མི་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་རྟོགས་ནས་ཤ་ལྔ་བདུད་རྩི་ལྔ་ལམ་དུ་ཁྱེར་བའོ། །རྣལ་འབྱོར་ཕོ་མོ་རྣམས་ཀྱི་སརྦ་པཉྩ་ཨ་མྲྀ་ཏ་ཨ་ལ་ལ་ཧོ། ཅེས་ལེན་པར་བྱའོ། །དེ་ནས་སྨན་མཆོད་ལ་གཉིས་ཏེ། སྨན་གྱི་ཆེ་བ་བརྗོད་པ་དང་། སྨན་མཆོད་དངོས་སོ། །དང་པོ་ནི། ཧོ་ནི་དགྱེས་པའོ། །ཅིའི་ཕྱིར་ཞེ་ན། ཤ་ལྔ་བདུད་རྩི་ལྔ་སྤང་མ་དགོས་པར། རང་བྱུང་འདོད་ནས་རྣམ་པར་དག་པའི་དོན་ནི། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ཡིན་ནོ། །དེ་ལ་ཕྱིའི་སྨན་རྩ་བརྒྱད་ནི། རྩ་བ། སྡོང་པོ། ཡལ་ག །ལོ་མ། མེ་ཏོག །ཤུན་ལྤགས། ཐང་ཆུ། འབྲས་བུ་དེ་བརྒྱད་དོ། །ནང་བམ་གཙང་མ་བླང་བའི་རྩ་བ་བརྒྱད་ནི། ཕའི་རྒྱུད་ལས་བྱུང་བའི་རྩ་བ་གསུམ་ནི། ཀླད་པ། རུས་པ། རྐང་དང་གསུམ། མའི་རྒྱུད་ལས་བྱུང་བ་གསུམ་ནི། ཤ །ཁྲག །པགས་པ་དང་གསུམ། ཕའི་རྒྱུད་ལྷག་ཚིལ་བུ་དང་། མའི་རྒྱུད་ལྷག་རྐང་མར་དང་གཉིས་སྦྱར་སྟེ་བརྒྱད་དོ། །གསང་བ་རྣམ་ཤེས་ཚོགས་བརྒྱད། དེ་མེད་དུ་མི་རུང་བའི་རྩ་བ་བརྒྱད་དང་གསུམ་མོ། །ཁ་ཅིག་གིས་རྩ་བརྒྱད་ནི། བདུད་རྩི་ལྔ་ཆུ་གཙང་ཆང་དང་འོ་མ་གསུམ་དང་བརྒྱད་ཡིན་གསུངས། དྲི་ཆེན་གྱི་རྩ་བ་བརྒྱད་ནི། བླ་མ་གྲུབ་ཐོབ་ཀྱི་དྲི་ཆེན། འབྲས་ལྔ་བརྒལ་བའི་དྲི་ཆེན། ཀུ་ཀུ་ར་ཙའི་དྲི་ཆེན། མེ་ཏོག་དྲི་ཆེན་སྦྲང་རྩི། བྱ་སྣ་ཚོགས་ཀྱི་དྲི་ཆེན། ཉ་སྣ་ཚོགས་ཀྱིས་དྲི་ཆེན། གླང་པོ་ཆེའི་དྲི་ཆེན་དང་བརྒྱད་དོ། །བྱང་ཆུབ་སེམས་ཀྱི་རྩ་བ་བརྒྱད་ནི། རུས་པ་མཐར་ཕྱིན་སོ། །དབང་པོ་མཐར་ཕྱིན་མིག་འབྲས། ཤ་རུས་མཐར་ཕྱིན་སེན་མོ། བྱང་སེམས་མཐར་ཕྱིན་རུས་ཐིག་དང་གདུང་ཤ་རི་རམ། བྱང་སེམས་མཐར་ཕྱིན་ཀོ་རོ་ཙ་ན། རྒྱུ་ལམ་གཞུང་པ། བྱང་སེམས་རོ་བརྒྱན་གསང་རྟེན་འབྲེལ་དང་བརྒྱད་དོ། །མང་སའི་རྩ་བ་བརྒྱད་ནི། ལག་པའི་ཤ་གཉིས། བྱིན་པའི་ཤ་གཉིས། ལྕེ། གློ་སྙིང་། མཁལ་མ། གཞང་དང་བརྒྱད་དོ། །རཀྟའི་རྩ་བ་བརྒྱད་ནི། ཁྱི་དཀར་ཁྲག །རྟ་ཁྲག །མ་ཧེའི་ཁྲག །བམ་གྱི་ཁྲག །ཡབ་ཀྱི་སྣ་གཡས་ཀྱི་ཁྲག །ཡུམ་གྱི་པདྨའི་ཁྲག །འབྲས་བུ་ཆེན་པོ་བསྒྲལ་བའི་ཁྲག །བྱ་རྒོད་ཁྲག་སྟེ་མུ་ལ་བརྒྱད་དོ། །དྲི་ཆུའི་རྩ་བ་བརྒྱད་ནི། རྒྱ་མཚོ་སྦུ་བའི་ཆུ་དང་། བྲག་ཞུན་རྡོ་རྗེའི་ཆུ། བདུད་རྩི་ཅོང་ཟིའི་ཆུ། ལན་ཚྭ་ལྷག་ཚུན་བྱང་སེམས་ཆུ། ཡུམ་གྱི་དྲི་ཆུ། ཡབ་ཀྱི་རྡོ་རྗེ་ཆུ། འབྲས་བུ་བསྒྲལ་བའི་ཆུ། བམ་གྱི་སྒང་ཆུ་དང་བརྒྱད་དོ། །གཞན་ཡང་། སེངྒེའི་ཤ་ལ་སོགས་སྡེར་ཆགས་སྣ་ཚོགས་གིས་ཤ་སྣ་བརྒྱད། གླང་ཆེན་ལ་སོགས་རྨིག་པ་ཁ་བྲག་སྣ་ཚོགས་གིས་ཤ་སྣ་བརྒྱད། རྨ་བྱའི་ཤ་ལ་སོགས་འདབ་ཆགས་སྣ་ཚོགས་ཀྱི་ཤ་སྣ་བརྒྱད། ཤང་ཤང་ཏིའུ་ལ་སོགས་གདོད་པ་ཅན་སྣ་ཚོགས་ཀྱི་ཤ་སྣ་བརྒྱད་དོ། །སྟོང་ལ་སྦྱར་བའི་སྨན་ནི་སྨན་རིག་སྣ་ཚོགས་བསྡུ་བ་ལ་བྱའོ། །སྟོང་གི་རྣམ་གྲངས་ནི་འདིར་ཡི་གེ་མང་གི་དོགས་པའི་ཕྱིར་མ་བྲིས་སོ། །རྩ་བརྒྱད་སྟོང་སྦྱར་གྱི་སྨན་གྱིས་རྩ་བ་ནི་ཤ་ལྔ་བདུད་རྩི་ལྔ་ཡིན་ནོ། །དེ་ལ་ཤ་ལྔ་བདུད་རྩི་ལྔ་འདི་ཉམས་སུ་ལེན་པ་ལ་རྣལ་འབྱོར་པ་རབ་ཀྱིས་ཐུག་འཕྲད། འབྲིང་གིས་བདུད་ལེན། ཐ་མས་མོས་པ་ལམ་ཁྱེར་གྱིས་སྒོ་ནས་ཉམས་སུ་ལེན་པ་ནི། རིགས་ལྔའི་དམ་ཚིག་ལྔའི་དངོས་ཀྱི་དངོས་གཞི་ཡིན་པ་ལ། ནང་གི་དགོངས་པ་ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས་ཡིན་པ་ནི། བདུད་རྩི་ཁ་དོག་གིས་རིགས་ལྔ་ཡིན་ཏེ། བམ་བརྒྱད་ལས། བྱང་སེམས་རྡོ་རྗེ་སེམས་དཔའ་དཀར། །དྲི་ཆེན་རྣམ་པར་སྣང་མཛད་སེར། །ཤ་ཆེན་རིན་ཆེན་འབྱུང་ལྡན་སྔོ། །རཀྟ་སྣང་བ་མཐའ་ཡས་དམར། །དྲི་ཆུ་དོན་ཡོད་གྲུབ་པ་ལྗང་། །ཅེས་གསུངས་པ་དང་། ལོངས་སྤྱོད་ཉེར་ལྔའི་དབང་གཞུང་ལས། དྲི་ཆེན་བདེར་གཤེགས་དམ་རྫས་ཏེ། །རྡོ་རྗེ་སྐུ་ཡིས་དབང་ཡང་བསྐུར། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཡིས། །རྡོ་རྗེ་ཐུགས་ཀྱི་དབང་ཡང་སྦྱིན། །རཀྟ་པདྨའི་དམ་རྫས་ཏེ། །རྡོ་རྗེ་གསུང་གིས་དབང་ཡང་སྦྱིན། །མཾ་ས་ཆེན་པོ་རིན་ཆེན་རིགས། །ཡོན་ཏན་རིན་ཆེན་དབང་ཡང་སྦྱིན། །གུར་གུམ་ལས་ཀྱི་དམ་རྫས་ཏེ། །ལས་མཆོག་གྲུབ་པའི་དབང་ཡང་སྦྱིན། །ཅེས་གསུངས་སོ། །ཤ་ལྔ་ཡང་རིགས་ལྔའི་ངོ་བོ་ཡིན་པ་ནི། ཤ་ཆེན་དག་གི་དམ་རྫས་ནི། །བདེ་བར་གཤེགས་པའི་དམ་རྫས་ཏེ། །གླང་ཆེན་ཤའི་དམ་རྫས་ནི། །རྡོ་རྗེ་རིགས་ཀྱི་དམ་རྫས་ཏེ། །རྟ་ཤ་དག་གི་དམ་རྫས་ནི། །རིན་ཆེན་རིགས་ཀྱི་དམ་རྫས་ཏེ། །མཁའ་ལྡིང་ཤའི་དམ་རྫས་ནི། །པདྨ་རིགས་ཀྱི་དམ་རྫས་ཏེ། །ཁྱི་ཤ་དག་གི་དམ་རྫས་ནི། །ལས་ཀྱིས་རིགས་ཀྱི་དམ་རྫས་ཏེ། །ཅེས་གསུངས་སོ། །ཤ་ལྔ་བདུད་རྩི་ལྔ་འདི་རྣམས་ལ་ཆོས་མཐུན་ཞིབ་ཏུ་ངོ་སྤྲད་རྒྱུ་ཡོད་ཀྱང་། ཡི་གེ་མང་གི་དོག་པའི་ཕྱིར་མ་བྲིས་སོ། །ཤེས་འདོད་ན་གསལ་བཀྲའི་འགྲེལ་པ་ནང་དུ་བཀོད་ནས་ཡོད། དེ་ལྟ་བུའི་བདུད་རྩི་སྨན་འདི་སངས་རྒྱས་ལ་མཆོད་ན་ཐུགས་དམ་བསྐང་། སེམས་ཅན་ལ་གཏོར་ན་རྒྱུད་ལྔའི་སེམས་ཅན་ཀུན་བསྒྲལ་བའི་སྨན་ཆེན་འདི་ཡིན། དུག་ལྔ་སེལ་བའི་བདུད་རྩིའི་མཆོག་ཡང་འདི་ཡིན་ནོ། །དེའང་ཡུལ་གང་ལ་ཕུལ་ཞེ་ན། མང་བའི་ཚད་ནི་ཇི་སྙེད་སངས་རྒྱས་ཐམས་ཅད་སྟེ་རྒྱལ་བ་རིགས་ལྔ་ལྟ་བུ་དེ་ལྷ་གཙོ་བོ་རྣམས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་ནི་འཁོར་སེམས་དཔའ་དང་སེམས་མ་འཁོར་གྱི་ཚུལ་འཛིན་པ་དང་། སྒོ་སྲུང་གི་ཚུལ་དུ་ཁྲོ་བོ་ཁྲོ་མོ་མཐའ་ཡས་པ་རྣམས་དང་། ཚིག་རྐང་འདི་ནི་ཞི་བའི་ལྷ་ཚོགས་ཤས་ཆེ་བ་འདྲ་ཡང་། སྤྱིར་གཙོ་བོ་སངས་རྒྱས་ཀྱི་ཆ་ལུགས། བར་གྱིས་ལྷ་ཚོགས་སྲས་ཀྱི་ཚུལ་དུ་འཛིན་པ་དང་། ཐ་མ་ཁྲོ་བོ་ཁྲོ་མོའི་ཚུལ་དུ་འཛིན་པ་ནི། རྒྱུད་སྡེའི་དཀྱིལ་འཁོར་མཐའ་དག་ལ་ཡོད་པར་བྱའོ། །བཀའ་སྡོད་ཆོས་སྐྱོང་མ་མགོན་རྣམས་ནི་ཉི་མ་དང་ཟེར་བཞིན་དུ། ཡི་དམ་གྱི་དལ་ལ་མ་དང་མཁའ་འགྲོ་རྣམས་འཁོར་བ་ཡིན་ནོ། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་གཞན་ཡང་བཀའ་སྡོད་ཆོས་སྐྱོང་བའི་སྲུང་མ་མཐའ་དག་དང་། ལྷ་དང་ལྷ་མོ་གསང་བ་ཡི་མཛོད་འཛིན་གྱི་ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག་བདུད་རྩི་འདི་ཡིན། བདུད་རྩི་འདི་ནི་སྔོན་གསང་སྔགས་པ་ལམ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཤ་ལྔ་བདུད་རྩི་ལྔ་སྤང་པ་མེད་པ་ནི་དམ་ཚིག་གོ། །འབྲས་བུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི་ཡང་ཤ་ལྔ་བདུད་རྩི་ལྔ་སྤང་བ་མེད་པ་འདི་ཡིན་ནོ། །དེ་ལྟ་བུའི་སྨན་འདི་ནི་བདག་ཅག་རྣལ་འབྱོར་པས་དད་པས་འབུལ་ལགས་ན་བཞེས་ཏེ་ནི་བདུད་རྩིའི་མཆོད་པ་ལེན་པ་ལ་བྱའོ། །ཀུན་ཏུ་དགྱེས་མཛོད་ལ་ནི་བདུད་རྩིའི་མཆོད་པས་མཉེས་པར་མཛོད་ཅིག་པའོ། །བདུད་རྩི་ཕུལ་བའི་ཡོན་ཏན་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི་ༀ་ཨཱཿཧཱུྃ་གི་ཚུལ་དུ་བདག་རྣལ་འབྱོར་པ་ལ་སྩོལ་བར་བསྒོམ་ༀ་ནི་འབྲུ་མཐུན་ལ། སརྦ་ནི་ཐམས་ཅད། ཏ་ཐ་ག་ཏ་དེ་བཞིན་གཤེགས་པ། མ་ཧཱ་ཆེན་པོ། ཨརྒྷཾ་མཆོད་ཡོན། པྲ་ཏིཙྪ་སོ་སོར་འབུལ། ཧོ་ནི་དགྱེས་པའོ། །ཕམ་བརྒྱད་ལས། དམ་རྫས་བདུད་རྩིའི་ཆུ་འདི་ནི། །ཡེ་ཤེས་ལྔ་ལ་འབུལ་བའི་ཚེ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཉེས། །དམ་ཅན་སྲུང་མ་མཆོད་པའི་ཚེ། །སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །རིག་འཛིན་རྣམས་ལ་འབུལ་བའི་ཚེ། །དངོས་གྲུབ་རྒྱ་མཚོ་ཐམས་ཅད་སྟེར། །རྣལ་འབྱོར་བདག་གིས་མྱོང་བའི་ཚེ། །དབང་དང་དངོས་གྲུབ་ཡོངས་སུ་རྫོགས། །བདུད་དང་བགེགས་ལ་ཕོག་པའི་ཚེ། །ལུས་སེམས་ཐལ་བ་རྡུལ་དུ་རློག །ཨེ་མ་ཧོ། དམ་རྫས་བདུད་རྩིའི་ཆུ་འདི་ནི། །མཐོང་ངམ་ཐོས་སམ་རེག་པས་ཀྱང་། །ཐམས་ཅད་དབང་ཕྱུག་བདག་གིས་ཐོབ། །ཨེ་མ་ཐབས་ཆེན་ཁྱད་པར་ཆེ། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །ལྟ་བ་རྨད་བྱུང་ངོ་མཚར་ཆེ། །སྤྱོད་པ་རྨད་བྱུང་ངོ་མཚར་ཆེ། །ཉོན་མོངས་མ་སྤངས་ངོ་མཚར་ཆེ། །ཡེ་ཤེས་ལྔ་རྫོགས་ངོ་མཚར་ཆེ། །སྐུ་ལྔ་ལྷུན་གྲུབ་ངོ་མཚར་ཆེ། །ཆོས་སྐུ་གཅིག་ལ་ཐ་དད་པ། །རིགས་ལྔའི་དངོས་གྲུབ་འདིར་ཐོབ་བོ། །ཡང་དག་འཆི་མེད་དོན་སྙམས་སོ། །ཅེས་སོ། །དེས་སྨན་གྱི་ཆེ་བ་བརྗོད་པ་དེ་སོང་ནས། སྨན་དངོས་ནི། ལྷ་མོ་རྣམས་ཀྱིས་ཉི་ཟླའི་སྐྱོག་ཐོགས་ནས་བདུད་རྩི་ལྷ་ཚོགས་ལ་དྲངས་པའི་ཚུལ་དང་། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་ནས་ལྷ་ཚོགས་རང་རང་གིས་གསོལ་བར་བསྒོམ་མོ། །ཚིག་ཤད་ཀྱི་ལག་ལེན་ལ་གཉིས། རྩ་སྡེའི་ལུགས་ལ་ཞི་ཁྲོ་ཕུར་གསུམ་རང་གཞུང་གིས་མཆོད་པ་མཛད། ཀཿཐོག་པའི་ཕྱག་ལེན་ལ་སྨན་མཆོད་རྒྱས་པ་ཐོས་ཆོག་ལུགས་འདི་ཡིན་ནོ། །དེ་སྨན་མཆོད་ཀྱི་དངོས་གྲུབ་ལེན་པ་ནི། ཚོགས་ཞིང་གི་ལྷ་ཚོགས་རྣམས་ཀྱིས་བདག་རྣལ་འབྱོར་ཕོ་མོ་ལ་ཞལ་གྱིས་ཕྱོགས། སྤྱན་གཉིས་གཟིགས། ཐུགས་ཀྱིས་དགོངས་ནས། དངོས་གྲུབ་ཀྱི་ཚིག་རྣམས་བརྗོད་པར་བསམ་ལ། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་འཇུག་པ་ཅན་གྱི་རྣལ་འབྱོར་ཕོ་མོ་ཁྱོད་རྣམས་ནི། གསང་སྔགས་རྡོ་རྗེ་ཐེག་པའི་རིགས་ཅན་དུ་ངེས་ན། བདུད་རྩི་ལྔ་ལ་ལོངས་སྤྱོད་པའི་དུས་སུ། གཙང་བ་ལ་མ་ཆགས། གཙོག་པ་ལ་མ་སྡང་ནས་རོ་མྱོང་སྣང་སྟོང་གཉིས་མེད་རྡོ་རྗེའི་ལྕེར་བསྒོམ་ནས་གསོལ་ན་དངོས་གྲུབ་མཆོག་སངས་རྒྱས་ཐོབ་པར་འགྱུར་རོ། །སྨན་མཆོད་ཚར་ནས། དེ་ནས་རྡོ་རྗེ་སློབ་དཔོན་ནས་བརྩམ་ཏེ། ཐམས་ཅད་ཀྱི་གནས་གསུམ་དུ་ཐིག་ལེ་བྱས་ཏེ། དེ་བཞིན་གཤེགས་ཐམས་ཅད་ཀྱིས་ཡིག་འབྲུ་གསུམ་སྐུ་གསུང་ཐུགས་ཀྱིས་རྡོ་རྗེར་གྱུར་ནས་བདག་གི་གནས་གསུམ་དུ་ཐིམ་པར་བསམ་ཞིང་། རང་རང་གིས། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་སིདྡྷི་ༀ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་སིདྡྷི་ཨཱཿ ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་སིདྡྷི་ཧཱུྃ། དོན་ལ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བརྗོད་པར་བསྒོམ། དེ་ནས་ཚོགས་ལས་གཞུང་བཞིན་དུ་བྱའོ། །རྩ་སྡེ་བའི་ཕྱག་ལེན་ལ་དྲག་པོ་གསུམ་བསྒྲིལ་ལ་མཆོད་པ་ནི། ཁྱད་པར་དུ་ཁོང་གི་ཆོས་སྐྱོངས་ཞལ་གཟིགས་པ་ཡིན་པའི་ཕྱིར་རོ། །དེ་ནས་ཕྱི་མཆོད་བྱ། དེ་ནས་རྣལ་འབྱོར་ཕོ་མོ་རྣམས་ཀྱི་རོལ་ཏེ། ངག་ཏུ་བྷྲཱུྃ་ཧ་ཧི་ཕཊ྄། ཞེས་བརྗོད་ནས་རང་ཡི་དམ་གྱི་ཐུགས་ཀར་དབྱིངས་ཀྱི་ཁྲག་འཐུང་སུམ་ཅུ་གཞལ་ཡས་ཁང་དང་བཅས་པ་བསྒོམ། གཞན་ཡང་ཡི་དམ་ཐམས་ཅད་དེར་བསྟིམ་པའི་མན་ངག་ཡིན་ནོ། །སྤྱི་བོར་བླ་མ། མགྲིན་པ་ན་མཁའ་འགྲོ། ལྟེ་བར་ཆོས་སྐྱོང་། རྩ་གནས་ཐམས་ཅད་ན་དཔའ་བོ་དཔའ་མོའི་ཚོགས། དེ་ནས་ལྗགས་རྡོ་རྗེ་རྩེ་གསུམ་པའི་ལྟེ་བར་ཧཱུྃ་དམར་པོ། ཞལ་ཟས་ཁམས་དྲུག་གི་ལྷ་ཚོགས་སུ་གྱུར་པར་བསྒོམ་ཞིང་། གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། སྒྲའི་ལྷ་མོ་སྙན་ལ་ཐིམ། དྲིའི་ལྷ་མོ་ཤངས་ལ་ཐིམ། རོའི་ལྷ་མོ་ལྗགས་ལ་ཐིམ། རེག་བྱའི་ལྷ་མོ་སྐུ་ལ་ཐིམ། ཆོས་ཀྱི་ལྷ་མོ་ཐུགས་ཀར་ཐིམ་ཞིང་རོལ་ལོ། །དམ་པ་བདེ་བར་གཤེགས་པའི་ཞལ་ནས་ཟོས་ལྷག་ཕྱོགས་གཅིག་ཏུ་བསྡུས་ནས་ལྷག་མའི་ལས་ཆེ་ཆུང་གང་རུང་བགྱིད་ཅིས་གསུངས་པས། ཚོགས་ལྷག་དགོས་པར་བཤད། སྔར་རྒན་རབ་རྣམས་ཀྱི་མི་བྱེད་པ་ནི་ཕྱག་ལེན་འཆུག་པ་འདྲ་བས། བཀའ་གསར་རྙིང་གཏེར་གསུམ་གྱི་ནང་ནས་ཚོགས་ལྷག་བཤད་པས་སོ། །ལྷག་མ་བྱེད་ལུགས་ནི། ཟོས་ལྷག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་སྨན་རཀ་སྦྲེང་ལ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་ནི། སྟེང་འདོད་ཡོན་གྱི་ལྷ་མོ། བར་བདུད་རྩིའི་རྒྱ་མཚོ། འོག་དུག་གསུམ་ཤ་ཁྲག་རུས་པའི་ཚོགས་སུ་བསམ་ལ། ལུས་ཀྱིས་མཛེས་པའི་ཕྱག་རྒྱ་བཅའ། ངག་གིས་སྒོ་ནས་ༀ་ཨེ་ཨཱ་རལླི་ཧོ། ཛ་ཧཱུྃ་བྃ་ཧོ། བཛྲ་ས་མ་ཡ་ཕཻཾ་ཕཻཾ་ཕཻཾ་ཅེས་བརྗོད་ལ། དེ་ནས་ཐུགས་ཀར་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་ཊཱཀི་རཱ་ཙ་ཅེས་སོགས་བརྗོད་ལ། རང་གིས་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་ཕྱུང་ནས། ལྷག་མགྲོན་ཐམས་ཅད་ཀྱི་ཐུགས་ཀར་བཟུང་ནས་དཀྱིལ་འཁོར་གྱི་མུ་རན་ལ་འཁོད་པར་བསྒོམ་མོ། །དེ་ནས་མཁའ་འགྲོ་སྡེ་ལྔའི་སྔགས་ཚང་བར་བརྗོད་པས། ༀ་ཨཱཿཧཱུྃ། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། དབང་མོ་ཉི་ཤུ་རྩ་བརྒྱད། དམ་ཅན་བཅུ་གཉིས་དྲེགས་པའི་ཚོགས་དང་བཅས་པ། ལང་ཀ་བཅུ་དྲུག །འབར་མ་བརྒྱད། མ་བདུན་སྲིང་བཞི། གིང་ཕོ་མོ་བཅོ་བརྒྱད། ཕོ་ཉ་དྲུག་ཅུ་རྩ་བཞི་ལ་སོགས་པ་དཔལ་ཆེན་པོའི་སྤྱན་སྔར་ཁས་བླང་དམ་བཅས་པ་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་བར་ཞལ་གྱིས་བཞེས་པ། ལྷག་མའི་མགྲོན་དུ་གྱུར་པ། ཚོགས་ལྷག་ལ་དབང་བ་རྣམས་ཀྱི་ཞལ་དུ་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ་ཚིག །ཆོས་སྤྱོད་ཟབ་མོ་ལ་བར་ཆད་དུ་གཅོད་པའི་རྐྱེན་བཟློག་ཅིག །ཆོས་བྱང་ཆུབ་བསྒྲུབ་པའི་གྲོགས་མཛོད་ཅིག །ཅེས་བརྗོད་ལ་ལྷག་མ་སྐྱོང་ངོ་། །ལྷག་མགྲོན་རྣམས་སོ་སོའི་གནས་སུ་གཤེགས་པར་བསྒོམས། རྩ་སྡེ་བའི་ཕྱག་ལེན་ལ་སྐབས་འདིར་བླ་མ་ཡི་དམ་གྱི་སྤྱན་སྔར་གཏིང་བཤགས་དང་ཡིག་བརྒྱ་ཚར་གཅིག་བརྗོད་དོ། །འདིའི་དུས་སུ་རང་གི་སྤྱི་བོའི་ༀ་དཀར་པོ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་མཉེས་པའི་མཆོད་པ་ཕུལ། སྐུའི་དམ་ཚིག་ཆགས་ཉམས་ཐམས་ཅད་དག་པར་བསྒོམ། རང་གི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་ལ་མཉེས་པའི་མཆོད་པ་ཕུལ་བས། རང་གི་ངག་གི་དམ་ཚིག་ཆགས་ཉམས་ཐམས་ཅད་དག་པར་བསྒོམ་མོ། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་མཉེས་པའི་མཆོད་པ་ཕུལ་བས། རང་གི་ཡིད་ཀྱི་དམ་ཚིག་ཆགས་ཉམས་ཐམས་ཅད་དག་པར་བསྒོམ་མོ། །རྩ་སྡེ་བའི་ཕྱག་ལེན་ལ་ཚོགས་ཀྱི་བཀྲ་ཤིས་བརྗོད་པ་ནི། བཀྲ་ཤིས་གང་ཞིག་བདེ་ཆེན་འཆར་བྱེད་ཅིང་། །མཆོག་གསུམ་འཕགས་པའི་བཀྲ་ཤིས་ཀུན་གྱི་གཞི། །བཀྲ་ཤིས་དངོས་གྲུབ་ཡིད་བཞིན་འབྱུང་བའི་གཏེར། །རྗེ་བཙུན་མཚུངས་མེད་བླ་མས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ལྷ་དང་མཉམ་སྦྱོར་བའི། །ལྷ་ཡི་བཀྲ་ཤིས་མངོན་པར་ཉེར་ཐོབ་ཅིང་། །བཀྲ་ཤིས་དོན་གཉིས་ལེགས་པར་འགྲུབ་བྱེད་པའི། །ཡི་དམ་ལྷ་རྣམས་ཀུན་གྱིས་བཀྲ་ཤིས་ཤོག །བཀྲ་ཤིས་དཔལ་ལྡན་སྐུ་གསུམ་རབ་བརྙེས་ཤིང་། །ཡེ་ཤེས་རྒྱ་མཚོ་བཀྲ་ཤིས་མཐའ་ཡས་པ། །བཀྲ་ཤིས་དབྱིངས་སུ་འགྲོ་རྣམས་འདྲེན་མཛད་པའི། །ཡང་དག་རྫོགས་སངས་རྒྱས་ཀྱིས་བཀྲ་ཤིས་ཤོག །བཀྲ་ཤིས་གསུང་རབ་དྲི་མེད་རྟོགས་པ་ཡི། །དོན་ལྡན་ཆགས་བྲལ་བཀྲ་ཤིས་དོན་དམ་ཆོས། །བཀྲ་ཤིས་མཆོག་གིས་སེམས་ཅན་སྐྱབས་གྱུར་པའི། །དམ་ཆོས་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་ཤོག །བཀྲ་ཤིས་སྡོམ་གསུམ་རྣམ་དག་རྒྱན་གྱིས་མཛེས། །ཐོས་བཙུན་ཏིང་འཛིན་བཀྲ་ཤིས་དབང་འབྱོར་བས། །བཀྲ་ཤིས་ཡིད་འོང་སྐྱེ་དགུའི་དཔལ་གྱུར་པའི། །དགེ་འདུན་དམ་པ་རྣམས་ཀྱིས་བཀྲ་ཤིས་ཤོག །བཀྲ་ཤིས་མཐར་ཕྱིན་དཔལ་ཆེན་སྤྱན་ལྔ་རུ། །བསྟན་པ་བསྲུང་བར་ཁས་བླང་བཀྲ་ཤིས་གང་། །བཀྲ་ཤིས་མཐུ་ཡིས་ལོག་འདྲེན་ཚར་གཅོད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག །བཀྲ་ཤིས་དོན་གྱིས་ཉོན་མོངས་རྣམ་དག་ཅིང་། །ནད་རྣམས་བཀྲ་ཤིས་སྟོབས་ཀྱིས་ཞི་གྱུར་ནས། །བཀྲ་ཤིས་བདེན་པའི་བགེགས་དཔུང་འཇོམས་བྱེད་དེ། །རྣམ་པ་ཀུན་དུ་ལེགས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་སྙན་པའི་བ་དན་ཀུན་ཁྱབ་ཅིང་། །བསོད་ནམས་ཆེན་པོའི་བཀྲ་ཤིས་རྒྱུན་ཆགས་ནས། །བཀྲ་ཤིས་ཚེ་དབང་མི་འགྱུར་རྡོ་རྗེ་བཞིན། །དཔལ་འབྱོར་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་མངོན་གྱུར་རྒྱལ་བའི་བཀྲ་ཤིས་གྱིས། །བཀྲ་ཤིས་མཆོག་ཏུ་བསྔགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་ཤིང་། །བཀྲ་ཤིས་ལྷུན་གྱི་གྲུབ་པའི་བཀྲ་ཤིས་ཤོག །རྩ་སྡེ་བའི་བཀྲ་ཤིས་ཡིད་བཞིན་བརྩེགས་པ་འདི། །དབང་དང་རབ་གནས་དང་ཚོགས་ཀྱི་དུས་སུ་བརྗོད་པར་བྱའོ། །ཅེས་གསུངས་སོ། །སྨོན་ལམ་གདབ་པ་ནི། བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ། །བསྒོམ་བཟླས་མཆོད་བསྟོད་ཚོགས་འཁོར་ཕུལ་བ་ཡི། །དགེ་བ་འདི་ཡིས་བདག་གཞན་སེམས་ཅན་རྣམས། །སྐྱོན་བྲལ་ཡོན་ཏན་མ་ལུས་རབ་རྫོགས་ནས། །མཐར་ཐུག་སྐུ་ལྔ་སངས་རྒྱས་ཐོབ་པར་ཤོག །ཚོགས་ཀྱི་སྨོན་ལམ་འདི་ནི་པད་འབྱུང་གིས་གསུངས་སོ། །དེ་ནས་ཚོགས་ཞིང་ཐམས་ཅད་ཀྱི་ཐུགས་དགྱེས་པའི་སྒོ་ནས་སྡིག་པ་དག །ཉེས་པ་ཚང་དམ་ཚིག་ཆགས་ཉམས་ཐམས་ཅད་སྐོངས་ཅེས་པའི་གནང་བ་བྱིན་ནས་རང་ལ་ཐིམ། ཚོགས་ཞིང་གི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཏུ་འདྲེས་པར་བསྒོམ་ལ། ཡེ་དྷརྨཱ་ཚར་གཅིག་བརྗོད་རབ་ཏུ་གནས་པར་བྱའོ། །ཚུལ་འདི་ནི་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་ཆོ་ག་རྣམ་དག་ཕྱག་ལེན་ཕུན་སུམ་ཚོགས་པའི་སྒོ་ནས་བརྒྱན་པ་ཡིན་ནོ། །བླུན་པོ་གསང་སྔགས་ཀྱི་རྒྱུད་གཞུང་གི་ཁོག་མ་ཆུབ་པ་འགའ་ཞིག་གིས། འདི་ལྟ་བུ་ངའི་ཕྱག་ལེན་ལ་མི་བྱེད་བསླད་མ་ཡིན་པ་སྐད། དེ་ལ་དགོངས་ནས་མཁས་པས་འདི་ལྟར་དུ་གསུངས། ཙུ་ཏའི་ཡུལ་དུ་ཕྱིན་པ་ལ། རྐང་གཉིས་པ་ལ་མིར་མི་རྩི། །ཅེས་དང་། ཡང་ཆོ་ག་རྒྱུད་དང་མི་མཐུན་ནས་བསླད་ནས་ཐག་རུལ་སྣས་འབྲིང་རུལ། འབྲེལ་པ་མེད་པའི་ཆོ་ག་ལ་དགོངས་ནས། །ལྤ་བ་ཅན་གྱིས་གླིང་ཕྲན་འགར། །ཡན་ལག་མེད་པའི་སྐྱོན་དུ་བཤད། །ཅེས་ས་སྐྱ་པཎ་ཆེན་གྱིས་གསུངས་སོ། །འདི་ཤིན་ཏུ་འཐད་པར་མཐོང་ངོ་། །དེང་སང་སྙིགས་མའི་ཆོས་སྤྱོད་ལག་ལེན་རྣམས་འདི་ཁོ་ན་རེད་ཟིན། ཆོ་ག་ལྷག་ཆད་ལ་ཤོར་ཟིན་རྣམས་རྩ་བ་ནས་མི་རིག་འདུག །གང་ཟག་ཆོས་ཀྱི་སྤྱན་ཅན་རྣམས་ཀྱི་བྱེད་པའི་གཞུང་ལུགས་རྣམ་དག་ལ་རྗེས་སུ་མི་རུང་བ་ནི་སྙིགས་མའི་སེམས་ཅན་གྱིས་ཆོས་ལུགས་ཡིན་པས་སོ། །རྒྱ་སྟོན་པ་འཇམ་དབྱངས་ཀྱི་བྱིན་གྱིས་བརླབས་པའི་གང་ཟག་དམ་པ་ཡིན་ཡང་། གང་ཟག་ཕྱོགས་འཛིན་ཅན་རྣམས་ཀྱིས་རྒྱ་སྟོན་པས་རྒྱལ་བའི་བསྟན་པ་བསླད། མང་པོ་ཡོད་པ་ཉུང་ཉུང་བྱས། །ཉུང་ཉུང་ཡོད་པ་མང་པོ་བྱས། །ཅེས་ཟེར་བ་ལྟ་བུའོ། །དཔའ་བོ་ཚོགས་ཀྱི་རྣམ་རོལ་ཞེས་བྱ་བའི་ཊིཀྐ་འདི་ནི། ཚོགས་གཞུང་གི་རྒྱུད་དང་། པད་འབྱུང་གི་ཚོགས་ཀྱི་ཊིཀྐ་ཆེན་པོ་དང་། བླ་མ་གོང་མའི་ཕྱག་ལེན་གྱི་ཐོ་ཡིག་རྣམས་ལ། རང་གི་ཉེར་ལེན་གྱི་ཤེས་རབ་ཀྱིས་དཔྱད་ནས་ཚོགས་སྤྱིའི་ཁོག་ཆིངས། དམིགས་པའི་གོ་རིམ། ཕྱག་ལེན་ཞིབ་ཏིག་སུ་བྱས་པའི་དོན་ནི། བཤེས་གཉེན་རྣམས་ཀྱིས་བསྐུལ་བའི་ངོར། གསང་སྔགས་ཀྱི་རྒྱུད་གཞུང་རྣམས་ལ་བློ་ཁ་ཅུང་ཞིག་ཕྱོགས་པ་ཡེ་ཤེས་རྒྱལ་མཚན་གྱིས། དཔལ་ལྡན་ཀཿཐོག་ཡང་དགོན་དུ་སྦྱར་རོ།། །།དགེའོ།། །།


previousདཔའ་བོ་ཚོགས་ཀྱི་རྣམ་རོལ་ཞེས་བྱ་བའི་ཊིཀྐ་འདོད་དོན་ལམ་ཁྱེར། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།next