Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བདུན་པ།


   
   
   
   
མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་བཀའ་མའི་བསྐྱེད་རིམ་གྱི་ཕྲིན་ལས་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་པའི་རྒྱན། འགྱུར་མེད་ཚེ་དབང་མཆོག་གྲུབ།
   
   
   
   
   
   
   
   
   


 
previousམཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་བཀའ་མའི་བསྐྱེད་རིམ་གྱི་ཕྲིན་ལས་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་པའི་རྒྱན། འགྱུར་མེད་ཚེ་དབང་མཆོག་གྲུབ།next

མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་བཀའ་མའི་བསྐྱེད་རིམ་གྱི་ཕྲིན་ལས་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་པའི་རྒྱན། འགྱུར་མེད་ཚེ་དབང་མཆོག་གྲུབ།

༄༅། །མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་བཀའ་མའི་བསྐྱེད་རིམ་གྱི་ཕྲིན་ལས་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་པའི་རྒྱན་ཅེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ ལྷན་སྐྱེས་ཉམས་བརྒྱས་འཁྱུད་པའི་གཟི་འོད་ཀྱིས། །བདུད་གྱི་དཀྱིལ་འཁོར་མུན་པ་ཀུན་ཟ་བའི། །ཧེ་རུ་ཀ་དཔལ་མཆོག་གི་གྲོང་ཁྱེར་དུ། །དད་པས་བཏུད་དོ་དངོས་གྲུབ་ཅི་དགར་སྩོལ། །མཁས་མཆོག་རྣམ་བཞིའི་དགོངས་ཉམས་གསང་བ་ཆེན། །རྫོང་འཕྲང་སྲོག་གསུམ་མན་ངག་འབུམ་སྡེའི་བཅུད། །ཡོངས་དྲིལ་སྒྲུབ་པ་བཀའ་བརྒྱད་གྲུབ་མཐའ་ཡི། །རིམ་གཉིས་རྣལ་འབྱོར་སྒོམ་ལ་ཅིས་མི་སྤྲོ། །དེ་ཡང་ཁ་བསྒྱུར་སྡེ་དྲུག་མན་ངག་གི་ཆིངས་ལས། དགོན་པ་དབེན་པ་མི་མི་རྒྱུ་བའི་སར་འདུས་ལ། དཀྱིལ་འཁོར་དུས་གཅིག་ཏུ་བསྐྱེད། བསྙེན་པ་དུས་གཅིག་ཏུ་དབུལ། མཆོད་པ་དུས་གཅིག་ཏུ་དབུལ། བསྟོད་པ་དུས་གཅིག་ཏུ་བྱ། དངོས་གྲུབ་དུས་གཅིག་ཏུ་བླང་། ཕྲིན་ལས་དུས་གཅིག་ཏུ་བཅོལ་ལོ། །སྒྲུབ་པ་དུས་གཅིག་ལ་ཐོན་པའི་མན་ངག་ཞེས་བྱ་སྟེ། མཆོད་པ་དང་གཏོར་མ་ལ་སོགས་པ་བཤམས་ལ། དཀྱིལ་འཁོར་བཞེངས་ནས་ཞི་ཁྲོའི་ལྷ་བསྒྲུབ། དཀྱིལ་འཁོར་ཞལ་དབྱེ། དང་པོ་མཚམས་བཅད། བརྡ་སྒོ་དབྱེ་བ་དང་། བརྡ་ཕྱག་འཚལ་བ་དང་། མཆོད་རྫས་བྱིན་གྱིས་བརླབས་ལ་དབུལ་ལོ། །ཞེས་གསུངས་པ་ལྟར་དབེན་པའི་གནས་སུ་གཏོར་མ་དཀྱིལ་འཁོར་འདུ་བྱས་ལ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། རང་གི་སྙིང་གའི་འོད་ཀྱིས་བླ་མ་དང་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་མ་ལུས་པ་མདུན་གྱི་ནམ་མཁར་བཛྲ་སུ་མ་ཡ་ཛཿས་སྦྱན་དྲངས། ན་མོ། རྩ་བ་རྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོ་བཀའ་བརྒྱད་ལྷ། །མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བླ་མེད་རྫོགས་པའི་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་ཕྱིར་མི་ལྡོག་པ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །ཞི་ཁྲོ་བཀའ་བརྒྱད་བསྒྲུབས་ནས་ནི། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱིས། །འགྲོ་དོན་བྱེད་པར་སེམས་བསྐྱེད་དོ། །ལན་གསུམ། ཡན་ལག་བདུན་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་བའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་གྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུགས་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ལན་གསུམ། ཁ་བསྒྱུར་དྲུག་པའི་པྲིན་ལས་ལས། དང་པོ་མཚམས་བཅད་པ། ཧཱུཾ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །རྒྱལ་བ་ཞི་ཁྲོའི་བཞུགས་གནས་ཡིན། །ད་ལྟ་ཉིད་དུ་གནས་སུ་དེངས། །ཅི་སྟེ་མི་འགྲོ་བར་གཅོད་ན། །ཁྲོ་བོ་ཁྲག་འཐུང་རིགས་ལྔ་ཡི། །སྤྲུལ་པ་ཡང་སྤྲུལ་ཁྲོ་ཚོགས་ཀྱིས། །ལུས་སེམས་རྡུལ་དུ་བརླགས་པར་བྱ། །གདུག་སེམས་ལྡན་པ་ད་ལྟ་ཐུལ། །བགེགས་ཀྱི་ཚོགས་རྣམས་བརླགས་པར་གྱིས། །ཧཱུཾ་ཧཱུཾ་བི་ཤྭ་ཀྲོ་དྷ་ཛྭ་ལ་མ་དྷ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། བརྡ་སྒོ་དབྱེ་བ། ཧཱུཾ། སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་། །གཟུགས་སྣང་ཐམས་ཅད་ཡེ་ཤེས་ལྷ། །མ་རྟོགས་མ་རིག་སྒོ་བཅད་པ། །རང་གསལ་ཡེ་ཤེས་སྒོ་ཕྱེ་ཞིག །བརྡ་ཕྱག་འཚལ་བ། ཧཱུྃ། རང་བྱུང་ཡེ་ཤེས་སེམས་ཀྱི་ལྷ། །མ་རྟོགས་རང་ངོ་མ་ཤེས་པས། །ཡེ་ནས་འགྲོགས་ཀྱང་ཞལ་མ་འཐོང་། །རང་གསལ་བརྡ་ཡིས་ཕྱག་འཚལ་ལོ། །མཆོད་རྫས་བྱིན་གྱིས་བརླབ་པ། ཧཱུྃ། གདོད་ནས་རང་དང་གཉིས་མེད་ལྷ། །འདུ་འབྲལ་མེད་པའི་ལྷ་ཚོགས་ལ། །མ་རིག་སྤྱན་འབྱེད་མར་མེ་དང་། །འབྲུ་བཅུད་བདུད་རྩི་སྦྱར་བའི་སྐྱེམས། །ཞལ་ཟས་རྨད་བྱུང་གཏོར་མ་དང་། །ཆགས་མེད་རཀྟའི་ཨ་རྒ་དང་། །དམ་རྫས་བདུད་རྩི་སྨན་གྱི་མཆོག །ཐུགས་དམ་བསྐང་ཕྱིར་འབུལ་ལགས་ན། །གཉིས་མེད་མཉམ་པའི་ངང་དུ་བཞེས། །དེ་ནས་བཤགས་པ་བྱ། དང་པོ་ཞི་བའི་དཀྱིལ་འཁོར་དུ་བསྐྱེད། དེ་ནས་ཁྲོ་བོར་གནས་བསྒྱུར། སྤྱན་དྲངས། བཞུགས་གསོལ། ཕྱག་དང་མཆོད་པ་ཡན་ཆད་བྱའོ། །ཞེས་པས་དང་པོ་བཤགས་པ་བྱ་བ། ཧཱུཾ། ཐོགས་མ་མེད་པའི་དུས་ཉིད་ནས། །རང་དང་གཉིས་སུ་མེད་མོད་ཀྱང་། །མ་རིག་དབང་གིས་ངོ་མ་ཤེས། །རང་བྱུང་ཡེ་ཤེས་ལྷ་ལ་བཤགས། །ཧཱུྃ། བསྐལ་པ་སྔོན་ནས་བསྒྲུབ་པའི་ལྷ། །ད་ལྟ་རྩེ་གཅིག་འདུ་འབྲལ་མེད། །སྲོག་གི་ཕྱིར་ཡང་མི་སྤང་ན། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བྱིན་དབབ་པ། ཧཱུཾ། ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས། །ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །ལོགས་སྐུ་རིགས་ལྔ་ཞི་ཁྲོ་ཡབ་ཡུམ་འཁོར་དང་བཅས། །སྤྲུལ་སྐུ་འཁོར་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ། །གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ། །རྣལ་འབྱོར་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །གསང་བའི་དམ་རྫས་གཉན་པོ་མཆོད་པ་འབུལ། །ཁྱེད་ཀྱི་ཐུགས་རྗེ་མཆོག་གིས་བཟུང་དུ་གསོལ། །ཧཱུཾ་ཧཱུཾ་ཧཱུཾ། ཏིང་ངེ་འཛིན་སྒོམ་པ། ཧཱུཾ། མ་བཅོས་པ་ནི་ཆོས་ཀྱི་སྐུ། །མཚན་མ་གཟུང་འཛིན་དྲི་མ་བྲལ། །རྟོག་པ་མེད་པ་ནམ་མཁའི་ངང་། །དེ་བཞིན་ཉིད་དུ་བསྒོམ་པར་བྱའོ། །ཧཱུཾ། མ་རིག་འཁྲུལ་པ་འཁོར་བའི་ཀློང་། །གཟུང་འཛིན་བག་ཆགས་རབ་བརྟན་ནས། །མ་རྟོགས་ཟོ་ཆུ་ལྟ་བུར་འཁོར། །ཀུན་ཏུ་སྣང་དུ་བསྒོམ་པར་བྱའོ། །ཧཱུཾ། ཆོས་རྣམས་རྟེན་ཅིང་འབྲེལ་བ་སྟེ། །རྒྱུ་ལས་མ་བྱུང་གང་ཡང་མེད། །ས་བོན་ལས་ནི་འབྲས་བུ་བཞིན། །རྒྱུ་ཡི་ཡི་གེ་བསྒོམ་པར་བྱའོ། །ཧཱུཾ་ཨེ་ཡཾ་བཾ་ལཾ་རཾ། ཨེ་ལས་ནམ་མཁའི་དཀྱིལ་འཁོར་བྱུང་། །རྒྱ་ཁྱོད་དཔག་མེད་ཁ་དོག་དཀར། །གཏི་མུག་དག་པའི་རང་བཞིན་ཏེ། །ཀུན་ཏུ་བཟང་མོ་ནམ་མཁའི་དབྱིངས། །ཡཾ་ལས་རླུང་གི་དུ་ལ་བྱུང་། །བ་དན་མཚན་བ་སྔོ་སྐྱ་བ། །ཕྲག་དོག་དག་པའི་རང་བཞིན་ཏེ། །ཡུམ་ཆེན་སྒྲོལ་མ་མཁའ་ཡི་དབྱིངས། །བཾ་ལས་ཆུ་ཡི་དུ་ལ་བྱུང་། །དབྱིབས་ཟླུམ་ཁ་དོག་སྔོན་པོ་ལ། །འདོད་ཆགས་དག་པའི་རང་བཞིན་ཏེ། །མཱ་མ་ཀཱི་ཡི་མཁའ་ཡི་ཀློང་། །ལཾ་ལས་གསེར་གྱི་སུ་གཞི་བྱུང་། །གྲུ་བཞི་པ་ལ་ཁ་དོག་སེར། །ང་རྒྱལ་དག་པའི་རང་བཞིན་ཏེ། །སངས་རྒྱས་སྤྱན་གྱི་མཁའ་ཡི་ཀློང་། །རཾ་ལས་མེ་ཡི་དུ་ལ་བྱུང་། །གྲུབ་གསུམ་པ་ལ་ཁ་དོག་དམར། །ཞེ་སྡང་དག་པའི་རང་བཞིན་ཏེ། །གོས་དཀར་མོ་ཡི་མཁའ་ཡི་ཀློང་། །སུཾ་ལས་གསེར་གྱི་རི་རབ་ལ། །གྲུ་བཞི་པ་ལ་ཁ་དོག་བཞི། །རྒྱལ་བའི་དཀྱིལ་འཁོར་བཞུགས་གནས་རྟེན། །བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་། །ཕྱི་ནང་མེད་པར་ཀུན་ཏུ་གསལ། །ལིང་ཚེ་ལྔ་པ་གྲུ་ཆད་སྒོ་བཞིར་ལྡན། །ཕྱིན་ནང་མེད་པའི་རྒྱན་གྱིས་མཛེས་པ་ལ། །ཉི་ཟླ་པདྨ་སུམ་བརྩེགས་གདུལ་བྱ་གང་ཡིན་གདན་དུ་བཏིང་། ལྷ་བསྐྱེད་པ་ནི། ས་བོན་ཕྱག་མཚན་སོ་སོའི་འཕྲོ་འདུ་ལས། །དབུས་སུ་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། གཡས་པས་རྡོ་རྗེ་གཡོན་པ་དྲིལ་བུ་ལ། །ཞབས་གཉིས་མཉམ་གཞག་ཡུམ་དང་གཉིས་མེད་འཁྲིལ། །རྒྱན་དང་ཕྱག་མཚན་གཙོ་བོ་ཡབ་དང་མཐུན། །ཤར་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར། །གཡས་པས་འཁོར་ལོ་གཡོན་པས་དྲིལ་བུ་འཛིན། །ཞབས་གཉིས་མཉམ་གཞག་ཡུམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན་པའོ། །ལྷོ་རུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར། །གཡས་པས་རིན་ཆེན་གཡོན་པས་དྲིལ་བུ་འཛིན། །ཞབས་གཉིས་མཉམ་བཞག་ཡུམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན་པའོ། །ནུབ་ཏུ་ཨ་ལས་སྣང་བ་མཐའ་ཡས་དམར། །གཡས་པས་པདྨ་གཡོན་པས་དྲིལ་བུ་འཛིན། །ཞབས་གཉིས་མཉམ་གཞག་ཡུམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན་པའོ། །བྱང་དུ་ཧ་ལས་དོན་ཡོད་གྲུབ་པ་ལྗང་། །གཡས་པས་རྒྱ་གྲམ་གཡོན་པས་དྲིལ་བུ་འཛིན། །ཞབས་གཉིས་མཉམ་བཞག་ཡུམ་དང་འཁྲིལ་བ་ལ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན་པའོ། །སེམས་དཔའ་སེམས་མ་སྒོ་པ་ཐུབ་པ་རྣམས། །མི་བསྐྱེད་འཁོར་ན་རང་བཞིན་གནས་པ་ནི། །རྒྱལ་པོའི་འཁོར་ན་བློན་འབངས་གནས་པ་བཞིན། །དེ་ནས་སྐད་ཅིག་ཏིང་འཛིན་ལས། །ཞི་བ་ཁྲོ་བོར་གནས་བསྒྱུར་པ། །རྡོ་རྗེ་སེམས་དཔའ་བཛྲ་ཧེ་རུ་ཀ །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་རྡོ་རྗེ་གཡོན་པའི་དུང་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །རྣམ་པར་སྣང་མཛད་བུདྡྷ་ཧེ་རུ་ཀ །སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་འཁོར་ལོས་གཡོན་པའི་དུང་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །རིན་ཆེན་འབྱུང་ལྡན་རཏྣ་ཧེ་རུ་ཀ །སེར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་རིན་ཆེན་གཡོན་གྱི་ཐོད་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །སྣང་བ་མཐའ་ཡས་པདྨ་ཧེ་རུ་ཀ །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་པདྨས་གཡོན་པའི་ཐོད་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །དོན་ཡོད་གྲུབ་པ་ཀརྨ་ཧེ་རུ་ཀ །ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པའི་རྒྱ་གྲམ་གཡོན་པའི་ཐོད་ཁྲག་དཀྲུགས། །ཞབས་གཉིས་བརྐྱང་བསྐུམ་ཡུམ་ལ་སྦྱོར། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །ཀེའུ་རི་སིདྷ་སྒོ་མ་དབང་ཕྱུག་ཚོགས། །རང་བཞིན་གནས་ནས་བསྒོམ་པར་བྱའོ། །དབང་བསྐུར་བྱིན་གྱིས་བརླབ་པ་ནི། འགྲོ་བའི་རྣམ་རྟོག་བཟློག་པ་དང་། །དབང་བསྐུར་བྱིན་གྱིས་བརླབས་པ་དང་། །ཐུགས་རྗེ་ཡིས་ནི་དགོངས་མཛོད་ལ། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །རིགས་ལྔའི་སངས་རྒྱས་ཡབ་ཡུམ་གྱིས། །དབུ་ལ་བརྒྱན་པར་དབང་བསྐུར་ལ། །རིགས་ཀྱི་བདག་པོ་གང་ཡིན་དབུས་ན་བཞུགས་པའོ། །ༀ་མ་ཧཱ་ཤུ་ཛྙཱ་ཧ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་དུ་རི་ཤ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏ་པྲ་བེ་ཤེ་ཛྙཱ་ཏ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅་ཧཾ། ༀ་མ་ཧཱ་སུ་མནྟ་གཉའ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲི་ཏ་ཨ་ནུ་ཏ་གཉའ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྐུ་གསུང་ཐུགས་སུ་བྱིན་བརླབ་པ། །སྤྱི་བོར་འཁོར་ལོ་ༀ་གྱིས་མཚན། །མགྲིན་པར་པདྨ་ཨཾཿགིས་མཚན། །ཐུགས་ཀར་རྒྱ་གྲམ་ཧཱུཾ་གིས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐ་ག་ཏ་ཝཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡེ་ཤེས་པ་སྤྱན་དྲངས་པ། ཧཱུྃ། རྟོགས་པར་གྱུར་པའི་དུས་ཉིད་ན། །དམ་ཚིག་ཡེ་ཤེས་གཉིས་མེད་དེ། །ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དུ་མ་རོ་གཅིག་ངོ་མཚར་ཆེའོ། །ཛཿཧཱུཾ་བཾ་ཧོ། ཕྱག་འཚལ་བ། ཧཱུཾ་ཆོས་རྣམས་རང་བཞིན་ཡེ་ནས་དག །རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཀྱིས། །བྱམས་པའི་ཆར་ཆེན་ཅིར་ཡང་འབེབས། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་གར་མཆོད། ཧཱུཾ། གདུལ་བྱ་མོས་པ་ཐ་དད་པས། །ཞི་དང་ཁྲོ་བོ་འདྲེན་པའི་ཚུལ། །སྐུ་མདོག་ཞལ་ཕྱག་བསམ་ལས་འདས། །གར་དབྱངས་ཕྱག་རྒྱའི་མཆོད་པ་འབུལ། །རྒྱལ་བ་རྒྱ་མཚོའི་དགོངས་སྤྱོད་ལ། །མཆོད་དང་མ་མཆོད་གཉིས་མེད་ཀྱང་། །རྫས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན། །སྤྱངས་དང་བཅས་ཏེ་གུས་པས་འབུལ། །འགྲོ་བའི་དོན་དུ་ཐུགས་རྗེས་བཞེས། །སྦྱོར་བའི་མཆོད་པ། ཧཱུཾ། དབྱིངས་རིག་གཉིས་མེད་སྦྱོར་བ་ཡིས། །འཁོར་འདས་གཉིས་སུ་མེད་པར་སྦྱོར། །གཉིས་མེད་རྟོགས་པའི་སྦྱོར་མཆོད་འདི། །འགྲོ་བའི་དོན་དུ་ཐུགས་རྗེས་བཞེས། །སྒྲོལ་བའི་མཆོད་པ། ཧཱུཾ། ཡང་དག་དོན་རྟོགས་བློ་ཡིས་ནི། །མ་རྟོག་སེམས་ཅན་གནས་སུ་བསྒྲལ། །དུས་གསུམ་བདེ་གཤེགས་དེ་ལ་མཉེས། །མཆོག་གི་མཆོད་པ་ཆེན་པོ་འདི། །འགྲོ་བའི་དོན་དུ་ཐུགས་རྗེས་བཞེས། །བདུད་རྩི་མཆོད་པ། ཧཱུཾ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམ་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་ཆེ། །ༀ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཋཱ། ཧཱུཾ། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །ཐུན་མོང་མཆོག་དང་ཁྱད་འཕགས་འདི། །དུས་གསུམ་བླ་མ་ཡི་དམ་ལྷ། །རྒྱལ་བ་ཞི་ཁྲོ་ཐམས་ཅད་ལ། རྣམ་དག་བདུད་རྩི་མཉེས་མཆོད་འབུལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུཾ། ལྕེ་ཡི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་ༀ་བསྒོམ་ཏེ། །མཐེབ་དང་སྲིན་ལག་རྩེ་སྦྱར་ནས། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིས། །མྱང་ན་དངོས་གྲུབ་མཆོག་ཐོབ་འགྱུར། །ཀཱ་ཡ་སིངྔྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། གཏོར་མ་དང་རཀྟའི་མཆོད་པ། ཧཱུཾ། རྨད་དུ་བྱུང་བའི་གཏོར་མ་ལ། །རཀྟ་དམར་གྱི་ཨརྒ་སྦྲེང་། །མཆོད་སྤྱིན་དམ་རྫས་ཆེན་པོ་འདི། །ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །དེ་ནས་ཛཔ྄་ལ་བབ་པ་དང་། དང་པོ་དལ་གྱི་དལ་གསལ་གདབ། དཔལ་ཆེན་པོའི་དཔལ་བེའུ་རིན་པོ་ཆེ་ཟུར་བརྒྱད་ལ། རུ་ལུ་འབྲུ་བརྒྱད་གནས་པ་ལ་སྤྲོ་བསྡུ་བྱ་ཞིང་བཟླས་སོ། །ཛཔ྄་བརྒྱ་རྩ་བཟླས་སོ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས། །རིན་ཆེན་གྭ་འུ་ཁ་ཕྱེ་ལ། །རུ་ལུ་གསེར་ཕྲེང་འོད་དུ་འཕྲོ། །ཕར་འཕྲོས་པས་ནི་སྐུ་ུལ་ཐིམ། །སྐུ་ཡང་འགྱུར་བ་མེད་པའི་སྐུ། །འགྱུར་བ་མེད་དེ་དང་རེ་སྦྲོ། །ཚུར་འདུས་པས་ན་གསུང་ལ་ཐིམ། །གསུང་ཡང་འགགས་པ་མེད་པའི་གསུང་། །འགགས་པ་མེད་དེ་དང་རེ་སྤྲོ། །གཉིས་སུ་མེད་པའི་སེམས་ལ་ཐིམ། །སེམས་ཀྱང་སྐྱེ་འཆི་མེད་པའི་སེམས། །སྐྱེ་འཆི་མེད་དེ་དང་རེ་སྤྲོ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ཡང་བྱང་ཆུབ་ཀྱི་སེམས་སྤྲོས་པ་ཐམས་ཅད་དང་། བྲལ་ཞིང་། སྐྱེ་བ་མེད་པའི་ངང་དུ་མི་འགྱུར་བར་བསྒོམ་མོ། །དེ་ལ་ཡང་དག་ཐུགས་ཀྱི་གྲུབ་པའི་མཐའ། རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པར་འདུས། བརྒྱ་རྩ་བཟླས་སོ། །ཞེས་བྱའོ། ༈ །དེ་ནས་འཇམ་དཔལ་སྐུའི་སྒྲུབ་པ་བྱ་སྟེ། བུདྡྷ་ཧེ་རུ་ཀ་གནས་གྱུར་པ། གཤིན་རྗེས་གཤེད་པོ་སྨུག་ནག་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན། གཡོན་ཐོད་ཁྲག །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར་བའོ། །འཁོར་ལོ་རྣམ་བཞི་སྐུ་ལ་རྫོགས་པ་ནི། ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ཐུགས་ཀ་ནས་གནས་པའི་འཁོར་ལོ། ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་ལས་འོད་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག་པས་གཉིས་མེད་དུ་གྱུར། སྲིད་པའི་འཁོར་ལོ་ལྟེ་བ་ནས་འོད་འཕྲོས། ཁམས་གསུམ་སྲིད་གསུམ་དུ་སྤྲོས། འཁོར་བའི་གནས་སྟོང་། སྤྲུལ་པའི་འཁོར་ལོ་ཞབས་འོག་ནས་འཕྲོས། འགྲོ་བ་རིགས་དྲུག་སེམས་ཅན་ལ་ཕོག་པས་སྐྱེ་བ་མེད་པར་གྱུར། གཅོད་པའི་འཁོར་ལོ་ཕྱག་མཚན་བེ་ཅོན་འཁོར་ལོ་ལས་འོད་འཕྲོས། ཕྲིན་ལས་རྣམ་བཞི་དུས་གཅིག་ལ་མཛད། ལྷ་མ་སྲིན་སྡེ་བརྒྱད་ལ་ཕོག་པས། སྲོག་བཅུད་ལ་ཕབ་སྟེ། ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་དུ་རོ་གཅིག་པར་བྱས། ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ཨ་ཡུ་གཉའན་གཡུ་ཚེ། ཨ་པ་ན་ཡེ་བྲུཾ། ཚེ་བྲུཾ་གཡུ་བྲུཾ། ཨ་ཡུ་གཉའ་ན་བྲུཾ། ཞེས་བརྒྱ་རྩ་བརྒྱད་དབུལ། ཧཱུཾ་ཚེ་ལ་མངའ་མཛད་གཤིན་རྗེ་གཤེད། །ཕྱག་མཚན་བེ་ཅོན་འཁོར་ལོ་ཡིས། །གཤིན་རྗེའི་གནས་ཁང་བཅོམ་ནས་ནི། །གཤིན་རྗེའི་ལག་ནས་ཚེ་འཕྲོག་ལ། །རྣལ་འབྱོར་བདག་ལ་ཚེ་སྩོལ་ཅིག །ཅེས་བསྐུལ་བས། རྣལ་འབྱོར་འཁོར་བཅས་ཀྱི་ཚེ་ཉམས་པ་དང་བརྐུས་པ་ཐམས་ཅད་སླར་ཐོབ་པར་བསམ་མོ། །འཇམ་དཔལ་འཁོར་ལོ་རྣམ་བཞིའི་དགོངས་པ། གཤིན་རྗེའི་ཚེ་སྒྲུབ་ལ་འདུས་ཞེས་ཀྱང་དེ་ལ་བྱའོ། ༈ །དེ་ནས་པདྨ་གསུང་གི་སྒྲུབ་པ་ཁ་བསྒྱུར་བྱ་སྟེ། པདྨ་ཧེ་རུ་ཀ་གནས་གྱུར། དཔལ་རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་གཡོན་ཐོད་ཁྲག །ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར་བའོ། །དབུ་གཙུག་ན་རྟ་མགོ་ལྗང་ཞུར་ཡོད་པའོ། །ༀ་པདྨ་ཏ་ཀྲིཏ་མ་ཧཱ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་པས། དབུས་ཀྱི་རྟ་སྐད་ཐེང་གཅིག་གིས། ཡེ་ཤེས་ཀྱི་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་དབང་དུ་བསྡུས། གཡས་ཀྱི་རྟ་སྐད་ཐེང་གཅིག་གིས། སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས། གཡོན་གྱི་རྟ་སྐད་ཐེང་གཅིག་གིས། སྲིད་པའི་གཟའ་ཀླུ་ཕོ་མོ་དབང་དུ་བསྡུས་ཏེ་བྲན་བཞིན་བཀའ་ཉན་གསུང་སྡོད་པར་བསྒོམ་མོ། །འཛབ་བསྟོད། ཧཱུཾ། བཅོམ་ལྡན་དབང་ཆེན་རྟ་མཆོག་སྐུ། །སྐུ་མདོག་དམར་ནག་ཐམས་ཅད་དབང་དུ་སྡུད། །རྟ་སྐད་འཚེར་བའི་དྲེགས་པ་ལས་ལ་གཏོད། །ཕྱག་མཚན་མཚོན་ཆས་གདུག་པ་ཐལ་བར་རློག །དུར་ཁྲོད་རྒྱན་ཆས་མཁའ་འགྲོ་དམ་ལ་སྡུད། །ཞབས་ཀྱི་དོར་སྟབས་དགྲ་བགེགས་དམ་སྲི་གཟིར། །ཁམས་གསུམ་དབང་སྡུད་རྟ་མཆོག་སྐུ་ལ་བསྟོད། །ཅེས་བསྟོད་ཅིང་། འཇིག་རྟེན་འདས་དང་མ་འདས་ཐམས་ཅད་དབང་དུ་བསྡུ་ཞིང་ལས་ལ་གཟུད་དོ། །པདྨ་གསུང་གི་སྒྲུབ་པ། རྟ་སྐད་ཐེང་གསུམ་དགོངས་པར་འདུས། ཞེས་ཀྱང་དེ་ལ་བྱའོ། ༈ །དེ་ནས་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་བྱ་སྟེ། ཀརྨ་ཧེ་རུ་ཀ་གནས་གྱུར་པ། རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་ཕུར་པ་དྲིལ་བ་ཞབས་གཉིས་བརྐྱང་བསྐུམ་ཡུམ་དང་སྦྱོར་བའོ། །ཕུར་པ་སྲས་མཆོག་ཏུ་བསྐྱེད་ལ། ཁྲོ་བོ་ཁྲོ་མོ་སྤྲུལ་པ་ཁྲ་ཐབས་ཡང་སྤྲུལ་རྣམས་ཀྱིས་དགྲ་དང་བགེགས་བཀུག་ལ་བསྒྲལ་བར་བསམ་མོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཏི་བ་ཏ་བ་ཀྲ་གཉའ་ན་ཀྲོ་ཏ་དགྲ་བགེགས་མཱ་རུ་ཡ་ཧཱུཾ་ཕཊ། ཅེས་ཕུར་བུ་འདྲིལ་ཞིང་དགྲ་བགེགས་ལ་གདབ་སྟེ། ཛཔ྄ ་བསྟོད་ནི། ཧཱུཾ། ཁྲོ་རྒྱལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་བཞེངས། །ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡ། །འཇིགས་བྱེད་ཁྲོ་བོ་ཁྲོ་མོ་ཁྲ་ཐབས་དང་། །སྦྲུལ་པ་ཡང་སྦྲུལ་སུམ་སྤྲུལ་ཕོ་ཉའི་ཚོགས། །གདུག་པའི་དགྲ་བགེགས་ཁུག་ལ་ཕུར་པས་རྒྱོབ། །བར་ཆོད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཅེས་ཕུར་པ་འདྲིལ་ནས་བཏབ་པས། དགྲ་བགེགས་ཐལ་ཕུང་ནས་བརླགས་པར་བྱ། རྩད་བཅད་པར་བསྒོམ་མོ། །ཕྲིན་ལས་ཕུར་པའི་སྒྲུབ་པ་ཕུར་པ་ཐལ་འབྱིན་དགོངས་པར་འདུས་ཞེས་དེ་ལ་བྱའོ། ༈ །དེ་ནས་བདུད་རྩི་ཡོན་ཏན་གྱི་སྒྲུབ་པར་བྱ་སྟེ། རཏྣ་ཧེ་རུ་ཀ་བདུད་རྩི་འཁྱིལ་པར་གནས་བསྒྱུར་ཏེ། བདུད་རྩི་དང་ཆང་བསྲེས་ལ་ཀ་པཱ་ལ་བཀང་ལ། ཐོད་པའི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་པོ། ཀ་པཱ་ལར་ཤ་ལྔ་བདུད་རྩི་ལྔ་ལས། རིགས་ལྔ་ཡབ་ཡུམ་བཅུར་གྱུར། སྦྱོར་བ་བྱས་བྱང་ཆུབ་སེམས་ཀྱི་བདུད་རྩིར་གྱུར། རིགས་ལྔ་ཡབ་ཡུམ་འོད་དུ་ཞུ། འོག་གི་རླུང་གིས་མེ་བུས། མེས་ཐོད་པ་དྲོས་བདུད་རྩི་ཁོལ་བས། བདུད་རྩིའི་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ། སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་ཡུམ་ལ་འཁྱུད་ནས་ཐལ་མོ་བཟེད་པས་ཞབས་ལྟེ་བ་མན་ཆད་བདུད་རྩིའི་ནང་ན་ཡོད་པར་བསྒོམ། ༀ་ཨཱཾཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུན་དུ་ལི་ཧཱུཾ་ཧྲིཿཋཱ། ཛཔ྄་དེ་ཉི་ཤུ་རྩ་གཅིག་བརྗོད་པས། བདུད་རྩི་འཁྱིལ་བ་ཡབ་ཡུམ་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས། འོག་མིན་གནས་སུ་རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་སུ་ཕོག །ཡེ་ཤེས་བདུད་རྩི་བབ་པར་དམ་ཚིག་བདུད་རྩི་དང་འདྲེས་ནས། དཀར་ལྷུད་ལྷུད་གང་བར་བསམ་མོ། །རིགས་ལྔ་ཡབ་ཡུམ་མཁའ་ཀློང་དུ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །སྣང་སྲིད་སྐྱེ་འགྲོ་རྩི་བཅུད་སྨན་རྣམས་བཞིན། །ཐམས་ཅད་དག་པ་བདུད་རྩི་ཆེན་པོ་ལ། །བདུད་རྩི་ལྔ་རུ་ཡེ་སངས་རྒྱས། །བསེ་ཕོར་དམར་པོ་མཚན་ལྡན་མཛེས་པའི་སྣོད། །ཤེལ་ཕོར་དཀར་པོ་དྲི་མེད་དག་པའི་སྣོད་ནང་དུ། །དམ་རྫས་བདུད་རྩི་ལྔ་ཡི་བཅུད་བླུགས་ཏེ། །ཨེ་མ་ཧོ་བདུད་རྩི་བཅུད་འདི་ནི། །ཡེ་ཤེས་ལྷ་ལ་ཕོག་པས་རྒྱལ་བའི་དཀྱིལ་འཁོར་མཉེས། །དམ་ཅན་སྲུང་མ་རྣམས་ལ་ཕུལ་བས་ཐུགས་དམ་གཉན་པོ་སྐོངས། །རིགས་ལྔ་གྲུབ་པའི་ཚོགས་ལ་ཕུལ་བས་དངོས་གྲུབ་རྒྱ་མཚོ་སྤེལ། །རྣལ་འབྱོར་དབང་ཕྱུག་བདག་ལ་ཕོག་པས་དབང་དང་དངོས་གྲུབ་བརྩོལ། །ལས་མེད་བགེགས་ལ་ཕོག་པས་ཐལ་བའི་རྡུལ་དུ་རློག །ཨེ་མ་ཧོ་བདུད་རྩིའི་ཆུ་འདི་ནི། །མཐོང་ངམ་ཐོས་སམ་རེག་པ་ཙམ་གྱིས་ནི། །ཐམས་ཅད་དབང་སྡུད་རྣལ་འབྱོར་བདག་གིས་ཐོབ། །ཨེ་མ་ཐབས་ཆེན་ཁྱད་པར་ཅན། །ཨེ་མ་ཐབས་ཆེན་བླ་ན་མེད། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །ལྟ་བ་རྨད་བྱུང་ངོ་མཚར་ཆེ། །སྤྱོད་པ་རྨད་བྱུང་ངོ་མཚར་ཆེ། །སྐུ་ལྔ་ལྷུན་གྲུབ་ངོ་མཚར་ཆེ། །ཆོས་སྐུ་གཅིག་ལ་ཐ་དད་པ། །རིགས་ལྔའི་དངོས་གྲུབ་འདིར་ཐོབ་བོ། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བདུད་རྩི་གཏོར་རོ། །ཚིག་གོང་ལྟར་བརྗོད་ཅིང་བསྒོམ། ཡང་དེ་ལྟར་བསྒོམ་མོ། །དེ་ནས་སྨན་མཆོད་བྱེད་པའི་དུས་སུ། བདུད་རྩི་འཁྱིལ་པ་ཡབ་ཡུམ་ཞུ་ལ། ཞི་ཁྲོ་གནས་འགྱུར་ལྷ་ཚོགས་རྣམས་ལ་མཆོད་པ་དུས་གཅིག་ལ་དབུལ། རིག་འཛིན་དང་མ་མོ་དང་མཁའ་འགྲོ་མ་དང་ཆོས་སྐྱོང་སྡེ་བརྒྱད་རྣམས་ལ་དབུལ་ལོ། །བདུད་རྩི་བྱང་ཆུབ་སེམས་ཀྱིས་མཉེས་པར་བསྒོམ་མོ། །བདུད་རྩི་ལྕེ་ལ་བཞག་དངོས་གྲུབ་ཐབས་གསུམ་བླང་ངོ་། །ཞེས་བཤད་པས། གོང་གི་སྨན་དབུལ་བ། ཧཱུཾ་རང་བྱུང་གདོད་ནས་སོགས། ཙིཏྟ་སིདྡྷི་ཧཱུཾ་གི་བར་བདུད་རྩི་མཆོད་ཅིང་དངོས་གྲུབ་བླང་བར་བྱའོ། །ཡང་བདུད་རྩི་བསྲུང་བའི་ཕྱིར། བདུད་རྩིའི་ནང་དུ་བདུད་རྩི་འཁྱིལ་བ་ཡབ་ཡུམ་བསྐྱེད་ལ་གཞག་གོ། །བདུད་རྩི་ཡོན་ཏན་གྱི་སྒྲུབ་པ་བདུད་རྩི་རྣམ་དག་གི་དགོངས་པར་འདུས་ཞེས་དེ་ལ་བྱའོ། །དེ་ནས་བསྟོད་པ་བྱ་བ། ཧཱུཾ། མཉམ་ཉིད་སྐུ་ཡི་རང་བཞིན་ནི། །ཀུན་བཟང་ཟག་པ་མེད་པར་བདེ། །སེམས་ཅན་དོན་ལ་བདེ་བར་གཤེགས། །ཐུགས་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ། རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ། །མ་འགགས་པ་ལ་འཇིགས་པ་མེད། །ཆགས་བྲལ་སྐྱོན་མེད་རྡོ་རྗེའི་གསུང་། །ཡང་དག་གསུང་ལ་ཕྱག་འཚལ་བསྟོད། །ཧཱུཾ། སྤྲོས་པ་མེད་པ་དབྱིངས་ཀྱི་ངང་། །མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐུགས། །བླང་དོར་མེད་པ་ཆོས་ཀྱི་དབྱིངས། །འགྱུར་མེད་ཐུགས་ལ་ཕྱག་འཚལ་བསྟོད། །ཧཱུཾ། ཆོས་དབྱིངས་རོལ་པ་བདེ་བ་ཆེན་པོ་ལས། བཙལ་དང་རྩལ་བར་མི་དམིགས་ཀྱང་། ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱིས། །ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད། །ཧཱུཾ། རང་བཞིན་ཅིར་ཡང་མ་ངེས་ཀྱང་། །དཀྱིལ་འཁོར་ཆེན་པོའི་ཆ་བཟུང་ནས། །རྟོག་མེད་དྲེགས་པ་ངང་གིས་འདུལ། །ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་ཞུ་བ། ཧཱུཾ། ལྷ་དང་རིག་འཛིན་ཐམས་ཅད་ལ། །དབང་དང་དངོས་གྲུབ་ཞུ་བ་ནི། །འདིར་འདུས་རིག་འཛིན་བདག་ཅག་རྣམས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ནས། །བསྐྱེས་རྫོགས་གཉིས་ཀྱི་ལས་གཞུང་བསྲངས། །བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཆུབ། །ལས་དང་ཐུགས་རྗེ་མཐུན་པ་ཡི། །སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ། སྨོན་ལམ་ནི། ཧཱུཾ། སྔོན་དུས་བསྐལ་པ་དང་པོ་ནས། །ཐ་མ་ད་ལྟ་ཡན་ཆད་དུ། །བསོད་ནམས་དགེ་བའི་ལས་བགྱིས་པས། །འགྲོ་རྣམས་སྡུག་བསྔལ་གྲོལ་གྱུར་ནས། །སྐུ་གསུམ་གོ་འཕང་ཐོབ་པར་ཤོག །དཔལ་ལྡན་རོ་ལངས་བདེ་བ་ཡིས། །ཏནྟྲ་རྣམས་ཀྱི་བཅུད་ཕྱུང་ནས། །ཕྱི་རབས་རྣམས་ལ་གདམས་པ་བྱས། །ཁ་བསྒྱུར་དྲུག་པ་སྙིང་དང་འདྲ། །གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཁ་བསྒྱུར་བའི་ཕྲིན་ལས། ཨྠྀི། རྒྱ་རྒྱ་རྒྱ། སློབ་དཔོན་གྲུབ་ཐོབ་དངོས་གྲུབ་གྱི་ཐུགས་དམ་པྱག་བཞེས། མྱང་རལ་པ་ཅན་གྱི་ཡི་དམ་ལགས་སོ། ༈ །དེ་ནས་སྒོམ་ཁོག་ལས། ཚོགས་དང་ལྷག་མས་ཁ་བསྐང་ལ། །ཚོགས་ལ་བྱིན་རླབས་ཚུལ་བཞིན་བྱ། །འདོད་ཡོན་ལྷ་མོས་དང་པོར་མཆོད། །བར་པས་མཆོད་ཅིང་བཤགས་པ་བྱ། །ཐ་མ་དགྲ་བགེགས་དམིགས་ལ་བསྒྲལ། །ཐ་མ་རྣལ་འབྱོར་ཚོགས་ལ་རོལ། །དེ་ནས་ལྷག་མའི་གཏོར་མ་ལ། །བདུད་རྩི་ཆེན་པོར་བྱིན་བརླབས་ལ། །དང་པོ་ཡེ་ཤེས་མཁའ་འགྲོ་མཆོད། །གཉིས་པ་དམ་ཚིག་མཁའ་འགྲོ་མཆོད། །གསུམ་པ་ལས་ཀྱི་མཁའ་འགྲོ་མཆོད། །བཞི་པ་དམ་རྫས་གཏོར་མ་ཡིས། །ལྷ་སྲིན་སྡེ་བརྒྱད་ཆོས་སྐྱོང་མཆོད། །དེ་ནས་གཏོར་མ་ཟོར་དུ་འཕངས། །དགྲ་དང་བགེགས་ལ་བརྡེག་པར་བྱ། །གཏོར་གཞོང་ཁ་སྦུབས་དགྲ་བགེགས་མནན། །དེ་རྣམས་ཕྲིན་ལས་རིམ་པ་ཡིན། །ཞེས་པའི་གོ་རིམ་ལྟར་ལས་ཚོགས་ཀྱི་མཆོད་པས་ཁ་བསྐང་བ་ལ། ཚོགས་དང་གཏོར་མ་འདུ་བྱས་ལ། བྱིན་གྱིས་བརླབས་པ། རཾ་ཡཾ་ཁཾ། ཨཿ བདེ་བ་ཆེན་པོའི་སྣོད་མཆོག་ཏུ། །ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནི། །བླང་དོར་མེད་པའི་དམ་ཚིག་རྫས། །ༀ་ཨཱཿཧཱུཾ་གིས་བདུད་རྩི་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ། སྤྱན་དྲང་བ། ཧཱུཾ། རྒྱལ་བ་ཞི་ཁྲོ་འཁོར་དང་བཅས། །ཡེ་ཤེས་ཚོགས་པ་སྤྱན་འདྲེན་ན། །དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས། །དགའ་དང་གུས་པས་ཕྱག་འཚལ་ལོ། །ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོས་མཆོད་པ། གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་ལྡན་ཞལ་ཟས་རེག་བྱ་བདེ། །གར་དང་གླུ་དང་ཆོས་ཡིད་ཚིམ། །འདོད་ཡོན་ལྷ་མོས་ནམ་མཁའ་གང་། །ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །བར་པས་བཤགས་པ། ཧཱུཾ། ཞལ་ཟས་བདུད་རྩིའི་ཚོགས་མཆོད་འདི། །རང་བྱུང་ཡེ་ཤེས་ལྷ་རྣམས་ལ། །ཐུགས་དམ་བསྐང་ཕྱིར་འབུལ་ལགས་ན། །གཡར་དམ་ཉམས་པ་བསྐང་ཕྱིར་བཞེས། །ཡིག་བརྒྱ་བཟླས། ཐ་མ་བསྒྲལ་བ། བདེན་སྟོབས་དགུག་གཞུག་བྱས་ལ། ཧཱུཾ། རྣལ་འབྱོར་སྒྲུབ་ལ་བར་གཅོད་བགེགས། །ཚོགས་ལ་བསྟིམ་སྟེ་བསྒྲལ་བར་བྱ། །དུག་གསུམ་ཤ་ཁྲག་རུས་པའི་ཚོགས། །འཁོར་བ་དབྱིངས་སུ་བསྒྲལ་ཕྱིར་བཞེས། །ཚོགས་ལ་རོལ་པ། ཧཱུྃ། ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན། །དངོས་གྲུབ་སྣ་ཚོགས་འདི ལས་བྱུང་། །རྣལ་འབྱོར་ཚོགས་ལ་དགྱེས་པར་རོལ། །ཨ་ལ་ལ་ཧོཿ ༈ དེ་ནས་མ་མོ་རྦོད་གཏོར་གི་སྒྲུབ་པ་ནི། ལྷག་མའི་ཆོ་ག་ལ། ལྷག་མ་བསྡུས་ལ། བདག་ཉིད་དཔལ་ཆེན་པོ་བླ་མེད་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་གསལ། ༀ་འགུ་ཡ་གཉའ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཅེས་མ་མོ་དང་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུ། ཨ་ཀཱ་རོ་མུ་ཁཾ་སོགས། ཧཱུཾ་ཕཊ་སྭཱ་ཧཱ། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ། ཧཱུཾ། མ་དང་མཁའ་འགྲོ་དམ་ཅན་མ། །བསྟན་པ་སྲུང་བའི་ལས་མཁན་མ། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཡེ་ཤེས་མཁའ་འགྲོ་ཐམས་ཅད་ཀྱང་། །དམ་རྫས་གཉན་ཀྱི་གཏོར་མ་ལོངས། །རྣལ་འབྱོར་བྱིན་གྱིས་བརླབ་ཏུ་གསོལ། །བསྟན་སྲུང་བཀའ་ཡི་བྱ་རུ་མ། །ལྷ་མོ་མོན་མོ་བལ་མོ་དང་། །དམ་ཚིག་མཁའ་འགྲོ་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །བསྟན་པ་གཉན་པོ་བསྲུང་དུ་གསོལ། །དབང་ཕྱུགས་མཁའ་འགྲོ་འབར་མ་དང་། །མ་སྲིན་མཁའ་འགྲོ་འབར་མ་དང་། །མ་སྲིང་གིང་དང་ལང་ཀ་དང་། །ལས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །རྣལ་འབྱོར་རྐྱེན་དབང་བཟློག་ཏུ་གསོལ། །ༀ་འགུ་ཡ་གཉའ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། དེ་ག་ལ་མ་མོ་རྦོད་གཏོང་གི་སྒྲུབ་པ་ཞེས་བྱའོ། །སྐབས་འདིར་སྤྲོ་ཞིང་ནུས་ན་ཞི་ཁྲོའི་བསྟོད་པ་ཟུར་བཀོལ་གྱིས་ཁ་བསྐང་བར་བྱའོ། །དེ་ནས་འཇིག་རྟེན་པ་ཐམས་ཅད་བསྐུལ་ཞིང་སྲོག་སྙིང་ནས་དྲངས། ཕྲིན་ལས་བཅོལ། དམ་རྫས་གཏོར་ཕུད་བསྟབ། ལྷ་མ་སྲིན་སྡེ་བརྒྱད་བསྟེན་ཅིང་དགྲ་ལ་རྦད། ཅེས་པས། ཧཱུཾ། ཞེ་སྡང་དྲེགས་པ་གཤིན་རྗེ་ནི། །མཐིང་ནག་བེ་ཅོན་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། འདོད་ཆགས་དྲེགས་པ་མ་མོ་ནི། །དམར་ནག་སྙིང་དང་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། ང་རྒྱལ་དྲེགས་པ་གིང་ཆེན་ནི། །དཀར་པོ་ཤེལ་གྲི་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། ཕྲག་དོག་དྲེགས་པ་རྨུ་བཙན་ནི། །དམར་ནག་ཤང་ལང་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། ལས་ཀྱི་དྲེགས་པ་དགྲ་ལྷ་ནི། ། སྨུག་པོ་རྡོ་རྗེ་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། ང་རྒྱལ་དྲེགས་པ་གནོད་སྦྱིན་ནི། །སེར་པོ་རུ་དར་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། གཏི་མུག་དྲེགས་པ་ཀླུ་བདུད་ནི། །ནག་པོ་སྦྲུལ་ཞགས་རུས་སྦལ་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཧཱུཾ། འཇིག་རྟེན་དྲེགས་པ་གཟའ་བདུད་ནི། །དུད་ཁ་ཆུ་སྲིན་ཐོད་ཁྲག་ཐོགས། །བྲན་ཁོལ་གཡོག་བཞིན་ཕྲིན་ལས་མཛོད། །ཡ་མ་རུ་ཡ་ཙ་སུ་མ་ཡ་ཛཿ དྲག་ཤ་ཁ་མུནྜ་ཛཿ དྲི་རུ་རུ་ཧྲིདཿ དྲི་དུ་རུ་དུ་རུ་ཏ་རུ་ཏི་ཛཿ ག་བུ་ལ་རི་དྲི་ནི་ཏྲ་ཤ་ཡཾ་ཛཿ བཛྲ་སུ་དྷུ་སུ་མ་ཡ་རུ་ཙ་ཏྲི་ཛཿ ཧྲིང་བཛྲ་ཡ་ཀ་ཤ་བཛྲ་ཧྲིང་ཧྲིང་ཛཿ ནཱ་ག་རུ་ཙ་སུ་མ་ཡ་ཕུ་ཛཿ ར་ཧུ་ལ་མ་ཏྲིག་ཛཿ ཤ་ཏྲུཾ་ནི་ཐུམ་ཛཿ ཆེ་གེ་མོ་མཱ་རུ་ཡ་རྦད། ཧཱུཾ། བཀའ་ཡི་བསྟན་པ་སྲུང་མཛད་པ། །གཤིན་རྗེ་བདུད་དང་མ་མོ་དང་། །གཟའ་དང་ཀླུ་དང་བཙན་དང་ལྷ། །གནོད་སྦྱིན་སྲིན་པོ་དགྲ་ལྷ་རྣམས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །དམ་རྫས་གཉན་གྱི་གཏོར་མ་ལོངས། །སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །དེ་ལ་འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པ་ཞེས་བྱ་བའོ། ༈ །འཇིག་རྟེན་པ་ཐམས་ཅད་ཀྱི་དམོད་སྔགས་དང་དྲག་སྔགས་དྲག་ཏུ་བཟླས། དམ་རྫས་དང་གཏོར་མ་ཟོར་དུ་འཕང་ངོ་། །དགྲ་བགེགས་ལ་མཐུ་དང་བྱིན་རླབས་འཕྲལ་ལ་འབྱུང་བས། ༀ་བཛྲ་སརྦ་དུཥྚན་ཨེ་ཛ་བྷྱོ་ཧཱུཾ་ཕཊ། ཧཱུཾ། དྲག་པོ་ཀུན་གྱི་གཏོར་མ་འདི། །སྡང་དགྲ་གནོད་པའི་བགེགས་ལ་རྡེག །ལྔང་ཕུང་གཟུགས་ལ་གཏོར་ཟོར་རྒྱོབ། །ལུས་ངག་ཡིད་གསུམ་ཐལ་བར་སློག །དགྲ་བགེགས་ལས་ངན་རྩད་ནས་ཆོད། །ཅེས་པ་དམོད་མོ་དང་བཅས་པས་གཏོར་མ་དགྲ་ཕྱོགས་སུ་ཟོར་དུ་འཕང་ངོ་། །དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་ཞེས་བྱའོ། །གཏོར་གཞོང་སྦུབ་ལ། ཧཱུཾ། གཏོར་ཕྱིར་འབྲངས་བའི་དམ་སྲི་རྣམས། །རྣལ་འབྱོར་འཁོར་ལ་བར་ཆོད་བགེགས། །གཏོར་གཞོང་རི་རབ་འོག་ཏུ་མནན། །བསྐལ་པའི་མཐར་ཡང་མི་བཏང་བར། །ལུས་ངག་ཡིད་གསུམ་ནན་གྱིས་མནན། །ༀ་ལཾ་ཨཱཿལཾ་ཧཱུཾ་ལཾ་སྲི་ནན། ཞེས་གཏོརཕྱིར་འབྲངས་པའི་དམ་སྲི་རྣམས། གཏོར་གཞོང་ཁ་སྦུབ་རི་རབ་འོག་ཏུ་མནན་པར་བསམ་མོ། །ཁ་བསྐང་མཆོད་བསྟོད་གོང་ལྟར་དང་བཟོད་གསོལ་བསྡུ་རིམ་བསྔོ་སྨོན་བཀྲ་ཤིས་སོགས་སྤྱི་ཁྱབ་ལྟར་གྱིས་མཐའ་རྒྱས་པར་བྱའོ། །དེ་ལྟར་ན་སྒྲུབ་པ་བརྒྱད་གཅིག་ཏུ་དྲིལ་ནས་བསྐྱེད་རིམ་ཉམས་སུ་བླང་བའི་ཚུལ་རྣམས་མདོ་ཙམ་ཆ་ཚང་བར་འགྱུར་ཞིང་གོང་འོག་གི་ཆིང་རྣམས་དེ་ལྟར་སོ་སོའི་གཅིག་སྒྲུབ་རྣམས་སྒོམ་ཁོག་ལྟར་མངོན་རྟོགས་སྦྱར་བས་འགྲུབ་པར་འགྱུར་ཏེ་བསྐྱེད་རིམ་གསལ་ཐེབས་ནས་ལྷ་དང་རང་སེམས་དབྱེར་མེད་པའི་ཏིང་འཛིན་ལ་མཉམ་རྗེས་ཀུན་ཏུ་ལམ་ཁྱེར་ནུས་ན་བསྐྱེད་རྫོགས་ཟུང་འཇུག་ཏུ་འགྱུར་ཞིང་། དེ་ནས་གཞུང་འདི་ཉིད་ཀྱི་རྫོགས་རིམ་ཟམ་མོ་རྣམས་ལ་བློ་ནུས་དང་བསྟུན་ནས་ཉམས་སུ་ལེན་པ་ལ་འབད་པར་བྱ་སྟེ། སྒོམ་ཁོག་ལས། ཕྲིན་ལས་ཁ་བསྒྱུར་དྲུག་པ་འདི། །སྒྲུབ་པ་དྲུག་གི་ཁོག་པ་ཡིན། །ཆིག་སྒྲུབ་སྒོས་སྒྲུབ་དེ་ལྟར་བྱ། །དེ་ནི་བསྐྱེད་རིམ་རྐྱང་པ་ཡིན། ༈ །རྫོགས་རིམ་ལྷ་དེ་རང་སེམས་ཡིན། སེམས་ཉིད་གཏན་ལ་དབབ་པ་ནི། །ལྷ་ཉིད་རང་ལ་རང་ཉིད་ལྷ། །དུས་གསུམ་རྟག་ཏུ་མི་འབྲལ་འགྲོགས། །གཉིས་སུ་མེད་ན་གྲུབ་པ་ཡིན། །ཞེས་གསུངས་སོ། །གང་གི་རིམ་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གཅིག །རྫོང་འཕྲང་སྲོག་གི་གྲུབ་པ འི་མཐར་འཆའ་བས། །དངོས་གྲུབ་མཆོག་གི་སུ་གསུམ་དབང་བྱེད་པ། །མཁས་པ་མི་བཞི་སྲེད་མེད་བུ་ཡི་གཡོ། །འཆི་མེད་བཏུང་བའི་དཔལ་གྱིས་མི་འཕྲོག་ཅིང་། །བུམ་བཟང་དཔག་བསམ་ཤིང་གི་གོ་སར་ཡང་། །འཛེགས་མིན་བླ་མེད་མཆོག་གི་རྒྱལ་ཐབས་ལ། །མྱུར་སྦྱོར་རྡོ་རྗེའི་གསེང་ལམ་འདི་མིན་ནམ། །དེང་དུས་འདི་འདྲའི་བླ་དྭགས་སྒྲ་ཙམ་ཡང་། །ཐོས་འཛིན་ཡུལ་དུ་བྱས་པ་དཀོན་མཐོང་ཞིང་། །ཆོས་ལ་འབད་པ་མདོ་མེད་རྩི་བའི་དུས། །སྡིག་ལྟས་ཁེབས་ལ་བདག་འདྲས་ཅི་བྱར་ཡོད། །འོན་ཀྱང་ཆོས་ཉིད་བདེན་པར་རྨད་པོ་ཆེ། །དུས་དང་སྤྱོད་པའི་ཁམས་སུ་ཉམས་བླངས་པའི། །རང་འབྲས་མི་བསླུ་དེ་དེར་ངེས་རྙེད་པས། །རྣལ་འབྱོར་ལམ་འདི་ལྷག་བསམ་ཁོ་ནས་བྱས། །གོང་འོག་དཀྲུགས་དང་མ་ཚང་འགལ་ལ་སོགས། །ཉིས་གྱུར་མཐའ་དག་སྡིག་དང་ལྷན་ཅིག་མཐོལ། །དགེ་བ་གྱུར་གང་མཐའ་ཡས་འགྲོ་བ་ཀུན། །ཧེ་རུ་ཀ་དཔལ་མྱུར་དུ་འཐོབ་ཕྱིར་བསྔོ། །སྒྲུབ་པ་བཀའ་བརྒྱད་བཀའ་མ་མཁས་པ་མི་བཞིའི་དགོངས་བཅུད་རྫོང་འཕྲང་ལ་སྔོན་ཆད་ལས་བྱང་ཆོག་ཁྲིགས་སུ་བཀོད་པ་མི་འདུག་པས་བློ་དམན་རྣམས་ཀྱིས་འཆད་ཉན་དང་བསྙེན་སྒྲུབ་ལག་ལེན་ལ་ཐེབས་དཀའ་བར་མཐོང་བས་ཟབ་ཆོས་འདི་ཉིད་ཀྱི་ཞབས་ཏོག་ཏུ་དམིགས་ནས་སྒྲིག་འདུན་ཡོད་པ་དང་། ལམ་འདི་ཉིད་ལ་མོས་པ་ལྷུར་ལེན་འགྱུར་མེད་ཆོས་དཔལ་གྱིས་བསྐུལ་བ་བཞིན་གཞུང་འདིའི་བསྐྱེད་རིམ་གྱི་ཆོས་སྐོར་རྣམས་རང་གཞུང་གི་དགོངས་པ་གང་ཡིན་ངག་འདོན་ཆུ་འབབ་སུ་བཀོད་པ་ལས་ཚིག་ཚོགས་དང་རང་བཟོའི་སྤྲོས་པ་སྤངས་ཏེ་སྙོམས་ལས་པ་འགྱུར་མེ་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་ཞེས་འབོད་པས་ངེས་གསང་སྙིང་པོའི་བཤད་སྒྲུབ་ཀྱི་སྒྲ་སྒྲོགས་པའི་གནས་ཀཿཐོག་རྡོ་རྗེ་གདན་གྱི་གནྡྷོ་ལའི་བ་གམ་དུ་སྡེབས་པ་དུས་ཐམས་ཅད་དུ་དགེ་ལེགས་སུ་གྱུར་ཅིག །ཡི་གེ་པ་ནི་ཤཱཀྱའི་བཙུན་པ་བཀྲ་ཤིས་འོད་ཟེར་གྱིས་བྱས་པ་དགེའོ།། །།


previousམཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་བཀའ་མའི་བསྐྱེད་རིམ་གྱི་ཕྲིན་ལས་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་པའི་རྒྱན། འགྱུར་མེད་ཚེ་དབང་མཆོག་གྲུབ།next