Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བདུན་པ།


   
   
   
   
   
   
   
   
གནུབས་ཆེན་བླ་སྒྲུབ་ངང་སྒོམ་གྱི་ཁྲིད་ཡིག་རྒྱུད་དོན་གསལ་བའི་མེ་ལོང་།
   
   
   
   
   


 
previousགནུབས་ཆེན་བླ་སྒྲུབ་ངང་སྒོམ་གྱི་ཁྲིད་ཡིག་རྒྱུད་དོན་གསལ་བའི་མེ་ལོང་།next

གནུབས་ཆེན་བླ་སྒྲུབ་ངང་སྒོམ་གྱི་ཁྲིད་ཡིག་རྒྱུད་དོན་གསལ་བའི་མེ་ལོང་།

༄༅། །གནུབས་ཆེན་བླ་སྒྲུབ་ངང་སྒོམ་གྱི་ཁྲིད་ཡིག་རྒྱུད་དོན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

དཀྱིལ་འཁོར་བདག་པོ་བདེ་བ་ཆེ། །ཧེ་རུ་ཀ་ལ་ཕྱག་འཚལ་ཏེ། །ཉེ་ཟབ་བླ་མའི་ལམ་མཆོག་ལ། །བརྟེན་པའི་རིམ་པ་ཉུང་ངུ་སྤེལ། །དེ་ཡང་རྟེན་གྱི་གང་ཟག་ཚེ་གཅིག་གིས་སྙིང་པོ་མཆོག་གི་གོ་འཕང་ལ་འགྲོ་བར་འདོད་པ་དག་གི། དང་པོ་སྔགས་ཀྱི་ཐེག་པའི་འཇུག་སྒོ་ཁྱད་པར་དུ་གྱུར་པ་སྨིན་བྱེད་ཀྱི་དབང་བླ་མ་མཚན་ཉིད་དང་ལྡན་པ་ལས་ནོས་ནས་གྲོལ་བྱེད་ལམ་གྱི་རིམ་པ་ཉམས་སུ་ལེན་པར་འདོད་པས། ཐོག་མར་གཟའ་སྐར་གྱི་སྦྱོར་བ་དགེ་བར་གོང་མས་བརླབས་ཤིང་བཀྲ་ཤིས་པའི་གནས་སུ་བསམ་གཏན་གྱི་ཁང་བུར་སྒྲུབ་པ་རྟེན་གྱི་ཡོ་བྱད་བླ་མའི་སྐུ་བརྙན་དང་། གཞན་ཡང་དཀོན་མཆོག་གི་རྟེན་བཀྲམ་པ་དང་། རྩ་བ་གསུམ་གྱི་གཏོར་མ་དང་། མཆོད་པའི་ཡོ་བྱད་སྨན་གཏོར་རཀྟ་གསུམ་ཐུན་མིན་དང་། ཐུན་མོང་པ་ཉེར་སྤྱོད་ཀྱི་མཆོད་པ་གྲངས་ཅི་མང་གིས་གཟབ་རྒྱས་སུ་བཤམས། མལ་འོག་ཏུ་སུ་དཀར་གྱིས་གཡུང་དྲུང་བྲིས་པའི་སྟེང་ཀུ་ཤ་རྩེ་མོ་ནང་བསྟན་གྱིས་རྒྱ་གྲམ་གྱི་རྣམ་པར་བཏིང་བའི་སྟེང་བསམ་གཏན་གྱི་འབོལ་ཆུང་འདིང་བའི་སྟེང་དུ་བདེ་བར་འཁོད་ལ། དེ་ནས་སྔ་དྲོ་སྒྲུབ་ཁང་གི་སྒོ་དྲུག་ཏུ་རྒྱལ་ཆེན་གྱི་ཐོ་བཙུགས། བགེགས་ཀྱི་གཏོར་མ་བཏང་། བསྲུང་བའི་འཁོར་ལོ་བསྒོམ་སྟེ་མཚམས་མ་གྲོལ་བར་དམིགས་བཞག་པ་མ་གཏོགས་ཕྱི་ནང་འགྲོ་འདུག་དང་བཅས་ཀ་བཏང་ལེན་མི་བྱ། སྔོན་འགྲོ་དལ་འབྱོར་རྙེད་དཀའ་ནས་བཟུང་བླ་མའི་རྣལ་འབྱོར་བར་ཞག་མི་ཉུང་བར་བློ་སྦྱོང་ནས་རྒྱུད་འཁུལ་ངེས་སུ་བྱས་ཏེ། དེ་ནས་དགོང་མོ་དབང་གི་དུས་ལ་དངོས་གཞིའི་མགོ་བཟུང་སྟེ་ལས་བྱང་ཚོགས་སྐོང་བཅས་པ་ཞིག་བྱས་ཏེ། དེའི་སྲོད་ལ་བསྙེན་པའི་མགོ་ཚུགས་པར་བྱའོ། །འདིར་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དག་མཉམ་ཆེན་པོར་གཏན་ལ་འབེབས་པའི་ལུང་གསུམ་གྱི་གཏན་ཚིགས་གཏན་ལ་འབེབ་ཚུལ་འོག་ནས་འབྱུང་བ་ལྟར་གཏན་ལ་ཕབ་སྟེ་ཉོན་མོངས་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་བསྒྱུར་བའི་སྔགས་ནང་བ་དབང་བསྒྱུར་ཐབས་ཀྱི་ཐེགས་པ་ལ་རྒྱུད་ལུང་མན་ངག་གཙོ་བོར་བཏོན་པའི་གསུམ་གྱི་ནང་ཚན་རྫོགས་པ་ཨ་ནུ་ཡོ་གའི་ལུགས་ལྟར་ཆོ་གའི་འགྲོས་བྱུང་བས། ལུགས་སྲོལ་འདིར་དུ་ཐོས་པའི་ཤེས་རབ་ཅན་ལ་དབང་བསྐུར་དུ་བྱེད་པ། བསམ་པའི་ཤེས་རབ་ཅན་ལ་བཤད་པ་བྱེད་པ། བསྒོམ་པའི་ཤེས་རབ་ཅན་ལ་ཁྲིད་དུ་འདེབས་ལུགས་གསུམ་བྱུང་བས། སྐབས་འདིར་ཕྱི་མ་ལྟར་བསྟེན་པའི་ལུས་ལ་འདུས་པ་མདོའི་ངང་སྒོམ་ཆེ་ཆུང་གི་གནད་ཚང་བ་ཙམ་འཆད། ཁྲིད་རིམ་ཐམས་ཅད་ཀྱི་ཐོག་མར་ལམ་ལ་འཇུག་པའི་སྒོར། ཚེ་འདི་དང་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཡིད་ངེས་པར་འབྱུང་བའི་སྐྱོ་ཤས་དང་། ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་པའི་ངེས་ཤེས་དྲག་པོ་དང་ལྡན་པའི་སྒོ་ནས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བའི་གདམས་པ་ནས་བཟུང་ལམ་འཁྱེར་བཞི་ཡོད་པ་ལས་དང་པོ་སྐྱབས་འགྲོ་ལམ་འཁྱེར་ནི། དོན་དམ་པར་བདག་དང་སེམས་ཅན་དང་། སྡུག་བསྔལ་གསུམ་རང་བཞིན་གྱིས་མ་དམིགས་ནའང་། ཀུན་རྫོབ་ཏུ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ནི་འཁོར་བ་ན་སྐྱབས་མེད་མགོན་མེད་ཡིན་པས། དེ་རྣམས་སྐྱོབ་ནུས་པ་པོ་བླ་མ་དང་དཀོན་མཆོག་གསུམ་ཡིན་པའི་ངེས་ཤེས་བསྐྱེད་ནས། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་དང་རུ་མདར་ཞུ་སྙམས་ནས། དུས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱིད་སྡུག་དང་ལེགས་ཉེས་ཅི་མཛད་དཀོན་མཆོག་ཁྱེད་རང་ཤེས་སྙམས་པས་སྐྱབས་སུ་འགྲོ་ཞིང་། ཡིད་ཆེས་དྲན་པས་བདེ་སྡུག་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་གི་སྐྱབས་འོག་ན་བློ་མེ་འབོལ་གྱིས་འདུག་པ་ཞིག་དགོས་སོ། །སྐྱབས་འགྲོ་འདི་ལ་མདོ་སྔགས་ཀྱི་ལམ་གང་ཉམས་སུ་བླངས་ཀྱང་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་ལས་མི་འདའ་བར་ཤེས་པ་གལ་ཆེའོ། །གཉིས་པའི་དམ་ཚིག་ལམ་འཁྱེར་ནི། །དབང་དང་དངོས་གྲུབ་དང་པོའི་གེགས། །བླ་མའི་འགྲོ་བའི་རྡོ་རྗེ་སྤུན། །འཁུ་ལྡོག་གདུང་བའི་སེམས་མེད་ན། །དབང་དང་དངོས་གྲུབ་གཉིས་པའི་གེགས། །བྱང་ཆུབ་སེམས་ལ་འདུན་མེད་ཅིང་། །ཐར་ལམ་འདྲེན་པའི་ལྷ་སྤོང་བ། །དངོས་གྲུབ་འབྱུང་བའི་གེགས་གསུམ་པ། །སྙིང་པོའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་གེགས་བཞི་པ། །གསང་སྔགས་གསང་བའི་ལྟ་སྤྱོད་རྣམས། །ཡོངས་ལ་སྦྱིན་པ་ལྔ་པའི་གེགས། །ཐར་ལམ་སྟོན་པ་འདུན་མེད་ཅིང་། །སེར་སྣས་བཅིང་བ་དྲུག་པའི་གེགས། །གཟུ་ལུམ་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གེགས་བདུན་པ། །འདོད་པ་ཁོ་གྲང་ལྷུར་ལེན་ཅིང་། །གསང་བའི་དམ་ཚིག་སྤོང་བ་ནི། །འདི་ནི་བརྒྱད་པའི་གེགས་སུ་བསྟན། །ཉམས་པ་འདི་དག་སུས་སྤོང་བ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །ཅེས་འདི་བརྒྱད་པོ་ལ་རྟག་ཏུ་བླང་དོར་བྱེད་ནུས་ན་སྔགས་ཀྱི་དམ་ཚིག་ཐམས་ཅད་མི་འདྲ་ཡང་དོན་ལ་གནད་ཐམས་ཅད་འདི་ལ་འདུས་པས་ཉམས་སུ་ལོན་ན་དབང་གི་སྲོག་ཟིན་དངོས་གྲུབ་ཀྱི་རྒྱུར་འགྱུར་བ་ལ་འདི་ལས་མང་མི་དགོས་ཤིང་ཉུང་ན་གནད་མི་འདུ་བའི་ཕྱིར། གསུམ་པ་ལྷ་དང་། བཞི་པ་སྙིང་པོ་ལམ་འཁྱེར་ནི་འདུས་མདོ་ནས་ངན་སོང་གནས་འདྲེན་གྱི་དབང་དང་འབྲེལ་བས། གསང་བའི་བདག་པོ་བསྒོམ་ཞིང་དེའི་སྙིང་པོ་བཟླ་བར་གསུངས་ཀྱང་། འདིར་ནི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པ་རྗེ་བཙུན་འཇམ་པའི་དབྱངས་སངས་རྒྱས་དང་བྱང་ཆུ བ་སེམས་དཔའི་སྤྲིན་གཏིབས་པ་ལྟ་བུའི་བསྐོར་བར་བསམ་ལ། མཚན་བརྗོད་ཀྱི་རྒྱུད་ཅི་ནུས་སུ་བརྗོད་པ་དང་། གནས་ལུགས་མ་རྟོགས་པའི་སེམས་ཅན་ལ་བྱམས་སྙིང་རྗེེ་ཡང་དང་ཡང་སྒོམ་ཞིང་། ཁྱད་པར་དུ་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོའི་རྣལ་འབྱོར་ལ་གོམས་པར་བྱ་སྙམ་པ་རྒྱུད་ལ་སྐྱེ་ངེས་པར་བྱ། འདི་ནི་ཐུན་དང་ཐུན་མཚམས་ཐམས་ཅད་ལ་སྦྱང་བར་བྱའོ། །འདི་རྒྱུད་ལ་གཅིག་སྐྱེ་ན་དེ་ནས་བཟུང་སྐྱེ་བ་གོང་འཕེལ་ནས་སངས་རྒྱས་ཀྱི་བར་དུ་འགྲོ་བ་ལ་འདི་གཅིག་པོས་ཆོག་པར་འདུག །དེ་ནས་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་འདེབས་དང་ལམ་དབང་ལེན་པ་རྣམས་ཐུན་ཐམས་ཅད་ཀྱི་མགོ་བཟུང་བར་བྱ་བ་ཡིན་ནོ། །ཉམས་ལེན་ཁྲིད་ཀྱི་དངོས་གཞི་ལ། སྒྱུ་འཕྲུལ་ལས། ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་པས། དང་པོས་ལྷ་མིའི་ཐེག་པས་རང་གི་འབྲས་བུས་མི་མཐུན་ཕྱོགས་ངན་སོང་གིས་འཇིགས་ཏེ་མཐོ་རིས་ཀྱི་བདེ་འབྲས་དོན་དུ་གཉེར་ནས་མངོན་མཐོའི་རྟེན་སྒྲུབ་པ་སྐྱེས་བུ་ཆུང་ངུའི་ལམ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་འཁོར་བས་འཇིགས་ནས་རང་དོན་དུ་ཞི ་བདེའི་འབྲས་བུས་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བ་སྐྱེས་བུ་འབྲིང་གི་ལམ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ནི་སྲིད་ཞི་གཉིས་ཀའི་མཐའ་ལ་འཇིགས་ནས་མི་གནས་པའི་མྱང་འདས་དོན་དུ་གཉེར་བ་སྐྱེས་བུ་ཆེན་པོའི་ལམ་སྟེ་བཞི་པོ་རྣམས་ཀྱིས་ངེས་པར་འབྱུང་བའི་མཐར་ཐོག་པ་གཅིག་པུ་སྔགས་ཀྱི་ཐེག་པ་ལ་རིམ་གྱིས་འཁྲིད་པར་བྱེད་པའི་ལུགས་ཀྱིས། དང་པོ་སྐྱེས་བུ་ུཆུང་ངའི་ལམ་གྱིས། སྤྱིར་ངོ་ཚ་ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ་ལུས་ངག་གི་བྱ་བ་ཡ་རབས་ཀྱི་ཚུལ་དང་མཐུན་པའི་སྤྱོད་པ་གསུམ་ལ་བསླབ་དགོས་ཏེ། དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་འཁུར་ཞིང་། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མདོ་སྤྱོད་ཡིན། །ཅེས་གསུང་པ་ལྟར་རོ། །ཁྱད་པར་མི་ཆོས་གཙང་མ་བཅུ་དྲུག་ལ་བསླབ་སྟེ་འབྱེད་པ་ལེའུ་ཆུང་ལས། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱ་བ་དང་།༡ དམ་པའི་ཆོས་བཙལ་བ་དང་།༢ གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང།༣ ཅི་ལའང་དྲན་ཅིང་ཚོད་ཟིན་པར་བྱ་བ་དང་།༤ མ་བཅོལ་བའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་།༥ མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སུ་བསྙོགས་པ་དང་།༦ དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བླན་པ་དང་།༧ ཕུ་ནུ་དང་ཕ་ཚན་ནང་དུ་ཤོང་ཡངས་ཆེ་བ་དང་།༨ རིམ་པས་རྒན་པ་ལ་བཀུར་བསྟི་བྱ་བ་དང་།༩ ཁྱིམ་ཚེས་ལ་བྱས་པ་དང་།༡༠ གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱིས་ཕན་འདོད་པ་དང་།༡༡ སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་།༡༢ རིག་བྱེད་བཟོ་ལ་མཁས་པས་གཟན་ལ་ཕན་པ་དང་།༡༣ ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུགས་པ་དང་།༡༤ ངན་བྱེད་ཀྱི་གྲོས་གཞི་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདེང་བ་དང་།༡༥ ལས་མཐའ་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ།༡༦ །ཞེས་གསུང་པ་རྣམས་རང་གི་རྒྱུད་ལ་ལྡན་པར་བྱའོ། །དེ་དགེ་གནད་ལས་རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་བསྐྱེད་ནས་མི་དགེ་བ་སྤངས་དགེ་བ་ཆ་ཕྲ་མོ་ཆ་ནས་འབད་པར་བྱའོ། །གཉིས་པ་སྐྱེས་བུ་འབྲིང་གི་ལམ་ལ་གཉིས་ཀྱིས་ཉན་ཐོས་ལ་གདམས་གང་ངང་སྒོམ་གྱིས་ཐོག་མར་ཞི་གནས་ནི། ཚེ་འདི་དང་འཁོར་བ་ལ་ཡིད་འབྱུང་བའི་སྐྱོ་ཤས་ཀྱིས་འདུ་འཛི་དང་མི་དགེ་བའི་སེམས་སྤངས་ཏེ་བསྒོམ་བྱའི་ངོ་བོ་ནི། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསྒོམ། དེ་ལ་ཤེས་པ་གཏད་དེ་བཞག་པས་ཐིག་ལེ་དེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་ཀེང་རུས་སུ་སྐྱ་ཁྲོལ་གྱིས་སོང་བར་བསམ་སྟེ་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དེ་ལས་ཡང་སྡུད་པའི་སྦྱོར་བས་རང་ལུས་ཙམ་ཀེང་རུས་སུ་དམིགས་ནས་བསྒོམ་སྟེ། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །ཞེས་སོ། །དེ་ལྟར་མི་སྡུག་བའི་ཏིང་ངེ་འཛིན་གྱིས་ཆགས་སྡང་འགགས་ནས་སེམས་ལས་སུ་རུང་བ་དང་། དེ་ནས་ལྷག་མཐོང་བསྒོམ་པ་ནི། འདིར་གོང་མའི་ལམ་སྟེགས་སུ་གང་ཟག་གི་བདག་མེད་བསྒོམ་པ་ནི། དེ་ནས་རང་ལུས་ཉེར་ལེན་གྱིས་ཕུང་པོ་ལྔ་པོ་འདི་ལ་བདག་ཏུ་སྒྲོ་བཏགས་ནས་ངར་འཛིན་འཇུག་པས། དེ་སུན་དབྱུང་བའི་དོན་དུ་འདི་ལྟར་སྐད་ཅིག་བརྟགས་དགོས་ཏེ། ངའོ་ཞེས་རྣམ་པར་བཏགས་པའི་ཡུལ་ལ་དམིགས་ནས་བཏགས་ན་ང་ཞེས་བྱ་བ་གྲུབ་མོད་དེ། ལུས་རྣམས་རྡུལ་ཕྲན་གྱིས་བར་དུ་བཤིག་ཅིང་། སེམས་ཀྱང་དུས་གསུམ་དུ་གཞིག་པ་ན་ལུས་སེམས་གཉིས་ཀྱང་དོན་དམ་པར་མ་གྲུབ་པས་དེ་གཉིས་ཀྱང་ང་མ་ཡིན། དེ་གཉིས་ཀྱི་ཚོགས་པའང་མ་གྲུབ་པས་ང་མ་ཡིན། དེ་གཉིས་ལས་ལོག་ནའང་མེད་པའི་ཕྱིར་རོ། །གང་ཟག་མེད་པར་ངེས་པ་ན་དེའི་ངང་ལ་མཉམ་པར་བཞག་པར་བྱའོ། །དེའི་དགོས་པ་ནི། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་དང་བདག་གིར་འཛིན་པ་ཡིན་པས། དེ་མེད་པར་ཤེས་ནས་རྟོགས་ན། དེ་ལ་བརྟེན་པའི་ཉོན་མོངས་པ་དང་། ལས་ཐམས་ཅད་ཟད་ནས་འཁོར་བར་སྐྱེ་བ་ལྡོག་པའོ། །དབུ་མ་ལས། ལས་དང་ཉོན་མོངས་ཟད་ལས་ཐར། །ཞེས་སོ། །གཉིས་པ་རང་རྒྱལ་གྱི་གདམས་ངག་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་དང་། དེ་ལས་གྲུ་ནང་ཙམ་གྱི་མཐོ་བར་ཐིག་ལེ་དཀར་པོ་ཞིག་བསམ་སྟེ། གཉིས་ཀ་ཆེ་ཆུང་སྲན་མ་ཙམ་དུ་བསམ། གསལ་ཐེབ་པ་དང་ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས་དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །ཡང་ཐིག་ལེ་དཀར་ལ་ཤེས་པ་གཏད་པས་ཇེ་ཆེར་སོང་ནས་སྣང་བ་ཐམས་ཅད་དཀར་ལམ་གྱི་སོང་བར་བསམ་སྟེ་མཉམ་པར་བཞག །ཐིག་ལེ་གཉིས་པོ་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཆོས་སུ་ཤེས་པར་བྱ། དེ་ནས་ཐིག་ལེ་དཀར་དམར་གཉིས་པོ་འདྲེས་པ་རང་གི་སྤྱི་བོ་ནས་བབས་ཏེ་སྙིང་ཁར་ཐིམ་པའི་ངང་ལ་མ་བཅོས་པར་བཞག་གོ། །དེས་སེམས་ལ་གནས་ཆ་རྙེད་པ་ན་གང་ཟག་གི་བདག་མེད་དེའི་སྟེང་དུ། འདིར་ནི་དོན་དུ་སྣང་བ་རྡུལ་ཕྲན་དུ་བསིལ་བས། དེ་ཡང་རྣམ་པར་བཤིག་པས་གཟུང་བ་ཡུལ་གྱི་ཆོས་རང་བཞིན་གྱིས་མ་གྲུབ་པའི་ངེས་པ་རྙེད་པ་ལ་མཉམ་བར་བཞག་གོ། །གསུམ་པ་སྐྱེས་བུ་ཆེན་པོའི་ངང་སྒོམ་ནི། བསམ་གཏན་གྱི་འདུག་སྟངས་ཆོས་བདུན་དང་ལྡན་པའི་ངང་ནས། རང་གི་སྙིང་ནང་དུ་ཐིག་ལེ་ཅོག་སྒོང་ཙམ་པ་འོད་ཀྱི་རྣམ་པ་ཁ་དོག་ཅིར་ཡང་འཆར་བ་ཞིག་བསྒོམ་ནས། དེ་ཡང་ཐིག་ལེ་སྟོང་པ་སྐྱེ་བ་མེད་ཅེས་པས། ཐིག་ལེ་དེ་ལ་བརྟགས་པ་ན་ཁ་དོག་གི་རྣམ་པ་མ་འགགས་པ་ཅིར་ཡང་སྣང་ལ། ཁ་དོག་དེ་དག་ལ་བརྟགས་པས་གང་དུའང་མ་གྲུབ་པའི་ངང་ལ་རྩེ་གཅིག་ཏུ་འཇོག་གོ། །དེ་ལྟར་དཔྱད་ཅིང་བསྒོམས་པས་བློ་གནས་པ་ན། དཔེ་དེ་དང་འདྲ་བར་བསྒོམ་བྱ་སྒོམ་བྱེད་སྒོམ་པ་ལ་སོགས་པའི་བྱ་བྱེད་ཀྱིས་མཚོན། ཕྱི་ནང་གི་སྣང་བའི་དངོས་པོ་འདི་དག་རྟེན་འབྲེལ་ཙམ་དུ་མ་འགགས་པར་ཤར་ཡང་སྣང་ཙམ་ཉིད་ནས་དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པ་རྨི་ལམ་གྱི་སྣང་བ་ལྟ་བུ། དེ་མྱོང་མཁན་གྱི་རང་སེམས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་ཤིང་བཙལ་བ་ན་དབྱིབས་ཁ་དོག་ངོ་བོ་ངོས་བཟུང་ཅིའི་ངོ་བོར་མ་གྲུབ་པས་འཛིན་མེད་སྟོང་པར་ཐག་བཅད་ནས། ཡུལ་དངོས་མེད་སྟོང་གཟུགས་དང་། ཡུལ་ཅན་འཛིན་པའི་སེམས་ཡང་རང་བཞིན་མེད་པར་གཏད་མེད་དུ་སངས་རྒྱས་ཏེ། གཟུང་འཛིན་གང་དུའང་མ་གྲུབ་པའི་སྟོང་གསལ་ལྟ་བུའི་རེག་པ་སྨྲ་བསམ་བརྗོད་མེད་བློ་བྲལ་དུ་འཆར་ན་དེ་ཀའི་ངང་དུ་བསལ་བཞག་མེད་པར་མཉམ་པར་བཞག་པས་བདག་མེད་གཉིས་ཀྱི་དོན་རྟོགས་པར་འགྱུར་ལ། དེ་ལྟར་མཉམ་བཞག་ཏུ་བདག་མེད་གཉིས་རྟོགས་པ་དེའི་རྗེས་ཐོབ་ཏུ་དྲན་ཤེས་ཀྱིས་བསྐྱངས་ཏེ་སྣང་བ་གང་ཤར་ཡང་མེད་པ་གསལ་སྣང་སྒྱུ་མ་ཙམ་ལྟར་ཐག་བཅད་ནས། སྣང་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་ཅི་འབྱོངས་སུ་སྦྱང་བའོ། །ལྔ་པ་འབྲས་བུ་སྔགས་ཀྱི་ཐེག་པ་ལ་ནང་གསེས་སུ་ཕྱི་ནང་གཉིས་ལས། ཕྱི་རྒྱུད་ལ་གསུམ་དུ་བཤད་ན། འདིར་ནི་ཤིང་རྟ་ཆེན་པོ་སློབ་དཔོན་བདེ་བ་གསལ་མཛད་དང་། སངས་རྒྱས་གསང་བ་གཉིས་ཀའི་བཞེད་པར་ཕྱི་རྒྱུད་ལ་ཀྲི་ཡོ་གཉིས་སུ་མཛད་པ་ལྟར་གྱིས། ཀྲི་ཡའི་ངང་སྒོམ་ནི། འདིར་རྒྱུ་མཚན་ཉིད་ཐེག་པ་ལྟར་ཀུན་རྫོབ་སྣང་ཚོད་དུ་བདེན་པར་མི་འཇོག་པར་བཏགས་ཡོད་ཙམ་དུ་སྣང་བ་དེ་ལྷར་བསྒྱུར་ནས་ཉམས་སུ་ལེན་པ་སྟེ། བློ་ཆུང་ན་རང་རྣམ་སྨིན་གྱི་ལུས་འདི་དངས་གསལ་སྒྲིབ་ཐོགས་མེད་པར་འཇའ་ཚོན་ལྟ་བུ་བསམ་པ་དང་། བོ་ཆེ་ན་དེ་ཉིད་རིགས་གསུམ་གང་རུང་གི་ལྷར་བསྒོམ་ནས། དེའི་སྤྱི་བོ་ནས་མར་ཐིག་ལེ་དཀར་མ་མཐིང་གསུམ་བརྩེག་མར་བསམ་ལ་མཉམ་པ ར་བཞག །དེ་ལ་སེམས་བརྟན་པ་ན་ཐིག་ལེ་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྡིག་སྒྲིབ་སྦྱངས། དེ་བཞིན་གཤེགས་པ་རྣམས་ལ་སྐུ་མཉེས་པའི་མཆོད་པ་འབུལ། འོད་དེ་ཚུར་འདུས་ནས་རང་གི་སྤྱི་བོར་ཐིམ་པས། སྤྱི་བོར་འཇམ་དབྱངས་དམར་སེར་གསེར་བཙོ་མའི་མདངས་ཅན་རལ་གྲི་དང་ཨུཏྤལ་གླེགས་བམ་གྱིས་མཚན་པ་ཞིག་བསྒོམ། ཡང་ཐིག་ལེ་དམར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་ངག་སྒྲིབ་སྦྱངས། འཕགས་པའི་གསུང་མཆོད་ཚུར་འདུས། རང་གི་མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་པའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ་ཞིག་བསྒམ། ཡང་ཐིག་ལེ་མཐིང་ནག་ལས་འོད་འཕྲོས། སེམས་ཅན་ཀྱི་ཡིད་སྒྲིབ་སྦྱངས། འཕགས་པ་རྣམས་ཀྱི་ཐུགས་མཆོད ། ཚུར་འདུས་རང་གི་སྙིང་ཀར་ཕྱག་རྡོར་སྔོན་པོ་རྡོ་རྗེ་དང་སྡིག་མཛུབ་ཅན་ཁྲོས་པའི་ཉམས་དང་སྡན་པར་བསྒོམ། དེ་ལྟར་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་རྒྱས་བཏབ་ནས་མཉམ་པར་འཇོག་པ་མཚན་བཅས་དང་། དེ་ནས་མཚན་མེད་ནི་ལྷ་སྣང་དེ་ཡང་མི་དམིགས་པར་སྦྱངས་ནས་སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་མཐའ་བཞི་བྲལ་བའི་ངང་ལ་མཉམ་པར་གང་བརྐྱང་བར་བྱའོ། །ལ་ཤན་ལས་སྣང་སྟོང་རིམ་གྱིས་བརྟན་པར་བྱེད་ཅེས་སོ། །བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པ་ཡིན་ནོ། །གཉིས་པ་ཡོ་ག་ནི་རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་རྣམ་སྣང་གི་སྐུར་བསྒོམ། དེ་གསལ་བ་དང་རང་གི་སྙིང་ནང་དུ་དྭང་བ་མི་ཤིག་པ་ལྔ་གདོད་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ་ཉིད་རྣམ་པ་ཐིག་ལེ་སྲན་མ་ཙམ་པ་འོད་ལྔའི་གོང་བུ་ཅན་ཞིག་གསལ་བཏབ་སྟེ། ཐེབས་པ་ན་རང་གི་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་རྩམ་ཞིག་བསྒོམ་དེ་མར་བབས་སྙིང་གི་ཐིག་ལེ་སྔ་མ་དེ་དང་ཕྲུག་གིས་འདྲེས་ཏེ་གཉིས་སུ་མེད་པའི་ངང་ལ་བསལ་བཞག་མེད་པར་བཞག་པས། ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་གསལ་ལ་གྱིས་ཤེས་པ་ལྷག་གེར་འཆར་ཏེ། དོན་ལ་མཚན་མ་མེད་པའི་ངོ་བོ་ཉིད་དོ། །དེའི་བྱིན་རླབས་ཀྱིས་གང་ཤར་གྱིས་སྣང་བ་ཐམས་ཅད་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ལྟར་ལམ་དུ་ཁྱེར་བས་ལྷའི་རྣམ་པར་སྣང་བ་ནི་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་སྟེ། དེ་ལྟར་གཉིས་སུ་མེད་པའི་ངང་ལ་བློ་མ་བཅོས་པར་གནས་པ་ནི། དབང་དང་བྱིན་བརླབས་ཆགས་པའི་རྟེན་ཡིན་པར་འདི་ལྟར་སྟན་ཐོག་གཅིག་ཏུ་ཐེག་པ་རིམ་པ་ཐམས་ཅད་ཉམས་སུ་ལེན་ཚུལ་ནི་སོ་སོ་རང་རང་གི་གཞུང་ནས་བྱུང་བ་མ་ཡིན་པར། ཨ་ནུ་ཡོ་ག་རང་གི་ནང་གསེས་ལས་བྱེ་བའི་ཉམས་ལེན་ཡིན་པས་ཡིད་ཆེས་པའི་གནས་ལུགས་སོ། །དྲུག་པ་ནང་རྒྱུད་གསུམ་པོ་འདོམས་ཏེ་འཆད་ན། དང་པོ་དག་མཉམ་བདེན་པ་དབྱེར་མེད་དུ་ལུང་གསུམ་གྱི་ངེས་པ་ནི། དང་པོ་སྣང་བ་སེམས་ཀྱི་ལུང་འདི་ལོག་རྟོག་མ་དག་པའི་གཟུང་འཛིན་གྱི་རྟོག་པ་དངོས་པོ་བདེན་པར་གྲུབ་པར་འཛིན་པའི་ཞེན་པ་ཅན་གྱི་ངོར། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། རྒྱུ་སེམས་ཀྱི་ལུང་གིས་རིགས་གཅིག་པ་ཡིན་ཏེ། སེམས་ཀྱི་གདངས་སམ་རོལ་པ་ཡིན་པའི་ཕྱིར། དཔེར་ན་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྣང་བ་བཞིན། ཞེས་པ་འདི་ལ་ཁྱབ་པ་ཚད་ལས་འགྲུབ་ལ། གཏན་ཚིགས་སྒྲུབ་ན་ནང་པ་རྣམས་ཀྱིས་ཕྱི་རོལ་པ་བཞིན་དུ་མི་འདོད་པས། སྣང་བ་སེམས་མ་དག་པ་ལས་འབྱུང་བར་འདོད་དགོས་ལ་སེམས་དེ་ལ་ཕྲ་རགས་ཡོད་པར་ནི་འདོད་དགོས་ལ། དེ་ཡང་སེམས་མེད་པའི་གནས་སྐབས་ན་ཡང་། སེམས་ཡུལ་དང་འཛིན་པ་མེད་པའི་ཕྲ་བ་ཞིག་འདོད་དགོས་ཏེ། རྣམ་ཤེས་མིན་པའི་རྣམ་ཤེས་ཀྱིས། །ཉེར་ལེན་མེད་པའི་ཕྱིར་ཡང་གྲུབ། །གསུངས་པ་བཞིན་ནོ། །དེས་ན་ཡུལ་འཛིན་བྱེད་དུ་སྐྱེས་པའི་ཤེས་པ་མ་དག་པ་ཡིན་ལ། དེ་དང་བྲལ་བ་ནི་དག་པར་འདོད་དགོས་པའི་རྒྱུ་མཚན་གསུམ་གྱིས་ཡུལ་ཅན་དག་པ་ཞིག་ཡོད་པར་གྲུབ་ལ། དེ་གྲུབ་ན་དེའི་ཡུལ་སྟོང་ཉིད་སྐྱེ་བ་མེད་པའང་གྲུབ་པས། མཐུན་དཔེ་ཡང་སྤྱིར་བུམ་པ་བྱས་པ་དང་མི་རྟག་པར་གྲུབ་ན། སྒྲ་ཡང་དེ་དང་མཚུངས་པར་གྲུབ་པ་བཞིན་ནོ། །འོག་མིན་གྱི་ལོངས་སྤྱོད་སོགས་ཡེ་ཤེས་སེམས་དཔའི་གདངས་དང་རོལ་པ་ཡིན་པས་མཐུན་དཔེ་གྲུབ་བོ། །གཉིས་པ་སྲིད་པ་ཡེ་ཤེས་ཀྱི་ལུང་ནི། ལོག་རྟོག་དེ་ལྟར་རྒྱུའམ་སེམས་སུ་གཅིག་ན་སྣ་ཚོགས་སུ་སྣང་མི་རིགས་སོ་སྙམ་ན། དེ་ལ་འདི་ལྟར་དག་མ་དག་གི་སྣང་བ་ཆོས་ཅན། སྣ་ཚོགས་སུ་འཆར་རུང་སྟེ་ཅིར་ཡང་སྲིད་པ་ཡེ་ཤེས་ཀྱི་ལུང་དེའི་ཕྱིར། དཔེར་ན་སྐྱུ་རུ་རའི་སུ་བོན་བཞིན་ནོ། །འོ་ན་སྲིད་པ་དག་པ་དང་མ་དག་པའི་སྣང་བ་དེ་གང་ལས་འབྱུང་ན། དེས་རང་ངོ་ཤེས་པ་དང་། རང་རྩལ་ཤེས་པས་མྱ་ངན་འདས་པའི་སྣང་བ་འབྱུང་བ་དང་། དེ་མ་ཤེས་པས་འཁོར་བའི་སྣང་བ་འབྱུང་བའོ། །འདི་གཉིས་ཀྱིས་ལམ་གྱི་གཞི་དབྱིངས་དང་ཡེ་ཤེས་ཀྱི་ལུང་གིས་ལྟ་བ་བསྟན་ནས། གསུམ་པ་དེ་ལ་དོགས་པ་གཅོད་པ་ཡིན་ཏེ། རྣམ་འགྲེལ་ལས། ཡུལ་སྟོང་ཉིད་དེ་རྟོགས་ནས་གོམས་ན་བདེན་འཛིན་བཟློག་ནུས་ལ། ནུས་ནའང་ཕྱིར་མི་ལྡོག་གམ་སྙམ་པའི་དོགས་པ་བཀོད་པ་བཞིན། འདིར་ཡང་དབྱིངས་དང་ཡེ་ཤེས་ཀྱི་རོལ་པ་དེ་ལྟར་གོམས་ན་འདི་ལྟར་མ་དག་པའི་སྣང་ཞེན་འདི་བཟློག་ནུས་སམ། ནུས་ཀྱང་ཕྱིར་མི་ལྡོག་གམ་སྙམ་པའི་ངོར། གསུམ་པ་རོལ་པ་འབྱུང་བའི་ལུང་གིས་ཡེ་ཤེས་ཀྱི་རོལ་པ་ཆོས་ཅན། ཡེ་ཇི་བཞིན་པའི་དཀྱིལ་འཁོར་ད་ལྟ་སྒོམ་ཆིག་ཆོད་དུ་འཇུན་པ་ཡིན་ཏེ། ཁྱོད་ཇི་ལྟར་རྟོགས་དགོས་ན་ཇི་ལྟར་འབྱུང་བའི་ཕྱིར། དཔེར་ན་ཆབ་རོམ་ཆུར་ཞུ་བའི་ནུས་པའམ་བྱིན་རླབས་ཡོད་པའི་ཕྱིར། དེ་ལྟར་གཏན་ཚིགས་དེ་རྣམས་ཚད་མ་གང་གིས་རྟོགས་དགོས་རྟོགས་མི་ནུས་སོ་སྙམ་པའི་ངོར་ཡང་ཡེ་ཤེས་ཀྱི་རོལ་པ་དེ་ཆོས་ཅན། དེ་ལྟར་རྟོགས་དགོས་ཏེ། འཕགས་པའི་མངོན་སུམ་ཡིན་པའི་ཕྱིར། དཔེར་ན་ཆོས་དབྱིངས་མངོན་སུམ་རྟོགས་པ་བཞིན། དེས་ན་མངོན་སུམ་བཞི་ལས་འཕགས་པའི་མངོན་སུམ་འདི་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་བློ་ཡིན་པའི་ཕྱིར་དང་། དེ་དང་ལྡན་པའི་གང་ཟག་དེ་ཉིས་ཟད་ཡིན་པའི་ཕྱིར་ན་རྗེས་དཔག་ལོང་བ་བརྒྱུད་པ་ལྟ་བུའི་ངོར་གཞན་འཕགས་པའི་མངོན་སུམ་རྟགས་སུ་འགོད་པ་ཡིན་ནོ། །དེ་ལྟར་ལུང་གསུམ་གྱིས་སྒོ་ནས་དག་མཉམ་བདེན་པ་དབྱེར་མེད་དུ་ངེས་པ་སྔོན་དུ་སོང་བའི་ཏིང་ངེ་འཛིན་གྱིས་སྣང་སྲིད་ཐམས་ཅད་སྟོང་པ་དབྱིངས་ཐབས་ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་རྣམ་པ་ཁ་དོག་དམར་གསལ་དུ་ཤར་བའི་ཆོས་འབྱུང་བསྣོལ་མ་སུམ་ཅུ་རྩ་གསུམ་དང་མཐོ་ཁྱད་མཉམ་པའི་དབུས་སུ་སྣང་བའི་ཆ་ཡབ་ཀུན་ཏུ་བཟང་པོ་མཚོན་པ་ཉི་ཟླ་དང་བམ་རོ་དམར་སེར་མགོ་བོ་གཡོན་ཕྱོགས་སུ་བསྟན་པའི་སྟེང་དུ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྲས་བདེ་བ་ཆེན་པོ་རྩལ་ཆེན་རྫོགས་པའི་སུ་མངོན་དུ་བྱས་པ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡི་དམ་འཇམ་དཔལ་ཁྲོས་པ་དང་གཉིས་སུ་མེད་པ་གཞུང་གི་ཚིག་གིས་གསལ་བཏབ་སྟེ། བསྐྱེད་རིམ་གྱི་གཙོ་བོ་ལྷ་བསྒོམ་པ་ཡིན་ཅིང་ཡན་ལག་ཏུ་བསྙེན་པ་བྱེད་པར་སྤྲོ་ན་དུས་གྲངས་མཚན་མའི་བསྙེན་པ་གཞུང་བཞིན་བྱས་པས་འཐུས། འདིར་ནི་ལྷ་བསྒོམ་པ་གཙོ་བོར་སྟོན་པས། དེ་ལ་གཉིས་ལྷའི་རྣམ་པ་སྤྱི་ལ་སེམས་འཛིན་པ་དང་། བྱེ་བྲག་ལ་སེམས་འཛིན་པའོ། །དང་པོ་ནི། ཐོག་མ་ནས་དཀྱིལ་འཁོར་ཡོངས་རྫོགས་རེ་སྒོམ་མདོག་བྱས་ཀྱང་གསལ་སྣང་འགྲུབ་དཀའ་བས། འདིར་ནི་བླ་མ་གཙོ་རྐྱང་ཞིག་བསྒོམ་སྟེ། དེ་ལ་གསལ་སྣང་ཐོན་ནས་རིམ་གྱིས་འཇམ་དཔལ་ཞི་དྲག་གི་དཀྱིལ་འཁོར་ཡོངས་རྫོགས་སྒོོམ་པ་ལ་བསླབ་བོ ། །དེ་ཡང་རང་གི་མདུན་དུ་གསལ་ཆ་ཡོད་པར་ཞལ་བསྟན་པའི་བླ་མ་དང་ཡི་དམ་གང་རུང་གི་ཐང་སྐུ་མཚན་ཉིད་ཚང་བ་མཛེས་ཤིང་སྐྱོན་དང་བྲལ་བ་ཞིག་བཀྲམ། གཏེར་ཆེན་ཡབ་སྲས་ཕྱག་བཞེས་ལ་ཁྲིད་ཐང་ཞེས་པ་ཡུལ་བཀོད་དང་། ལྷ་མགྲོན་སོགས་མང་པོ་མེད་པའི་སྐུ་གཙོར་འདོན་བྱས་པ་ཞིག་མཛད་སྲོལ་འདུག་པས་དེ་ལྟར་འཛོམས་ན་སྔ་འགྱུར་བའི་ཕྱག་བཞེས་ལགས་པས་ལེགས་ཆ་ཆེ། དེའི་མདུན་དུ་མཆོད་ནས་ཞིག་བཤམས། ཐག་ཉེ་བར་རང་གི་སྟན་བཏིང་རབ་ལུས་གནད་དང་ལྡན་པས་འཁོད་དེ། སྔོན་འགྲོ་རྒྱས་བསྡུས་ཇི་རིགས་བྱས་པས་ཆོག་མོད། མདོར་ན་ངེས་འབྱུང་དང་བྱང་སེམས་བསྐྱེད་དེ། རང་གི་སྤྱིར་བོར་བླ་མ་གས ལ་བཏབ་སྟེ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ཏེ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་པོས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཡང་དག་པ་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དེས་དྲག་ལ་ཡུན་རིང་དུ་བཏབ་རྗེས་བླ་མ་དགྱེས་པ་ཆེན་པོ་འོད་དམར་པོར་ཞུ་སྟེ་རང་གི་སྤྱི་གཙུག་ནས་ཐིམ་པར་མོས་ལ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པར་བསམ་ལ་སེམས་ལྷོད་ཀྱིས་གློད་དེ་དར་གཅིག་བཞག །དེ་ནས་ཐོག་མར་ཐང་ཀ་ལ་མིག་ཅེར་གྱིས་བལྟས་ཏེ་སྐུའི་རྣམ་པ་ངེས་པར་བྱ་ལ་སེམས་བསྒྲིམ་སྟེ་ཅུང་ཞིག་བཞག །ཡང་མིག་བཙུམ་ལ་དེའི་ཐད་ཀར་དེ་དང་འདྲ་བ་ཞིག་ཨེ་གསལ་བལྟ། མི་གསལ་ན་ཡང་མིག་ཕྱེ་ལ་སྔོན་བཞིན་རྒྱུན་ཅི་རིགས་པར་སེམས་མ་ཡེང་བར་བལྟ། ཡང་མིག་བཙུམ་ལ་སྔར་བཞིན་བསྒོམ། དེ་ལྟར་རེས་མོས་ཀྱིས་བསྒོམ་ནས་མཐར་མིག་བཙུམ་དུས་མདུན་གྱི་ཐང་ཀའི་སྐུ་དེ་འདྲ་བ་ལམ་ལམ་གསལ་བ་བྱུང་ན་དེ་རང་གི་ལུས་ལ་སྤོས་ཏེ་བསྒོམ། དེ་ཡང་ཐོག་མར་རང་གི་ལུས་ལ་ལྷའི་རྣམ་པ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གདན་དང་བཅས་ཝལ་གྱིས་གསལ་བཏབ། །དེ་ཡང་རྫོགས་པར་གསལ་ནུས་ན་དེ་ག་ལ་སེམས་བཟུང་། དེ་ཙམ་མི་གསལ་ན་ཐོག་མར་ཡོངས་རྫོགས་གསལ་འདེབས་ཐང་གིས་བྱས་ནས། དེ་ནས་སྐུ་མདོག་དཀར་དམར་ལ་སོགས་པའི་བྱེ་བྲག་ཞལ་ཕྱག་ཕྱག་མཚན་ཉམས་འགྱུར་བཞུགས་སྟངས་གདན་འོད་ཟེར་བྱེ་བ་ཕྲག་དྲུག་དྲུག་འཕྲོ་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ཞིག་ལམ་གྱིས་གསལ་བཏབ། དེ་ལ་ཡུད་ཙམ་ཞིག་བསྒོམ་སྟེ་འཕྲོ་བཅད། ཡང་ཞི་བ་དམར་པོ་གསལ་འདེབས་ཐང་གཅིག་བྱས་ཏེ་སྔར་བཞིན་སེམས་བཟུང་། མི་གསལ་ན་སྔར་བཞིན་བྲིས་སྐུ་ལ་བལྟ་བ་སོགས་སྤེལ་ནས་བསྒོམ། ཉིན་མོ་ཐུན་གཉིས་ལ་ཡང་ཡང་བསྒོམ། ཐུན་རེ་ལ་གྲངས་འདི་ཙམ་ངེས་པ་མེད། མཚན་མོ་ལྷ་སྐུ་ལ་རྣམ་པ་གསལ་རུང་མི་གསལ་རུང་། རེས་སེམས་བསྒྲིམ་སྟེ་གསལ་འདེབས་པ་དང་འཕྲོ་བཅད་ཀྱིན་བསྒོམ། རེས་རང་ལྷ་ཡིན་པའི་ང་རྒྱལ་དང་། ལྷའི་རྣམ་པ་ཡོད་ཚུལ་ཙམ་ལ་ཤེས་པ་ངལ་གསོ་གྱིན་གློད་ཀྱིན་སྒོམ་མོ། །གཉིས་པ་བྱེ་བྲག་པ་སེམས་འཛིན་ན། རྒྱན་མེད་དང་རྒྱན་ཅན་ལ་སེམས་འཛིན་པ་གཉིས་ལས། དང་པོ་ནི། དེ་ལྟ་བུའི་ལྷ་སྐུའི་གསལ་སྣང་སྤྱི་ཙམ་བའི་འཛིན་སྟངས་མ་ཤོར་བའི་ངང་ནས། བྱེ་བྲག་ཏུ་ཞི་བའི་རིགས་ལ་གཙུག་ཏོར་དང་སྨིན་མཚམས་གཉིས་གང་རུང་ནས་དང་པོ་སེམས་འཛིན། ཁྲོ་བོའི་རིགས་ལ་སྤྱན་དབུས་མ་ནས་ཐོག་མར་སེམས་བཟུང་། དེ་ཡང་དབུས་གནག་པ། མཐའ་སྐྱ་བ། སྤྱན་རྩ་དམར་ཤིག་གེ་བ། སྤྱན་གཡོན་པ་གྱེན་ལ་བསླང་བ་ལྟ་བུ་སྨིན་མ་དང་བཅས་པ་ཞིག་ཡིད་ཀྱིས་ཡང་ཡང་བསྒོམ། གསལ་ཐོབ་པ་ན་དེར་རིག་པ་མདུང་ཚུགས་སུ་གཏོད་པ་ནི་བསྒོམ་པས་གསལ་འདེབས་པ་ཞེས་བྱའོ། །དེས་གསལ་མ་ཐོབ་ན་ངག་ཏུ་བརྗོད་ལ་གསལ་འདེབས། དེས་ཀྱང་མི་གསལ་ན་སྤྱན་དབུས་མ་ཞིག་མཚོན་རྫོགས་ལེགས་པར་བྲིས་ཉེ་རིང་འཚམས་པར་བཞག་ལ་མིག་ཟིམ་བུས་བལྟ། གསལ་སྣང་ཤར་ན་མིག་བཙུམ་སྟེ་དེ་ལྟ་བུ་རང་གི་སྨིན་མའི་དབུས་སུ་ཡོད་པར་སྒོམ། དེ་ལྟར་རེས་མོས་རེས་སེམས་བསྒྲིམ་རེས་ལྷོད་འཛིན་སྟངས་ཀྱིས་ངར་མ་ཤོར་བར་བསྒོམ་དགོས། རྣམ་རྟོག་འཚུབས་ནས་མི་གསལ་ན་ཅུང་ཟད་གློད་ལ་ཁོང་ནས་བསྒྲིམ་སྟེ་རྣམ་རྟོག་འཕྲོ་བཅད་ནས་དེ་མ་ཐག་དམིགས་རྟེན་ལ་གཏོད། དམིགས་རྟེན་བརྗེད་ནས་འགོ་འགྱུ་དང་བརྗེད་འབྱམས་ལ་སོང་ན་སྐྱོན་ཆེ་བས་སླར་དེ་འདྲ་མི་འབྱུང་བའི་ཞེ་བཅད་དྲག་པོ་བྱ། དེ་ལྟར་སྤྱན་དབུས་མ་ལ་གསལ་སྣང་ལེགས་པོ་ཐོན་ན་དེ་ནས་རིམ་གྱིས་སྤྱན་གཡས། གཡོན་ཤངས་ཞལ་ཚེམས་ལྗགས་སྙན་མགུལ་སྐུ་སྟོད་སྐུ་སྐེད་སྐུ་སྨད་ཞབས་གདན་ཁྲི་འོད་ཟེར་མེ་རིའི་བར་དུ་ཆ་ཤས་རེ་རེ་ནས་སེམས་བཟུང་། དངོས་སུ་ལག་པས་རེག་རྒྱུའམ། མིག་ཤེས་ཀྱིས་མཐོང་རྒྱུ་ཡོད་པ་ལྟ་བུའི་མཚན་མ་བརྟན་པོ་མ་བྱུང་གི་བར་དུ་བསྒོམ་དགོས་ཏེ། ཕུར་ཊིཀ་འབུམ་ནག་ལས། དེ་ཡང་སྲ་སྲ་འཐས་འཐས་སུ་བསྒོམ་མོ་ཞེས་གསུངས་པས། འདི་ལྟར་མི་བསྒོམ་ཞིང་བསྐྱེད་རིམ་འཇའ་ཚོན་འདྲ་བའམ། སྒྱུ་མ་རྨི་ལམ་ལྟར་ཡལ་ཡོལ་ཞིག་རང་གིས་བསམ་གཞན་ལ་འཆད། ད་དུང་བསྐྱེད་རིམ་སྤྲོས་བཅས་རེད། དེ་བས་རྫོགས ་ཆེན་བསྒོམ་ན་དགའ་ཟེར་བའི་ཁ་ལྟ་ཞིག་བཤད། དོན་རང་རྒྱུད་ཐ་མལ་ལས་མ་འཕགས་བཞིན་དུ་རིག་འཛིན་གོང་མ་རྣམས་ནས་བརྒྱུད་པའི་བསྐྱེད་རྫོགས་གཉིས་པོ་ཡ་བྲལ་དུ་བཏང་ནས་བསྐྱེད་རིམ་ལ་བལྟ་རྟོགས་མེད་པ་འདི་རྣམས་སྔ་འགྱུར་བའི་བླ་བཙོང་ཡིན་པས། དེ་ལྟར་མཐོ་སྐད་ལ་མ་ཉན། བསྐྱེད་རིམ་ནས་དང་པོ་སློབ་སྦྱོང་དགོས་སོ། །གཉིས་པ་ནི་དེ་ལྟར་སྐུ་གཅེར་བུ་རྒྱན་མེད་ལ་སེམས་འཛིན་རྫོགས་པ་ནས་དམིགས་པ་དེ་ཀ་མ་ཤོར་བའི་ངང་ནས། རྒྱན་གྱི་བྱེ་བྲག་རེ་རེ་ནས་སེམས་བཟུང་དགོས་ཏེ། རིན་པོ་ཆེ་རྒྱན་ཅན་རྣམས་ཀྱི་དབུའི་ཐོར་ཚུགས་ནོར་བུའི་ཏོག་དང་། རུས་པའི་རྒྱན་ཅན་གྱི་སྤྱི་བོར་རུས་པའི་འཁོར་ལོ་ནས་སྐུ་སྟོད་སྨད་ཀྱི་རྒྱན་གྱི་ཁྱད་པར་རེ་རེ་ནས་སེམས་བཟུང་ཞིང་གསལ་སྣང་བརྟན་པོ་མ་བྱུང་གི་བར་དུ་བསྒོམ་མོ། །དེ་ཡང་རབ་བསྒོམ་པས་གསལ་འདེབས། འབྲིང་བརྗོད་པས། ཐ་མ་བྲིས་པས་གསལ་འདེབས་པ་བྱིང་རྒོད་ཀྱི་སྐྱོན་བཅོས་པ་སོགས་མན་ངག་བཞིན་ཉམས་སུ་བླང་ངོ་། །དེ་ལྟར་རྟེན་བརྟེན་པ་གསལ་ཐེབས་པ་ན་ང་རྒྱལ་ལ་བསླབ་སྟེ། རང་མི་ཐ་མལ་པ་ཡིན་ནོ་སྙམ་པའི་འདུ་ཤེས་དེ་ཆེད་ཀྱིས་སྤངས་ནས། ང་སྐྱོན་ཀུན་ཟད་ཡོན་ཏན ་ཀུན་རྫོགས་སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་དང་ལྷག་པའི་ལྷ་གང་གསལ་བཏབ་པ་དེ་དངོས་ཡིན་སྙམ་པའི་ང་རྒྱལ་བྱེད་པའོ། །ནང་གསོས་སྐུའི་གཙུག་ཏོར་ནས་བྱེ་བྲག་རེ་རེ་ནས་ང་རྒྱལ་བཟུང་བ་དང་རྒྱན་དང་ཕྱག་མཚན་ལའང་རིགས་འགྲེའོ། །གསུམ་པ་དག་པ་དྲག་པོའི་སྒྲུབ་ཐབས་རང་རང་གི་ཆོས་ཉིད་དོན་རྟགས་ཀྱི་བསྟོད་པ་ལས་འབྱུང་མོད། མདོར་ན་རང་རིག་བདེ་ཆེན་གྱི་དག་པ་ཡབ་ཡུམ་མཉམ་སྦྱོར་གྱིས་དམིགས་པ་གསལ་འདེབས་པ་ན་རྫོགས་རིམ་གྱིས་ལུས་ལ་གནད་དུ་བསྣུན་པས་བདེ་ཆེན་ཆ་མཐུན་ཙམ་ཤར་བས་བསྐྱེད་རིམ་ལ་རྒྱས་འདེབས་པ་སྟེ། གང་ལྟར་ཡང་རྗེས་ཆགས་བདེ་བ་ཆེན་པོའི་རྩིས་ཟིན་པར་བྱེད་པའོ། །ཆོས་ཉིད་ཀྱི་དགོངས་པ་ནི། དེ་ཡང་སྣང་ཆ་སྒྱུ་མ་ལྟ་བུ་ལ་ངོ་བོ་བྱུང་གནས་འགྲོ་གསུམ་སྐྱེ་འགགས་གནས་གསུམ་སོགས་ཀྱི་ངོས་བཟུང་ཐམས་ཅད་དང་བྲལ་བའི་ལྟམ་མ་བས་རྒྱས་བཏབ་སྟེ་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་པའོ། །དེ་ཡང་སྣང་གྲགས་འགྱུ་གསུམ་ཐམས་ཅད་དབྱིངས་སྐྱེ་བ་མེད་པ་ཉིད་ཅིར་ཡང་མ་འགགས་པའི་ཡེ་ཤེས་ཀྱི་རོལ་རྩལ་དུ་ཐག་བཅད་ནས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད། རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་སྒྲ་གྲགས་ཐམས་ཅད་སྔགས་དང་དྲན་རྟོག་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་བལྟ་ཞིང་། མཉམ་རྗེས་ཐམས་ཅད་དུ་གང་ཤར་དག་སྣང་དུ་སྦྱོང་བ་ལ་བསླབ་པས་ལྷའི་སྣང་ཞེན་ལ་གསལ་བརྟན་དུ་གྱུར་པ་ན། ངང་སྒོམ་ནི་དེའི་སྤྱི་བོར་རིག་མེ་དམར་པོ་དང་། དེ་ལས་གྲུ་གང་གི་མཐོ་བར་ཐིག་ལེ་དཀར་པོ་སྟེ། གཉིས་ཀ་སྲན་མ་ཙམ་འོད་འབར་བར་བསྒོམ། དེ་གསལ་བ་དང་སྣ་བུག་གཡོན་ནས་འོད་ཀྱི་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་འཕྲོས། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཐིམ། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་སངས་རྒྱས་མཆོད། སེམས་ཀྱི་དོན་བྱས་སྡིག་སྒྲིབ་སྦྱངས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་བ་འོད་དང་འགྲོགས་ཏེ་ཚུར་འདུས་ཐིག་ལེ་དམར་པོ་ལ་ཐིམ། དེ་ཡང་འོད་དུ་ལྟེ་མེ་ཞུ་བ་ལ་སེམས་བཟུང་། ཡང་སྣ་བུག་གཡས་ནས་འོད་ཀྱི་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་འཕྲོས། དེ་སྟེང་གི་ཐིག་ལེ་དཀར་པོ་ལ་ཕོག་པས། དེ་ལས་འོད་ཟེར་འཕྲོས་ཏེ་དོན་གཉིས་བྱས། འཁོར་འདས་ཞུ་བ་དང་འགྲོགས་ཏེ་ཐིག་ལེ་དཀར་པོ་ལ་ཐིམ་པས། དེ་ཡང་འོད་དུ་ཞུ་སྟེ་ཐིག་ལེ་དམར་པོ་ལ་ཐིམ་པ་རང་གི་ཚངས་བུག་ནས་སྙིང་ནང་དུ་ཐིམ་པས་བདེ་སྟོང་གཉིས་མེད་ཀྱི་སེམས་སྐྱེ་བར་བསམ་སྟེ་མཉམ་པར་བཞག་གོ། །འཇམ་རླུང་བཟུང་ལ་མཉམ་པར་བཞག་གོ། །དེ་ནི་ལྷའི་ངང་སྒོམ་ཨ་ནུའི་སྔོན་འགྲོ་ཡིན་ལ། ཨ་ནུ་རང་གི་ངང་སྒོམ་ནི། རང་གི་སྙིང་གི་དཀྱིལ་དུ་སྔ་མའི་ཐིག་ལེ་དེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་པ་འོད་འབར་བ་ཞིག་བསྒོམ། དེ་གསལ་ཐེབས་པ་དང་། དེ་ལས་འོད་ཀྱི་ཐིག་ལེ་སྐར་མདའ་འཕང་བ་ལྟར་སྤྱི་གཙུག་ནས་ཐོན། དེ་ལས་ཀྱང་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས་ནམ་མཁའི་ཁྱོན་གང་བ་ལ་སེམས་བཟུངས། ཡང་ཐིག་ཕྲན་རྣམས་ཚུར་འདུས་འཕྲོ་གཞིའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པའི་ངང་ལ་བལྟ་བྱ་བལྟ་བྱེད་མེད་པར་བཞག་པས། ཡུལ་དབྱིངས་དང་། ཡུལ་ཅན་རིག་པའི་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོར་ལྷག་གེར་འཆར་ཏེེ། དེ་ཀའི་ངང་ལ་ཞེན་འཛིན་མེད་པར་བསྐྱང་བར་བྱའོ། །ཨ་ཏི་ཡོ་གའི་ཀུན་རྫོབ་བྱང་ཆུབ་གྱི་སེམས་ལ་སྦྱང་བ་ལ་ཐོག་མར་སྒྲོལ་མ་བཟུང་བ་ནི། རང་ཉིད་བླ་མ་དང་ཡི་དམ་གང་ཡང་རུང་བ་སྐུ་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ། གཡས་གཡོན་དུ་རོ་རྐྱང་གཉིས་ཡས་སྣེ་སྣ་བུག་ལ་ཟུག་པ། མས་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་དབུ་མར་ཚུད་པར་མོས་ལ། སྤྱི་བོར་བླ་མ་ཡབ་ཡུམ་བསྒོམ་སྟེ་གསོལ་བ་བཏབ་པས། དེ་ནས་ནད་གདོན་སྡིག་སྒྲིབ་རྣམས་སངས་ཀྱིས་དག་པར་མོས་ཏེ་རླང་རོ་བསལ། དངོས་གཞི་ལ་བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་རྔུབས་ཏེ། སྲོག་ཐུར་ལྟེ་འོག་ཏུ་ཁ་སྦྱར་ཏེ་མ་ཡེང་བར་བཟུང་བས་རླུང་དབུ་མའི་ནང་དུ་ཞུགས་ནས་ཐུགས་ཀའི་སྙིང་པོ་ལ་ཐིམ་པས་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བར་བསྒོམ། མི་ཐུབ་པ་ན་སངས་ཀྱིས་གཏོང་བ་གནད་དོ། །འདིའི་ཡོན་ཏན་ནི་རྡོ་རྗེ་བཞད་པས། བརྟེན་པའི་སྒྲོལ་མ་ཟིན་ན། རིག་པའི་ཕུར་བུ་ཐེབས་པས། དེ་ལས་མི་དམིགས་པར་ཡང་འགྱུར་ལ། དེས་ཉི་ཟླ་འཛིན་འགྲོམ་པར་འགྱུར་རོ། །ཞེས་སོ། །དེ་ནས་ཐིག་ལེ་སྒོམ་ན་གཞན་སྔར་ལྟར་ལས་སྤྱི་མགྲིན་སྙིང་ཀ་ལྟེ་བའི་འཁོར་ལོ་བཞི་དང་ལྟེ་འོག་ཏུ་མེ་འཁོར་གྱི་དབུས་སུ་མེའི་དངས་མ་རཾ་ཡིག་འབར་བ། གཤང་ཁར་རླང་གི་འཁོར་ལོ། སྤྱི་བོར་ཧཾ་ཡིག་དཀར་པོ་བདེ་བའི་རང་བཞིན་ཅན་བསྒོམ། དེ་ནས་རླུང་སྔར་ལྟར་བཟུང་། སྟོང་རླུང་རོ་རྐྱང་བརྒྱུད་དེ་འོང་བ་དང་གཤང་ཁའི་རླུང་དཀྱིལ་གཡོས་པ། མེ་དཀྱིལ་གྱི་རཾ་ལ་ཕོག་པས། མེ་ལྕེ་ཚ་བ། རྣོ་བ། ཕྲ་ཞིང་གསལ་བ་དབུ་ུམའི་ནང་ནས་ཡར་འབར་བས་ཧམ་ལ་རེག །སྤྱི་བོའི་བླ་མ་བདེ་དྲོད་ཀྱིས་མཆོད་དགྱེས་པ་ཆེན་པོས་བདུད་རྩིར་ཞུ་བ་ཧམ་ལ་ཐིམ། ཧམ་ལས་བྱང་སེམས་དྭངས་གསལ་བདེ་བའི་རང་བཞིན་ཕྲ་མོ་བ་ཐག་ལྟར་བབས་པས་རམ་ལ་ཐིམ་པས་མེ་ཡི་གསོས་བྱས་ཏེ་ཆེས་ཆེར་འབར། དེས་ཟླ་བ་བདུད་རྩི་ཞུ་བའི་དྭངས་མས་ལུས་ཀུན་གང་བའི་འབར་འཛག་ལ་སེམས་རྩེ་གཅིག་ཏུ་བཟུང་བས་བདེ་བ་ཆེན་པོ་ངང་གིས་འཆར་རོ། །སླར་ཡང་ཧཱུཾ་འདྲེན་དང་འགྱུར་བཞིས་ཟླ་བ་གྱེན་དུ་དྲངས་ཏེ་ལྟེ་བ་ནས་ཡར་རིམ་གྱིས་སྤྱི་བོར་ལྡོག་སྟེ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ་མི་རྟོག་པའི་ངང་ལ་བཞག་པས་ཁྱད་པར་དགྲལ་ལོ། །གཉིས་པ་དོན་དམ་བྱང་ཆུབ་སེམས་ལ་སྦྱངས་པ་ལ་རྟེན་ཅན་དང་རྟེན་མེད་གཉིས་ལས་དོང་དང་། གླན་རྡོ་རྗེ་འོད་ཀྱི་ཕྱག་བཞེས་འགོས་ཀྱིས་ཡི་གེར་བཀོད་པ་དང་། ཟུར་ཧམ་གྱི་ཕྱག་བཞེས་གཉལ་པའི་ཡི་གེ། སློབ་དཔོན་རྡོ་རྗེ་བཞད་པའི་མན་ངག་ལས་སྙིང་གའི་མི་ཤིག་པའི་ཐིག་ལེ་ལ་བརྟེན་པ་འོད་གསལ་ལྷན་ཅིག་སྐྱེས་པའི་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པ་དང་ལུགས་གསུམ་བྱོན་པ་ལས་འདིར་ཕྱི་མ་ལྟར་ན་ལུས་གནད་དང་ལྟ་སྟངས་མི་གཡོ་བར་བཅིང་ལ། རང་གི་སྙིང་མཆོང་གུར་ཕུབ་པ་ལྟར་ཁོང་སྟོང་གི་དབུས་སུ་རྩ་བརྒྱད་པོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ལྟེ་བར། རྩའི་དྭངས་མ་ཤེལ་གྱི་བ་ཐག་ལྟ་བུའི་ནང་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་འོད་ལྔའི་གོང་བུ་ཡུངས་འབྲུ་ཙམ་པ་དྭངས་གསལ་འབར་བའི་རྣམ་པར་ཅན་ལ་སེམས་གཏད་དེ་མ་ཡེངས་པར་སལ་ལེ་མཉམ་བར་བཞག་པ་ན་རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེར་ཐིམ་པས། དབྱིངས་རིག་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་ཞིང་བདེ་བ་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞིག་སྟེ་ཁམས་སུམ་བདེ་བ་ཆེན་པོར་གྲོལ་བར་འགྱུར་རོ། །རྟེན་མེད་ནི་ལུས་མི་གཡོ། ངག་མི་བརྗོད་སེམས་དུས་ཀྱི་སྤྲོས་པ་ཐམས་ཅད་བཅད་ནས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནི་ཀུན་ཏུ་བཟང་པོ་ཆོས་ཉིད་དོན་གྱི་ཡེ་ཤེས་ཏེ། དབྱིངས་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར། གསལ་རིག་ལྗེན་ནེ་བའི་སྣང་ཆ་ནི་ཀུན་ཏུ་བཟང་མོ་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། ཡེ་ཤེས་འགགས་པ་མེད་པ་རང་བཞིན་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་རོ། །དེ་གཉིས་དབྱེར་མེད་པའི་རིག་པ་ནི་དབྱིངས་དང་ཡེ་ཤེས་ཟུང་འཇུག་གཉུག་མའི་ཡེ་ཤེས་ཏེ། སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་མཉམ་པར་བཞག་གོ། །དེ་ལྟར་བསྐྱེད་རྫོགས་ཀྱི་དོན་ལ་ཐུན་རེ་རེ་ནས་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བསྐྱེད་རིམ་དང་། འཆི་བ་ཆོས་སྐུའི་ལམ་འཁྱེར་རྫོགས་རིམ་དང་། བར་དོ་ལོངས་སྐུའི་ལམ་འཁྱེར་སྒྱུ་མའི་སྐུར་ལྡང་བ་རྣམས་ལ་སྦྱང་བ་ནས་བསྙེན་པའི་ཁ་གྲངས་ལ་རེ་བ་ཙམ་མིན་པར་ཉམས་སུ་བླང་ངོ་། །དེ་ནས་མཚམས་ཞག་བདུན་ཙམ་ནས་གྲོལ་རྒྱུའི་སྔ་རོལ་དུ་མཆོད་གཏོར་གསར་དུ་བརྗེས། དངོས་གྲུབ་ཀྱི་རྫས་བཤམས་ཏེ་མདུན་རྟེན་རྣམས་བདག་བསྐྱེད་བཞིན་གསལ་བཏབ་སྟེ་སྔགས་བཟླ་བ་ན། རང་བདག་བསྐྱེད་ཀྱི་ཐུགས་ཀ་ནས་ལྷ་དང་དངོས་གྲུབ་དབང་དུ་བྱ་བའི་ཕྱིར་འོད་ཟེར་དམར་པོ་སྤྲོས་ཏེ། མདུན་བསྐྱེད་རྣམས་བསྐུལ་བས་དེ་དག་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། དུས་གསུམ་གྱི་བླ་མ་རིག་འཛིན་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ལ་དངོས་གྲུབ་བསྐུལ་ཏེ། དེ་དག་གི་ཐུགས་རྗེ་དང་དངོས་གྲུབ་ཐམས་ཅད་མདུན་བསྐྱེད་ཀྱི་ལྷ་ལ་ཐིམ། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་མཆོག་གི་དངོས་གྲུབ་གཙོ་བོར་གྱུར་པའི་ཐུན་མོང་གི་ལས་རབ་འབྱམས་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། རྩ་སྔགས་ལ་དངོས་གྲུབ་བསྐུལ་བའི་སྡེབ་སརྦ་སིདྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་ལ་བཟླ། ཞག་བདུན་སོང་བའི་ནམ་ཕྱེད་ཙམ་ནས་ལངས་ཏེ་བྱང་བཟླས་པ་ཚོགས་སྐོང་བསྐུལ་ཆད་བརྟན་བྲོ་མནན་ཡན་གྲུབ་པར་བྱས་ཏེ། ཐོ་རེངས་དང་པོ་ཤར་བ་འོད་གསལ་གྱི་དུས་ཡིན་པས་དེ་དུས་དངོས་གྲུབ་ལེན་དགོས་ཏེ། རྒྱུད་ལས་རྡོ་རྗེ་སྲིན་པོའི་ནམ་ཡང་ལངས། །དངོས་གྲུབ་བརྩོལ་བའི་དུས་ལ་བབས། །ཞེས་སོ། །དེ་ལས་དང་པོ་དངོས་གྲུབ་ཀྱི་གེགས་ཉམས་ཆག་ཡིན་པས་དེ་ལ་སྐོང་གི་ཆོ་གའི་བསྡུ་ན་རྡོར་སེམས་བསྒོམ་བཟླས་བྱ། དངོས་གྲུབ་ལེན་ཁར་སྒྲུབ་རྫས་ལ་གཞུང་གི་བྱིན་འབེབས་བསལ་བབས་དྲུག་འདས་བཞིས་བྱིན་དབབ་ནས་ནུས་ལྡན་དུ་སྒྲུབ། རྗེས་འབྲང་གི་བགེགས་བསལ་ཏེ། དེ་ནས་དངོས་གྲུབ་ལེན་དམིགས་པ་སྒྲུབ་རྫས་མདུན་བསྐྱེད་དུ་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། སླར་ཡང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བདག་ཉིད་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པས་གཉིས་སུ་མེད་པའི་དངོས་གྲུབ་ཐོབ་པར་བསམ་ལ་མཉམ་པར་བཞག་གོ། །དེ་ནས་ཆོ་གའི་མཇུག་རྣམས་རྫོགས་པར་བྱས་ཏེ། ཉིན་དེའི་སྔ་དྲོ་ནས་ཁ་སྐོང་གི་སྦྱིན་སྲེག་དང་མིན་ཀྱང་གཏང་རགས་ཀྱི་ཚོགས་སྐོང་རྒྱ་ཆེར་བྱས་ཏེ་རྒྱལ་ཐོ་རྣམས་བཀྲོལ་ཏེ་ཉིན་ཆ་ཤས་མི་དང་མི་འཕྲད། དེ་ནས་དམ་ཚིག་གཙང་བ་རེ་གཉིས་དང་འཕྲད་པས་རིམ་གྱིས་མཚམས་གྲོལ་བར་བྱས་པ་ཡིན་ནོ། །སྤྱིི་མདོ་དགོངས་འདུས་རྒྱུད་དོན་ཡིན། །གནུབས་ཆེན་པོ་ཡི་ཐུགས་བཅུད་ཡིན། །རིག་འཛིན་བརྒྱུད་པའི་ཞལ་ལུང་ཡིན། །ཉམས་བླངས་བསླུ་བ་ཡོད་རེ་ཀུན། །ཨེ་མ་སྐལ་པ་མི་བཟང་ངམ། །སྔ་འགྱུར་བརྒྱུད་པའི་གསང་མཛོད་ནས། །དགོས་དགུའི་ནོར་ལ་སྤྱོད་པ་ནི། །མཁའ་འགྲོ་གཅེས་ཕྲུག་མིན་པ་སུ། །ཟབ་མོ་ཐང་མལ་བརྡལ་བ་ལ། །དབྱིངས་ནས་རྩ་གསུམ་མི་དགྱེས་མོད། །སྙན་བརྒྱུད་མན་ངག་ཆད་ཀྱིས་དོགས། །རྣམ་དཀར་ཡི་གེ་རིས་སུ་སྤེལ། །ས་མ་ཡ་རྒྱ། ཕྱག་བྲིས་ལ་ཞལ་བཤུས།


previousགནུབས་ཆེན་བླ་སྒྲུབ་ངང་སྒོམ་གྱི་ཁྲིད་ཡིག་རྒྱུད་དོན་གསལ་བའི་མེ་ལོང་།next