Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བདུན་པ།


   
   
   
   
   
   
   
   
   
སྐྱབས་རྗེ་རིན་པོ་ཆེའི་གསུང་ལས་འཕྲོས་པའི་དབང་བཞིའི་རྣམ་བཤད་རིན་ཆེན་ཕུང་པོ།
   
   
   
   


 
previousསྐྱབས་རྗེ་རིན་པོ་ཆེའི་གསུང་ལས་འཕྲོས་པའི་དབང་བཞིའི་རྣམ་བཤད་རིན་ཆེན་ཕུང་པོ།next

སྐྱབས་རྗེ་རིན་པོ་ཆེའི་གསུང་ལས་འཕྲོས་པའི་དབང་བཞིའི་རྣམ་བཤད་རིན་ཆེན་ཕུང་པོ།

༄༅། །སྐྱབས་རྗེ་རིན་པོ་ཆེའི་གསུང་ལས་འཕྲོས་པའི་དབང་བཞིའི་རྣམ་བཤད་རིན་ཆེན་ཕུང་པོ་བཞུགས།

ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་འདུས་མགོན་པོ་སྤྱན་རས་གཟིགས། །གང་དང་དབྱེར་མེད་དྲིན་ཅན་ཆོས་ཀྱི་རྗེ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ནས། །དབང་བཞིའི་གོ་དོན་ཉུང་གསལ་བྲི་བར་འདོད། །དེ་ལ་སྤྱིར་སྐལ་པ་མཆོག་དང་ལྡན་པའི་གང་ཟག་ཚེ་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་པའི་བློ་རབ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་སློབ་པར་འདོད་པ་དག་གི་དང་པོའི་འཇུག་སྒོ་མ་ནོར་བ་ནི་སྨིན་བྱེད་དབང་བསྐུར་བ་ཉིད་ཡིན་ཏེ། ཇི་སྐད་དུ། དོ་ཧ་ལས། ཨེ་མ་རིན་ཆེན་དབང་དང་བྲལ་བའི་སྐྱེས་བུ་ནི། །གདོལ་བ་དམན་པ་ཞིག་གིས་རྒྱལ་པོར་རེ་སྨོན་བཞིན། །ཞེས་དང་། རྒྱུད་ལས། དབང་མ་བསྐུར་བར་དངོས་གྲུབ་མེད། །བྱེ་མ་བཙིར་ལས་ཞུན་མར་བཞིན། །ཞེས་སོགས་གསུང་པ་དང་། དབང་བསྐུར་མ་ཐོབ་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་བསྐྱེད་རྫོགས་དང་། གྲོགས་བསྙེན་བསྒྲུབ་སོགས་གང་ལ་བསླབ་ཀྱང་གསང་སྔགས་རང་ཉིད་ལེན་པའི་ཉེས་པ་འབྱུང་ཞིང་མཁའ་འགྲོ་དང་གྲུབ་པ་ཅན་དག་གིས་བསད་ནས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ལ། བླ་མ་མཚན་ཉིད་དང་ལྡན་པ་ལས་དབང་བཞི་ཚུལ་དང་མཐུན་པ་ཞིག་ཐོབ་ཕན་ཆད་རབ་དབང་བསྐུར་གྱི་དུས་དེ་ཉིད་དུ་སྨིན་གྲོལ་ཆིག་ཆོད་དུ་གྱུར་ནས་མཆོག་གི་དངོས་གྲུབ་ཐོབ་པའང་ཡོད། འབྲིང་ཉམས་ལེན་བསྐྱེད་རྫོགས་ལ་འབད་པས་ཚེ་འདིར་མཆོག་གྲུབ་པ་དང་། ཐ་མ་ཡང་དམ་ཚིག་མ་ཉམས་ན་ཚེ་རབས་གཞན་དུ་རྡོ་རྗེ་ཐེག་པའི་ཆོས་དང་བླ་མ་ཡང་དག་པ་འཇལ་ཞིང་རྗེས་སུ་བཟུང་ནས་གྲོལ་བར་འགྱུར་ཏེ། ཇི་སྐད་དུ། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམ་པར་ཡང་དངོས་གྲུབ་འཐོབ། །ཅེས་སོ། །དབང་བསྐུར་བ་དེ་ཡང་སྤྱིར་རྒྱུད་སྡེའི་རྣམ་གྲངས་དང་བསྟུན་པའི་གྲངས་དང་དབྱེ་སྒོ་མི་འདྲ་བ་དུ་མ་ཡོད་ཀྱང་ཐམས་ཅད་མདོར་བསྡུ་ན་གསང་སྔགས་ཕྱི་ནང་ཐུན་མོང་དུ་གྱུར་པ་ཐུན་མོང་རིག་པའི་དབང་ལྔ་དང་། ནང་རྒྱུད་བླ་ན་མེད་པའི་ཐུན་མོང་མ་ཡིན་པ་གསང་བ་ཟབ་མོའི་དབང་གསུམ་སྟེ་བརྒྱད་པོ་འདིར་མ་འདུས་པ་མེད་མོད། འོན་ཀྱང་བླ་མེད་ཀྱི་བུམ་དབང་ནི་སྤྱིར་ཡི་དམ་གྱི་ལྷའི་བསྐྱེད་རིམ་སྒོམ་བཟླས་ཕྱིའི་རྣལ་འབྱོར་ལ་དབང་བར་བྱེད་པ་ཡིན་པས་ཐུན་མོང་རིག་པའི་དབང་ལྔ་དང་རྣམ་པ་མཚུངས་པ་ཙམ་ཡིན་མོད་ཀྱང་དོན་དུ་འཆད་འགྱུར་ལྟར་གང་དུ་བསྐུར་བའི་དཀྱིལ་འཁོར། ཇི་ལྟར་བསྐུར་བའི་ཐབས། གང་ལ་བསྐུར་བའི་གནས། ཅིའི་ཕྱིར་བསྐུར་བའི་དགོས་པ་རྣམས་མི་འདྲ་བས་ཕྱི་རྒྱུད་ཀྱི་ཐུན་མོང་རིག་པའི་དབང་ལྔ་ཙམ་གྱིས་བླ་མེད་གྱིས་བུམ་དབང་ཐུན་མོང་མ་ཡིན་པ་འདིའི་དོད་མི་ཐུབ་ཅིང་། གནས་སྐབས་ཡི་དམ་གྱི་ལྷ་ངོ་བསྟན་ནས་སྒོམ་བཟླས་ལ་དབང་བར་བྱེད་པ་ཙམ་བུམ་དབང་གི་ཞོར་ལ་འདུ་བས་ཐུན་མོང་རིག་པའི་དབང་ལྔ་ཡང་བུམ་དབང་གི་ཡན་ལག་ལྟ་བུར་འགྱུར་ཞིང་དེར་འདུ་བས། མདོར་ན་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཐམས་ཅད་དབང་བཞིར་འདུས་པ་ཡིན་ནོ། །དབང་བཞི་པོ་དེ་ཡང་གང་དུ་བསྐུར་བའི་དབང་རང་རང་ལ་ལྟོས་པའི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་གྱིས་དཀྱིལ་འཁོར་ལ་མ་བརྟེན་པར་དབང་བསྐུར་བ་ནི་མི་སྲིད་དེ། སློབ་དཔོན་དྲིལ་བུ་བས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བ། །རྡོ་རྗེ་འཆང་གིས་བཤད་པ་སྟེ། །ཞེས་གསུངས་པ་ལྟར་རོ། །དེ་ནས་དང་པོ་བུམ་པའི་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་ནི་གསུམ་སྟེ་སྤྲོས་པ་ལ་དགའ་བས་རྒྱས་པར་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བརྟེན་པ་དང་། སྤྲོས་པ་འབྲིང་གི་དབང་དུ་བྱས་ན་རས་བྲིས་ཀྱི་དཀྱིལ་འཁོར་ལ་བསྟེན་པ་དང་། བློ་རབ་སྤྲོས་དང་བྲལ་བའི་དབང་དུ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པའང་ཡོད་དེ། དྲིལ་བུ་པས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་བསྒྲུབ་བྱ་དེ་མ་ཡིན། །ཅེས་པ་རྡུལ་མཚོན་དང་རས་བྲིས་གཉིས་གདུལ་བྱ་བློ་དམན་པའི་དབང་དུ་བྱས་ཀྱི་མཁས་པས་དོན་དུ་གཉེར་བྱ་མ་ཡིན་པར་བསྟན་ནས། བློ་རབ་ཀྱི་ངོར་འགྲོ་བ་འདི་ཀུན་རང་བཞིན་གྱི། གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུངས་ཞིང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་འཇུག་པར་བཤད་པའང་ཡོད་མོད། བློ་འབྲིང་མན་ཆད་ལས་དང་པོ་རྣམས་ནི་དང་པོ་དཀྱིལ་འཁོར་དུ་མ་ཞུགས་པར་དབང་བསྐུར་དུ་མི་རུང་བས་དང་པོ་དཀྱིིལ་འཁོར་དུ་འཇུག་པ་གལ་ཆེ་ཞིང་དེ་ལ་དང་པོ་དཀྱིལ་འཁོར་མེད་པར་འཇུག་ཏུ་མི་རུང་བས་དཀྱིལ་འཁོར་བཞེངས་པ་དང་། སྒྲུབ་ཅིང་མཆོད་པ་གལ་ཆེའོ། །དཀྱིལ་འཁོར་བཞེངས་པ་དེ་ལའང་རྒྱས་པར་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ན་སུ་ཆོག་དང་སྟ་གོན་དཀྱིལ་འཁོར་སྒྲུབ་པ་སོགས་ཡན་ལག་ཚང་བར་བྱ་དགོས་ཤིང་། རས་བྲིས་ལས་ཆོག་གི་ཡན་ལག་འགའ་ཞིག་མེད་ཀྱང་ཆོག་པའང་ཡོད་མོད་ཀྱི་གཞན་ཕལ་ཆེར་ངེས་པར་དགོས་ཤིང་གང་ལྟར་ཡང་ཆོ་གའི་ཡན་ལག་མ་ཚང་ན་སློབ་མའི་རྒྱུད་སྨིན་པར་མི་ནུས་ཤིང་སློབ་དཔོན་ལའང་ཉེས་པ་དང་བཅས་པར་འགྱུར་བས་ཆོ་གའི་ཡན་ལག་རྣམས་ཚང་པར་བྱེད་པ་ནི་ཅིས་ཀྱང་གལ་ཆེ་བ་ཡིན་ནོ། །དབང་བསྐུར་བ་དངོས་ལ་དང་པོ་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པ་ལ་དབང་བསྐུར་བ་གཉིས། དང་པོ་དཀྱིལ་འཁོར་དུ་འཇུག་པ་ལ་ཡང་སློབ་དཔོན་རང་ཉིད་འཇུག་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་པ་གཉིས། དང་པོ། སློབ་དཔོན་རང་ཉིད་འཇུག་པ་ནི་རྒྱས་པར་སློབ་མ་དབང་ཇི་ལྟར་བསྐུར་བའི་ཚུལ་དུ་བདག་འཇུག་བླང་བ་དང་། བསྡུ་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཀྱང་ཆོག་སྟེ། སྒྱུ་འཕྲུལ་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་པ་ལྟར་རོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་ཞུགས་པ་ལ་ཕྱི་འཇུག་དང་ནང་འཇུག་གཉིས། དང་པོ་ཕྱི་འཇུག་གི་སྔོན་དུ་འགྲོ་བ་ནི་སྡིག་སྒྲིབ་སྦྱངས་པའི་ཕྱིར་ཡི་གེ་བརྒྱ་པའི་ཁྲུས་ནས་འདོན་པ། བར་ཆད་བསལ་པའི་ཕྱིར་བགེགས་བསྐྲད་ཅིང་མཚམས་བཅད་པ། ཆོས་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་ལོ་རྒྱུས་ཀྱི་སྤྲོ་བ་བསྐྱེད་པ། བསོད་ནམས་ཀྱི་ཚོགས་རྫོགས་པའི་ཕྱིར་མཎྜལ་དབུལ་བ། བསླབ་པ་ཀུན་གྱི་གཞི་འཛིན་པའི་ཕྱིར་སྐྱབས་འགྲོ་འབོག་པ། ཐེག་ཆེན་གྱི་ལམ་དུ་ཚུད་པའི་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། དབང་གི་སྣོད་རུང་དུ་གྱུར་པའི་ཕྱིར་དམ་ཚིག་རྣམས་བསྲུང་བར་ཁས་ལེན་པ། ཆོས་ལ་དོན་གཉེར་གྱི་འདུན་པ་གསལ་བའི་ཕྱིར་དབང་དོན་དུ་གསོལ་བ་འདེབས་པ་རྣམས་མེད་དུ་མི་རུང་བའི་ཡན་ལག་ཡིན་པས་ཚིག་དོན་མ་འཛོལ་བ་གནད་དུ་འགྲོ་བར་བྱས་ནས། ཕྱི་འཇུག་དངོས་ལ་དཀྱིལ་འཁོར་དུ་གཞུགས་པར་གསོལ་བ་འདེབས་པ། མིག་དབྱེ་བ། མེ་ཏོག་འཐོར་བ། ལྷ་ངོ་བསྟན་པ་རྣམས་ཏེ། འདིའི་དོན་ནི་ཚེ་རབས་སྔོན་ནས་རང་དང་འབྲེལ་ཆེ་བའི་ཡི་དམ་གྱི་ལྷ་གང་ཡིན་པ་དེ་ངོས་བཟུང་ནས་ལྷ་དེ་ཉིད་ཀྱི་བསྒོམ་བྱའི་དཀྱིལ་འཁོར་དང་སྐུ་མདོག་ཕྱག་མཚན་ལ་སོགས་པ་བརྡའ་དོན་རྟགས་གསུམ་དང་བཅས་པ་ངོ་སྤྲོད་པའོ། །གཞན་ཡང་མེ་ཏོག་དབུས་སུ་བབས་ན་རྡོ་རྗེའི་རིགས། ཤར་དུ་སངས་རྒྱས་རིགས་སོགས་རང་གི་མེ་ཏོག་གང་ལ་བབས་པའི་རིགས་དེ་ཉིད་གཙོ་བོར་བྱས་ནས་བསྒྲུབ་ན་ཉེ་བའི་དཀྱིལ་འཁོར་ཞེས་བྱ་བ་ཚེ་རབས་ཀྱི་ལྷ་སྐལ་ཡིན་པས་འགྲུབ་ཐག་ཉེ་བ་དང་། དམ་ཚིག་བསྲུང་མཚམས་ཀྱི་སྐབས་སུའང་རང་རིག་གི་དམ་ཚིག་གཙོ་བོར་བསྲུངས་ཤིང་གཞན་རྣམས་ཞར་བྱུང་ཙམ་དུ་ཅི་ནུས་སུ་འབད་པའོ། །ལྷ་དང་དཀྱིལ་འཁོར་གྱི་རྣམ་དག་གམ་བརྡའ་དོན་བཤད་པ་ནི། ཡི་དམ་གྱི་ལྷ་གཙོ་འཁོར་དང་གཞལ་ཡས་ཁང་གི་རྣམ་པར་སྣང་བ་དེ་ཡང་མཚན་མ་ཕྱག་དང་བཅས་པའི་ལྷ་རང་རྒྱུད་པ་དེ་ལྟ་བུ་ཞིག་གཉེར་ན་ཡོད་པ་མ་ཡིན་གྱི། རང་རྒྱུད་ཀྱི་ཕུང་པོ་ལྔ་པོ་འདིའི་རང་བཞིན་ཡེ་ནས་རྒྱལ་བ་རིག་ལྔར་གནས་པ་སོགས་གཞི་རང་བཞིན་ལྷུན་གྲུབ་ཀྱི་ལྷ་ངོ་སྤྲོད་པ་དང་། ལམ་ཐབས་དང་ཤེས་རབ་ཕ་རོལ་ཕྱིན་དྲུག་བྱང་ཕྱོགས་བདུན་ལ་སོགས་དེ་དག་གི་དག་པ་དང་སྦྱར་ནས་ལམ་མཚོན་པ་རྟགས་ཀྱི་ལྷ་ངོ་སྤྲད་པ་དང་། མཐར་ཐུག་ཡེ་ཤེས་ལྔ་དང་། སྣང་སྟོང་དབྱེར་མེད་སྐུ་གསུམ་སྐུ་ལྔ་ལ་སོགས་དག་པ་དང་སྦྱང་ནས་བཤད་པས་འབྲས་བུ་ཡེ་ཤེས་ཕྱག་རྒྱའི་ལྷ་ངོ་སྤྲད་པ་སྟེ། གང་ལྟར་ཡང་ལྷ་དང་དཀྱིལ་འཁོར་དུ་སྣང་བ་དེ་ཡང་གཞི་ལམ་འབྲས་བུའི་ཆོས་དེ་དང་དེ་དག་གི་དབྱིབས་དང་ཁ་དོག་དང་གྲངས་ཀྱི་རྣམ་གྲངས་དེ་དང་དེ་ལྟ་བུས་མཚོན་པར་བྱས་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱི་སྒོ་ནས་ལྷའི་རྣམ་པ་ཙམ་ལམ་དུ་བྱས་ནས་བསྒོམ་པ་ཡིན་གྱིས་རང་ལས་རྒྱུད་ཐ་དད་པའི་ལྷ་དེ་དང་ལྟ་བུ་མཆོད་ན་མཉེས་ཤིང་དངོས་གྲུབ་སྦྱིན་པའི་ལྷ་ཕྱི་རོལ་པའི་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པ་ལྟ་བུ་ཞིག་གཞན་ན་མེད་པ་ངོ་སྤྲོད་པ་ཡིན་ནོ། །གཉིས་པ་ནང་འཇུག་ནི་ཡེ་ཤེས་འབེབས་པ་སྟེ། སློབ་དཔོན་གྱི་བསྐྱེད་རྫོགས་དང་སློབ་མའི་མོས་པ་ལ་བརྟེན་ནས་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་བསྐྱེད་ཅིང་ཡི་དམ་གྱི་ལྷས་བྱིན་གྱིས་བརློབས་པའི་རྟེན་འབྲེལ་སྒྲིག་པ་སྟེ་གཞུང་རང་རང་ནས་འབྱུང་བ་ལྟར་བྱིན་ཕེབས་པའི་རྟགས་མ་བྱུང་བར་བྱ་ཞིང་། རྟགས་ཇི་བཞིན་མ་བྱུང་ན་སྤོག་ཆོག་བྱ་བ་སོགས་ཀྱིས་རྟགས་ཐོན་དུ་བྱ་བའོ། །གཉིས་པ་དབང་དངོས་གཞི་ལ། རྒྱུད་སྡེ་འོག་མ་དང་ཐུན་མོང་པ་དང་། བླ་མེད་ཀྱི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའོ། །དང་པོ་ཐུན་མོང་པ་ལ་སྤྱིར་དབྱེ་བསྡུ་མང་དུ་ཡོད་ཀྱང་། ད་ལྟའི་ཡོངས་གྲགས་ཀྱི་དབང་དུ་བྱས་ན། སློབ་མའི་དབང་དྲུག །རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་ནོ། །སློབ་མའི་དབང་དྲུག་གི་དང་པོ་མི་བསྐྱོད་པ་ཆུའི་དབང་ནི། ལྷ་ཞུ་བའི་རང་བཞིན་རྣམ་རྒྱལ་བུམ་པའི་ཆུ་སྤྱི་བོ་ནས་བླུགས་ཤིང་ཁྲུས་བྱས་པས་ལས་ཉོན་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་སྤྱི་གཙུག་ཏུ་རིགས་ཀྱི་བདག་པོ་རྡོ་རྗེ་མི་བསྐྱོད་པས་དབུ་བརྒྱན་པར་བསམ་པས། ཉོན་མོངས་པ་ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་རྡོ་རྗེ་མི་བསྐྱོད་པ ་དང་ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་དུ་སངས་རྒྱས། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །གཉིས་པ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ནི། རིན་འབྱུང་གི་རང་བཞིན་ཅན་གྱི་དབུ་བརྒྱན་མགོ་ལ་བཅིང་པས་ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་ཆུ་ཁམས་མ་མ་ཀིའི་རང་བཞིན་དུ་སངས་རྒྱས། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ནི། སྣང་མཐའི་རང་བཞིན་རྡོ་རྗེ་ལག་གཡས་སུ་གཏད་པས། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེ་ཁམས་གོས་དཀར་མོའི་རང་བཞིན་དུ་སངས་རྒྱས། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །བཞི་པ་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི། དོན་གྲུབ་ཀྱི་རང་བཞིན་དྲིལ་བུ་ལག་གཡོན་དུ་གཏད་པས་ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་ཁམས་དམ་ཚིག་སྒྲོལ་མའི་རང་བཞིན་དུ་སངས་རྒྱས། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །ལྔ་པ་རྣམ་པར་སྣང་མཛད་མིང་གི་དབང་ནི། རང་གི་མེ་ཏོག་གང་ལ་ཕོག་པའི་རིགས་དང་མཐུན་པའི་མིང་བཏགས་ནས་བརྗོད་པས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་། ས་ཁམས་སངས་རྒྱས་སྤྱན་མའི་རང་བཞིན་དུ་སངས་རྒྱས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པར་མོས་པའོ། །དྲུག་པ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་ལེན་པ་ལ་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་དང་མཐུན་པར་ཉམས་སུ་ལེན་དགོས་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་རྡོར་དྲིལ་ལག་ཏུ་གཏད་ནས་ཐབས་ཤེས་ཟུང་འཇུག་གི་ལམ་ཉམས་སུ་ལེན་པར་རྗེས་སུ་གདམས་པས་ཕྱི་གཟུང་བ་ཡུལ་དང་ནང་འཛིན་པ་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་གནས་དག་ཐབས་རྡོ་རྗེ་སེམས་དཔའ་སྣང་སྟོང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཉམས་ལེན་ལ་དབང་བར་བྱས་པ་སྟེ་སློབ་མའི་དབང་དྲུག་གོ། །སློབ་དཔོན་གྱི་དབང་ནི། སློབ་མ་གཞན་དུ་དོན་ནུས་པ་ལ་དམིགས་བསལ་དུ་བསྐུར་བ་སྟེ། སློབ་མ་སེང་གེའི་ཁྲི་ལ་བཀོད་ནས་དམ་ཚིག་གསུམ་སྦྱིན་པ་ནི། ཕྱག་རྒྱ་སྐུའི་དམ་ཚིག་ཡི་དམ་གྱི་ལྷ་ཡབ་ཡུམ་གྱི་སྐུར་བསྒོམ་དུ་བཅུག་ནས། དྲིལ་བུ་གསུང་གི་དམ་ཚིག་ལག་གཡོན་དུ་གཏད་ཅིང་། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ལག་གཡས་སུ་སྦྱིན་པས་ཕྱི་མཚན་མ་རྫས་ཀྱི་རྡོལ་དྲིལ་དམ་ཚིག་གི་རྫས་སུ་གཏད་པ་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀུར་བརྟེན་པ་དང་། ནང་མཚོན་བྱེད་རྟགས་ཀྱི་རྡོར་དྲིལ་ཡབ་ཡུམ་གྱི་གསང་བ་མཉམ་པར་སྦོར་པས་ཁམས་དཀར་དམར་ཞལ་མཇལ་བའི་བདེ་བ་རྒྱུད་ལ་སྐྱེས་པ་དང་། གསང་བ་མཚོན་བྱ་དོན་གྱི་རྡོར་དྲིལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་མ་བཅོས་པར་མཉམ་པར་བཞག་པས་སྟོང་ཉིད་ཀྱི་ཡེ་ཤེས་བསྐྱེད་ཅིང་རྡོ་རྗེ་རྒྱལ་པོའི་གོ་སུ་ཐོབ་པ་སྟེ། དེའི་ཡན་ལག་ཏུ་དུས་དེ་རིང་ནས་བཟུང་སྟེ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཕྲིན་ལས་དང་བཅས་པས་རང་བཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་མཛོད་ཅིག་ཅེས་རྗེས་སུ་གནང་བ་དང་། ཉམས་ལེན་བརྩོན་འགྲུས་ཀྱི་དབང་གིས་འདི་དང་བར་དོ་གང་རུང་དུ་མེ་ཏོག་ཕོག་པའི་རིགས་དེ་དང་མཐུན་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་སྟོན་པ་དང་། འཁོར་བའི་སྡུག་བསྔལ་རྒྱུན་རིང་པོ་ལས་གྲོལ་ཞིང་དམ་ཚིག་མ་ཉམས་ན་ངན་སོང་གསུམ་རྒྱུན་ཆད་པ་ཡིན་ནོ་ཞེས་དབུགས་དབྱུང་བ་དང་སངས་རྒྱས་ཐམས་ཅད་ཀྱི་སྲས་དང་བྱང་སེམས་རིག་པ་འཛིན་པ་ཐམས་ཅད་ཀྱི་སྤུན་དུ་འགྱུར་ཞིང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་མགོན་བྱེད་པ་ཡིན་པས་དགའ་བར་གྱིས་ཤིག་ཅེས་གཟེང་བསྟོད་པ་དང་སློབ་མ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་གྱུར་པ་ལ། མཆོད་པ་དང་བསྟོད་པས་མངའ་གསོལ་བ་ལ་སོགས་པའོ། །དེས་ནི་ལུས་ངག་ཡིད་གསུམ་དུ་འཛིན་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་གནས་འགྱུར། གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་ལམ་ཉམས་སུ་བླང་བ་ལས་བྱུང་བའི་འབྲས་བུ་ཐབས་བྱུང་རྡོ་རྗེ་འཆང་རིག་བདག་དྲུག་པ་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་དམ་པའི་གོ་འཕང་ཐོབ་པའི་རྟེན་འབྲེལ་གྱི་ནུས་པ་བཞག་པའོ། །དེ་དག་གིས་ནི་དབང་བཞི་ལས་བུམ་དབང་གི་དངོས་གཞི་སྟེ་རྒྱུད་སྡེ་འོག་མ་དང་ཐུན་མོང་ཞེས་བཤད་ཀྱང་། དག་བྱ་དག་འབྲས་དབང་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་སོགས་ཕལ་མོ་ཆེ་རྒྱུད་སྡེའི་འོག་མ་ལས་ཁྱད་པར་དུ་འཕགས་པས་ན་བླ་མེད་ཀྱི་ཁྱད་ཆོས་རྣམས་ནི་ཐུན་མོང་མ་ཡིན་པའང་ཡིན་ནོ། །ད་ལྟའི་ཡོངས་གྲགས་ཀྱི་དབང་ཆོག་རྣམས་ལས་རིག་དབང་ལྔ་ལ་སོགས་པའི་རྗེས་སུ་བུམ་ཆུའི་དབང་ཟུང་དུ་འབྱུང་བ་ནི་སྤྱིར་རིག་དབང་ལྔ་སོགས་བུམ་དབང་གི་དངོས་གཞི་ཡིན་པས་རེ་རེ་བཞིན་ཡང་བུམ་པའི་ཆུ་རྗེས་སུ་འགྲོ་བ་ཅན་ཡིན་ཡང་འདིར་བུམ་པ་གཅིག་ཏུ་བསྡུས་ཏེ་ཐམས་ཅད་ཀྱི་རྗེས་སུ་བུམ་པའི་ཆུ་དབང་གཅིག་བསྐུར་བའོ། །དེའི་ཡན་ལག་ཏུ་ལྷ་སྐུ་ཕྱག་རྒྱའི་དབང་ལྷ་གྲངས་དང་མཐུན་པར་དབང་བསྐུར་བ་དང་། སྙིང་པོ་སྔགས་ཀྱི་བཟླས་ལུང་སྦྱིན་པ་དང་། ཡོ་བྱད་ལོངས་སྤྱོད་རྫས་ཀྱི་དབང་བསྐུར་བ་དང་། ཕྲིན་ལས་དྲག་པོ་སྒྲོལ་བའི་དབང་ལ་སོགས་པ་ནི་ཆོ་ག་རང་རང་གི་གཞུང་དང་བསྟུན་ནས་ཤེས་པར་བྱ་བ་ལས་འདིར་བརྗོད་ཀྱི་མི་ལང་ངོ་། །དེ་ལྟ་བུའི་བུམ་པའི་དབང་དེ་གང་དུ་བསྐུར་བའི་དཀྱིལ་འཁོར་ནི་རྡུལ་མཚོན་སོགས་ཀྱི་བྲིས་པ་རྟགས་ཀྱི་དཀྱིལ་འཁོར་ཡིན་ལ། གང་གིས་བསྐུར་བ་པོ་ནི་སློབ་དཔོན་དང་དགོངས་པ་དབྱེར་མེད་པའི་མདུན་རྟེན་དཀྱིལ་འཁོར་ན་བཞུགས་པའི་ལྷ་དང་། དེ་ལས་ལོགས་སུ་ཕྱེ་སྟེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་གཉིས་པའི་རྣམ་པས་ཤར་སྒོ་ན་བཞུགས་པར་མོས་པ་སློབ་དཔོན་དངོས་དང་། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷའི་དགོངས་པ་གཏད་དེ་དབྱིངས་ནས་སྤྱན་དྲངས་པའི་ལྷ་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོ་སྟེ་གདན་གསུམ་ཚང་བའི་ལྷ་དང་བཅས་པ་གསུམ་ཀ་ལས་ཐོབ་དགོས་ཀྱང་། དབང་གི་ལག་ལེན་བྱེད་པ་པོ་དངོས་ནི་དབང་ལྷ་སྤྱན་དྲངས་པ་རྣམས་ལས། གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། །གཤེགས་མ་རྣམས་ཀྱི་བུམ་པ་དང་དབུ་རྒྱན་སོགས་དབང་རྫས་ཐོགས་ཏེ་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། །ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ་དབང་བསྐུར་བར་མོས་པའོ། །དེ་ལྟར་བུམ་པའི་དབང་བསྐུར་བའི་དབང་དོན་གྱི་ཡེ་ཤེས་ནི་ཕྱི་སྣོད་ནང་བཅུད་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བཅས་པ་ཡེ་ནས་དཀྱིལ་འཁོར་གྱི་རང་བཞིན་དུ་གནས་པ་ངོ་འཕྲོད་དེ་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་གཅིག་ཏུ་རྟོགས་པས་ཐག་གཅོད་པ་སྟེ། བློ་རབ་འབྲིང་ལ་ལྟོས་པའི་སྣང་སྲིད་ལྷ་རུ་ལྟ་བའི་ངེས་ཤེས་ནི་དབང་དོན་གྱི་ཡེ་ཤེས་ཡིན་ལ། དེ་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་ན་དབང་ཐོབ་པ་ཡིན་ནོ། །དབང་དེ་ཉིད་ཐོབ་པས་ལུས་དང་རྩའི་སྒྲིབ་པ་དག །ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། །གཉིས་པ་གསང་སྔགས་བླ་ན་མེད་པའི་ཐུན་མོང་མ་ཡིན་པའི་དབང་ནི་གསུམ་སྟེ། གསང་དབང་། ཤེར་དབང་། ཚིག་དབང་ངོ་། །དང་པོ་གསང་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་ནི། རྩ་ཡི་གེ་བྷ་གའི་དཀྱིལ་འཁོར་ཞེས་བྱ་སྟེ། བླ་མ་ཡབ་ཡུམ་གྱི་ལུས་རྩའི་དཀྱིལ་འཁོར་དུ་གནས་ཤིང་རྩ་མདུད་ཡི་གེའི་རྣམ་པར་ལྟར་དུ་གནས་པས་ན་རྩ་ཡི་གེའི་དཀྱིལ་འཁོར་ཞེས་བྱ། ཡི་གེའི་རྣམ་པ་ཅན་གྱི་རྩ་མ དུད་དེ་དག་ཏུ་རླུང་དང་ཁམས་ཀྱི་དངས་མ་འདུས་པས་མཚན་མའི་རྣམ་པར་རྟོག་པ་འཇོམས་པར་བྱེད་པ་དང་། ཁྱད་པར་ཡབ་ཀྱི་རྡོ་རྗེ་ནོར་བུ་ཐབས་བདེ་བ་ཆེན་པོ་ཝཾ་ཡིག་གི་རྣམ་པར་གནས་ཤིང་། ཡུམ་གྱི་མཁའ་གསང་ཤེས་རབ་སྟོང་པ་ཉིད་ཨེ་ཡིག་གི་རྣམ་པར་གནས་པ་ནི་གསང་དབང་གང་ལས་ལེན་པའི་དཀྱིལ་འཁོར་དངོས་སོ། །དཀྱིལ་འཁོར་འདི་གཉིས་སུ་ཡབ་ཡུམ་གྱི་རླུང་སེམས་དྭངས་མའི་ཐིག་ལེ་ཞལ་མཇལ་བའི་སྐབས་སུ་རང་བཞིན་བརྒྱད་བཅུའི་རྟོག་ཚོགས་ཐམས་ཅད་བཅོམ་ནས་རྟོག་བྲལ་བདེ་སྟོང་གི་ཡེ་ཤེས་བསྐྱེད་པས་ན་ཡི་གེ་བྷ་གའི་དཀྱིལ་འཁོར་ཞེས་བྱ་སྟེ། བྷ་ག་ནི་བཅོམ་པའི་དོན་ནོ། །དབང་ཇི་ལྟར་བསྐུར་བའི་ཚུལ་ནི། ནམ་སྲོད་ཀྱི་དུས་སུ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་སྐུའི་རྣམ་པར་བཞུགས་པ་ལ་གཟུངས་མ་མཚན་ལྡན་དང་མཎྜལ་ཕུལ་ནས་གསོལ་བ་གདབ། སློབ་དཔོན་གྱིས་རྗེས་སུ་གནང་བ་བྱིན་ནས་མིག་དར་བཅིང་སྟེ་ཡོལ་བའི་ཕྱི་རོལ་དུ་བཞག །བླ་མ་ཡབ་ཡུམ་ལྷར་གསལ་བའི་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་བདེ་བའི་རོལ་མོས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བཀུག་སྟེ་བླ་མ་ཡབ་ཡུམ་གྱི་སྐུ་ལ་བསྟིམ་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་བ་ཉིད་མཁའ་གསང་དུ་ཕབས་ཏེ་སློབ་བུའི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱ་བའི་ཕྱིར་རླུང་གི་སྟོབས་ཀྱིས་ལན་གསུམ་གྱེན་དུ་ལྡོག་སྟེ་སླར་ཡུམ་མཁར་ཕབས་པའི་དཀར་དམར་འདྲེས་པའི་བདུད་རྩི་དེ་ཉིད་སློབ་བུའི་ལྕེ་ཐོག་ཏུ་བཞག་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནས་བཟུང་སྟེ་རྩ་འཁོར་ལོ་བཞིའི་གནས་ཐམས་ཅད་རིམ་པ་བཞིན་དུ་གང་། མ་དག་པའི་རྩ་ཁམས་ཀྱི་ཡི་གེ་ལས་རླུང་གིས་བསྐྱོད་པའི་གཟུང་འཛིན་འཁྲུལ་པའི་རྣམ་རྟོག་ཆ་དང་བཅས་པ་རང་བཞིན་གྱིས་འགགས། སེམས་གསལ་སྟོང་གཉིས་སུ་མེད་པའི་རང་བཞིན་ཐབས་དང་བྱིན་བརླབས་ལ་བསྟེན་པའི་ཡེ་ཤེས་བརྗོད་པ་དང་བྲལ་བ་དེ་ཉིད་ངོ་སྤྲོད་པའོ། །དེའི་དབང་དོན་གྱི་ཡེ་ཤེས་ནི་རླུང་དབུ་མར་ཞུགས་པའི་ཐབས་ཀྱི་དྲངས་པའི་གསལ་སྟོང་དྭངས་སང་ཕྱེད་པའི་སེམས་བཟོ་བཅོས་དང་བྲལ་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་རང་བཞིན་གང་ཡིན་པའོ། །དེ་ལྟ་བུའི་ཡེ་ཤེས་དེ་སློབ་མ་མོས་གུས་ཀྱིས་སྣོད་དང་ལྡན་པ་དང་བླ་མ་ཐུགས་རྗེ་ཅན་གྱི་བྱིན་རླབས་གུང་འཛོམ་པ་ལས་དཀར་དམར་བྱང་ཆུབ་ཀྱི་སེམས་རྟེན་འབྲེལ་རྫས་ཀྱི་ནུས་པ་ལ་བརྟེན་ཏེ་རྒྱུད་ལ་ངེས་པར་སྐྱེས་ན་དབང་ཐོབ་པ་ཡིན་ནོ། །དབང་དེ་ཐོབ་པས་ངག་དང་རླུང་གི་སྒྲིབ་པ་དག །ལམ་གཏུམ་མོ་དང་སྒྱུ་ལུས་ལ་སོགས་བདག་བྱིན་གྱིས་རློབས་པའི་རྫོགས་རིམ་ཐམས་ཅད་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། གང་དུ་བསྐུར་བའི་དཀྱིལ་འཁོར་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། སློབ་བུ་རང་ཉིད་ཀྱི་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་གནས་པའི་ཁམས་བདེ་ཆེན་བྱང་ཆུབ་ཀྱི་སེམས་དཀར་དམར་ནི་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་གྱི་ཚུལ་དུ་གནས་ཤིང་བདེ་སྟོང་ཡེ་ཤེས་ཀྱི་སྙིང་པོ་ལེན་པས་ན་དཀྱིལ་འཁོར་ཏེ། དཀྱིལ་འཁོར་ནི་མཎྜལ་ཞེས་པའི་སྒྲ་ལས་དྲངས་ན་སྙིང་པོ་ལེན་པ་ཞེས་བྱའོ། །དཀྱིལ་འཁོར་དེ་ཉིད་དུ་དབང་ཇི་ལྟར་བསྐུར་བའི་ཚུལ་ནི། ནམ་གུང་གི་དུས་སུ་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བླ་མ་ཐུགས་རྡོ་རྗེ་ཆོས་སྐུའི་རྣམ་རོལ་དུ་བཞུགས་པ་ལ་སློབ་བུས་མཎྜལ་ཕུལ་ནས་གསོལ་བ་གདབ། བླ་མས་ན་ཚོད་གཞོན་ཤིང་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཐེག་པ་ཐུན་མོང་པའི་ཆོས་ཀྱིས་རྒྱུད་སྣོད་རུང་དུ་བྱས་ཤིང་རྡོ་རྗེ་ཐེག་པའི་ཐབས་ལམ་ལ་ཐེ་ཚོམ་མེད་པ་ཉིད་སློབ་མ་ལ་གཏད་དེ་རྗེས་སུ་གནང་བ་སྦྱིན། དེས་ཀྱང་སྤྲོ་བ་དྲིས་ནས་སློབ་བུའི་པང་དུ་བྱོན་པས་སློབ་བུ་ཡབ་ཡུམ་གཉིས་ཡི་དམ་གྱི་ལྷར་བསྒོམས་ནས་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམ་པར་ཞུགས་པས་བདེ་བའི་འོད་ཟེར་དང་སློབ་དཔོན་ཡབ་ཡུམ་གྱི་བྱིན་བརླབས་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་བསྐུལ་ཏེ་བྱོན་ནས་སློབ་བུ་ལ་ཐིམ། དེ་ཉིད་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་རྐྱེན་གྱིས་ཁམས་བྱང་ཆུབ་ཀྱི་སེམས་བདེ་བའི་ངོ་བོ་ཞུ་སྟེ་སྤྱི་བོ་ནས་མགྲིན་པར་བབས་པ་དགའ་བ། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ། སྙིང་གནས་ལྟེ་བར་བབས་པས་ཁྱད་པར་དགའ་བ། ལྟེ་བ་ནས་གསང་བར་བབས་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ཞིང་། དཀར་ཆ་རྡོ་རྗེ་ནོར་བུའི་རྩེར་བྱོན་པས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངང་དུ་རང་བཞིན་བརྒྱད་ཅུའི་རྟོགས་ཚོགས་ཐམས་ཅད་འགགས། བདེ་བས་ཐབས་བྱས་པའི་ཤེས་རབ་སྟོང་པ་ཉིད་ཀྱི་གནས་ལུགས་བཟོ་བཅོས་དང་བྲལ་བ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་ཉིད་ངོ་སྤྲོད་པའོ། །དབང་འདིའི་སྐབས་སུ་དབང་དོན་གྱི་ཡེ་ཤེས་ནི་དགའ་བཞིའི་དྲངས་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སེམས་བཅོས་མ་དང་བྲལ་བ་དེ་ཉིད། དེ་ལྟ་བུའི་ཡེ་ཤེས་ངོ་འཕྲོད་ན་དབང་ཐོབ་པའོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་དང་ཐིག་ལེའི་སྒྲིབ་པ་དག །ལམ་གཞན་ལུས་ཕྱག་རྒྱའི་ལམ་ལ་བརྟེན་པའི་རྫོགས་རིམ་ཐམས་ཅད་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། །གསུམ་པ་ཚིག་གི་དབང་ནི། དབང་འདི་གང་དུ་བསྐུར་བའི་དཀྱིལ་འཁོར་ནི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་སློབ་བུའི་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་རྣམ་པར་ཤེས་པའི་རང་བཞིན་རིག་པ་ཡེ་ཤེས་ཀྱི་ཐིག་ལེ་གཉུག་མ་དོན་གྱི་ཆོས་ཉིད་འཁོར་འདས་ཀྱི་དཀྱིལ་འཁོར་མ་ལུས་པའི་སྤྲོ་གཞི་ཆོས་ཉིད་བདེ་གཤེགས་སྙིང་པོ་སེམས་ཉིད་ཡེ་སངས་རྒྱས་པའི་དཀྱིལ་འཁོར་དུ་བཞུགས་པ་ཉིད་དོ། །དཀྱིལ་འཁོར་དེ་ཉིད་དུ་དབང་ཇི་ལྟར་བསྐུར་ན་ནམ་ཐོ་རངས་ཀྱི་དུས་སུ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་རྣམ་པར་བཞུགས་པ་ལ་སློབ་བུ་མཎྜལ་ཕུལ་ཏེ་གསོལ་བ་བཏབ། བླ་མས་སློབ་མ་ལ་སྔར་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་ཐིག་ལེའི་བདེ་བ་ལ་བརྟེན་ཏེ་ངོ་སྤྲད་པའི་ཡེ་ཤེས་དེ་ཉིད་ཐབས་ལས་བྱུང་བའི་དཔེའི་ཡེ་ཤེས་དུ་དུང་ཉམས་ཞེན་གྱི་སྦུབས་དང་མ་བྲལ་བ་ཉིད་ཡིན་པས། སེམས་རང་བབ་བཟོ་བཅོས་དང་བྲལ་བའི་གནས་ལུགས་བདེ་གསལ་མི་རྟོག་པའི་ཉམས་ཀྱི་ཞེན་པ་དང་བྲལ་བའི་གཉུག་མ་གཤིས་ཀྱི་ཆོས་སྐུ་རང་རིག་ཟང་ཐལ་རྗེན་པའི་ཡེ་ཤེས་དེ་ཉིད་དུས་དང་རྣམ་པར་ཐམས་ཅད་དུ་བྲལ་མ་མྱོང་ཡང་རང་ངོ་མ་ཤེས་པར་ཡོད་པ་དེ་ཉིད་མཚོན་པའི་བརྡའ་དང་། མཚོན་བྱེད་ཀྱི་ཚིག་གིས་ངོ་སྤྲོད་པ་སྟེ། དབང་བཞི་པ་འདི་ལ་རྣམ་གྲངས་ཙམ་དུ་དབྱེ་ན་ལྔ་སྟེ། སྔར་ཤེས་རབ་ཡེ་ཤེས་ཀྱིི་དབང་གི་སྐབས་སུ་དགའ་བཞི་ལུགས་འབྱུང་གི་མཐར་ཁམས་བྱང་སེམས་རླུང་གི་སྟོབས་ཀྱིས་གྱེན་དུ་ལྡོག་པས་ལུགས་ལྡོག་གི་དགའ་བ་བཞི་ཉམས་སུ་མྱོང་སྟེ་ཐིག་ལེ་སྤྱི་བོར་ཐིམ་པས་དགའ་བའི་ཉམས་ཞེན་དང་བྲལ་བའི་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་བླ་མས་ཚིག་ཙམ་གྱིས་ངོ་སྤྲད་པའི་ཚིག་གི་བཞི་པ། གལ་ཏེ་དེས་ཡེ་ཤེས་མ་སྐྱེས་ན་སླར་ཡང་ཕྱག་རྒྱ་དང་སྙོམ་པར་ཞུགས་ཏེ་དགའ་བཞི་ལུགས་འབྱུང་དང་ལུགས་ལྡོག་གི་ཐབས་ལ་བརྟེན་ནས་ངོ་སྤྲོད་པ་རྟེན་ཅན་གྱི་བཞི་པ་བློ་རབ་དབང་དུས་སམ་འབྲིང་མན་ཆད་ལ་ལམ་གོམས་པའི་མཐུ་ལ་བརྟེན་ནས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱས་ནས་སེམས་བདེ་གཤེགས་སྙིང་པོའི་ཆོས་ཉིད་མངོན་སུམ་པར་རྟོགས་པ་ནི་དོན་གྱི་བཞི་པ། དེ་ལྟར་རྟོགས་པའི་ཡེ་ཤེས་དེ་ཉིད་དུ་དུང་ཤེས་སྒྲིབ་ལྷག་མ་སྦྱང་བའི་དོན་དུ་སྒོམ་ལམ་སུ་དགུར་ཡང་དང་ཡང་དུ་གོམས་འདྲིས་སུ་བྱེད་པ་ནི་ལམ་གྱི་བཞི་པ། དེ་ལྟར་གོམས་པར་བྱས་པས་ལམ་མཐར་ཕྱིན་པའི་ཚེ་སུ་བཅུ་རྒྱུན་གྱི་ཐ་མ་ལ་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ལས་འོད་ཟེར་ཆེན་པོའི་དབང་བསྐུར་བ་ནོད་པས་དཀར་དམར་རླུང་གསུམ་དེ་ཉིད་ཀྱི་འགྱུར་བདེ་མྱོང་བའི་ཤེས་རིག་དང་བཅས་པ་རྒྱུན་ཆད་དེ་དཀར་ཆ་དག་པ་སྐུ་རྡོ་རྗེ། དམར་ཆ་དག་པ་གསུང་རྡོ་རྗེ། ཤེས་རིག་དག་པ་ཐུགས་རྡོ་རྗེ་སྟེ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་གོ་འཕང་གང་ཡིན་པ་མངོན་དུ་གྱུར་ཅིང་ཆོས་ཀྱི་སྐུའི་དགོངས་པ་བསལ་བཞག་དང་བྲལ་བ་མངོན་དུ་བྱས་པ་ནི་མཐར་ཐུག་འབྲས་བུའི་བཞི་པའོ། །འདིའི་སྐབས་སུ་དབང་དོན་གྱི་ཡེ་ཤེས་ནི་ད་ལྟ་རང་གི་སེམས་འཁྲུལ་རྟོག་འདི་ཉིད་ཀྱི་ཆོས་ཉིད་དམ་རང་བཞིན་གྱི་གནས་ལུགས་བཟོ་བཅོས་དང་བྲལ་བའི་གཤིས་འདི་ཉིད། རང་གནས་ཀྱི་ཡེ་ཤེས་རང་བཞག་གི་ཆོས་སྐུ། གཉུག་མའི་གནས་ལུགས་དོན་དམ་པའི་ཆོས་ཉིད་ཉིད་དུ་གནས་པ་དེ་ཉིད་རང་ངོ་འཕྲོད་ན་དབང་ཐོབ་པའོ། །དེ་ལྟར་དབང་བཞི་པ་བསྐུར་བས་སྒོ་གསུམ་ཆ་མཉམ་པའི་སྒྲིབ་པ་ཞེས་ཐོག་མ་མེད་པའི་དུས་ནས་རང་རྒྱུད་ལ་གནས་པའི་ལུས་ངག་ཡིད་གསུམ་གྱིས་སུ་བོན་ཕྲ་བ་དཀར་དམར་རླུང་གསུམ་ལ་བརྟེན་པའི་སྣང་གསུམ་ཕྲ་བའི་སྒྲིབ་པ་དེ་ཉིད་དག །ལམ་གནས་ལུགས་ཕྱག་རྒྱ་ཆེན་པོའམ་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །དེ་ལྟ་དབང་བཞི་པོ་དེ་དག་གི་དོན་པོ་ནི་དབང་དོན་གྱི་ཡེ་ཤེས་དེ་ཉིད་ངོ་སྤྲོད་པ་ཡིན་པས། གསང་སྔགས་ཀྱི་གཞུང་དང་མཐུན་པར་བླ་མ་དང་སློབ་མའི་མཚན་ཉིད་ཚང་ཞིང་དབང་ཇི་ལྟ་བ་བཞིན་བསྐུར་ན་བྱིན་བརླབས་འཕོ་བའི་སྟོབས་ཀྱིས་སློབ་བུ་ལ་དབང་དོན་གྱི་ཡེ་ཤེས་སྐྱེ་བ་ཡིན་མོད། འོན་ཀྱང་དུ་ལྟའི་དུས་སུ་དེ་འདྲ་བ་མི་འོང་བས་མོས་པས་སྤྱོད་པའི་བླ་སློབ་ཀྱིས་ནི་དབང་གི་ཆོ་ག་དང་ཆོ་གའི་ཡན་ལག་རྣམས་སླ་ཆོས་དང་རྩིང་སྤྱོད་དུ་མ་སོང་བར་ཕྱག་ལེན་ལ་ཐེབ་པར་བྱ་ཞིང་གསང་དབང་ཤེར་དབང་གཉིས་ཀྱང་བདུད་རྩི་དང་རིག་ཙཀ་ལ་བརྟེན་ནས་བསྐུར་ན་དམིགས་པ་ལ་དོ་གལ་དུ་བྱ་ཉམས་མྱོང་དང་ཡེ་ཤེས་ཚིག་གིས་ངོ་སྤྲོད་ཅིང་ཉམས་མྱོང་རྒྱུད་ལ་ཅི་སྐྱེས་བྱས་པས་རྒྱུད་སྣོད་རུང་དུ་གྱུར་ཏེ་དམ་ཚིག་མ་ཉམས་ཤིང་བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་བླང་བས་དབང་དོན་གྱི་ཡེ་ཤེས་རང་རྒྱུད་ལ་སྐྱེ་རུང་གི་ནུས་ལྡན་དུ་གྱུར་ན་ཡང་དབང་ཐོབ་པར་བྱ་དགོས་སོ། །དེས་ན་དབང་ཐོབ་པའི་ཚད་ནི་དབང་དོན་གྱི་ཡེ་ཤེས་དེ་དང་དེ་རྒྱུད་ལ་སྐྱེས་པའམ་སྐྱེ་ངེས་ཀྱི་ནུས་ལྡན་དུ་བྱས་པས་ན་དབང་ཐོབ་པ་ཡིན་ནོ། །དེའི་ཕྱིར་དབང་དོན་གྱི་ཡེ་ཤེས་ལ་ངེས་ཤེས་ཅུང་ཟད་ཀྱང་མ་སྐྱེས་པར་དབང་བསྐུར་གྱི་གཟུགས་བརྙན་ཙམ་བྱེད་པ་ནི་སྙིང་པོས་དབེན་པ་ཉིད་དོ། །དེ་དག་གི་མཇུག་ཏུ་དམ་ཚིག་དང་སྡོམ་པའི་གནས་ཐམས་ཅད་བསྒྲགས་ནས་ཁས་བླང་དུ་གཞུག་ཅིང་ཡོན་འབུལ་ཞིང་གཏང་རག་ཏུ་ཚོགས་ཀྱི་འཁོར་ལོ་བྱ། ཤིས་པ་བརྗོད་ཅིང་དགེ་བ་བསྔོ་བ་སོགས་བྱ་བ་ནི་མཇུག་གི་ཆོ་གའོ། །གྲངས་མེད་བསྐལ་པའི་ཡུན་ལ་མ་ལྟོས་བར། །ཚེ་གཅིག་སངས་རྒྱས་མངོན་བྱེད་རྡོ་རྗེའི་ཐེག །འདོད་ཡོན་རྒྱན་དུ་ཤར་བའི་ཁྱད་པར་ལམ། །ལམ་མཆོག་འདི་འདྲ་མཇལ་རྣམས་སྐལ་བ་བཟང་། །འོན་ཀྱང་སྙིགས་མར་སྤྱོད་པའི་གཞན་དབང་གིས། །སྨིན་གྲོལ་ལམ་གྱི་ཟབ་གནད་ཀུན་ནུབ་ཅིང་། །ཚིག་ཙམ་བོན་དུ་གྱེར་བའི་འཆོལ་སྤྱོད་ཀྱིས། །བསྟན་པའི་གཟུགས་བརྙན་ལུས་ལ་སེམས་འདི་སྐྱོ། །དེ་ལྟ་ན་ཡང་དམ་པའི་བླ་མ་ལ། །བསྟེན་ནས་མན་ངག་གནད་ཀྱི་བཅུད་བླང་སྟེ། །ཚུལ་བཞིན་ཉམས་སུ་ལེན་པའི་མོས་ལྡན་འགའ། །ཡོད་པར་གྱུར་ན་ཚུལ་འདིར་སྤྲོ་བར་འགྱུར། །དེ་ཕྱིར་དམ་པའི་གྲོགས་ཀྱི་བཀས་བསྐུལ་ནས། །བརྗོད་བྱའི་སྙིང་པོ་ཉུང་ངུའི་ངག་གིས་བཀོད། །ལོག་པར་བཤད་དང་སྦས་དོན་བཤད་ཆེས་པའི། །ནོང་པ་གང་མཆིས་ལྷ་དང་བླ་མར་བཤགས། །དགེ་ཚོགས་གང་ཞིག་མཆིས་པས་འགྲོ་བ་ཀུན། །འཁྲུལ་མེད་རྡོ་རྗེ་ཐེག་པའི་ལམ་བཟང་དང་། །མཇལ་ནས་སྨིན་བྱེད་དབང་བཞིའི་རྒྱུད་སྨིན་ཏེ། །གྲོལ་བྱེད་ལམ་གྱིས་མངོན་སངས་རྒྱ་བར་ཤོག །དེ་ལྟར་དབང་བཞིའི་གོ་དོན་ཅུང་ཟད་བཀྲལ་བ་འདི་ཉིད་རྡོ་རྗེའི་མཆེད་དམ་ཚེ་དབང་བཟང་པོའི་བསྐུལ་བའི་ནན་ངོར་མ་ལྡོག་པར་དུག་ལྔ་མེ་འབར་དཔལ་དགེ་ཧྲལ་བོས་རྒྱལ་འཕགས་རི་ཁྲོད་དུ་བློ་ཐོག་ནས་ཤར་མར་བྲིས་པ་དགེའོ། །དགེའོ། །དགེའོ།། །།


previousསྐྱབས་རྗེ་རིན་པོ་ཆེའི་གསུང་ལས་འཕྲོས་པའི་དབང་བཞིའི་རྣམ་བཤད་རིན་ཆེན་ཕུང་པོ།next