Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བདུན་པ།


   
   
   
   
   
   
   
   
   
   
   
བསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས།
   
   


 
previousབསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས།next

བསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས།

༄༅། །བསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས་ཞེས་བྱ་བ་བཞུགས་སོ། །

རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །རིགས་བརྒྱའི་ཁྱབ་བདག་དཀྱིལ་འཁོར་འཁོར་ལོའི་མགོན། །འགྲོ་ལ་ཕན་བདེའི་མཆོག་རྩོལ་ཡིད་བཞིན་དབང་། །མཚུངས་མེད་དྲིན་ཆེན་བླ་མར་ཕྱག་བགྱིའོ། །བགྲང་ཡས་གདུལ་བྱའི་ཞིང་གི་མཁའ་ཁྱབ་ཏུ། །རླབས་ཆེན་ཐུགས་རྗེའི་སྤྲིན་ཕུང་གཡོ་བ་ལས། །ངེས་གསང་བདུད་རྩིའི་ཆོས་ཆར་འབེབས་མཛད་པའི། །ཀུན་མཁྱེན་ཡབ་སྲས་བརྒྱུད་པ་བཅས་ལ་འདུད། །ཐེག་མཆོག་རྡོ་རྗེ་སྙིང་པོའི་ཉེ་ལམ་ན། །ཐབས་ཤེས་ཟུང་འབྲེལ་རིམ་གཉིས་གཤོག་རླབས་ཀྱིས། །སྐུ་བཞིའི་རྒྱལ་སར་མྱུར་དུ་བགྲོད་འདོད་པའི། །སྐལ་བཟང་སྐྱེ་བོའི་དགའ་སྟོན་འདིར་གསལ་བྱ། །དེ་ལ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས་ཚེ་འདིར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འདོད་པ་དག་གིས་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལ། རྟེན་གྱི་གང་ཟག་ཐུན་མོང་གི་བློ་སྦྱོང་རྣམས་ཀྱིས་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་རིན་ཆེན་རྒྱུད་ལ་ནན་ཏན་གྱིས་བསྐྱེད་ནས་མཚན་ལྡན་གྱི་བླ་མ་ལས་དབང་བཞི་ལེགས་པར་ནོད་ཅིང་། དད་པ་དང་དམ་ཚིག་ལ་གནས་པ་ལམ་འདི་ལ་འཇུག་གོ། །དེ་ལའང་སྦྱོར་བ། དངོས་གཞི། །རྗེས་དང་གསུམ་ལས། ༈ དང་པོ་ནི། གསལ་བཀྲ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་བས་སྒྲུབ་པར་བྱ། །ཞེས་གསུངས་པ་ལྟར། གང་དུ་སྒྲུབ་པའི་གནས་ནི། ལས་དང་པོ་བ་རྣམས་འདུ་འཛི་བྲེལ་གཡེང་དང་ཆགས་སྡང་འཕེལ་བའི་གནས་ལས་རྒྱང་བསྲིང་བར་བྱ་དགོས་ཏེ། ལྷག་བསམ་བསྐུལ་བ་ལས། གང་ལ་སྤྲོས་པའམ་རྩོད་པ་ཡོད་པ་ལས། དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ལ་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཏུ་གནས་པར་མི་བྱའོ། །ཞེས་གསུངས་ཤིང་། དེ་ཡང་དགེ་འདུན་སྡེ་འཁྲུགས་བྱེད་པའི་དགོན་གནས་རྣམས་སུ་ནི། སྔར་ཡོད་ཀྱི་དགེ་རྩ་ཉམས་ཤིང་། ཕྱིས་མི་སྐྱེ་བ་དང་། ས་རིམ་པ་བདུན་གྱི་བར་ཚིག་སྟེ་སྣོད་ཅུད་ཀྱི་ལེགས་ཚོགས་ཐམས་ཅད་ཉམས་པ་དང་། ཁྱད་པར་བསྒྲུབ་སུ་འབྲས་རྟགས་དང་ཡོན་ཏན་གང་ཡང་སྐྱེ་རྒྱུ་མེད་པར་གསུངས་པས་སྤོང་བར་བྱ་ཞིང་། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་ཡོན་ཏན་ལྔ་ལྡན་ནམ། དུས་འཁོར་རྩ་རྒྱུད་ལས། གང་དུ་སུ་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེ་གནས་སུ་འཛིན་རྩོད་མེད་པར། དེར་ནི་རྣལ་འབྱོར་ཡང་དག་བརྩམ། ཞེས་རྒྱལ་པོ་ཆོས་ལྡན་དང་། གཞི་བདག་དཀར་ཕྱོགས་ཀྱི་དགེ་བསྙེན་གནས་པ། དགྲ་རྐུན་དང་རྩོད་པ་མེད་པ་སྟེ་སྤྱི་དང་། ཁྱད་པར་དུ། པད་སྡོང་བརྩེགས་པའི་རྒྱུད་ལས། སྤྱི་དང་བྱེ་བྲག་གང་ལ་ཡང་། །གནས་དང་ཡུལ་དང་ཉེ་བའི་གནས། །རྒྱལ་བའི་ཞབས་བཅག་བཀྲ་ཤིས་པ། །ཡིད་དང་མཐུན་པ་མཆོག་ཏུ་གཅེས། །ཞེས་པས་གནས་ཡུལ་བྱིན་ཅན་དང་། ཨོ་རྒྱན་ཆེན་པོ་སོགས་གྲུབ་ཐོབ་གོང་མའི་སྒྲུབ་གནས་རྣམས་ནི་མཆོག་ཏུ་བསྔགས་པ་ཡིན་ཏེ། དགོངས་འདུས་ལས། ཕལ་པའི་གནས་སུ་ལོ་གཅིག་བསྒྲུབ་པ་བས། །འདི་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ། །ཞེས་དང་། སྒྲུབ་གནས་གང་ཡང་གནམ་སའི་དབྱིབས་ཁ་དོག་སོགས་སུ་དཔྱད་ཀྱི་བྱེ་བྲག་རྣམས་ལས་བཞི་སོ་སོ་དང་མཐུན་པའི་དམིགས་གསལ་ཀྱང་གསུངས་སོ། །དེ་ཙམ་མ་འགྲིགས་ན། བསམ་གཏན་ངལ་གསོ་ལས། མདོར་ན་གནས་ཁང་དང་པོ་ཉམས་དགའ་ལ། །འདྲེས་ཤིང་མི་དགའ་དངོས་གྲུབ་ཆུང་བའི་གནས། །དང་པོར་འཇིགས་ལ་མི་དགའ་འདྲེས་ཤིང་དགའ། །བྱིན་ཆེན་དངོས་གྲུབ་མྱུར་ལ་བར་ཆད་མེད། །དེ་ལས་གཞན་ཀུན་བར་མ་ཕན་གནོད་མེད། །ཅེས་པས་འདྲེས་ཤིང་དགའ་བ་དང་། བསམ་གཏན་ལ་ཚེར་མ་མེད་པའི་གནས། ཞེས་པ། དབེན་ཞིང་ཉམས་དགའ་ལ་ཡིད་དང་རྗེས་སུ་མཐུན་པ་གལ་ཆེ་སྟེ། དགོངས་འདུས་སུ། ཡིད་མཐུན་བྱུང་ན་གྲོང་ཁྱེར་ཡིན་ཀྱང་རུང་། །ཞེས་དང་། བསྡུས་རྒྱུད་ལས། གང་དུ་སེམས་ནི་ཚིམ་པར་འགྱུར་བ་དེར་ནི་བསྒྲུབ་པར་བྱའོ་མི་ཡི་བདག་པོ་ཀྱེ། །ངེས་པར་འཇམ་པའི་མལ་ཆ་དག་དང་སྟན་ལ་ཉེ་བར་འདུག་ནས་སྔགས་བརྗོད་སྲུང་བ་བྱས་ནས་ནི། །ཞེས་པ་ལྟར་རོ། །དུས་ནི། པད་སྡོང་བརྩེགས་པའི་རྒྱུད་ལས། ར་བ་བཞི་ཡི་ཡར་ངོ་དག །བཀྲ་ཤིས་དགེ་ལེགས་འབྱུང་བར་བྱེད། །ཉ་དང་གནམ་སྟོང་ཚེས་བརྒྱད་ནི། །ལྟས་བཟང་བཅས་ཏེ་སྒྲུབ་པ་འཕེལ། །ཞེས་པས་སྒྲུབ་ཆེན་གྱི་དུས་ནི་དེ་རྣམས་དགེ་ཞིང་། གཞན་ཡང་། རྒྱུ་སྐར་རྒྱལ་སོགས་ཡིད་སྨོན་འགྲུབ། །གཟའ་དར་ཟླ་བ་ཡར་གྱི་ངོ་། །ཞེས་དང་། རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་རྩོམ། །ཤིན་ཏུ་སྐར་མ་རྒྱལ་རྣམ་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པར་བླངས་བར་བྱ། །ཞེས་སོ། །དེ་ཡང་རྟོག་མེད་གདེང་ལྡན་གྱི་གང་ཟག་ལ་གནས་དུས་ཀྱི་ཁྱད་པར་མེད་ཀྱང་། ལས་དང་པོ་བས་གཟའ་སྐར་དུས་ཚོད་སོགས་ལས་བཞི་དང་མཐུན་པའི་རྟེན་འབྲེལ་ལེགས་ཕྱོགས་སུ་བསྒྲིག་པ་ལ་དགོས་འབྲས་ཁྱད་པར་ཅན་ཡོད་པར་གསུངས་ཏེ། རྔམས་གློགས་ལས། འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་དེ། །རྟགས་དང་དངོས་གྲུབ་མཚན་མ་འབྱུང་། །ཞེས་སོ། །གང་ལྟར་ཡང་རྒྱབ་རིམ་གྱི་དཔུང་བསྐྱེད་ཕྱིར་སྲོག་བསླུ། །ཉེའུ་འདོན་པ། ལམ་འཕྲང་བཅོས་པ། ས་ཚྭ། གཏོར་མ། བརྒྱ་བཞི་སོགས་མཆོད་སྦྱིན་དང་། འབུམ་སྡེ་ལྔའམ། དབང་སྡུད་སོགས་བཀའ་ཀློགས་པ། ཁྱད་པར་དྲག་པོའི་སྦྱིན་བསྲེགས་སོགས་དགེ་བའི་རྒྱབ་དཔུང་ཅི་འགྲུབ་ཏུ་བྱ་ཞིང་། སྒྲུབ་པའི་གྲོགས་དང་། འཚོ་ཆས། སྒྲུབ་རྫས་ལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱང་འདུ་བྱའོ། །དེ་དག་གི་ཚུལ་ཞིབ་པར་མན་ངག་མཛོད་སོགས་ལས་རྟོགས་པར་བྱའོ། །དེ་ནས་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་ན་བཀྲམ། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམས་ཤིང་ཡིད་དུ་འོང་བས་སྣང་བ་ལ་བག་ཕེབས་ཤིང་བྱིན་ཆགས་པར་བྱ། གནས་ཁང་གསར་པ་ཡིན་ན་བདག་བསྐྱེད་སྔོན་དུ་འགྲོ་བ་ཅན་གྱི་སུ་ཆོག་དགོས། རྙིང་པ་ལ་མི་དགོས། དེ་ནས་ཕྱི་རོལ་ཏུ་བླ་གབ་མེད་པའི་སར་སྡེ་བརྒྱད་སྤྱི་དང་བྱེ་བྲག་གནས་གཞིའི་སུ་བདག་སོགས་ལ་དམིགས་པས། འཁོར་འདས་སྤྱི་གསོལ་ཆེན་མོ་ལྟ་བུའམ། ཆ་གསུམ་སྡེ་བརྒྱད་མཆོད་པ། བསང་རྔན་སོགས་རྒྱས་བསྡུས་ཇི་ལྟར་རིགས་པ་བཏང་ནས་སྒྲུབ་པའི་སྡོང་གྲོགས་བྱེད་པའི་ཕྲིན་ལས་བཅོལ། སྐབས་འདིར་བགེགས་བསྐྲད་དང་མཚམས་གཅོད་རྒྱལ་ཐོ་འཛུག་པ་རྣམས་བྱས་ཀྱང་ཆོག །དཀྱིལ་འཁོར་དང་ཞལ་སྤྲོད་དུ་རང་གི་གདན་གྱི་འོག་ཏུ་འབྲུ་དཀར་རམ་སུ་དཀར་གྱིས་གཡུང་དྲུང་ཆོས་སྐོར་དུ་བྲི། སྤྲོ་ན་རྩ་ཀུ་ཤའམ་དུརྦའི་རྩ་བ་ཕྱི་དང་རྩེ་མོ་ནང་བསྟན་དུ་བཏིང་བའི་ཁར་མལ་སྟན་བཤམས། དེ་ཡང་གདན་གྱི་རྒྱབ་ཅུང་ཟད་མཐོ་བ་ལེགས་པར་བཤད། སྐབས་འདི་དག་གི་ཚེ་མཆོད་གཏོར་སོགས་ཀྱང་། རྒྱུ་གཙང་བ། དངོས་པོ་གཙང་བ། བཀོད་ལེགས་པ་རྣམས་གལ་ཆེ་བར་གསུངས་པས། གཏོར་མའི་རྒྱུ་དེ་ཉིད་ཀྱང་ལོག་འཚོས་བསྒྲུབ་པ་དང་། ངན་སྙིང་སོགས་མ་ཡིན་པའི་རྒྱུ་བཟང་པོའི་ཕུད་ལ་གཙང་སྦྲ་དང་ལྡན་པས་དང་པོ་དཀར་གསུམ་ཅུང་ཟད་བསྲེས་ནས་ལྷ་བཤོས་བྱ། གཏོར་ཟན་ལ་དམ་སེལ་མེད་པའི་བདུད་རྩིའི་ཕུར་མ་དང་ཆང་། དཀར་གསུམ་མངར་གསུམ་རྣམས་བསྲེ་ལ་དཀའ་སླ་རང་གི་ཟ་ཚོད་རན་པ་ཙམ་དུ་བྱ་ཞིང་རང་གཞུང་གི་སྒྲུབ་གཏོར་མཚན་དང་ལྡན་པར་བཟོ། འབྲི་སྨུག་དང་དཀར་པོ་གང་འོས་བྱུག །གཏོར་མའི་དབྱིབས་གང་ཡང་ཟུར་རང་ལ་མི་བསྟན་པར་དཀར་རྒྱན་དང་བཟའ་བཅའ་སྣ་ཚོགས་པས་བརྒྱན། གཏོར་གདུགས་རང་མདོག་ཅན་བཅས་ཀྱི་གཡས་གཡོན་དུ་སྨན་རག་རྫས་ལྡན་བཤམས་གཞན་ཡང་དམ་ཅན་ཆོས་སྐྱོང་གཏེར་བདག་གཞི་བདག་དང་བཅས་པའི་གཏོར་མ་གང་འོས། ཚོགས་ཀྱི་ཡོ་བྱད་སོགས་སྐབས་ཐོབ་བཞིན་འདུ་བྱའོ། །གཏོར་མ་ལ་གཟུངས་འཇུག་འཇོག་པར་སྤྲོ་ན། རྒྱ་ཤོག་ལ་དྲི་བཟང་དང་མཚལ་སྣག་གང་རུང་གིས། ལྷ་གཙོ་འཁོར་གྱི་རྩ་སྔགས་སྦྲེལ་གཤམ་དུ་ནམ་མཁའ་མཛོད་ཀྱི་སྔགས་བྲི། འཕགས་པའི་ལྷ་ཚོགས་འཁོར་དང་བཅས་པས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། །ཞེས་པའི་འཕྲོར་ཡེ་དྷར་ཚར་གཅིག་བྲིས་ཏེ། དབུ་ནས་ཡིག་མགོ་ནང་བསྟན་དུ་དྲིལ་ཏེ་མགོ་མཇུག་མ་ལོག་པར་དར་ལྷའི་མདོག་མཚུངས་ཀྱིས་དྲིལ་ནས་སྙུག་སྦུབས་སམ་ཟངས་སྦུབས་སུ་བཅུག་སྟེ་འཛུད། བྱེ་བྲག་རྒྱས་པར་སྤྲོ་ན། རྟེན་གཏོར་ནི་གཏོར་མ་དེ་ཉིད་ལྷར་བསྐྱེད་དེ་ཇི་སྲིད་བར་དུ་མཆོད་པས་སྟོབས་ཏེ་འཇོག་པ་དང་། རྟགས་གཏོར་ནི། ལོ་ཟླ་དུས་ཚིགས་ངེས་པའི་བར། སྒྲུབ་གཏོར་རམ་མཆོད་གཏོར་ནི་ལྷ་རྣམས་ལ་མཆོད་འབུལ་གྱིས་བཞེས་པ་སྟོབས་རྒྱུའི་ཚུལ་དང་། བསྐང་གཏོར་ནི། འདོད་ཡོན་ལོངས་སྤྱོད་སྣ་ཚོགས་ཀྱི་མཆོད་རྫས་སྤྱན་གཟིགས་ཀྱི་ཚུལ་དང་། གཏའ་གཏོར་ནི་ལས་མ་གྲུབ་བར་དུ་བཟུང་ནས་གྲུབ་ཚེ་མཆོད་རྒྱུ་སྟེ་ལས་མི་འགྱང་བར་མྱུར་བའི་ཆེད་དང་། ཐུན་གཏོར་རམ་རྒྱུན་གཏོར་ནི་གློ་བུར་ལས་བཅོལ་བའི་ཆེད་དུ་འཕྲལ་ལ་འབུལ་རྒྱུ་ལྟ་བུ་ལ་བྱའོ། །དེ་ལྟར་བྱ་བཏང་སྤྲོས་མེད་ཀྱིས་ནི་བཟའ་བཅའ་སྣ་ཚོགས་པའི་ཕུད་རྩམ་ལ་བརྟེན་ནས་ཀྱང་རུང་ངོ་གཞན་ཡང་གཏོར་མ་ལ་ཤེས་པ་སུམ་ལྡན་ནམ་བཞི་ལྡན་སྐབས་ཐོབ་ཀྱི་དམིགས་པའི་འཕྲུལ་ནི་ཤེས་དགོས་ཏེ། དགོངས་འདུས་ལས། གཏོར་མ་ལ་ཡང་མཚོན་བྱེད་བཞི༔ བྱིན་རླབས་དབང་དུས་བླ་མ་འམ། ཡི་དམ་ཌཱཀྐི་ལ་སོགས་དམིགས༔ དེ་བཞིན་བདུད་རྩི་འདོད་པ་ཡིས༔ བདུད་རྩི་དམིགས་རོལ་གང་འདོད་འབྱུང༔ བགེགས་ཀྱི་སྦྱོར་བ་བཤིགས་པའི་ཚེ༔ རྣོ་ངར་ལྡན་པའི་མཚོན་ཆར་དམིགས༔ མཆོག་དང་ཐུན་མོང་བསྐང་ཚེ་ནི༔ འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན༔ བསྐང་བའི་རྫས་རྣམས་སོ་སོར་དམིགས༔ གང་ཡང་ལས་ཀྱིས་སྦྱོར་བ་ཤེས༔ ཞེས་དང་། དེ་བཞིན་དུ་སྒྲུབ་པའི་ཚེ་ཡང་། བཀའ་བརྒྱད་ཀྱི་མན་ངག་གཅེས་པའི་ལྡེ་མིག་ལས། ལག་ལེན་ཤེས་པ་བཞིར་བསྟན་ཏེ༔ བ་ལིང་གཏོར་མ་ཆེན་པོ་ཡིས༔ མཆོད་པར་ཤེས་དང་ལྷར་ཤེས་དང༔ དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་པས་ལས་བྱང་སྐབས་སུ་མཆོད་པར། བཟློག་པའི་དུས་སུ་ལྷར། ཆད་ཐོའི་སྐབས་སུ་དམག་དཔུང་། འཕང་བའི་ཚེ་གཏོར་མའི་ཡེ་ཤེས་པ་རང་ལ་བསྡུ། གཏོར་མའི་དམ་ཚིག་པ་མཚོན་ཆ་མེ་དཔུང་དུག་རླང་ཁྲོ་ཆུ་སོགས་སུ་ཤེས་ནས། མེ་དཔུང་གི་ནང་དུ་དགྲ་སྡེ་ཡུལ་མཁར་བཅས་གསལ་བ་ལ་འཕང་། ཞེས་གསུངས་པ་ལྟར། གཞན་ཡང་དབང་པོ་རབ་རྣམས་ལ་ཕྱི་མི་ཟད་རྒྱན་གཏོར། འཇིག་རྟེན་གཏོར་སྣོད། སེམས་ཅན་གཏོར་རྒྱུ་སོགས་ནང་ཕུང་པོ་སྣོད། ཤ་རུས་གཏོར་རྒྱུའི་སོགས། གསང་བ་རང་བཞིན་སྟོང་པ་སྣོད། །སྣང་བ་གཏོར་མ་ཞེས་གསུངས་པ་རྣམས་ཀྱིས་བྱེ་བྲག་ཀྱང་ཤེས་པར་བྱའོ། །དེ་ནས་བཤམས་ཚུལ་ནི་རྟེན་གྱི་མདུན་དུ་སྟེགས་བུ་ཁེབ་ལྡན་ཉིས་རིམ་གྱི་གོང་མར་འབྲུ་ཚོམ་ལ་རང་གཞུང་བཞིན་སྨན་གཏོར་རཀྟ་སྒྲུབ་རྫས་སོགས་ཐམས་ཅད་བཤམས། སྟེགས་བུ་འོག་མར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རྣམས་སྦྲེེང་ཚར་དུ་བཤམས། བསྙེན་རྐྱང་གི་སྐབས་འདིར་དེ་ཙམ་གྱིས་ཆོག །གཞན་ཡང་ཕྱི་མཆོད་ཨརྒྷཾ་སོགས་ཀྱིས་ཁ་དོག་བསྒྱུར་བ་ལ་ནི་རྐྱེན་གྱི་མཆོད་པ་ཞེས་སུ་དགོངས་འདུས་རྣམ་བཤད་ལས་གསུངས་ཤིང་། དེ་ཡང་ཨོ་རྒྱན་ཡུལ་གྱི་བྱང་ཕྱོགས་རི་བོ་དཔལ་ལྡན་ཞེས་བྱ་བའི་ངེས་ལ་ཡན་ལག་བརྒྱད་ལྡན་གྱི་ཆུ། དྲི་མ་མེད་པས་གཙང་བ། མ་སྙོགས་པས་དྭངས་བ། ངད་དང་ལྡན་པས་བསིལ་བ། ཟུག་རྔུ་མེད་པས་འཇམ་པ། དྲི་དང་ལྡན་པས་བསུང་བ། རོ་མཆོག་དང་ལྡན་པས་ཞིམ་པ། གདུང་བ་སེལ་བས་ངོམ་པ། ལུས་ལ་ཕན་པས་བདེ་བ་སྟེ། དེ་ལྟ་བུའི་ཆུ་དེ། རྩོལ་སྒྲུབ་དུ་མས་བླང་ནས་ཆོས་སྟོན་ཆེན་པོའི་ཚེ་སྔོན་དུ་འགྲོ་བར་ཕུལ་བ་དང་ཆོས་མཚུངས་པར་གསུངས་སོ། །དེ་ཡང་མཆོད་མགོ་ནི། འཇིག་གླིང་གིས་ནི། མཆོད་རྫས་རྣམས་ནི་ཐབས་དང་སྣང་བ་དང་བདེ་བའི་ཆ་སྟེ། བླ་ན་ཡོད་པ་ཡིན་ལ། མཆོད་ཡུལ་རྒྱལ་བ་སྲས་བཅས་རྣམས་ནི་རྣམ་པར་གྲོལ་བ་ཤེས་རབ་ཀྱི་ཆར་བཞུགས་པ་ལ། གཡོན་ཕྱོགས་ཤེས་རབ་ཀྱི་ཕྱོགས་ལ་མཆོད་མགོ་གཏོད་པ་ལེགས། ཞེས་དང་། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ། བདག་མདུན་གང་ཡིན་ཀྱང་མཆོད་ཡུལ་དེ་ལ་ལྷ་མོ་རྣམས་ཞལ་ཕྱོགས་པ་ཡིན་པས་མཆོད་མགོ་ནི་འབུལ་ཡུལ་དེ་ཉིད་ཀྱི་གཡོན་ཕྱོགས་ནས་བརྩམ་མོ། །ཞེས་གསུངས་སོ། །བདག་བསྐྱེད་ཞི་མཆོད་རྐྱང་པ་ཅན་ལ་མཆོད་གཏོར་གྱི་གཡོན་ནས་མཆོད་མགོ་བརྩམ་ཞེས་གླིང་སྤྲུལ་གསུངས་སོ། །ཡང་གསར་མ་བ་ཀུན་དང་རང་ཕྱོགས་ཕལ་ཆེ་བས་ནི། བདག་མདུན་གང་ཡིན་ཀྱང་གཡས་ཕྱོགས་ནི་གྲལ་མགོ་ཡིན་པས་མཆོད་མགོ་ཡང་གཡས་ནས་རྩམ་དགོས་ཞེས་ཀྱང་གསུངས་སོ། །ཡང་བསྙེན་བསྒྲུབ་སྦྲག་མ་ལྟ་བུ་མདུན་བསྐྱེད་ཡོད་ཚེ། བདག་བསྐྱེད་མཆོད་པའི་རྒྱབ་མདུན་གང་རུང་ཚོམ་དཀྱིལ་གཉིས་གང་རུང་ངམ། ཚོམ་བུ་ཙམ་ལ་བརྟེན་ཀྱང་རུང་སྟེ། སྒྲུབ་རྫས་རྣམས་གཞུང་བཞིན་བཤམས་པའི་མཐར་ཞི་མཆོད་ཀྱི་ཚེ་བགེགས་མི་འཇུག་པའི་ཆེད་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བརྩམ་སྟེ། ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ་སོགས་གཡས་བསྐོར་གྱིས་བཤམས། དྲག་མཆོད་དགོས་ཚེ་ལྷོ་ནུབ་སྲིན་པོ་ནས་མཚམས་འཛིན་གྱི། ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་དྲག་བཤོས་རྣམས་ནུབ་ནས་རིམ་པས་གཡོན་བསྐོར་གྱིས་བཤམས་མོ། །ཡང་ཞི་མཆོད་བྲེང་ཚར་དང་དྲག་པོ་སྐོར་མཆོད་ཀྱང་གསུངས་སོ། །དེ་ནས་ཕྱི་རོལ་དུ་རྒྱན་གྱི་བྱེ་བྲག་ཅི་འབྱོར་བས་བསྐོར་ཞིང་། སྟགས་ལྤགས་སོགས་ཀྱི་རྒབ་དཀྲིས་བྱ། ཡང་ན་སྟབས་བདེར། མདུན་བསྐྱེད་ཀྱིི་གཡས་ནས་བརྩམས་ཏེ་ཞི་མཆོད་དང་། གཡོན་ནས་བརྩམ་སྟེ་དྲག་མཆོད་རྣམས་བྲེང་ཚར་དུ་བཤམས་པའི་བར་དུ་རྒྱུན་གཏོར་བཤམ་མོ། །དེ་ཚེ་སྨན་རཀ་སོགས་ཕྱི་ནང་གི་མཆོད་པ་རྣམས་ཀྱང་བབ་ཆོལ་གྱིས་འདྲེས་པར་མི་བྱ་སྟེ། ཨོ་རྒྱན་ཆེན་པོ་ནས། མདོར་ན་འོག་མའི་མཆོད་པ་རྣམས་ཀྱི་ཟེར་གོང་མ་ལ་ཕོག་པས་སྐྱོན་དུ་མི་འགྱུར་ཞིང་། གོང་མའི་མཆོད་པ་རྣམས་ཀྱི་ཟེར་འོག་མ་ལ་ཕོག་པས་ཐུན་མོང་གི་མཆོད་པ་ཕྱི་ཨརྒྷཾ་དགའ་བ་རྣམས་ཀྱིས་ཐོབ་པ་ལ་སོགས་པ་རྣམས་ཀྱི་དོན་ཤེས་པར་བྱའོ། །ཡང་གཏོར་མ་དང་མཆོད་པ་རྣམས་བཤམས་མ་ཐག་བྱིན་རླབས་མ་བྱས་ནས་བགེགས་འཇུག་པ་གསུངས་པས་ཆབ་གཙང་གིས་བྲན་ཏེ་བྱིན་རླབས་བསྡུས་ཙམ་བྱ། དེ་ནས་ལོང་ཁྱབ་སྐབས་དང་བསྟུན་ཏེ་ཞག་གྲངས་ཇི་ལྟར་རིགས་པར་སྔོན་འགྲོ་རྣམས་སྦྱང་དགོས་ཏེ། ཐར་པའི་ལམ་གྱི་རྩ་བ་ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་སྐྱེ་བའི་ཐབས་སུ་བློ་ལྡོག་གི་ཆོས་བཞི་དང་། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་ཐབས་སུ་ཚད་མེད་བཞིས་བློ་སྦྱོང་བ་རྣམས་རྒྱུད་ལ་འདྲོངས་བ་ངེས་ཤེས་སྐྱེ་བར་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་རྣམས་དང་། ཁྱད་པར་སྒྲིབ་སྦྱང་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་གསོག་པ་མཎྜལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་རྣམས་ལ་གནད་དུ་བསྣུན་པར་བྱའོ། །གང་ལྟར་ཡང་དང་པོ་སྒྲུབ་པའི་དབུ་འཛུགས་པའི་དུས་ནི། ཕྱི་ཐུན་ནམ། སྲོད་ཐུན་གྱི་སྔ་ལོངས་སུ། སྤྲོ་ན་བུམ་ཆུས་ཁྲུས་བྱ་ཞིང་གཙང་སྦྲ་ལ་གནས་པས་སྟན་ལ་འདུག །རླུང་རོ་བསལ་ནས་ལུས་སེམས་རྣལ་དུ་ཕབ། ཀུན་སློང་གསལ་གདབ། དེ་ནས་རང་གི་སྙིང་གར་གཉུག་མ་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། ངོ་བོ་རང་གི་རྩ་བའི་བླ་མ་དེ་ཉིད་ཡིན་པ་ལ་རྣམ་པ་རྒྱུད་སྡེ་གང་ཡིན་པ་དེའི་ལྷ་དེ་གཙོ་བོར་གྱུར་པའི་དཀོན་མཆོག་གསུམ་དང་། བརྒྱུད་པའི་བླ་མ་མཁའ་འགྲོ་ཆོས་སྐྱོང་རྣམས་དང་བཅས་ཏེ། སྐྱབས་ཡུལ་མ་ལུས་པས་བསྐོར་བ་ཐམས་ཅད་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིགས་པ་ལྟར་གསལ་གདབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་དམིགས་པ་རྣམས་ནན་ཏན་དུ་བྱ་བ་ཀུན་རྫོབ་དང་། སྐྱབས་ཡུལ་དང་རང་སེམས་དབྱེར་མེད་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས། ངོ་བོ་སྟོང་པ་ཆོས་སྐུ་རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཟུང་འཇུག་སྤྲུལ་པའི་སྟེ་སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ལ་དྲན་པ་ཉེ་བར་བཞག་པ་དོན་དམ་པའི་སྐྱབས་འགྲོ། སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱ་བའི་ཆེད་དུ། ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླང་བར་བྱའོ་སྙམ་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པར་ཅི་ཡང་མ་གྲུབ་ཅིང་ཀུན་རྫོབ་ཏུ་ཅིར་ཡང་འཆར་བའི་གནས་ལུགས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་ངང་དུ་མཉམ་པར་འཇོག་པ་ལ་དོན་དམ་སེམས་བསྐྱེད་དེ། ཚུལ་དེ་དག་ལ་ནན་ཏན་དུ་བྱ། སྐྱབས་སེམས་སོགས་ཀྱི་དམིགས་རྣམ་རྒྱས་པ་ནི་གཞན་ནས་ཤེས་པར་བྱའོ། །དེ་ནས་བསགས་སྦྱངས་སྤེལ་གསུམ་གྱི་སྒོ་ཐམས་ཅད་ཡན་ལག་བདུན་དུ་བསྡུས་ཏེ་ཚོགས་གསོག་གི་འདུན་པ་ལ་སྦྱངས། མཐར་ཚོགས་ཞིང་རྣམས་རང་ལ་བསྟིམ་སྟེ་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་ལ་དར་ཅིག་ངལ་གསོ། སྐབས་འདིར་སྤྲོ་ན་དྲིལ་དང་བསང་ཆུ་སོགས་བྱིན་གྱི་རླབས་ཚུལ་གཞན་ནས་འབྱུང་བ་ལྟར་བྱ། དེ་ནས་ཕྱི་རོལ་དུ་ཕྱིན་ཏེ་རང་ཉིད་ལྷར་གསལ་བས་དཀར་གཏོར་བསྔོ་ཞིང་ཕྲིན་ལས་བཅོལ། སྒོ་དྲུང་དུ་བགེགས་གཏོར་ཤ་ཁྲག་སྒོག་བཙོང་སོགས་ཀྱིས་བརྒྱན་པ་བཤམས་ལ། རང་ཉིད་རྟ་མཆོག་ཧེ་རུ་ཀ་སོགས་ཕྲིན་ལས་ཀྱི་ལྷ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དུ་གསལ་བའི་ང་རྒྱལ་གྱིས། གཏོར་མ་ལ་དམིགས་ནས་འབྲུ་གསུམ་བརྗོད་པས། ༀ་གྱིས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས་ནས་དག་པར་བྱ། ཨཱ༔ས་རྫས་རྣམས་མང་པོར་སྤེལ་བས་མཐའ་མེད་དུ་འཕེལ་ཞིང་རྒྱས་པར་བྱས། ཧཱུྃ་གིས་གང་མོས་ཀྱི་ངོ་བོ་ལྟར་འཆར་བའི་འདོད་ཡོན་ཕུན་སུམ་ཚོགས་པར་བྱས། ཧོ༔ས་དེ་ཡང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བས་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀ་ནས་ཁྲོ་བོ་ཌཱཀྐི་རུ་ཛ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ་གཡས་ཐོ་བ་དང་། གཡོན་ལྕགས་ཀྱུ་འཛིན་པ་གྲངས་མེད་པ་སྤྲོས་པས། ལོག་འདྲེན་བགེགས་དང་འབྱུང་པོ་ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུགས་ལ། བཀའ་བགོ་ཞིང་གཏོར་མ་བྱིན་ཏེ་རང་གནས་སུ་གཏོང་། བསྒོ་བའི་བཀའ་ལ་མི་ཉན་པ་བར་གཅོད་རྩོམ་པའི་རིགས་ཐམས་ཅད་ཁྲོ་མཚོན་མེ་དཔུང་གི་དབལ་ཟེར་གྱིས་སྐད་ཅིག་ཉིད་ལ་བསྡིག་བསྐྲད་བརླག་པར་བསམ་ཞིང་། ལས་བྱང་གི་བགེགས་སྐྲོད་རྣམས་བྱ། གུ་གུལ་བདུག །དྲག་སྔགས་དང་ཡུང་ཐུན་གྱིས་བྲབ་ཅིང་མི་དམིགས་པས་རྒྱས་གདབ། དེ་ནས་ཕྱི་རོལ་དུ་གོམ་པ་བདུན་ཅུའི་སའམ། ཡང་ན་སྒོ་ཟུར་དུ་ཐོ་ཆུང་དཀར་པོ་བརྩིགས་པ་ལ། རྒྱལ་ཆེན་བཞིའི་མཚན་སྔགས་དང་འདོད་གསོལ་བྲིས་པ་བཙུགས་ནས། དེ་ལ་རྒྱལ་ཆེན་དྲངས་བསྟིམ་བགྱིས་ཏེ། མཆོད་བསྟོད་ཕྲིན་བཅོལ་བྱ་ཞིང་ཞལ་ཕྱིར་གཟིགས་ཏེ་དགྱེས་བཞིན་བཞུགས་པས་འཁོར་ཡུག་ཐམས་ཅད་རྒྱལ་ཐབ་བཞིའི་གུར་གྱིས་བར་མཚམས་མེད་པར་བཅིང་ནས་སྲུང་བའི་ལས་མཛད་པར་བསམ་ལ། ཕྱི་མཚམས་བཅད། སྐབས་འདིར་དམ་སྲི་མནན་པ་དང་། སྒོ་བྱང་ཕུར་གདབ་སོགས་ནི་སྒྲུབ་ཆེན་གྱི་དུས་མ་གཏོགས་བསྙེན་རྐྱང་ལྟ་བུར་མི་དགོས། དེ་ནས་ནང་དུ་ལོག་ནས་སྒོ་བསྡམ་ལ་རྣམ་གཡེང་དང་རྒྱུ་འགྲིམ་སྤངས་ཏེ། སྲུང་བའི་གུར་ཁང་འོག་ཐམས་ཅད་རྡོ་རྗེའི་སུ་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། འཁོར་ཡུག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རུ་བ་ཟླུམ་སྐོར་ཡངས་ཤིང་རྒྱ་ཆེ་ཞིང་དཔང་མཐོ་བ། ཀུན་ཀྱང་བར་མཚམས་མེད་པར་རྡོ་རྗེ་ཕྲ་མོས་གཏམ་སྟེ། ཞུ་ལུགས་སུ་འབྲེལ་བ་ཞུན་ཐེབ་པ་ལྟ་བུའི་ཕྱི་རོལ་དུ་རྡོ་རྡོའི་ཐག་པ་བསྣོལ་ཞིང་སྦྲེལ་བས་རྒྱ་ཆིངས་སུ་བཅིང་པའི་དྲྭ་བས་གཡོག་པ་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་དང་། རྐེད་པར་རྡོ་རྗེའི་ཕྲེང་བས་དཀྲིས་པ། དེ་ཐམས་ཅད་ཀྱང་ཁ་དོག་སྔོན་པོའི་ཕྱི་དབྱིབས་ལྕགས་རྨོག་ཁ་སྦུབ་པ་ལྟ་བུ་ལས་ཡེ་ཤེས་ཀྱེ་མེ་དཔུང་ཁ་དོག་ལྔ་ལྡན་ཕྱོགས་ཀུན་ཏུ་འཕྲོ་བར་བསམ་མོ། །ཡང་སྒོང་དབྱིབས་དང་། གུར་ཁྱིམ་ལྟ་བུའི་བཞེད་ཚུལ་ཀྱང་སྣང་ཡང་། སྲུང་གུར་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་ཐམས་ཅད་གོ་མཚམས་མེད་པས་ན་དོན་གྱི་གནད་གཅིག་གོ། །ཡང་དེ་ཡི་ཕྱི་རོལ་ཏུ་ཁྲོ་ཆུང་དང་མཚོན་ཆ་སྣ་ཚོགས་ཆར་སྤྲིན་ལྟར་འཁྲིགས་ཤིང་། མེ་འབར་བའི་མེ་དཔུང་གི་གུར་ཁང་ཆུ་དེའི་ཕྱི་རོལ་དུ་རྡོ་རྗེའི་ཆུ་བོ་རླབས་ཤིན་ཏུ་འཁྲུགས་པའི་གུར་ཁང་རླུང་དེའི་ཕྱི་རོལ་དུ་རྡོ་རྗེ་རླུང་ནག་སྤུ་གྲི་རེག་ཆོད་འཁྲུགས་པའི་གུར་ཁང་གསུམ་གྱི་གུར་ཁང་དང་། ཡང་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར་མེ་དཔུང་འབར་བའི་ཀློང་ན་བྷྲཱུྃ་ལས་འཁོར་ལོ་རྩིབས་བཅུ་མུ་ཁྱུད་ལྟེ་བ་དང་བཅས་པ་ཁོང་སྟོང་ཡངས་ཤིང་རྒྱ་ཆེ་བ་ཆོས་དབྱིངས་དང་མཉམ་པའི་རྩིབས་ནང་བཅུ་ལ་པད་ཟླ་ཉི་མའི་གདན་ལ་ཧཱུྃ་བཅུ་ལས་ཁྲོ་བོ་བཅུ་བསྐྱེད་པ་དང་། ཡང་སྲུང་བའི་འཁོར་ལོ་སྦུབ་སྟོང་གི་ནང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣམ་སྣང་གི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ་སྒོམ་པ་སོགས་གསུང་ཡང་ཆོ་ག་རང་རང་གི་ཚིག་ཟིན་ལྟར་གྱི་ཆོག་གོ། །དེ་ལྟར་སྲུང་བའི་འཁོར་ལོས་མཚམས་བཅད་པས་བགེགས་དང་ལོག་འདྲེན་རྣམས་ཉེ་མི་ནུས་པའི་ནང་དུ་བདག་དང་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ་མཚམས་གཅོད་ཀྱི་ཚིག་རྣམས་བརྗོད་པར་བྱ་ཞིང་། ནང་མཚམས་བཅད། དེ་ནས་གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་པ་ལྟར། གཟོད་མ་ནས་གཟུང་འཛིན་གྱི་འཁྲུལ་བས་གོས་མ་མྱོང་བའི་འོད་གསལ་གཉུག་མའི་ངང་དུ། ཀུན་བཏགས་གློ་བུར་གྱི་གདོན་བགེགས་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་འདེབས་པ་ཁྱད་པར་གྱི་སྲུང་འཁོར་ཏེ། དེ་ལྟར་མི་རྟོག་པས་རྒྱས་གདབ་པ་གསང་མཚམས་བཅད། སྐབས་སུ་འཕྲད་དགོས་པ་རྣམས་སྲུང་འཁོར་དུས་དམིགས་འོག་ཏུ་འཚུད་པར་བྱ། དེ་ལས་གཞན་པའི་ངོ་སར་དང་མི་འཕྲད་ཅིང་། ཆས་གཏོགས་ལེན་སོགས་མི་བྱ། སྲུང་འཁོར་འདི་མཚམས་གྲོལ་བའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་ཐམས་ཅད་ཀྱི་མགོར་གསལ་འདེབས་རེ་བྱའོ། །ཡང་མཆོད་པ་བཤམས་བཀོད་དང་བསགས་སྦྱངས་སོགས་སྐབས་འདིར་བྱེད་པའི་ཕྱག་བཞེས་ཀྱང་སྣང་ངོ་། །དེ་ལྟར་ནང་མཚམས་བཅད་ནས་བཟུང་། ལུས་མཚམས་མིའི་མ་མཐོང་བ་དང་། ངག་མཚམས་ཐ་མལ་གྱི་སྨྲ་བ་གཅོད་པ་དང་། ཡིད་མཚམས་ཆགས་སྡང་སོགས་ཉོན་མོངས་པའི་ངན་རྟོག་གི་རྗེས་སུ་མི་འབྲང་བར། དྲན་ཤེས་བག་ཡོད་གསུམ་དང་མ་བྲལ་བའི་སྒོ་ནས་དགེ་སྦྱོང་གནད་དུ་འགྲོ་བའི་ཕྱིར། ཐོར་ཐུན་དང་། སྔ་ཐུན། ཕྱི་ཐུན། སྲོད་ཐུན་ཏེ་ཐུན་བཞི་ཁྲིགས་ཆགས་སུ་གཏོང་བ་ཡིན་ནོ། །དེ་ནས་བྱིན་འབེབས་ནི། ཁྱད་པར་གྱི་སྦྱར་སྤོས་དང་དབྱངས་རོལ་བཅས་ཏེ་མོས་གུས་དྲག་པོས། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་བས་རང་བཞིན་གྱི་དབྱིངས་ནས་མཁྱེན་བརྩེ་ནུས་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། འོད་དང་འོད་ཟེར། འཇའ་སྤྲིན་མེ་ཏོག་དང་ཐིག་ལེ་ལ་སོགས་པའི་རྣམ་པར་སད་ནས་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པས་ཡེ་ཤེས་ཆེན་པོའི་གཟི་བྱིན་ནུས་བཅུད་དང་ལྡན་པར་བསམ་མོ། །ཡང་དབང་རབ་རྣམས་ཀྱིས་ནི། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་ཤར་ཙམ་ནས་གཟུང་འཛིན་གྱི་མདུད་པ་རང་གྲོལ་དུ་ཞིག་པས་ཅིར་སྣང་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་ཤར་བ་དག་པ་རབ་འབྱམས་ཡེ་ཤེས་ཆེན་པོའི་བྱིན་འབེབ་པའོ། །མཆོད་རྫས་བྱིན་རླབས་ནི། མཚན་ཉིད་ཐེག་པ་མདོ་ལྟར་ན། །དངོས་འབྱོར་གྱི་མཆོད་པ་ཐམས་ཅད་གཟུངས་སྔགས་དང་། རིགས་སྔགས་དང་། མོས་པའི་སྟོབས་དང་། བདེན་པའི་སྟོབས་བརྗོད་པས་བྱིན་གྱི་རླབས་ཤིང་སྤྲུལ་བར་གསུངས་ལ། སྔགས་སུ་སྐྱབས་འགྲོ། ལྷ་སྔགས་ཏིང་ངེ་འཛིན་ཕྱག་རྒྱ་སྟེ་ལྔ་དང་ལྡན་པས་བྱིན་གྱི་རླབས་པར་གསུངས་པས། རང་ཉིད་ལྷ་ཡི་ཐུགས་ཀ་ནས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས་པས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས། མཆོད་རྫས་རྣམས་ཀྱི་མ་དག་པའི་དངོས་འཛིན་ཉེས་སྐྱོན་དྲི་མ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་བསམ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ༀ་ལས་བྱུང་བའི་ལྷ་རྫས་ཀྱི་མེ་ཏོག་སོགས་ཐུན་མོང་ཕྱི་ཡི་ཉེར་སྤྱོད་ལྔ་དང་། རང་བྱུང་དབང་པོ་ལྔའི་མེ་ཏོག་སོགས་ཁྱད་པར་ནང་གི་ཉེར་སྤྱོད་དུར་ཁྲོད་དྲག་པོའི་མཆོད་པ་སོགས་གང་ཡིན་ཀྱང་། སྲིད་ཞི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། དེ་དག་རེ་རེ་ལས་ཀྱང་མཆོད་རྫས་སོ་སོ་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པའི་མཆོད་སྤྲིན་འཕྲོ་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་མོ། །ནང་མཆོད་སྨན་རཀ་གཏོར་གསུམ་གྱི་དང་པོ་སྨན་ནི། ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨའམ་བྷྲཱུཾ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་ཤ་ལྔ་དང་། བདུད་རྩི་ལྔ་ནི། དབུས་སུ་མི་ཤ་དང་དྲི་ཆེན། ཤར་དུ་བ་གླང་གི་ཤ་དང་ཁུ་བ། ལྷོར་ཁྱི་ཤ་དང་ཤ་ཆེན་གྱི་དྭངས་མ་སྟེ་ཀླད་པ། ནུབ་ཏུ་རྟ་ཤ་དང་རྡུལ་ཏེ་པདྨའི་ཁྲག །བྱང་དུ་གླང་ཆེན་གྱི་ཤ་དང་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་རིམ་པར། ཧྲཱི༔བཱཾ་སྣང་མཐའ་ཡབ་ཡུམ་ཧཱུྃ་ལཱཾ་རྡོར་སེམས་ཡབ་ཡུམ་ཏྲཱཾ་མཱཾ་རིན་འབྱུང་ཡབ་ཡུམ་ༀ་མུཾ་རྣམ་སྣང་ཡབ་ཡུམ་ཨཱཿཏཱཾ་དོན་གྲུབ་ཡབ་ཡུམ། མཆན། དེ་རྣམས་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་དུ་གྱུར་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་ཐོད་པ་གང་མཐར་ལྷ་རྣམས་འོད་དུ་ཞུ་ནས་རྫས་ལ་ཐིམ་པས། ཡེ་ཤེས་བདུད་རྩིའི་རྒྱ་མཚོར་འཁྱིལ་ཞིང་ཟེར་མ་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་བསམ་མོ། །དེ་ཡང་དགོངས་འདུས་ལས། འགོ་གི་རླུང་གཡོས་མེ་སྦར་ཐོད་པ་དྲོས༔ རྫས་ཁོལ་རླང་པའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཡེ་ཤེས་བདུད་རྩི་བཀུག་ཅིང་ནང་དུ་བསྟིམ༔ ལྷ་དང་དམ་རྫས་ཡེ་ཤེས་བདུད་རྩིའི་ཚོགས༔ གཉིས་སུ་མེད་པར་འདྲེས་ཤིང་དཀར་དམར་འཁྱིལ༔ ལྷ་ལ་ཕོག་ན་དགྱེས་པ་བསྐང་བའི་རྫས༔ མཆེད་ལ་ཕོག་ན་དངོས་གྲུབ་འབྱུང་བའི་བཅུད༔ དགྲ་ལ་ཕོག་ན་སྲོག་རྩ་གཅོད་པའི་མཚོན༔ བགེགས་ལ་ཕོག་ན་རྡུལ་དུ་བརླག་པའི་ཐུན༔ གང་ལ་ཕོག་ན་དོན་འགྲུབ་བདུད་རྩིར་དམིགས༔ ཞེས་གསུངས་པ་ལྟར་རོ། །རཀྟ་ནི། རླུང་མེ་ཐོད་སྒྱེད་གོང་ལྟར་སྟེང་བྷནྡྷ་རློན་པ་སྐྲ་དང་བཅས་པའི་སྣོད། ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁམས་གསུམ་གྱི་ཞེན་ཆགས་ཀྱི་རྟོག་པ་ཐམས་ཅད་ཁྲག་གི་རྣམ་པར་བསྡུས་ཤིང་འཁྱིལ་བའི་དབུས་སུ་རཀྟའི་ལྷ་མོ་གིརྟི་མ་དམར་མོ་གཅེར་བུ་གྲི་ཐོད་ཅན་གྱི་བྷ་ག་ནས་རཀྟའི་རྒྱུན་བབས་པས་ཐོད་པའི་རྫས་དང་དབྱེར་མེད་དུ་འདྲེས་ཤིང་གང་བའི་མཐར་ལྷ་ཡང་འོད་དུ་ཞུ་ནས་རྫས་ལ་ཐིམ་པས། ངོ་བོ་ཆགས་མེད་བདེ་བ་ཆེན་པོ་རཀྟའི་རྒྱ་མཚོ་རྦ་རླབས་འཕྱོ་ཞིང་འདོད་ཡོན་གྱི་སྤྲིན་འཕྲོ་བར་བསམ་མོ། །གཏོར་མ་ནི། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་བཟའ་བཅའ་སྣ་ཚོགས་པའི་གཏོར་མ་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར་པ་ལས་ཕྱི་ནང་གསང་བའི་མགྲོན་སོ་སོའི་དགྱེས་བསྐང་གི་མཆོད་རྫས་ཐོགས་པའི་ལྷ་མོ་གྲངས་མེད་པའི་སྤྲིན་འཕྲོ་བར་བསམ་མོ། །དེ་ཡན་ཆད་ནི་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོའི་རིམ་པ་རྣམས་སོ། །གཉིས་པ་དངོས་གཞིའི་རིམ་པ་ལ། སྤྱི་དོན་བསྡུས་ཏེ་བསྟན་པ་དང་། གཞུང་དོན་རྒྱས་པར་བཤད་པའོ། །དང་པོ་ལའང་། རྒྱུད་སྡེའི་དགོངས་པ་སོ་སོར་དང་སྦྱར་ཏེ་བཤད་པ་དང་། སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་དང་སྦྱར་ཏེ་དང་། དབང་པོའི་རིམ་པ་དང་སྦྱར་ཏེ་ལྷ་སྒོམ་ཚུལ་བྱེད་པ་རྣམས་ལས། དང་པོ་ནི། རྒྱུད་ལས། རྫོགས་པའི་རིམ་པ་འདོད་པ་ཡི། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །བསྐྱེད་པའི་རིམ་པ་རྨིང་ནས་རྩིག །ཅེས་དང་། གསང་བདག་ཞལ་ལུང་ལས། མདོར་ན་མ་དག་པའི་སྣང་བ་དག་པའི་སྣང་བར་བསྒྱུར་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་བསྐྱེད་རིམ། དེ་བདེ་སྟོང་གི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར་མཚན་བཅས་རྩ་རླུང་ཐིག་ལེ་དང་། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི་རྫོགས་རིམ་སྟེ། ཞེས་གསུངས་ཤིང་། སྔ་མ་བསྐྱེད་རིམ་ལའང་། ཡུལ་སྣང་བདེན་མེད་དུ་ཤེས་པ་སྒྱུ་མའི་བསྐྱེད་རིམ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ། ལྷ་སྐུ་ཞལ་ཕྱག་དང་བཅས་པ་སྤྲུལ་པའི་བསྐྱེད་རིམ་རྣམས་ལས་འདིར་ཕྱི་མ་ལྟར་བཤད་པ་ལ། མཚན་ཉིད་ནི། དེ་གང་ཞིག་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང་བསྐྱེད་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་ཆོས་བཞི་ལྡན་ཏེ། རྗེ་བཙུན་ཀུན་དགའ་སྙིང་པོས། ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར ་དག་རྫོགས་སྨིན་གསུམ་ཚང་བའོ། །ཞེས་གསུངས་ཤིང་། དེ་ཡང་ཕྱི་རྒྱུད་སྡེ་གསུམ་ལྟར་ན། སེམས་ཉིད་ངལ་གསོ་ལས། བྱ་བས་རང་ཉིད་དམན་ལ་ལྷ་ཉིད་མཆོག །རྗེ་ཁོལ་ཚུལ་དུ་བསྒྲུབ་པའི་དངོས་གྲུབ་ལེན། སྤྱོད་པས་རང་དང་ལྷ་གཉིས་མཉམ་པར་བལྟ། །རང་ཉིད་དམ་ཚིག་མདུན་དུ་ཡེ་ཤེས་ལྷ། །གྲོགས་པོའི་ཚུལ་གྱི་དངོས་གྲུབ་ལེན་པ་ཡིན། །རྣལ་འབྱོར་དངོས་གཞིར་གཉིས་སུ་མེད་པ་ལ། །སྦྱོར་རྗེས་ལྷ་ནི་དགུགས་གཤེགས་གཉིས་སུ་བྱེད། །ཆུ་ལ་ཆུ་བཞག་གཉིས་མེད་དངོས་གྲུབ་ལེན། །ཞེས་པས། དེ་ལ་བྱ་རྒྱུད་ཙམ་པོ་རྣམས་སུ་ནི། རང་ལྷར་བསྐྱེད་པ་མེད་ཀྱང་། ཁྱད་པར་བ་རྣམས་སུ་ལྷ་ཡེ་ཤེས་པ་རྒྱལ་པོ་ལྟར་བྱས་ཏེ། རང་དམ་ཚིག་པ་འབངས་ཀྱི་ཚུལ་གྱིས་གཙང་སྦྲ་སོགས་ཕྱིའི་བྱ་བ་གཙོ་བོར་གྱུར་པས་དངོས་གྲུབ་ལེན་པར་འདོད་དེ། རིགས་ཐམས་ཅད་ཀྱི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་སྐུ་བལྟས་ལ། །རང་ཉིད་བྲན་གྱི་འདུ་ཤེས་ཀྱིས། །སྔགས་བསྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླང་། །ཞེས་སོ། །སྤྱོད་པའི་རྒྱུད་ནི། ལྟ་བ་ཡོ་ག་ལྟར་དང་། སྤྱོད་པ་ཀྲྀ་ཡ་ལྟར་ཆ་མཉམ་པའི་སྒོ་ནས་རང་དམ་ཚིག་སེམས་དཔར་བསྐྱེད་པའི་མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་སྤུན་ནམ་གྲོགས་པོའི་ཚུལ་དུ་བསྐྱེད་ནས་དངོས་གྲུབ་ལེན་ཏེ། རིགས་གསུམ་སྤྱིའི་རྒྱུད་ལས། སྤུན་ནམ་གྲོགས་ཀྱི་ཚུལ་ཙམ་དུ། །དངོས་གྲུབ་དམ་པ་བླང་བར་བྱ། །ཞེས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། བདག་ལྷར་བསྒོམ་པ་ལ་ཡེ་ཤེས་པ་དགུགས་བསྟིམ་གྱིས་གཉིས་སུ་མེད་པར་བྱས་ལ། མཆོད་བསྟོད་བཟླས་པ་སོགས་ཀྱི་མཐར་དངོས་གྲུབ་བླངས་ནས་གཤེགས་སུ་གསོལ་བ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དང་། །བླ་མེད་དངོས་གྲུབ་དམ་པ་བླང་། །ཞེས་སོ། །ནང་རྒྱུད་སྡེ་གསུམ་གྱི་སྒོམ་ཚུལ་ནི། སེམས་ཉིད་ངལ་གསོ་ལས། མ་ཧཱས་ལུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ། །ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ། །ཀུན་ཀྱང་ཆོས་ཀུན་ཡེ་ནས་མཉམ་པ་ཉིད། །ཡིན་པར་ཤེས་པའི་ཚུལ་གྱིས་ཉམས་སུ་ལེན། །ཞེས་པས། མ་ཧཱ་ཡོ་གར་ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་གཙོ་བོ་བྱེད་པའི་སྒོ་ནས་ལྷ་རྟོག་དབྱེར་མེད་དུ་བསྒོམ་པའོ། །ཨ་ནུ་ཡོ་གར་ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡེ་ནས་སངས་རྒྱས་པ་ཀུན་ཏུ་བཟང་པོའི་རོལ་པ་མ་འགགས་པའི་རྩལ་ལྷ་སྐུར་འཆར་བ་འདོད་དེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་དང་། ཨ་ནུ་ཡོ་གའི་ཐེག་པ་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་དང་། ཀུན་འདུས་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །ཞེས་གསུངས་པ་ལྟར་རོ། །ཨ་ཏི་ཡོ་གར་ནི། ཀ་དག་ཁྲེགས་ཆོད་ཀྱི་དབྱིངས་ནས། །ལྷུན་གྲུབ་ཐོད་རྒལ་གྱི་སྣང་ཆ། །རིག་རྩལ་ལྷ་སྐུའི་ཚོམ་བུ། །རྟེན་འབྱུང་མ་འགགས་པ་རང་ཤར་བའི་ཚུལ་གྱིས། ཡོངས་གྲུབ་དག་མཉམ་ཆེན་པོའི་ལྷའི་གསལ་སྣང་ལ་སེམས་འཛིན་པ་སྟེ། མན་ངག་སྙིང་ཐིག་ལུགས་ཀྱི་མངོན་རྟོགས་ཕལ་ཆེ་བར་བཞིན་ནོ། །སྔགས་ཕྱི་ནང་གི་ཁྱད་པར་གཞན་ཡང་། དགོངས་འདུས་ལས། ཕྱི་པ་ལ་ལྷ་ཕོ་རྐྱང་མོ་ཀྱང་། རྫོགས་རིམ་ཡིག་འབྲུ་འམ་ཐིག་ལེ། ནང་པ་ལ་ལྷ་ཡབ་ཡུམ་སྦྱོར། རྫོགས་རིམ་ཕྱག་རྒྱ་ཆེན་པོ། རྒྱན་ཡང་ཕྱི་པའི་ལྷ་ལ་རིན་པོ་ཆེའི་རྩེ་ཕྲན་ཡོད། ནང་པ་ལ་རུས་རྒྱན་ཤོགས་ཡོད། ཕྱི་པ་ལ་དཀར་གསུམ་མཆོད། ནང་པ་ལ་ཤ་ལྔ་བདུད་རྩི་ལྔ་མཆོད། ཕྱི་པ་ལ་རིན་པོ་ཆེའི་སྣོད། ནང་པ་ལ་ཀ་པཱ་ལ་སོགས་སོ། །ཕྱི་ནང་ཐུན་མོང་དུ་གཏོར་མ། སྦྱིན་བསྲེག་རབ་གནས་ཚ་ཚ་བུམ་སྒྲུབ་རྣམས་འདྲའོ། །ཞེས་གསུངས་སོ། །གཉིས་པ་ནི། འཁོར་བའི་ཆོས་སྣ་ཚོགས་པ་སྣང་བ་འདི་དག །སྲིད་པར་སྐྱེ་བ་བླང་པ་ལ་བརྟེན་ནས་འཆར་བའི་ཕྱིར། འཁོར་བའི་ཆོས་ཀྱི་གཙོ་བོ་ནི་སྐྱེ་གནས་བཞི་ཡིན་པས་དེའི་བག་ཆགས་སྦྱོང་བ་དང་སྒོ་བསྟུན་ནས་བསྐྱེད་རིམ་བསྒོམ་ཚུལ་བཞིར་གསུངས་ཏེ། རྒྱུད་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པ་ལྟར་བཞི་ལས། སྒོང་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ནི། སྒོ་ང་ལས་སྐྱེ་བ་རྣམས་ལན་གཉིས་སུ་སྐྱེ་བ་ལྟར། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས། མདུན་མཁར་དཀྱིལ་འཁོར་གྱི་ལྷ་སྤྱན་དྲངས་ཏེ། མཆོད་བསྟོད་གསོལ་གདབ་རྒྱུན་བཤགས་རྣམས་ཀྱི་མཐར་བསྡུ་རིམ་གྱིས་སྟོང་པའི་ངང་ལ་དར་གཅིག་མཉམ་པར་འཇོག་པ་ནི། ཁྱད་པར་གྱི་ཆོས་བསྡུས་པའི་ཚུལ་དང་། དེ་ནས་རྒྱས་པའི་ཚུལ་བདག་སྲས་དང་གཞན་སྲས་ལྟར་བསྐྱེད་པ་སྟེ། བཀའ་བརྒྱད་ལས། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། །ས་བོན་ལས་ནི་གཙོ་བོ་ཡབ་ཡུམ་བསྐྱེད། །ཕྱོགས་བཅུ་བདེ་གཤེགས་བཀུག་ནས་ཡུམ་མཁར་བསྟིམ། །སེམས་ཅན་བཀུགས་ནས་སྒྲིབ་པ་སྦྱོང་བ་དང་། །གཉིས་སུ་མེད་ལ་ཆེ་བ་བསྐྱེད་པ་དང་། །མཁའ་ནས་བཏོན་ཏེ་གདན་ལ་འཁོད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད། །གཙོ་བོ་འོད་ཞུ་སུ་བོན་གྱུར་པ་དང་། །དེ་ལས་ཡབ་ཡུམ་སྐྱེ་མཆེད་རྫོགས་པ་དང་། །ཡབ་ཀྱི་རྟོག་པ་ཡི་གེར་གྱུར་པ་དང་། །ཡུམ་ལས་འོད་འཕྲོས་ལྷ་ལ་སྲོལ་གདབ་དང་། །ཀུན་ཀྱང་རང་བསྟིམ་ང་རྒྱལ་བཟུང་པ་དང་། །སྙོམས་པར་ཞུགས་ནས་མཁའ་རུ་དཀྱིལ་འཁོར་བསྐྱེད། །རྟོག་པ་ཞེ་གཉིས་ལྷར་གསལ་ཕྱིར་འདོན་དང་། །ཕྱག་རྒྱ་བཞི་ཡིས་བཅིང་དང་རྒྱས་གདབ་བོ། །ཞེས་པས། བདག་གཞི་དུས་ཀྱི་དེ་བཞིན་གཤེགས་པ་ཡིན་པས་བདག་གིས་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། དེ་བཞིན་གཤེགས་པའི་རིགས་མི་ནུབ་པར་བྱ་བའི་ཕྱིར། གཞན་གྱིས་སྲས་སུ་བདག་བྱ་བ་ཡིན་ཞེས་རོང་ཟོམ་ཆེན་པོ་ནས་བཞེད་ལ། འདི་དག་སྒོམ་ཚེ་གོ་རིམ་མེད་པར་གསུངས་སོ། །མངལ་སྐྱེས་སྦྱོང་བྱེད་འབྲིང་གི་བསྐྱེད་རིམ་ལའང་གསུམ་ལས། བསྡུས་པ་ནི། ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་སྟེ། །སྦྱང་བྱ་བར་སྲིད་མངལ་གནས་བཙའ་བ་གསུམ། །སྦྱོང་བྱེད་རྡོ་རྗེ་རྩེ་ལྔ་ལ་སོགས་ཕྱག་མཚན་གྱི་རྣམ་པར་བསྒོམ་པས། སྦྱང་བྱའི་ཡིད་ཐུགས་རྡོ་རྗེ་དག །ཕྱག་མཚན་དེ་གནས་གྱུར་ཏེ་ཧཱུྃ་ཡིག་སོགས་ཀྱི་མཚན་པར་བསྒོམ་པས། །ངག་གསུང་རྡོ་རྗེ་རྫོགས། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པས་ཡོངས་སུ་གྱུར་ནས་ལྷའི་སྐུ་རྒྱན་དང་ཆ་ལུགས་སོགས་རྫོགས་པར་བསྒོམས་པས། ལུས་སྐུ་རྡོ་རྗེ་སྨིན་པའོ། །འབྲིང་ནི། མ་རྒྱུད་ལྟར་མངོན་བྱང་བཞི་སྟེ། གལ་པོ་ལས་དང་པོ་སྟོང་པ་བྱང་ཆུབ་སེམས། གཉིས་པ་སུ་བོན་དབྱུང་བ་སྟེ། གསུམ་པ་ལ་ནི་གཟུགས་རྫོགས་པ། བཞི་པ་ལ་ནི་ཡི་གེ་འགོད། ཅེས་པས། དེ་དག་གིས་སྦྱང་བྱ་རིམ་པར་འཆི་སྲིད་བར་དོ་དང་བཅས་པ། དྲི་ཟའི་སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ། རླུང་བཅུས་ལུས་རིམ་གྱིས་བསྐྱེད་པ། བཙས་ནས་དབང་པོ་ཡུལ་ལ་སད་པ་རྣམས་སོ། །རྒྱས་པ་ནི། སྦྱང་བྱའི་རིམ་པར་བར་དོའི་རྣམ་ཤེས་དང་། མངལ་དུ་འཇུག་ཁ་མ། ཞུགས་པ། ཞུགས་ནས་ཟླ་བཅུའི་ལུས་རྫོགས་པ། བཙའ་བ་དང་ལྔ་པོ་ལམ་ལྔར་སྦྱར་ཏེ། དང་པོ་གསུམ་སྦྱོང་བྱེད་ཏིང་འཛིན་གསུམ་དང་། བཞི་པ་སྦྱོང་བྱེད་མངོན་བྱང་ལྔ་སྟེ། ཀྱེ་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་སུ་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །ལྔ་པ་སྦྱོང་བྱེད་ལྷར་སྣང་ཕྱག་རྒྱ་ཆེན་པོའི་རྟེན་དང་བརྟེན་པ་གསལ་བ་སྲོག་སྡོམ་གཟེར་བཞིའི་མན་ངག་གི་བསྙེན་སྒྲུབ་ཡན་ལག་བཞི་རྫོགས་ནས་ཆོ་གའི་བསྡུ་རིམ་གྱི་བར་རོ། །དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བྱེད་བསྡུས་པ་ནི། སྦྱང་བྱ་དྲོད་གཤེར་ལ་བརྟེན་ནས་ལུས་རྫོགས་པ་བཞིན་དུ། སྦྱོང་བྱེད་ཉི་ཟླའི་སྟེང་དུ་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་ལྷ་སྐུ་རྫོགས་པར་བསྒོམ་པའོ། །རྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བྱེད་ཤིན་ཏུ་བསྡུས་པ་ནི། སྙིང་པོ་བརྗོད་པ་ཙམ་གྱིས་སྐད་ཅིག་གིས་བསྐྱེད་པ་སྟེ། རང་ཤར་ལས། ཅིག་ཆར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །ཞེས་པས། དབང་རབ་རྣམས་ཀྱིས་ནི་སེམས་ཉིད་གདོད་མའི་ལྷ་སྐུར་མེ་ལོང་གི་གཟུགས་བརྙན་ལྟར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པའོ། །དེ་དག་ལས་མངལ་སྒོང་གཉིས་སྦྱོང་བྱེད་ནི་མ་ཧཱ་ཡོ་ག་ལྟར་དང་། དྲོད་གཤེར་ནི་ཨ་ནུ། རྫུས་སྐྱེ་སྦྱོང་བྱེད་ནི་གཙོ་བོ་ཨ་ཏི་ཡོ་ག་ལྟར་རོ། །དེ་དག་གི་ཚེ་འཁོར་བ་དང་རྣམ་པ་མཐུན་པའི་སྲིད་པ་སྦྱངས་ཤིང་དག །མྱང་འདས་དང་བཞུགས་ཚུལ་མཐུན་པའི་འབྲས་བུ་གཞི་ལ་རྫོགས། གཉིས་ཀ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ནི་སྤྱིའི་གོ་བའོ། །དེ་ལྟར་གཙོ་ཆེར་ལས་དང་པོ་བ་སོགས་ཀྱིས་བསྐྱེད་ཚུལ་རྒྱས་བསྡུས་ཀྱི་ཁྱད་པར་དེ་དག་གིས་སྐྱེ་གནས་བཞི་སོ་སོར་སྦྱོང་ཚུལ་ཀྱང་གཙོ་བོར་སྟོན་པ་ཡིན་གྱི། དོན་ལ་བཞི་ཀས་སྦྱོང་བ་ལ་ཁྱད་པར་མེད་དོ། །གསུམ་པ་ནི། དགོངས་འདུས་ལས། དབང་པོ་རབ་ཀྱིས་མ་བཅོས་རང་བྱུང་ཡེ་གསལ་ལྷུན་གྲུབ་སྤྲོས་བྲལ་རྣམ་པར་དག་པ་ལྷའི་ངོ་བོ་ཤེས། འབྲིང་གིས་འདུས་བྱས་མཚན་མ་ཅན་མ་ཡིན་པར་ཐུགས་རྗེ་རང་བྱུང་གི་རྩལ། རྩ་ཁམས་དག་པ་གསལ་འཚེར་གྱི་ལྷར་ཤེས་པ། ཐ་མས་གཟུགས་སྣང་ཐམས་ཅད་ལྷ་དང་ལྷ་མོ་མི་རྟོག་པའི་ངང་ཆུ་ལས་ཉ་འཕར་བའི་ཚུལ་ཅན་དང་། དད་དམ་དག་པས་མངོན་བྱང་ལྔ་དང་། ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་གསལ་བར་བསྐྱེད། ཅེས་དང་། པད་སྡོང་བརྩེགས་པའི་རྒྱུད་ལས་ཀྱང་། དབང་པོ་རབ་འབྲིང་ཐ་མ་སོ་སོ་ལ་གསུམ་རེ་ཕྱེ་བས་དགུ་ཕྲུགས་སོགས་ཀྱི་སྒོ་ནས་རྒྱས་པར་གསུངས་པ་རྣམས་ཀྱང་གཞུང་དེ་དག་ལས་རྟོགས་པར་བྱའོ། །གཉིས་པ ་གཞུང་དོན་ལ། མཉམ་བཞག་གི་རྣལ་འབྱོར་དང་རྗེས་ཐོབ་ཀྱི་རྣལ་འབྱོར་གཉིས། དང་པོ་ལ། སྐུ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པའི་རྣལ་འབྱོར། ཐུགས་འོད་གསལ་གྱི་རྣལ་འབྱོར་དང་གསུམ། དང་པོ་ལའང་། ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་པ་དྲངས་ཤིང་བརྟན་པར་བཞུགས་པ། ཕྱག་འཚལ་མཆོད་བསྟོད་བྱ་བ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་དང་ལྔ་ལས། དང་པོ་ནི། མ་ཧཱ་ཡོ་ག་ཡན་ཆོད་ལ་ཏིང་ངེ་འཛིན་གསུམ་གྱིས་བསྐྱེད་ཚུལ་གསུངས་ཏེ། དེ་ལ་ཐོག་མར་རང་སེམས་ཁོང་ཀློད་དེ་འཁྲུལ་རྟོག་གི་རྗེས་སུ་མི་འབྲང་བར། རིག་སྟོང་བསམ་བརྗོད་ལས་འདས་པའི་ཆོས་ཉིད་སྤྲོས་བྲལ་གྱི་ངང་ལ་དར་ཅིག་མཉམ་པར་འཇོག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། སྟོང་པ་ཆེན་པོའི་རྣལ་འབྱོར་ཏེ། །རྡོ་རྗེ་ལྟ་བུ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། རྟག་མཐའ་བསལ་ཞིང་། གཟུགས་མེད་ཁམས་ཀྱི་བག་ཆགས་དང་། འཆི་སྲིད་ཆོས་སྐུར་སྦྱངས་ཤིང་དག་པར་བྱེད་ཕྱིར་རིག་པའི་ངོ་བོ་བསམ་གྱིས་མི་ཁྱབ་པའི་ཆ་ནས་བཞག་པའོ། །སྐབས་འདིར་སྔར་གྱི་སྲུང་གུར་སོགས་ཀྱང་མི་དམིགས་པར་འཇོག་པ་ཡིན་གྱི་གཏན་མེད་ནི་མིན་པར་ཤེས་དགོས་སོ། །སྟོང་པ་དེའི་ངང་ལས། རང་གནས་ཀྱི་ཡེ་ཤེས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཅུང་ཟད་ཅིག་བསྒོམ་པ་ནི། ཀུན་སྣང་གི་ཏིང་ངེ་འཛིན། སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། དཔའ་བར་འགྲོ་བ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། ཆད་མཐའ་བསལ་ཞིང་། གཟུགས་ཁམས་ཀྱི་བག་ཆགས་དང་། བར་སྲིད་བཅས་གནས་འགྱུར་ལོངས་སྐུར་རྫོགས་པར་བྱེད་པའི་ཕྱིར་རིག་གདངས་ཐུགས་རྗེས་རང་བཞིན་མ་འགགས་པའི་ཆར་བཞག་གོ། །རྟོག་མེད་ཀྱི་ངང་ལས་སྙིང་རྗེ་དེས་འཕེན་བྱེད་བྱས་ནས། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་དང་ཧྲཱིཿལ་སོགས་པའི་རྣམ་པར་རྟེན་མེད་པའི་ནམ་མཁའ་སྟོང་པའི་དབྱིངས་ན་ལམ་མེར་གནས་པ་ལ་སེམས་བཟུང་བ་ནི། རྒྱུ་ཡི་ཏིང་ངེ་འཛིན། ཕྱག་རྒྱ་གཅིག་པའི་ནང་ཚན་ཕྲ་བ་ཡིག་འབྲུ་ལ་བསླབ་པ་སྟེ། སྒྱུ་མ་ལྟ་བུ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་ལ། བདག་ལྟ་མཚན་འཛིན་གྱི་དྲི་མ་དང་། འདོད་ཁམས་ཀྱི་བག་ཆགས་སྦྱངས་ཕྱིར། སྐྱེ་བ་སྤྲུལ་པའི་སྐུར་སྨིན་པར་བྱེད་པས་རིག་རྩལ་ཡུལ་ལ་ཤར་བའི་ཆར་བཞག་པའོ། །དེ་ལ་རྟེན་དང་བརྟེན་པའི་ལྷ་ཚོགས་བསྒོམ་པ་ནི་རགས་པ་ལྷ་སྐུ་ལ་བསླབ་པ་དང་། དེ་ལ་གྲོགས་དང་ཞལ་ཕྱག་སོགས་སྤྲོས་ཏེ་བསྒོམ་པ་ནི་ཕྱག་རྒྱ་སྤྲོས་བཅས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི། སྦྱོར་ལམ་དུ་ཚོགས་སྒྲུབ་ཀྱི་ཉེ་རྒྱུ་ལ་བརྟེན་ནས་རིམ་གྱིས་རིག་འཛིན་བཞིའི་གོ་འཕང་བགྲོད་པ་ཡིན་ནོ། །སྐབས་འདི་དག་ཏུ་སྭཱ་བྷ་ཝ་སོགས་ཀྱི་སྔགས་འབྱུང་བ་ཡོད་པས་དེའི་སྔགས་དོན་ནི་རང་བཞིན་རྣམ་པར་དག་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ངའོ། །ཞེས་དེ་ཏིང་གི་དོན་དང་། མ་ཧཱ་ཤུ་ནྱ་ཏིའི་སྔགས་དོན་ནི། སྟོང་པ་ཉིད་ཆེན་པོ་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དོ། །ཞེས་སྟོང་པ་ཉིད་ཆེན་པོས་དེ་ཏིང་དང་། ལྷག་མས་ཀུན་སྣང་དང་། རྒྱུ་ཏིང་གི་དོན་སྟོན་ནོ། །གཉིས་པ་ལ། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྟ་བསྐྱེད་པའོ། །དང་པོ་ནི། བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་ཟུར་འདེབས་ལས་གསུངས་པ་ལྟར། སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་གི་ནམ་མཁར་སྔར་གྱི་རྒྱུ་ཏིང་གི་སུ་བོན་དེ་ལས། ཨེ་ཡཾ་རཾ་བཾ་ལཾ་སུཾ་བྷྲཱུཾ་རྣམས་རིམ་པ་བཞིན་ཆད་པ་ལས། ཨེ་ཡིག་ཡོངས་སུ་གྱུར་པས་དངོས་འཛིན་ཐམས་ཅད་སྦྱངས་ཏེ། སྟོང་དབྱིངས་ནམ་མཁའི་རང་བཞིན་མཐིང་ག་གྲུ་གསུམ་པ་རྒྱ་ཁྱོན་ཚད་མེད་པའི་གདེང་ཁ་གྱེན་དུ་བསྟན་པ་ལྟ་བུའི་དབྱིབས་ཁ་དོག་ཅན་དང་། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་ནག་རྒྱ་གྲམ་གྱི་རྣམ་པ་འོད་ཟེར་ལྗང་ནག་གིས་བསྐོར་བ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་འོད་ཟེར་དམར་པོས་བསྐོར་བ། དེའི་སྟེང་དུ་བཾ་ལས་ཆུ་ཡི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་འོད་ཟེར་དཀར་པོས་བསྐོར་བ། དེའི་སྟེང་དུ་ལམ་ལས་གསེར་གྱི་སུ་གཞི་སེར་པོ་གྲུ་བཞི་པ་འོད་ཟེར་སེར་པོས་བསྐོར་བ། དེ་སྟེང་དུ་སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་བཞི་པའི་སྟེང་དུ། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། གཙུག་ཏོར་འཁོར་ལོའི་སྒྱུར་བའི་སུ་བོན་བྷྲཱུཾ་ལས་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་པ། ཆོས་ཉིད་སྤྲོས་བྲལ་མཚོན་པའི་ལྟེ་བ་ཟླུམ་པ། བདེན་བཞིའི་གྲུ་ཆད། བདེན་གཉིས་ཟུང་འཇུག་གི་བར་ཁྱམས་འཁོར་བ། ཡེ་ཤེས་རེ་རེ་ལའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པ་གདུལ་བྱའི་རེ་བ་སྐོང་བའི་རྟགས་སུ། གྲུ་ཆད་བཞི་ལས་ཕྱིར་འཕྱར་བའི་རིན་པོ་ཆེའི་གློ་འབུར་རིགས་བཞིའི་ཁ་དོག་ཅན་གྱི་མཛེས་པ། རྣམ་ཐར་བཞིའི་སྒོ་བཞི་སྒོ་ཁྱུད་ཀྱི་ཟླས་དྲངས་བའི་འགྲམ་ལོག་གིས་མཛེས་པ། ཐེག་བརྒྱད་བགྲོད་པའི་རྟགས་སུ་སྒོ་ཕུག་གི་ཕྱི་ནང་གཉིས་ན་ཐེམ་སྐས་བཞི་རེ་སྟེ། རྒྱུའི་རྟ་བབས་བརྒྱད་དང་། དེས་གྲུབ་མཐའི་ཡོན་ཏན་རྫོགས་པའི་རྟགས་སུ་སྒོ་ཁང་གི་སྟེང་ན་རྒྱན་གྱི་རྣམ་པར། ཏོ་རུ་ན་ཞེས་པ་འབྲས་བུའི་རྟ་བབས་བརྒྱད་དེ། རྟ་རྐང་། ཆུ་སྐྱེས། སྒྲོམ་བུ། ཟར་ཚག །རྣམ་འཕྱང་། ཆུན་འཕྱང་། ཤར་བུ་མདའ་ཡབ་རྣམས་བརྩེགས་པའི་བྱ་འདབ་ཀྱི་ཁྱུང་མགོས་བརྒྱན་པ། སྒོ་ཁང་གི་སྟེང་ན་པདྨ་ལ་གནས་པའི་ཆོས་འཁོར་གྱི་རྩེར་གདུགས་དང་། གཡས་གཡོན་དུ་རི་དྭགས་ཀྱིས་མཛེས་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་རྩིག་པ་རིམ་པ་ལྔ་སྦྲག་གི་སྟེང་ན་མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་དཔྱང་བའི་སེང་མགོས་བཏེགས་པའི་རིན་པོ་ཆེའི་ཕ་གུ། དེའི་སྟེང་ན་བྲེ་ཕུལ་གྱི་རྣམ་བུར་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད། དེའི་ཕྱི་ངོས་ནས་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་དུ་པུ་ཤུད་དེ་མདའ་ཡབ་ཀྱིས་མཛེས་པ། འཕན་གདུགས་རྒྱལ་མཚན་ལ་སོགས་པའི་རྒྱན་སྣ་ཚོགས་ཀུན་ཏུ་འཁྲིགས་པ། འདོད་ཡོན་མ་སྤང་རྒྱན་དུ་ཤར་བས། འདོད་སྣམ་ལ་མཆོད་པའི་ལྷ་མོ་མང་པོས་མཆོད་རྫས་ཐོགས་པས་སྤྲིན་ཕུང་བཞིན་གཏིབ་པ། དེ་ཡང་ཕྱི་ནང་ཀུན ་ཏུ་མི་སྒྲིབ་པར་ཟང་ཐལ་དུ་གསལ་བ། ཆོས་དབྱིངས་ཡེ་ཤེས་མཐར་ཐུག་པ་མེད་པའི་བརྡར་དབུས་ཕྱུར་བུའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་ཤིང་བལྟར་མི་མངོན་པ། གཞན་ཡང་སྒོ་རྒྱན་དང་དྲིལ་བུ་དར་དཔྱང་ལྗོན་ཤིང་སོགས་རྒྱན་ཐམས་ཅད་ཀྱིས་མཛེས་པ། ཕྱིའི་འཁོར་ཡུག་གི་མཐར་པདྨ་དུར་ཁྲོད་རྡོ་རྭ་མེ་དཔུང་གི་ཕྱི་ཡི་སྲུང་འཁོར་མིན། མཆན། འཁོར་ཡུག་དང་བཅས་བསྐོར་བ་རྣམས་སོ། །ཁྲོ་བོའི་ཁྱད་པར་ལ་རཀྟའི་རྒྱ་མཚོ། ཞིང་ཆེན་གྱི་སུ་གཞི། ཀེང་རུས་ཀྱི་རི་རབ། ཡེ་ཤེས་ཀྱི་མེ་དཔུང་གི་ཀློང་ན་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། གསེར་ཁྱམས་ཁྲག་ཁྱམས་གང་རིགས་དང་། ཐོད་པ་སྐམ་རློན་རྙིད་གསུམ་གྱི་རྩིག་པ་ལ། གནམ་ལྕགས་ཀྱི་གཟེར་བུས་བཏབ་ཅིང་། རཀྟས་སྤྱིན་ཐབས་སུ་སྦྱར་བ། རྩིག་སྟོང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱར་བ་ལས་རྒྱུ་མ་དང་སྙིང་གི་མགུལ་འཁོར་དང་། བྲེ་ཕུལ་གྱི་རྣམ་བུར་སྦྲུལ་དང་ཐོད་ཕྲེང་གི་དྲྭ་བ་དང་དྲྭ་ཕྱེད། རྐང་ལག་གི་ཤར་བུ། སྒལ་རྩིབ་ཀྱི་མདའ་ཡབ། རུས་སྦལ་གྱི་མ་ཐེམ། ཆུ་སྲིན་གྱི་ཡ་ཐེམ། སྦྲུལ་ནག་གི་སྐྱེས་བུ་སྟེ་སྒོ་ཡི་གཡས་གཡོན་གྱི་རུ་ཤིང་། ཞིང་གི་སྒོ་གླེགས། རྟ་བབས་རྩེར་ཆོས་འཁོར་གཡས་གཡོན་དུ་ཆུ་སྲིན་གྱི་ཕྲུ་གུ་དང་། སྟེང་ན་ཞིང་གདུགས་དང་། ཞིང་ལྤགས་ཀྱི་ཐོག་ཕུབ། ཉི་ཟླའི་མཐོང་སྐར་དང་བཅས་པའི་དབུས་ཕྱུར་བུ་ལྷ་ཆེན་པོའི་ཐོད་པ་སྦུབས་པའི་སྟེང་ན་ཙིཏྟའི་ཏོག་གིས་མཛེས་པ་ལ་སོགས་པའོ། །གཞལ་ཡས་ཁང་གི་དབུས་དང་ཕྱོགས་མཚམས་ཀྱི་ལྷ་གནས་རྣམས་སུ་གདན་གྱི་ཁྱད་པར་ཡང་། གདུལ་བྱའི་རེ་འདོད་སྐོང་བའི་བརྡར། མི་འཇིགས་པ་སེང་གེ་དང་། སྟོབས་གླང་ཆེན་སོགས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་འཁོར་བའི་སྐྱོན་གྱིས་མ་གོས་པའི་རིན་པོ་ཆེའི་པདྨ་དང་། ཟེའུ་འབྲུ་ཁེབ་པའི་ཐབས་ཤེས་ཉི་ཟླ་ལ་སོགས་སྐབས་ཐོབ་ལྟར་དང་། ཁྲོ་བོ་ལ་བྱོལ་སོང་རུ་ཏྲ་བམ་རོ་པད་ཟླ་ཉི་མ་སོགས་སོ་སོར་གཞུང་ཚིག་གི་བསྟན་དོན་ལྟར་གོང་འོས་སུ་བསྐྱེད་དོ། ༈ །གཉིས་པ་བརྟེན་པ་ལྟ་བསྐྱེད་པ་ནི། དགོངས་འདུས་ལས། གཞལ་ཡས་ཁང་ནི་ཕྱི་ནས་རིམ་པས་བསྐྱེད་ལ། ལྷ་རྣམས་ནི་ནང་ནས་རིམ་པས་བསྐྱེད་དོ། །ཞེས་གསུངས་པ་ལྟར། སྔར་གྱི་རྒྱུ་ཡི་གེ་དེ་དབུས་ཀྱི་གདན་ལ་བབས་པས། དེ་ཡོངས་སུ་གྱུར་པ་ལས་སམ། ཡང་ན་གཙོ་བོའི་གཡས་པའི་ཕྱག་མཚན་ལ་ཐུགས་སྲོག་གི་ཡི་གེས་མཚན་པར་གྱུར་ནས། འོད་ཟེར་འཕྲོ་འདུ་དོན་གཉིས་བྱས། །ཚུར་འདུས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་ཡི་སྐུ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བ་སོགས། ཆོ་ག་རང་རང་གི་བསྐྱེད་ཚིག་དང་མཐུན་པར་གཙོ་འཁོར་ཡོངས་རྫོགས་རིམ་བཞིན་དུ་བསྐྱེད་པར་བྱའོ། །གནས་གསུམ་བྱིན་གྱི་རླབས་པ་ནི། དེ་ལྟར་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོའི་དུང་ཁང་ན་འཁོར་ལོ་དཀར་པོའི་གདན་ལ་ༀ་དཀར་པོ་། མགྲིན་པའི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་ཀྱི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་སྙིང་གི་མདུན་དུ་ཉི་མ་ལ་ཧཱུཾ་མཐིང་ག་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གསལ་བས་རྒྱས་གདབ་བོ། །ཡང་སྐབས་འགར་འབྲུ་གསུམ་པོ་དེ་ལས་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་དང་བཅས་པ་ལོངས་སྐུའི་ཆས་ཅན་གྱིས་རྒྱས་གདབ་པར་མོས་ཏེ། སྔགས་རྒྱ་གནས་སོ་སོར་འཇོག་ཅིང་རྡོ་རྗེ་གསུམ་གྱི་ང་རྒྱལ་བྱ་བ་ཡང་འབྱུང་ངོ་། །དེ་ནས་དབང་བསྐུར་བ་ནི། རང་གི་སྙིང་གིའི་སུ་བོན་ནམ། །ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་ཡི་གནས་ནས་བདེ་བར་གཤེགས་པ་ཐམས་ཅད་དབང་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད་པས། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས། ཉོན་མོངས་པ་ལྔའི་དྲི་མ་དག་ནས། ཆུ་ལུད་པ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས། རང་རིགས་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱི་དབུ་རྒྱན། ཕུང་པོ་ལྔ་དག་པས་རིགས་ལྔའི་སངས་རྒྱས་ང་རྒྱལ་བྱ། རིགས་ལྔའི་དབང་རྒྱ་གནས་སོ་སོར་འཇོག་ཅིང་དབང་སྔགས་བརྗོད་པའོ། །སྐབས་མགར། དེ་ནས་གནས་གསུམ་བྱིན་གྱིས་རླབས་པ་དང་། ཡང་དབང་བསྐུར་བ་མི་དགོས་པ་སོགས་ཡོད་པས་རང་གཞུང་དང་འབྱོར་པ་དགོས་སོ། །གསུམ་པ་སྤྱན་འདྲེན་པ་ནི། དེ་ལྟར་རང་གི་སྙིང་གའི་ཧཱུྃ་ཡིག་ལས་འོད་ཟེར་དམར་པོ་རྩེ་མོ་ནང་དུ་ཅུང་ཟད་གུག་པ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས། མཁའ་ཁྱབ་ཀྱི་ཞིང་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་སྲུང་མ་དང་བཅས་པ། ཆོས་སྐུ་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་བཞུགས་པ་དེ་དག་གི་ཐུགས་རྒྱུད་བསྐུལ་བས། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། ཐུགས་རྗེའི་དབང་གིས་གཟུགས་སྐུའི་རོལ་པར་བཞེངས་ནས་འབྱོན་མ་རག་པར་བསམ་པར་ནི། སྙན་གསན་དབབ་པ་སྟེ། དཔེར་ན་འཇིག་རྟེན་ན་རྒྱལ་པོ་སྤྱན་དྲངས་པའི་ཐོག་མར་སྙན་གསན་འབེབ་དགོས་པ་བཞིན། དམ་ཚིག་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུར་གནས་སུ་བྱ་བའི་ཆེད་དུ་སྲི་ཞུ་གུས་པའི་སྒོ་ནས་ཚུལ་མཐུན་པའོ། །དེ་ཡང་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་ཞུགས་ཤིང་མི་ཕྱེད་པའི་དད་པ་དང་ལྡན་པས་ན། རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་རང་བཞིན་གྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། མོས་ཤིང་བསྐྱེད་པའི་གནས་སུ་སྐད་ཅིག་གིས་འབྱོན་པར་འགྱུར་བ་ཆོས་ཉིད་ཡིན་པས། མོས་གུས་གྱིས་གདུང་བ་བསྐྱེད་ཅིང་སྤོས་བཏུལ་དབྱངས་རོལ་དང་བཅས་པས་སྤྱན་འདྲེན་གྱི་ཚིག་རྣམས་སྙན་པར་བརྗོད་པས། རྟེན་གཞལ་ཡས་ཁང་སྲུང་བའི་གུར་ཁང་དང་བཅས་ཏེ། བརྟེན་པ་ཞི་ཁྲོའི་ལྷ་ཚོགས་གང་ཡིན་ཀྱང་། བདག་དམ་ཚིག་པའི་དཀྱིལ་འཁོར་བསྐྱེད་པའི་སྣ་ཚོགས་དང་འདྲ་བ། ཡེ་ཤེས་སྒྱུ་མའི་རྣམ་རོལ་ཁ་བ་བུ་ཡུག་འཚུབས་པ་ལྟར་དཔག་ཏུ་མེད་པ་བྱོན་ནས་མཁྱེན་བརྩེ་ནུས་པའི་གཟི་བྱིན་གྱི་ཕུང་པོ་དམ་ཚིག་པའི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་མེ་རི་འདབ་འབྱར་ཙམ་དུ་སྤྲིན་འཁྲིགས་པ་ལྟར་བསམ་མོ། །ཡང་སྐབས་འགར་རང་དམ་ཚིག་པའི་ཐུགས་ཀ་ནས་ཕྱག་རྒྱ་ལྷ་མོ་བཞི་སྤྲོས་ཏེ། ལྕགས་ཀྱུ་མས་ཐུགས་དམ་བསྐུལ། ཞགས་པ་མས་སྤྱན་དྲངས། ལྕགས་སྒྲོག་མས་གནས་ནས་བསྐྱོད། དྲིལ་བུ་མས་དགྱེས་པར་བསྐྱེད་དེ་མདུན་མཁར་སྤྱན་འདྲེན་པར་ཡང་གསུངས་སོ། །བཞུགས་སུ་གསོལ་བ་ནི། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་ཐམས་ཅད་བདག་དམ་ཚིག་པའི་དཀྱིལ་འཁོར་ལ་དབྱེར་མེད་དུ་བཞུགས་པར་གསོལ་བ་བཏབ་པས། དགྱེས་ཤིང་བརྩེ་བས་མཚོ་ལ་ཁ་བ་བབས་པ་ལྟར་དུ་རང་ལ་ཐིམ་པས་དམ་ཡེ་དབྱེར་མེད་དུ་གྱུར་པ་བསམ་མོ། །ཡང་ཞལ་ལུང་ལས། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡེ་ནས་དག་པ་ལྷའི་དཀྱིལ་འཁོར་དུ་གྲུབ་པ་ནི་དམ་ཚིག་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་ནས་དབྱེར་མེད་པ་ནི་དམ་ཡེ་གཉིས་མེད་དུ་བྱས་པའི་དོན་ནོ། །ཞེས་དང་། གང་ལྟར་གང་། དམ་ཡེ་གདོད་ནས་དབྱེར་མེད་པ་གསལ་འདེབས་པའི་ཕྱིར་སྤྱན་འདྲེན་པ་སོགས་ཡིན་གྱི། གཅིག་ལ་གཅིག་བཅུག་པ་ལྟ་བུ་ནི་མིན་པར་ཤེས་དགོས་སོ་ཞེས་འཇིགས་མེད་གླིང་པས་གསུངས་ཤིང་། རྩེ་ལེས་ཀྱང་། དེ་ནས་སྤྱན་འདྲེན་པ་སོགས་ཕྱི་རོལ་ནས་མི་གཅིག་པ་ཞིག་སྤྱན་དྲངས་ནས་འབྱོན་རུ་ཡོད་པ་ལྟ་བུ་མ་ཡིན་ཏེ། མ་དག་པའི་འཁྲུལ་སྣང་སྦྱང་ཕྱིར་ལྷ་སོ་སོའི་མཚན་དང་བཞུགས་གནས་སོགས་ཐ་དད་ནས་སྤྱན་དྲངས་བའི་ཚིག་ངག་ནས་བརྗོད་ཀྱང་དོན་དུ་རང་རིགས་བྱང་ཆུབ་སེམས་ཀྱི་རོལ་པའི་ཆོ་འཕྲུལ་སྣང་སྲིད་ཀུན་ལ་མ་ཁྱབ་པ་མེད་པའི་ཕྱིར། རང་གཤིས་རིག་པའི་དམ་ཚིག་ཡེ་ཤེས་སུ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དུ་སྤྱན་དྲངས། ཞེས་གསུངས་པ་ལྟར་རོ། །ཡེ་ནས་དམ་ཡེ་དབྱེར་མེད་པའི་རང་བཞིན་མ་རྟོག་པའི་ངོར་གསལ་འདེབས་པའི་ཕྱིར། ཀུན་རྫོབ་སྒྱུ་མ་ལྟ་བུའི་སྣང་ཚུལ་མ་འགག་པའི་ངོར་བརྡ་ཙམ་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ་ཡིན་ནོ། །སྐབས་འདིར་ཛཿཧཱུྃཿབཾཿཧོ་ཞེས་འབྱུང་བ་ནི། ཛཿས་དམ་ཚིག་པ་ལ་ཡེ་ཤེས་པ་བཀུགས་པ་དང་། ཧཱུྃ ཿགིས་དབྱེར་མེད་དུ་བསྟིམ་པ་དང་། བཾཿགྱི་འདོད་པ་མ་གྲུབ་ཀྱི་བར་དུ་མི་གཤེགས་པར་བཅིང་བ་དང་། ཧོཿས་དགྱེས་བཞིན་དུ་བཞུགས་པར་བསམ་ལ་དམ་ཡེ་དབྱེར་མེད་དུ་བསྲེ་ལ་བརྟན་པར་བྱའོ། །བཞི་པ་ཕྱག་འཚལ་བ་ནི། དོན་དམ་པར་ལྷ་དང་རང་སེམས་དབྱེར་མེད་དུ་ཤེས་པ་ནི་ལྟ་བ་མཇལ་བའི་ཕྱག་སྟེ། དོན་གྱིས་ཕྱག་འཚལ་བ་ཡིན་ལ། བརྡའ་ཙམ་དུ་ལྷ་རྣམས་ཀྱི་ཡོན་ཏན་དྲན་པས་གུས་པའི་ཡིད་ཀྱིས་ཕྱག་མཆོད་སོགས་བྱ་བ་ནི། འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་འདོད་ཡོན་ལ་རྩེ་ཞིང་རོལ་པ་བཞིན་དུ། བདག་ཉིད་གཙོ་བོའི་ཐུགས་ཀ་ནས་རིག་པའི་ལྷ་མོ་བཞི་ཐོན་པས། སྒོ་བཞི་ནས། ཨ་ཏི་པུ་ཧོ༔ ཞེས་བྱས་པས། དཀྱིལ་འཁོར་པས་པྲ་ཏི་ཛ་ཧོཿཞེས་ཕྱག་ལན་གནང་བར་བསམ་ཞིང་། སླར་རང་གི་ཐུགས་ཀར་བསྡུའོ། །ཡང་མདུན་བསྐྱེད་ཡོད་ཚེ། བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞི་བྱུང་བས་མདུན་བསྐྱེད་ལ་ཕྱག་བྱ་ཞིང་། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་དེ་ལྟར་ལྷ་མོ་བཞི་བྱུང་བས་ཕྱག་ལན་མཛད་པར་བསམ་ལ། མཐར་རང་རང་གི་ཐུགས་ཀར་བསྡུའོ། །ཞེས་འཇིགས་གླིང་གསུངས་སོ། །ཡང་ན་ཕྱག་ནི་ལུས་ངག་ཡིད་གསུམ་གུས་པས་འདུད་པ་ཙམ་ཡིན་པས་འཚལ་མཁན་དང་འཚལ་ཡུལ་དམིགས་བསལ་ཐ་དད་མི་དགོས་ཞེས་དཔལ་སྤྲུལ་གསུངས་སོ། །མཆོད་པ་ལ་ཕྱི་ནང་ཐུན་མོང་གི་མཆོད་པ་ནི། རང་གི་ཐུགས་ཀ་ནས་གཟུགས་རྡོ་རྗེ་མ་ལ་སོགས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲུལ་ནས། དེ་དག་གི་ལག་ན་ཉེར་སྤྱོད་བདུན་འདོད་ཡོན་ལྔ་སོགས་མཆོད་རྫས་དཔག་ཏུ་མེད་ལ་ཐོགས་ཤིང་། གླུ་དབྱངས་རོལ་གར་དང་བཅས་ཏེ། མཆོད་པའི་ཟེག་མ་རེ་རེ་ལའང་འདོད་དགུའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་སྤྲོ་བས་ལྷ་རྣམས་ཀྱི་དགྱེས་པ་བསྐོང་བར་བསམ་ཞིང་། བྱེ་བྲག་ཏུ། ཡན་ལག་བརྒྱད་ལྡན་གྱི་མཆོད་ཡོན་ནི་ཞལ་དུ། དྭངས་བསིལ་ཡིད་འོང་གི་ཆུ་ནི་ཕྱག་ཞབས་བསིལ་བྱེད་དུ། ལྷ་རྫས་མེ་ཏོག་གི་ཕྲེང་བ་སྤེལ་ལེགས་པ་ནི་དབུ་ུལ། ལྷན་སྐྱེས་དང་སྦྱར་བྱུང་དྲི་བཟང་པོའི་བདུག་སྤོས་ནི་ཤིང་ལ། རིན་པོ་ཆེ་དང་རྩི་མར་སོགས་ཀྱི་སྒྲོན་མེ་ནི་སྤྱན་ལ། ཙནྡན་དང་གུར་གུམ་སོགས་ཀྱི་དྲི་དང་ལྡན་པའི་སྨན་ཆབ་ནི་སྐུ་ལ། རོ་བརྒྱ་བཅུད་ལྡན་གྱི་ཞལ་ཟས་ནི་ལྗགས་ལ། འབུད་དཀྲོལ་བརྡུང་བ་སོགས་སྙན་འཇོམས་རོལ་མོའི་སྒྲ་དབྱངས་ནི་སྙན་གྱི་དབང་པོ་རྣམས་ལ་འབུལ་ཞིང་། མཐར་ལྷ་མོ་རྣམས་ཀྱང་གནས་དེ་དག་ཏུ་ཐིམ་པར་བསམ་མོ། །དེ་ཡང་འཇིགས་གླིང་གིས། དེ་ལྟར་མཆོད་བསྟོད་རྣམས་ལྷས་ལྷ་ལ་བགྱི་བ་ལྟ་བུ་ནི་ཤིན་ཏུའང་ཡིན་ཏེ། མ་དག་པའི་སྣོད་བཅུད་དག་པའི་སྣོད་བཅུད་དུ་སྦྱངས། དག་པའི་སྣོད་བཅུད་སྤྲུལ་པའི་བསྐྱེད་རིམ་དུ་བསྒྱུར་བ་ལ་མཆོད་པ་བྱེད་མཁན་རང་རྒྱུད་པ་ག་ན་ཡོད་ཅེས་གསུངས་སོ། །ཡང་ན་འདོད་སྣམ་ལ་འཁོད་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ་བ་ཡིན་ཞེས་དཔལ་སྤྲུལ་གསུངས་པས། གང་ལྟར་འདྲ་ནའང་། ཚུལ་དེ་དག་ཀྱང་ལྷན་ཅིག་ཏུ་བྱེད་པ་ལགས། ཡང་མདུན་བསྐྱེད་ལྟ་བུའི་ཚེ། མཆོད་པའི་ལྷ་མོ་རྣམས་ལྷ་ཚོགས་ཀུན་གྱི་གནས་སོ་སོར་ཐིམ་ཞིང་། སླར་ཡང་ཚུལ་བྱུང་ནས་སྐྱེས་ལན་གྱི་ཚུལ་དུ་རང་གི་གནས་སོ་སོར་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་མོ་ཞེས་རྒྱུད་ལས་གསུངས་སོ། །དེ་ཡང་མཆོད་པ་རྣམས་བཀོད་ལེགས་པ་ནི་བཤམས་པ་རྫས་ཀྱི་མཆོད་པ། དེ་ཉིད་ཀུན་བཟང་མཆོད་སྤྲིན་ལྟར་དམིགས་པ་ནི་ཏིང་ངེ་འཛིན་གྱི་མཆོད་པ། འབུལ་ཚིག་སྙན་པ་བརྗོད་པ་ནི་དབྱངས་ཀྱི་མཆོད་པ། ལུས་གུས་པས་ཕྱག་རྒྱ་པད་སྐོར་གྱིས་འབུལ་བ་ནི་བརྡ་སྤྲོད་པ་ཕྱག་རྒྱའི་མཆོད་པ། འབུལ་ཚིག་གི་སྔགས་ཨརྒྷཾ་སོགས་ནི་སྔགས་ཀྱི་མཆོད་པ་དང་ལྔའོ། །ཞེས་གསུངས་སོ། །རབ་ཀྱིས་ཅི་སྣང་ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོར་སྤྲོས་ཏེ་འབུལ་ལོ་ཞེས་ཏིང་སྤྲུལ་གསུངས་སོ། །ནང་མཆོད་ལ་སྨན་ནི། རྩ་བ་བརྒྱད་ལ་ཡན་ལག་སྟོང་རྩ་སྦྱར་བའི་དམ་རྫས་དེ་ནི། ཆོས་ཐམས་ཅད་བླང་དོར་མེད་པ་མཉམ་ཉིད་དུ་རྟོགས་པ་ལས་བྱུང་བས། གཉིས་འཛིན་རྣམ་རྟོག་གི་བདུད་སེལ་བའི་རྩི་སྟེ། གྲུབ་པ་བཞི་དང་། ཡིན་པ་གསུམ་གྱི་རང་བཞིན་བླ་ན་མེད་པའི་སྨན་ཆེན་པོ། མཐེ་སྲིན་ཉི་ཟླའི་གའུས་བཅུས་ཏེ་གཏོར་བས་བདུད་རྩིའི་ཟེག་མ་ལྷ་རྣམས་ཀྱི་ཞལ་དུ་ཐིམ་པས་བདེ་བ་ཆེན་པོའི་རོས་ཚིམ་པར་བསམ་ལ། སྤྱི་སྒོས་རྣམས་སུ་འབུལ་ཚུལ་ཤེས་པར་བྱ། མཐར་རང་གི་ལྕེར་རེག་སྟེ་གནས་གསུམ་དུ་ཆགས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །གཏོར་མཆོད་ནི། རིན་པོ་ཆེ་སོགས་ཀྱི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཟའ་བཅའ་སྣ་ཚོགས་པའི་གཏོར་མ་འདོད་དགུའི་ཕུང་པོ་སྤུང་བ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཡིན་པ་ལ། ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུ་དང་། རྡོ་རྗེ་རྩེ་གསུམ་པའི་རྣམ་པ་ལས་བྱུང་བའི་འོད་ཀྱི་སྦུ་གུས་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་བསམ་པ་དང་། གཏོར་མའི་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པས། ལྷ་ཚོགས་ཀྱི་དགྱེས་པ་བསྐྱེད་ནས་རང་ལ་ཐིམ་པར་བསམ་མོ། །དོན་ལ་ཡུལ་ལྔའི་བཟའ་བ་དང་རྣམ་ཤེས་ཀྱི་བཏུང་བ་ཐམས་ཅད་འོད་གསལ་གྱི་ཀློང་དུ་རོལ་པའོ། །རཀྟའི་མཆོད་པ་ནི། སྲིད་པའི་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་པ་རྣམས་ཁྲག་གི་རྣམ་པར་བསྡུས་པས། ཆགས་མེད་བདེ་བ་ཆེན་པོའི་ཀློང་དུ་ཕུལ་བས། གདུལ་དཀའི་འགྲོ་རྣམས་ཐུགས་རྗེས་སྒྲོལ་བའི་ཕྱིར་ལྷག་མེད་དུ་བཞེས་ནས་འཁོར་བ་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་བར་བསམ་མོ། །གསང་མཆོད་ལ། སྦྱོར་མཆོད་ནི། སྣང་བ་ཡུལ་ཅན་ཐབས་ཡབ་ཀྱི་རང་བཞིན། ཡུལ་སྟོང་པ་ཉིད་ཤེས་རབ་ཡུམ་གྱི་རང་བཞིན། དེ་གཉིས་ཟུང་འཇུག་དབྱེར་མི་ཕྱེད་པ་ནི་ཐམས་ཅད་ཡེ་སྦྱོར་ཆེན་པོ་ཡིན་ལ། དེ་ལྟར་མཉམ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་རོས་དཀྱིལ་ཐམས་ཅད་ཚིམ་པར་བྱེད་པ་སྟེ། དེ་ཤེས་བྱེད་ཡབ་ཡུམ་ཞལ་སྦྱོར་རྣམས་རང་རང་སྙོམས་པར་འཇུག་པ་དང་། ལྷ་མོ་རྐྱང་པ་རྣམས་རིགས་བདག་གམ་ཡབ་སྦས་པའི་ཕྱག་རྒྱ་ཁ་ཊྭཱཾ་ཀ་བསྒྱུར་བ་དང་སྙོམ་པར་ཞུགས་པའི་ཞུ་བདེ་ཁྱད་པར་ཅན་ཡས་བབས་མས་བརྟན་རིམ་པར་རྫོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ལ་བློ་བཞག་ནས་ལྷ་ཐམས་ཅད་ཀྱིི་རྗེས་ཆ གས་དང་དབྱེར་མེད་པའི་ང་རྒྱལ་བྱེད་པའོ། །སྒྲོལ་མཆོད་ནི། བསྒྲལ་བྱ་བདག་ལྟའི་མཚན་ཉིད་ཅན་གྱི་གཟུང་བ་དང་འཛིན་པའི་རྣམ་རྟོག་ཡིན་ལ། དེས་འཁོར་བར་འཕེན་ཅིང་། གཉིས་མེད་ཀྱི་ཡེ་ཤེས་རྟོགས་པ་ལ། བར་དུ་གཅོད་པའི་དགྲ་ཡིན་པའི་ཕྱིར། དེ་གང་གིས་སྒྲོལ་ན་འཛིན་རྟོག་དང་བྲལ་བའི་ཡེ་ཤེས་ཀྱི་མཚོན་ཆས་རང་རྒྱུད་ཀྱི་གཉིས་འཛིན་ཞེན་རྟོག་དང་བཅས་པ་སྐྱེ་བ་མེད་པའི་དབྱིངས་སུ་སྒྲོལ་བ་ནི་ཐམས་ཅད་ཡེ་སྒྲོལ་ཆེན་པོའི་དོན་ཡིན་ལགས། དེའི་ངང་ལས་ཞིང་བཅུས་བསྡུས་པའི་སེམས་ཅན་ལས་ངན་གྱི་རྒྱུ་བསགས་པ་རྣམས། དེའི་འབྲས་བུས་སྡུག་བསྔལ་བཟོད་པར་དཀའ་བ་ལས་སྒྲོལ་བའི་ཕྱིར། སྙིང་རྗེ་ཆེན་པོའི་ཀུན་ནས་བསླངས་ཏེ། བདག་དང་བསྒྲལ་བྱ་ངོ་བོ་བདེན་པར་མ་གྲུབ་པའི་སྒྱུ་མ་དང་མིག་ཡོར་ལྟར་རྟོགས་པའི་སྒོ་ནས་བསྒྲལ་ཞིང་། རྟོག་ཚོགས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དག་པས་འཁོར་འདས་མཉམ་ཉིད་ཀྱི་ཀློང་དུ་རོ་གཅིག་པར་བསམ་མོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་མ་ནས་འཁོར་འདས་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པས། འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོའི་དོན་ལ་དྲན་པ་ཉེ་བར་འཇོག་པའོ། །བསྟོད་པ་ནི། རྡོ་རྗེ་གླུ་དབྱངས་ཀྱི་མཆོད་པ་སྟེ། རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས། དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ། སྐུ་གསུམ་ཡེ་ཤེས་ལྔ་ལྡན་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས། གཟུགས་སྐུ་རྣམ་རོལ་གྱི་བརྡ་རྟགས་དང་། སྤངས་རྟོགས་ཕུན་སུམ་ཚོགས་པའི་བདག་ཉིད་སྟོབས་སོགས་ཡོན་ཏན་རྒྱ་མཚོའི་རྣམ་གྲངས་ལ་མོས་ཤིང་དད་པས་སྔགས་བརྗོད་ཀྱིས་བསྟོད་དབྱངས་སྒྲོགས་པར་བསམ་ཞིང་། བསྟོད་ཡུལ་དང་བསྟོད་མཁན་འདུ་འབྲལ་མེད་པར་ཤེས་པས་བསྟོད་པར་བྱའོ། །གཞན་ཡང་གཞལ་ཡས་ཁང་གི་འཁོར་ཡུག་གི་ཁྱམས་ལ། ཚངས་པ་དང་བརྒྱ་བྱིན་སོགས་ལྷ་ཆེན་པོ་རྣམས་ཀྱི་ཀྱང་དེ་ལྟར་བསྟོད་པར་བསམ་མོ། །བསྟོད་པ་འདི་རྣམས་དག་དྲན་པའི་དོན་ཡིན་པས། ལྷ་རང་མཚན་པ་མེད་པའི་དོན་ལ་ངེས་ཤེས་འདྲོངས་བར་བྱའོ། །ཞེས་འཇིགས་གླིང་གསུངས་སོ། །འདིའི་སྐབས་སོགས་སུ་གོ་རིམ་དང་དམིགས་བསལ་སྐོར་རྣམས་ལ་འདྲ་མིན་སྣ་ཚོགས་འབྱུང་ཡང་གང་ལྟར་འགལ་བ་མེད་དོ། །རྒོད་ཚང་པས། དམིགས་པ་གཅིག་བསྒོམས་ཚར་ནས་གཞན་བསྒོམ་ཐབས་མེད་པ་ལྟ་བུ་མ་ཡིན་ཞིང་། ཐམས་ཅད་སེམས་ཀྱི་རྣམ་རོལ་ཡིན་པ་ལ། འདི་དང་འདི་མི་འཁྲུགས་པར་འདུག་སྙམ་པ་ལྟ་བུའི་གུ་དོགས་བྱར་མི་རུང་བ་ནི་སྤྱི་ཡི་གནད་ཆེ་ཤོས་ཡིན་ཞེས་གསུངས་ཤིང་། འཇིགས་གླིང་གིས་ཀྱང་། དེས་ན་ཨ་འཐས་ཀྱི་མཚན་མར་གོལ་ནས་ཐུགས་རེག་ཕོག་གི་དོགས་པ་དང་། དེ་དང་དེ་མཉམ་པོར་མི་འཁྲུགས་སྙམ་པ་དང་། གཅིག་ཟིན་ནས་འཇོག་པ་ལྟ་བུའི་ཐེ་ཚོམ་རྣམས་མི་དགོས་པར་གསུངས་སོ། ལྔ་པ་དམིགས་པའི་གཙོ་བོ་ལྷ་ཡི་སྣང་ཞེན་ལ་བསླབ་པ་ལ། རྣམ་པར་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་དང་གསུམ་མོ། །དེ་ལས་སྔ་མ་ནི། བསྐྱེད་རིམ་གྱི་ཁྲིད་དངོས་ཡིན་ལ། ཕྱི་མ་གཉིས་ནི། འགལ་རྐྱེན་སྤོང་ཞིང་མཐུན་རྐྱེན་སྒྲུབ་པའི་སྒོ་ནས་ཡན་ལག་ལྟ་བུར་ཤེས་དགོས་སོ། །ཞེས་དགེ་སྤྲུལ་གསུངས་སོ། །དེ་ལ་དང་པོ་རྣམ་པ་གསལ་བ་ནི། སྤྱིར་སྨིན་སློབ་ཀྱི་དབང་དུ་བྱས་ན། བཟོ་བོ་མཁས་པས་བྱས་པའི་བྲིས་སྐུ་མཚན་ཉིད་དང་ལྡན་པའི་མདུན་དུ་མཆོད་པ་བཤམ། སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པ་བཏང་། དེ་ནས་བླ་མ་དགོངས་འདུས་ལས་གསུངས་པ་ལྟར། རང་གི་སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་སྐྱབས་གནས་ཀུན་འདུས་སུ་གསལ་བ་ལ་མོས་གུས་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱི་རླབས་ཏུ་གསོལ། ཁྱད་པར་དུ་ཡང་བསྐྱེད་པའི་རིམ་པ་ཏིང་ངེ་འཛིན་ཡང་དག་པ་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་རླབས་ཏུ་གསོལ། །ཞེས་གསོལ་བ་དྲན་ཏུ་བཏབ། བླ་མ་དགྱེས་ཤིང་འཛུམ་པའི་དམངས་ཀྱིས་འོད་དམར་པོར་ཞུ་སྟེ་རང་གི་སྤྱི་གཙུག་ནས་ཐིམ་པར་མོས་ལ། ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་ལ་དར་ཅིག་ངལ་གསོ། དེ་ནས་མདུན་གྱི་ཐང་སྐུ་ལ་བལྟ། ཡང་མིག་བཙུམ་ལ་དེའི་ཐད་ཀར་དེ་འདྲ་བ་ཞིག་ཨེ་གསལ་བ་བལྟ་བ་རེས་མོས་བྱ། མིག་བཙུམ་ཀྱང་དེ་འདྲ་ལམ་ཙམ་གསལ་ནས་རང་གི་ལུས་ལ་སྤོས་ཏེ་བསྒོམ་པ་རྣམས་རེས་མོས་ཀྱིས་འབད། གོམས་ནས་ཆེ་ཆུང་མང་ཉུང་གཙོ་འཁོར་ལ་རྩལ་སྦྱངས། དེ་ལྟར་སྐུ་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་གསལ་འདེབས་པའམ། ཡང་ན་སྐུ་དང་རྒྱན་གྱི་ཆ་ཤས་རེ་རེ་ནས་རིམ་པ་གསལ་བ་རེས་མོས་སུ་སློབ། གང་ལྟར་ཡང་ཐོག་མར་གཙོ་བོ་ཁོ་ན་ལ་སེམས་བཟུང་སྟེ། དེ་ཡང་དབུ་རྒྱན་གྱི་རེ་ནས་པདྨའི་གདན་གྱི་བར་སྐུ་མདོག་ཞལ་ཕྱག་རྒྱན་དང་ན་བཟའ། སྤྱན་གྱི་དཀར་ནག །ཕྱག་ཞབས་ཀྱི་རི་མོ། མཚན་དཔེའི་རྣམ་འགྱུར། འོད་ཟེར་གྱི་འཕྲོ་འདུ་སོགས་ཆ་ཕྲ་མོ་ནས་གསལ་ཆ་བཏོན་ཏེ། དེ་ཡང་རས་བྲིས་ལྟ་བུ་ལེབ་ལེབ་པོ་དང་ལྡེར་སོ་ལྟ་བུའི་གདོས་བཅས་ཀྱི་བེམ་པོ་ལྟར་དང་། འཇའ་ཚོན་ལྟ་བུའི་སེམས་མེད་རྣམས་མ་ཡིན་པར། མདུན་རྒྱབ་གཡས་གཡོན། དཀུ་སྐབས་ཕྲ་སྦོམ་སོགས་སྐབས་ཕྱེ་བ་ལ། ནང་ཁྲོལ་གདོས་བཅས་སོགས་སྤངས་པའི་དྭངས་མ་འོད་ཀྱི་ལུས། མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་དང་ལྡན་པས་ལྷ་དངོས་སུ་བྱོན་པ་ལྟ་བུ་ཞིག་ལ་བསླབ། དེ་ལ་སེམས་ཟིན་ནས་རིམ་བཞིན་འཁོར་དང་གཞལ་ཡས་དང་ཞིང་གི་བཀོད་པ་དང་སྲུང་བའི་འཁོར་ལོ་ཚུན་ཆད་ཀྱི་གསལ་སྣང་བཏོན་ཏེ། རེས་རྣམ་པ་སྤྱི་ལ་སེམས་བཟུང་། རེས་བྱེ་བྲགས་ལ་སེམས་བཟུང་བ་སྟེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཡིད་ངོར་བཀྲ་ལམ་གྱིས་འཆར་བ་ལ་སློབ་པ་ནི་རྣམ་པ་གསལ་བ་ཞེས་བྱ། དེ་ཡང་བསྐྱེད་རིམ་གྱི་དོན་པོ་ལྷ་ལ་སེམས་འཛིན་པའི་ཞི་གནས་སྒྲུབ་པའི་ཐབས་ཁྱད་པར་ཅན་པར་ཅན་ཡིན་པས། རྣམ་པ་གསལ་བ་ལ་རིག་པ་གཅུར་ནས་བསྒོམ་པ་གལ་ཆེ། དེ་ལ་གོམས་པས་ཉམས་ལྔ་པོ་རིམ་གྱིས་སྐྱེ་བ་ཡིན་ནོ། །སྐབས་འདིར་ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་སོགས་ཆོ་ག་རང་གཞུང་ལྟར་ཤེས་དགོས་ལ། སྤྱི་འགྲེས་ཀྱི་རྣམ་བཤད་འགའ་ཞིག་ནི། རྔམས་གློགས་ལས། དེ་ལྟར་སྐུ་མཆོག་རེ་རེ་ལ། །ཚུལ་དགུ་དག་དང་ལྡན་པ་སྟེ། །གཉེན་དང་ལྕུགས་དང་འཁྲུལ་བག་དང་། །ལྡེམ་བག་ཆགས་དང་གཞོན་ཚུལ་ཅན། །གསལ་དང་འཚེར་དང་ལྷུན་སྡུག་དང་། །གཟི་བྱིན་འབར་བར་རབ་ཏུ་གནས། །ཞེས་པ་ལྟར། ཞི་བ་ལ་ཚུལ་དགུ་སྟེ། ང་རྒྱལ་གནས་སུ་དག་པས་སྐུ་ཤ་མཉེན་༡པ། ཞེ་སྡང་དག་པས་དཀུ་སྐབས་ཕྱེད་ཅིང་མཚམས་པས་ལྕུགས་པ༢། འདོད་ཆགས་དག་པས་སྐུ་ལྷོད་པོར་མ་གྱུར་པས་བག་ཆགས་༣པ། ཕྲག་དོག་དག་པས་སྐུ་དྲངས་ཤིང་ལྡེམ་༤ པ། གཏི་མུག་དག་པས་སྐུར་གཞོན་ཤ་ཆགས་པ༥། མ་རིག་པ་སྤངས་པས་སྐུ་གཙང་ཞིང་གསལ་བ༦། ཡེ་ཤེས་རྒྱས་པས་བཀྲག་ཅིང་འཚེར་བ༧། མཚན་དཔེ་རྫོགས་པས་བརྗིད་ཅིང་ཡིད་དུ་འོང་བ་ལྷུན་སྡུག་པ༨། ཆེ་བའི་ཡོན་ཏན་གྱིས་ཐམས་ཅད་ཟིལ་གྱིས་གནོན་པས་གཟི་བྱིན་ཆེན་པོ་༩དང་ལྡན་པ་སྟེ། སྔ་མ་ལྔ་ངོ་བོའི་ཡོན་ཏན་དང་། ཕྱི་མ་བཞི་རྣམ་པའི་ཡོན་ཏན་ནོ། །དེ་ཡང་གསལ་ཞིང་དག་པའི་འོད་ཟེར་སྣ་ཚོགས་འཕྲོས་པའི་ཀློང་ན་བཞུགས་ཤིང་། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེམས་པའི་བརྡར་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལྔ་དང་། འདོད་ཡོན་མ་སྤང་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་བསྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་དེ། རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པའོ། །དེ་ལ་ཆས་གོས་ལྔ་ནི། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱིས་སྟོད་གཡོག །ཚིག་གུ་སྟེ་སྣ་ཚོགས་པས་སྨད་དཀྲིས། སེར་པོ་སྐུ་རགས་སམ་ཆོས་གོས། ལྗང་གུའི་གར་གྱི་ཕུ་དུང་། ཞེས་པ་སྟོད་ཁེབ་ལྟ་བུ་ལ་ཕུ་དུང་ཐུང་ངུ་ཡོད་པ། རིགས་ལྔའི་དབུ་རྒྱན་གྱི་འོག་ཏུ་དར་སྣ་ཚོགས་པས་ཅོད་པཎ་དང་། དར་མཐིང་ཁྲའི་ཅོད་པཎ་ལྟག་པ་ནས་ཕྱིར་འཕྱང་བའི་ཟིལ་ལྡིར་རྣམས་སོ། །འགའ་ཞིག་ཏུ་སྐུ་རགས་སམ་ཆོས་གོས་ཞེས་པ་དོར་ནས། ཅོད་པན་དང་། ཟིལ་ལྡིར་གཉིས་སོ་སོར་བགྲང་བར་སྣང་ངོ་། །རྒྱན་བརྒྱད་ནི། རིན་པོ་ཆེའི་དབུ་རྒྱན༡། སྙན་རྒྱན༢། མགུལ་རྒྱན༣། སྐ་རགས༤། ཕྱག་གདུབ༥། ཞབས་གདུབ༦། དོ་ཤལ་ཞེས་པ་རིན་པོ་ཆེའི་ཕྲེང་བ་ལྟེ་འོག་ཡན་འཁོར་བ༧། སེ་མོ་དོ་ཞེས་པ་ནུ་མའི་བར་སླེབ་པའི་དོ་ཤལ་ཐུང་བ༨་རྣམས་སོ། །ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་བྱེད། དབུ་རྒྱན། དོ་ཤལ། གདུ་བུ། སྙན་ཆ། དཔུང་རྒྱན། སེ་མོ་དོ། མེ་ཏོག་གི་ཕྲེང་བ་སྟེ་རིན་པོ་ཆེའི་རྒྱན་བདུན་ནོ། །ཁྲོ་བོ་ལ་གར་གྱི་ཉམས་དགུ་སྟེ། གལ་པོ་ལས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཚུལ་གྱིས་བསྒྱིངས་བའོ། །ཞེས་པས། ཆག་ཉམས་ཀྱིས་སྒེག་པ། ཁྲོ་ཉམས་ཀྱིས་དཔའ་བ། རྨོངས་ཉམས་ཀྱིས་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། ཧ་ཧ་དང་ཧི་ཧི་སོགས་བཞད་པའི་གད་མོ་འབྱིན་པས་དགོད་པ། ཟུངས་ཤིག་དང་རྒྱོབ་ཅིག་ལ་སོགས་འཇིགས་པའི་ང་རོ་སྒྲོགས་པས་གཤེ་བ། དེ་དག་ཀྱང་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་གདངས་དང་ལྡན་པས་དྲག་ཤུལ་ཏེ་གསུང་གི་ཉམས་གསུམ། རྨོང་པའི་འགྲོ་ཁམས་རྗེས་སུ་འཛིན་པའི་སྙིང་རྗེ། མ་རུང་པའི་སེམས་ཅན་ཁྲོ་བས་གདུལ་ཕྱིར་རྔམས་པ། ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པས་ཞི་བ་དང་ཐུགས་ཀྱི་ཉམས་གསུམ་སྟེ་གར་དགུ་དང་ལྡན་པའོ། །རྒྱན་ཆས་ཀྱི་རིམ་པ་ལ། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་དཔལ་ནི་གྱི་ཆས་བརྒྱད་ནི། རྒྱུད་ལས། དབུ་སྐྲ་གྱེན་བརྫིང་འཁོར་བ་རུ་བཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིགས་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་བཟློག་བྱེད་དཔའ་བོ་ལྕགས་ཀྱི་ཆས། །ཉོན་མོངས་བསྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་དང་། ཡང་ཁྱད་པར་ཅུང་ཟད་མི་འདྲ་བ་གཞན་ཡང་། རྟ་མགྲིན་ཁམས་གསུམ་རོལ་པའི་སྒོས་དབང་ལས། །དཔའ་བོ་ཏིང་འཛིན་སྣོན་པོ་སྟག་གི་ཆས། །རྣོ་གདུག་བཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་བའི་ཆས། །དབང་གི་བསེ་ཁྲབ་དམར་པོ་གཟི་བརྗིད་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་རྒྱན་གྱི་ཆས། །དབང་ཕྱུག་ཟ་བྱེད་ཏིང་འཛིན་མཆེ་བའི་ཆས། །རྡོ་རྗེའི་སླག་པ་མཐིང་ག་ལེ་བརྒན་ཆས། །སྡུད་བྱེད་གཅན་གཟན་གཏུམ་པ་གཟིག་གི་ཆས། །ཞེས་རྣམས་ཐར་བརྒྱད་དུ་གསུངས་སོ། །དུར་ཁྲོད་ཆས་བརྒྱད་ནི། བགོ་བའི་གོས་གསུམ་ནི། སྟོབས་བཅུས་གཏི་མུག་འཇོམས་པའི་བརྡར་གླང་ཆེན་གྱི་སྟོད་གཡོག །བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་ཞིང་ལྤགས་ཀྱི་སྐེད་ཆིངས། དཔལ་གཏུམ་དྲག་པོའི་ལས་ཀྱིས་ཞེ་སྡང་བཅོམ་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་དགྲོལ་བའོ། །གདགས་པའི་རྒྱན་གཉིས་ལས། སྦྲུལ་རྒྱན་ནི། ཀླུ་རྒྱལ་རིགས་དཀར་པོས་སྐྲ་ཆིངས། རྗེ་རིགས་སེར་པོས་སྙན་ཆ། བྲམ་ཟེའི་རིགས་དམར་པོས་སེ་མོ་དོ་དང་མགུལ་ཆུ། དམངས་རིགས་ལྗང་གུས་སྐུ་རགས་དང་དོ་ཤལ། གདོལ་པ་ནག་པོས་སྐུ་རགས་རྣམས་སོ། །ཐོད་རྒྱན་ནི། ཐོད་པ་རྐམ་པོ་ལྔའི་དབུ་རྒྱན། །འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ། །ཚལ་བུའི་དཔུང་རྒྱན་རྣམས་སོ། །བྱུག་པའི་རྩི་གསུམ་ནི། དཔྲལ་བར་ཐལ་ཆེན་གྱིི་ཚོམ་བུ། མཁུར་ཚོས་གཉིས་སྣ་ཡི་ཟོར་དང་འབུར་གསུམ་དུ་རཀྟའི་ཐིག་ལེ། ཡང་ན་མཁུར་ཚོས་དཔྲལ་ཉམས་བཞིར་རཀྟའི་ཐིག་ལེ་མགྲིན་པར་ཞག་གི་ཟོ་རིས་དང་གསུམ་མོ། །དེ་བརྒྱད་ཀྱི་ཁར། ཡེ་ཤེས་ཀྱི་མེ་དཔུང་དང་། རྡོ་རྗེའི་གཤོག་པ་གཉིས་བགྲང་བས་དཔལ་གྱི་ཆས་བཅུའོ། །སྙན་གོང་གཡས་གཡོན་ན་ཉི་ཟླའི་འོད་ཟེར་འཕྲོ་བ་ནི་གསལ་བའི་ཆས་གཉིས་སོ། །རུས་པའི་རྒྱན་དྲུག་ནི། མགུལ་རྒྱན་སྦྱིན་པ། གདུ་བུ་ཚུལ་ཁྲིམས། རྣ་ཆ་བཟོད་པ། སྤྱི་བོའི་འཁོར་ལོ་བརྩོན་འགྲུས་སོ། དེ་ཡང་འཁོར་ལོའི་རྩིབ་སྟོང་གི་དབུས་ན་ཐོར་ཚུགས་གྱེན་དུ་ཕྱུངས་པའོ། །སྐ་རགས་བསམ་གཏན། མཆོད་ཕྱིར་ཐོགས་ཞེས་པ་དོ་ཤལ་ནི་ཤེས་རབ་སྟེ་དྲུག་གོ། །རུས་པའི་ཕྱག་རྒྱ་ལྔ་ནི། དོ་ཤལ་ཕྲིན་ལས་ལྷག་མ་རྣམས་ཡེ་ཤེས་ལྔ་མཚོན་པའོ། །དྲག་པོའི་རྒྱན་ཆས་དེ་དག་ཀྱང་སྔོན་ཧེ་རུ་ཀས་རུ་ཏྲ་བསྒྲལ་ནས་དེའི་ཆས་རྣམས་རང་གིས་དཔའ་རྟགས་སུ་བཞེས་པ་སྟེ་ཆས་བརྒྱད་དོ། །སྤྱིར་ཞི་བ་ལ་ཁྲོ་བོའི་རྒྱན་རྣམས་མི་ཚུད་ལ། ཁྲོ་བོ་ལ་ཞི་བའི་རྒྱན་རྣམས་མ་བཀགས་པར་ཡང་གསུངས་ཤིང་། སྐུ་མདོག་དང་རྒྱན་ཆས་སོགས་ལ་འདྲ་མིན་ཅུང་ཟད་རེ་འབྱུང་ནའང་། ཐུགས་རྗེ་དང་མཛད་པ་ལ་ཕྱོགས་རིས་མེད་པས་གདུལ་བྱའི་ཇི་ལྟར་མོས་པ་བཞིན་སྣང་དུ་རུང་བ་ཡིན་པས། གང་ལྟར་ཡང་འགལ་བ་མེད་ཀྱང་། ཆོ་ག་རང་གཞུང་གི་སྐབས་ཐོབ་བཞིན་ཤེས་པ་གལ་ཆེའོ། །ཡང་ལྷ་བསྐྱེད་ཀྱི་སྐབས་འདིར། སྒྱུ་འཕྲུལ་ལྟར་ན་ཕྱག་རྒྱ་གཅིག་པའི་ལྷ་རེ་རེ་ལའང་། སྙིང་གར་ཡེ་ཤེས་སེམས་དཔའ་རང་འདྲ་རྒྱན་མེད་དབུ་རྒྱན་གྱི་ལྷ་རིགས་ལྔ་དང་། གནས་གསུམ་དུ་བྱིན་རླབས་ཀྱི་ལྷ་ལོངས་སྐུའི་ཆས་ཅན་གསུམ་དང་ལྷག་པའི་ལྷ་དགུ། རྩ་ལྷ་དང་བཅུའོ། །ཡང་ན་དབུ་རྒྱན་རིགས་བདག་གཅིག་གིས་བསྡུས་པའི་ཕྱིར་གཅིག་ཏུ་རྩིས་པས་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པའི་ལྷ་སྐུ་ཞེས་གསུངས་སོ། །ཆོ་ག་སྤྱི་ལྟར་ན། བདག་གི་དེ་ཁོ་ན་ཉིད་བདག་བསྐྱེད་ལྷའི་དེ་ཁོ་ན་ཉིད་མདུན་བསྐྱེད་སྤྱན་འདྲེན་བཞུགས་གསོལ་སོགས། གསང་སྔགས་ཀྱི་དེ་ཁོ་ན་ཉིད། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད། འཕྲོ་འདུའི་དེ་ཁོ་ན་ཉིད་དང་ལྔ་ལ་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པ་ཞེས་གསུངས་སོ། །དེ་ཡང་གཙོ་བོར་གཤིས་མ་བཅོས་པའི་གདངས་ཀྱི་སྣང་ཆ་ལྷའི་སྐུ་ལམ་མེར་འཆར་བ་ནི་གསལ་སྣང་མཚན་ཉིད་པ་ཡིན་པར་གསུངས་པས། གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་ཀྱང་། གཙོ་བོ་ཉིད་ཀྱི་འགགས་མེད་ཡེ་ཤེས་ཀྱི་སྒྱུ་འཕྲུལ་བདེ་གསལ་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ལས་བྱུང་བ་ཁོ་ན་ལས་གཞན་དུ་མ་གྱུར་ཅིང་། བསྐྱེད་པ་དེ་རྣམས་ཀྱང་དངས་བའི་མཁའ་ལ་འཇའ་ཚོན་ཤར་བའམ། དངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྣང་ལ་རང་བཞིན་མ་གྲུབ་ཅིང་། རྣམ་པ་ཐམས་ཅད་པར་འཆར་བའི་ཆོས་ཉིད་ཀྱི་རྟེན་ཅིང་འབྲེལ་འབྱུང་དྲན་བཞིན་པ་ལ་གནས་པ་གལ་ཆེ་ཞེས་གསུངས་སོ། །གཉིས་པ་ང་རྒྱལ་བརྟན་པ་ནི། བསྒོམ་བྱའི་ལྷ་དེ་དག་ཀྱང་ཡིད་ངོར་གསལ་བའི་དམིགས་རྟེན་ལྟ་བུ་ཙམ་མ་ཡིན་པར། བསྒོམ་བྱའི་ལྷར་དང་སྒོམ་མཁན་ཐ་དད་མེད་པར་ཡི་དམ་གྱི་ལྷ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་འཛིན་སྟངས་དང་མ་བྲལ་བ་ལ་བསླབ་པས་བར་ཆད་ཀྱིས་མི་ཚུགས་ཤིང་བདག་འཛིན་འཇིག་པའི་དགོས་པ་ཁྱད་པར་བ་ཡོད་པ་སྟེ། དགོངས་འདུས་ལས། ཀུན་བརྟགས་མཉམ་རྗེས་མེད་པ་ལ༔ ང་རྒྱལ་བརྟན་པ་གནད་ཆེ་ལ༔ དེ་ཡང་གསལ་རུང་མ་གསལ་རུང༔ ལྷ་རང་ཡིན་ནོ་སྙམ་བྱ་ཞིང༔ ཐ་མལ་སྣང་ཞེན་མེད་པར་བྱ༔ ཞེས་དང་། རྩེ་ལེས། སྣོད་བཅུད་གཟོད་ནས་དག་པའི་ལྷ་སྔགས་སུ། །ཡིན་ཚུལ་ཇི་བཞིན་ཤེས་པ་མེད་ཐབས་མེད། །ཅེས་དང་། སེམས་ཉིད་ངལ་གསོ་ལས། རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་ལ། །ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད། །ཐམས་ཅད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང་། །དམ་ཚིག་ཡེ་ཤེས་གཉིས་མེད་དགུགས་བཞུགས་མེད། །གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད། །ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལ། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན། །ཞེས་གསུངས་པ་ལྟར། སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་དང་། ཕྲ་བའི་ལུས་ངག་ཡིད་གསུམ་ཉིད། །སྦྱངས་འབྲས་རྒྱལ་བའི་སྐུ་གསུམ་དང་། །རྡོ་རྗེ་གསུམ་གྱི་རང་བཞིན་དུ། །ཡེ་ནས་གནས་པར་ཐག་བཅད་ནས། །གློ་བུར་གྱི་སྒྲིབ་པ་སྦྱང་བའི་ཕྱིར། སྦྱོང་བྱེད་ཏིང་འཛིན་གསུམ་དང་། གསལ་བ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར། སྣང་གྲགས་རིགས་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པས་རྒྱས་འདེབས་པ་ལ་ང་རྒྱལ་བརྟན་པ་ཞེས་བྱ་བར་གསུངས་སོ། །གསུམ་པ་རྣམ་དག་དྲན་པ་ནི། དེ་ལྟར་གསལ་བ་དེ་ཡང་དངོས་པོ་རང་མཚན་ཅན་དུ་བདེན་པར་མི་ཞེན་པར། དོན་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མདོག་དབྱིབས་ཞལ་ཕྱག་སོགས་ཀྱི་སྤྲོས་པ་མི་མངའ་ཡང་། སངས་རྒྱས་རང་སྣང་གི་ཡོན་ཏན་རྣམས་གདུལ་བྱའི་བློ་ངོར་མཚོན་བྱེད་ཀྱི་བརྡ་རྟགས་སུ། རྟེན་དང་བརྟེན་པའི་རྣམ་པ་སྣ་ཚོགས་པ་ཤར་བ་ཡིན་པས། དེ་ལ་རྟེན་གཞལ་ཡས་ཁང་གི་དག་པ་མདོ་ཙམ་ནི་སྔར་སྨོས་པ་ལྟར་དང་། བརྟེན་པ་ལྷའི་དག་པ་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་བརྡར་ཞལ་གཅིག །ཞལ་གསུམ་ནི་རྣམ་ཐར་གསུམ་མམ་སྐུ་གསུམ། ཕྱག་གཉིས་ཐབས་དང་ཤེས་རབ། ཕྱག་བཞི་ཚད་མེད་བཞི། ཕྱག་དྲུག་ཡེ་ཤེས་ལྔ་དང་རང་བྱུང་གི་ཡེ་ཤེས་དང་དྲུག་གམ། ཕར་ཕྱིན་དྲུག །ཞབས་བཞི་བསྡུ་དངོས་བཞི། ཞབས་གཉིས་ཚུལ་ཁྲིམས་དང་ཏིང་ངེ་འཛིན། སྐྱིལ་ཀྲུང་ནི་སྲིད་ཞི་མཉམ་ཉིད། བཞེངས་སྟབས་ནི་འགྲོ་དོན་ལ་གཡེལ་བ་མེད་པ། སྤྱན་གསུམ་ནི་དུས་གསུམ་གཟིགས་པ། མཆེ་བ་བཞི་ནི་སྐྱེ་བ་བཞི་རྩད་ནས་གཅོད་པ། ཡབ་ཡུམ་ནི་ཐབས་ཤེས་ཟུང་འཇུག །ཡུམ་དེ་ཡང་མཚན་མའི་རྟོག་པས་སྒྲིབ་གཡོག་དང་བྲལ་བའི་མཚོན་བྱེད་སྐུ་གཅེར་བུ། མི་འགྱུར་བའི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་དང་ལྡན་པ་མཚོན་བྱེད་བཅུ་དྲུག་ལོན་པའི་ན་ཚོད་ལ་བབས་པ། དབྱིངས་ལས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་མཚོན་བྱེད་དབུ་སྐྲ་གྲོལ་བ། ཞི་ལྷག་ཟུང་དུ་འཇུག་པ་ཤེས་བྱེད་མཁའ་གསང་མཉམ་པར་སྦྱོར་བ། སྐུ་མདོག་ཀྱང་། དཀར་པོ་ནི་སྐྱོན་གྱིས་མ་གོས་པ། སེར་པོ་ནི་ཡོན་ཏན་རྒྱས་པ། དམར་པོ་ནི་ཐུགས་རྗེ་ཆགས་པ། ལྗང་གུ་ནི་ལས་ཐོགས་མེད། ནག་པོ་ནི་ཆོས་ཉིད་མི་འགྱུར་བའོ། །ཕྱག་མཚན་ཀྱང་། ཡེ་ཤེས་ལྔ་མཚན་པའི་རྡོ་རྗེ་རྩེ་ལྔ་པ། ཉོན་མོངས་གཅོད་པའི་འཁོར་ལོ། ཡོན་ཏན་དགོས་འདོད་འབྱུང་བའི་རིན་པོ་ཆེ། སྐྱོན་གྱིས་མ་གོས་པདྨ། ཕྲིན་ལས་ཐོགས་མེད་སྣ་ཚོགས་རྡོ་རྗེ་རྒྱ་གྲམ། ཀུན་རྟོག་གཅོད་པ་གྲི་གུག །མི་རྟོག་ཡེ་ཤེས་བདེ་བ་སྐྱོང་བ་ཀ་པཱ་ལ། བདུད་བཞི་བཅོམ་པ་ཁྲག་གིས་གོང་བ། སྐྱེ་ཤི་རྩད་ནས་གཅོད་པར་རལ་གྲི། དུག་གསུམ་རྩད་གཅོད་ཁ་ཊྭཱྃ་ཀ་སོགས་སོ། །རྒྱན་ཆས་ཀྱི་དག་པ་མདོ་ཙམ་སྔར་སྨོས་པ་ལྟར་རོ། །དེ་ལྟར་རྟགས་བསྟོད་ལ་སོགས་ཀྱི་དོན་བཞིན། སྣང་སྲིད་ལྷ་ཡི་དཀྱིལ་འཁོར་སོ་སོར་དག་པ་ནི་ཆོས་ཅན་ལྷ་དང་ལྷ་མོའི་དག་པ་ཞེས་བྱ་བ་ལ། ལྷ་ཡབ་ཡུམ་མཉམ་སྦྱོར་གྱི་དམིགས་པ་གསལ་འདེབས་པའམ། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པའི་ཚེ། རྫོགས་རིམ་གྱི་ལུས་ལ་གནད་དུ་བསྣུན་པས་བདེ་ཆེན་ཆ་མཐུན་ཙམ་ཤར་བས་ཀྱང་བསྐྱེད་རིམ་ལ་རྒྱས་འདེབས་པ་སྟེ། གང་ལྟར་ཡང་རྗེས་ཆགས་བདེ་བ་ཆེན་པོ་ནས་རྩིས་ཟིན་པར་བྱེད་པ་ནི་རང་རིག་བདེ་ཆེན་གྱི་དག་པའོ། །སྣང་ཆ་སྒྱུ་མ་ལྟ་བུ་ལ་སྤྲོས་བྲལ་གྱི་ལྟ་བས་རྒྱས་བཏབ་པ་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དག་པའོ། །ལྷའི་རྣམ་པ་ཤར་ཙམ་ནས་དག་པ་དེ་དང་དེའི་ངོ་བོར་འདུ་ཤེས་པ་བཅོས་མིན་དུ་འབྱུང་ན་གོམས་ཤིང་ལོབ་པ་ཡིན་ནོ། །ཞེས་འཇམ་དབྱངས་མཁྱེན་བརྩེས་གསུངས་སོ། །དེ་ཡང་ལས་དང་པོ་པས་དེ་ཙམ་མི་ནུས་པས་ལྷའི་གསལ་སྣང་ཐེབས་ཙམ་གྱི་མཐར། དེ་དག་ཀྱང་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་མཚོན་པའི་བརྡ་རྟགས་སུ་ཤར་བ་ཡིན་ནོ་སྙམ་པའི་མོས་པ་ལ་གནས་པས་དག་དྲན་རྗེས་མཐུན་པར་འགྱུར་ཞིང་། ལྷ་རང་རྒྱུད་དུ་འཛིན་པ་གོམ་པ་ལས་ལྡོག་པ་ཡིན་ནོ། །མདོར་ན་གཟུགས་ཀྱི་སྐུར་སྣང་ཡང་། །ཆོས་ཀྱི་སྐུ་ཡི་རང་བཞིན་ལས་མ་འདས་པར་སྣང་སྟོང་སྒྱུ་མའི་རོལ་པར་རྩལ་སྦྱོང་བ་ལ་རྣམ་དག་དྲན་པ་ཞེས་བྱའོ། །དེ་དག་ཐམས་ཅད་ཀྱི་སྐབས་སུ་བསྐྱེད་རིམ་ལ་བརྟེན་ནས་ཐལ་མལ་གྱི་སྣང་ཞེན་སྦྱོང་བ་ལམ་བསྒོམ་པའི་དོན་འབྲས་ཡིན་པས། དེ་ལ་སྣང་བ་ནི་རང་གི་དབང་པོ་ལྔའི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་། ཡིད་ཡུལ་དུ་ཆོས་ཁམས་ཀྱི་རྣམ་པ་སྣང་བ་དེ་ཡིན་པས། དེ་སྦྱོང་བྱེད་དུ་རྣམ་པ་གསལ་བ་གསུངས་ཏེ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །སྒྲ་གྲགས་སྔགས་ཀྱི་རང་བཞིན་དུ་གསལ་ནས། །སེམས་ཡུལ་ལ་མི་འཕྲོ་བ་དེ་ཡིན། ཞེས་པ་ཞེས་པ་ལ། བདག་ཏུ་ཞེན་པ་དང་། དངོས་པོར་ཞེན་པ་གཉིས་ཡོད་པ་ལས། དང་པོ་བདག་ཏུ་ཞེན་པ་ནི། ཐོག་མ་མེད་པའི་དུས་ནས་ངའོ་སྙམ་པའི་ངར་འཛིན་འདི་ཡིན་པས། དེའི་གཉེན་པོ་ང་རྒྱལ་བརྟན་པ་གསུངས་ཏེ། ངའམ་ཐ་མལ་དུ་འཛིན་པ་དོར་ནས་ང་ཡིི་དམ་གྱི་ལྷ་ཡིན་ནོ་སྙམ་པའི་ངེས་ཤེས་བརྟན་པོ་བྱེད་པ་དེ་ཡིན། རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་འདི་གཉིས་ལས་ང་རྒྱལ་བརྟན་པ་འདི་གལ་ཆེ་སྟེ། རང་ངེས་པར་ལྷ་ཡིན་པའི་ངེས་ཤེས་མེད་ན་རྣམ་པ་གསལ་ཡང་རྒྱུད་ཐ་མལ་པ་ཡིན་པས་དོན་མེད། རང་ངེས་པར་ལྷ་ཡིན་པའི་ང་རྒྱལ་ཡོད་ན་བདག་འཛིན་འཇིགས་ཅིང་། རྣམ་པའང་ཤུགས་ཀྱི་གསལ་འོང་བ་ཡིན། དངོས་པོར་ཞེན་པ་ཞེས་པ་དེ། སྣོད་བཅུད་དུ་ཞེན་པས་བདེན་བདེན་རྟག་རྟག་ཏུ་ཞེན་པའི་ཨ་འཐས་ལ་ཆོས་ཀྱི་བདག་ཟེར་བ་དེ་ཡིན་པས། དེའི་གཉེན་པོ་རྣམ་དག་དྲན་པ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་རང་བཞིན་གཞལ་ཡས་ཁང་དང་། ལྷ་དང་ཞལ་ཕྱག་བརྡ་དང་རྟགས་ཀྱིས་རྣམ་པ་ཙམ་ཡིན་པས། དོན་ལ་བདེན་གྲུབ་ཏུ་འཛིན་པའི་ཞེན་པ་སྦྱོང་བ་ཡིན་པས། འདི་གསུམ་གལ་ཆེ་བས་རེ་མོས་ཚུལ་གྱིས་བློ་སྦྱོངས། འདི་རྣམས་མཚན་ཉིད་ཐེག་པ་ལྟར་སྣང་བའི་གཉེན་པོར་རྡུལ་ཕྲ་རབ་ཏུ་གསིལ་བ་སོགས་དང་། བདག་གི་གཉེན་པོར་བདག་མེད་བསྒོམ་པ་སོགས། སྤང་གཉེན་འགལ་བར་སྤྱོད་པ་མ་ཡིན་པར། གསང་སྔགས་ཐབས་མཁས་ཀྱི་ཁྱད་པར་གྱིས། དཔེར་ན་རྣ་བར་ཆུ་སོང་ན་སླར་ཆུ་བླུགས་ནས་འདོན་པ་དང་། མེས་ཚིག་པའི་ཟུག་རྔུ་སླར་མེ་ལ་བསྲོ་བ་ལྟར། འཁྲུལ་སྣང་གི་གཉེན་པོ་ལྷ་སྣང་དང་། བདག་ཏུ་ང་རྒྱལ་བའི་གཉེན་པོར་ལྷ་ཡི་ང་རྒྱལ་བསྐྱེད་པ་སོགས། རྣམ་རྟོག་གི་གཉེན་པོར་རྣམ་རྟོག་བསྒོམ་པས། མ་དག་པའི་རྣམ་རྟོག་མེད་པར་བྱེད་པ་སྔགས་ཀྱི་ཐབས་མཁས་ཡིན་པས། ཐབས་བསྐྱེད་པའི་རིམ་པ་ཟེར་དོན་ཡང་དེ་ཡིན་ནོ། །རྣམ་རྟོག་དང་ཉོན་མོངས་མི་སྤང་ཟེར་བ་ཡང་འདི་ལྟ་བུ་ལ་ཟེར་བ་ཡིན་གྱི། རང་བཞིན་ཐ་མལ་གྱི་རྣམ་རྟོག་དང་ཉོན་མོངས་མི་སྤང་བ་མིན་པར་ཤེས་དགོས་སོ། །དེ་ལྟར་བསྒོམ་པའི་ཚེ་ཤེས་པ་མི་གསལ་བ་དང་། བྱིང་ཞིང་འཐིབས་པ་དང་། བསྒོམ་སྙིང་མི་འདོད་པ་སོགས་བྱུང་ན་ཤེས་པ་ཧུར་བཏོན། བློའི་ཤོངས་ཡངས་བསྐྱེད། ལྷའི་རྣམ་པ་སྐུ་མདོག་ཕྱག་མཚན་ལྟ་བུའི་ཕྱོགས་སུ་ཤེས་པ་གུད་དུ་མི་གཅོད་པར། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དང་། འོད་དང་འོད་ཟེར་གྱི་རང་བཞིན་བཀྲ་ལམ་ལམ། གཡོ་འགུལ་ཤིག་ཤིག །སྒྲ་གྲགས་སྔགས་ཀྱི་རང་བཞིན་དུ་འུར་དི་རི་རི། དྲན་རྟོག་ཆོས་ཉིད་ཀྱི་རང་བཞིན་དུ་ཕྱ་ལ་ལ་བཏང་སྟེ། ཧཱུྃ་གླུ་ལེན་ཅིང་། ཤེས་པ་རྒྱ་བསྐྱེད། དཔང་བསྟོད། རྟོགས་ཚོགས་དུར་བུར་རྦུད་རྦུད་བཅད། །ཧ་ཅང་གནས་ན་མི་གནས་ན། །གསལ་ན་མི་གསལ་ན་སྙམ་པའི་གུ་དོགས་སྤངས་ཏེ་ཡངས་ཁྲོལ་ལེར་བསྒོམ། ཡང་ཤེས་ཧ་ཅང་རྒོད་པ་དང་འཕྲོ་བ་རྒྱ་འབྱམས་ན། བསྙེན་པ་སོགས་བཟླས་པ་ཅུང་ཟད་མཚམས་བཅད་ནས་རླུང་རོ་འབུད་ཤེས་ལྷོད་ཀྱིས་ཀློད་ནས་རང་ངོ་ཅེར་གྱིས་བལྟ། དེའི་ངང་ནས་ཐུགས་སྲོག་སུ་བོན་ལ་དམིགས་པ་གཅུར་ཏེ་སེམས་གཏད་ནས་བསྒོམ། ཧ་ཅང་དམིགས་པ་སོགས་ཨེ་གསལ་རེ་དོགས་ཆེ་བས་གུ་དོགས་དང་། གསལ་མ་གསལ་མེད་པར་ཁ་ཁྲལ་འཇལ་བ་ལྟ་བུའི་གུ་ཡངས་གཉིས་ཀ་མི་བྱ་བར་གུ་ཡངས་དོགས་ཚོད་ཟིན་པར་བྱ། སྐབས་སྐབས་སུ་དེ་ལྟར་ལྷ་བསྒོམ་པ་དང་། རྣམ་པ་གསལ་མི་གསལ་སོགས་ཀྱི་བྱེད་པ་པོ་ཁོ་རང་གི་ངོ་ལ་ཁ་ཚུལ་ལོག་ནས་བལྟ། དེ་ཡང་བལྟ་བྱ་ལྟོས་མཁན་ལ་སོགས་པའི་རྟོག་པ་ཕྲ་མོ་དེ་རྒྱ་ཁྲོལ་ལེར་བཏང་ནས། གང་ཡིན་དང་འདི་ཡིན་མེད་པའི་ཤེས་པ་ཧ་ཆད་དེ་བ་དེའི་ངང་སྐྱོངས། དེ་ལྟར་དགོངས་པ་མི་འགྱུར་བ་ཆོས་ཉིད་ཀྱི་གཟེར་དང་། ཏིང་ངེ་འཛིན་ལྷའི་གཟེར་གཉིས་རེས་མོས་དང་ཟུང་འཇུག་བློས་གང་ཆུན་བྱེད་ཅིང་། དེ་དག་ཀུན་གྱི་དུས་སུ་བཟླས་པ་སྔགས་ཀྱི་གཟེར་རྩ་བསྙེན་རྒྱུན་ཆད་མེད་པར་བཟླ། ཐུན་འཇོག་ཁ་དང་བསྙེན་མཚམས་གྲོལ་ག་རྣམས་སུ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་འོད་ཟེར་སྤྲོ་བསྡུ་སོགས་བསྙེན་ཡིག་རྣམས་ལས་བཤད་པ་ལྟར་བྱེད་པ་ནི། སྲོག་སྡོམ་གཟེར་བཞི་ཞེས་སྔ་འགྱུར་རྙིང་མའི་ཆོས་སྐད། ཨོ་རྒྱན་སངས་རྒྱས་གཉིས་པའི་མན་ངག་ཐུན་མོང་མ་ཡིན་པས་ཅིས་ཀྱང་གལ་ཆེ་ཞེས་དཔལ་སྤྲུལ་རིན་པོ་ཆེས་གསུངས་པ་ལྟར་ཏེ། རྒྱུད་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་པས། །དུར་ཁྲོད་འདྲེ་ངན་བསྒྲུབ་གྱུར་ཀྱང་། །མཆོག་དང་ཐུན་མོང་འབྲས་བུ་གང་། །མི་འདོད་རང་བྱུང་ལྷུན་གྲུབ་འབྱུང་། །དེ་ཉིད་མ་རྟོགས་ཨ་འཐས་བློས། །ཡེ་ཤེས་སེམས་དཔའ་བསྒྲུབ་གྱུར་ཀྱང་། །གནས་སྐབས་བདེ་འབྲས་ཕྲན་བུ་ལས། །ཡང་དག་འབྲས་བུ་སྲིད་མཐའ་ཙམ། །ཞེས་གསུངས་སོ། །དེ་ཡང་སྔ་འགྱུར་ལྟར་ན་བདུན་ཏེ། ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དཔྲལ་བ། ལྷ་ལམ་དུ་སློང་བ། ལྷ་རང་སེམས་དང་བསྲེ་བ་ལྔའི་ཁོང་ནས་ཉམས་ལྔ་མངོན་དུ་བྱས་པ་ནི། སྔོན་འགྲོའི་སུ་བཅད་ལྔ་དང་། ལྷ་དོན་ལ་སྦྱོར་བ་ནི་ཏིང་ངེ་འཛིན་གྱིས་དྲངས་བའི་བསྙེན་སྒྲུབ་ཡན་ལག་བཞི་འབྲེལ་གྱི་ལམ་ལ་སློབ་པ་སྟེ་དངོས་གཞིའི་སུ་བཅད་གཅིག་དང་ལྷ་ལམ་དུ་ཁྱེར་བ་ནི་ཤེས་བྱ་བཅུ་དང་། དམ་ཚིག་དྲུག་སོགས་རྗེས་ཀྱི་བཅད་གཅིག་དང་བདུན་ནོ། །དང་པོ་ནི། ལྷའི་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ལུགས་སོགས་རྫོགས་པར་གསལ་བ་ལ་སྒོ་ལྔ་སྡུད་ཅིང་སེམས་གཞན་དུ་མ་ཡེངས་པར་བསྒོམ་པས། འགྱུ་དྲན་གྱི་རྟོག་པ་སྔར་ལས་ཤིན་ཏུ་འཚུབ་པ་ལྟར་འབྱུང་བ་ནི། གཡོ་བའི་ཉམས་ཏེ། དཔེར་ན་འབབ་ཆུ་དྲག་པོའི་འོག་ཏུ་ཉ་སྲམ་སོགས་ཀྱང་མི་མཐོང་ལ། དལ་གྱི་འབབས་པའི་འོག་ཏུ་རྡོའུ་ཕྲ་མོ་ཚུད་ཆད་མཐོང་བ་ལྟར་སེམས་ཅུང་ཟད་གནས་པའི་མགོ་རྩོམ་པ་ཡིན་ནོ། །སླར་རྣམ་རྟོག་རིམ་གྱིས་ཞི་ནས་ལྷ་བཀྲམ་ལམ་མེར་འཆར་བ་ནི་ཐོབ་པས་ཉམས་སོ། །གཉིས་པ་ནི་དམིགས་པ་བརྗེད་དང་ལེ་ལོ་དང་། མ་གྲུབ་དོགས་དང་བྱིང་བ་དང་། །རྒོད་དང་ཆོག་ནི་ཤེས་པའི་རྩོལ། །མ་གསལ་ལུས་སོགས་སྐྱོན་བདུན་ནོ། །ཞེས་དང་། རབ་རིབ་མོག་མོག་གྲིབ་མ་ཅན། །སྐུ་ཡི་ཚད་དང་ཆ་ལུགས་དང་། །དབྱིབས་དང་གྲངས་དང་བཞུགས་ཚུལ་དང་། །ཁ་དོག་འབའ་ཞིག་དབྱིབས་འབའ་ཞིག །རིམ་པར་ནུབ་དང་རྣམ་འགྱུར་ཆ། །མ་རྫོགས་འགྱུར་བའི་སྐྱོན་བཅུ་གཉིས། །ཞེས་གསུངས་པ་ལྟར། སྤྱི་དང་བྱེ་བྲག་གི་སྐྱོན་དེ་རྣམས་ཀྱི་དབང་དུ་མི་གཏོང་བར། ལྷའི་སྐུ་མདོག་ཞལ་ཕྱག་སོགས་གང་མི་གསལ་བ་དེ་ཆེད་དུ་གསལ་བཏབ་སྟེ་བསྒོམ་པའོ། །གསུམ་པ་ནི། ཐུན་རེར་ལྷ་ལ་སེམས་གཏད་དེ་མ་ཡེངས་པར་ནན་གྱིས་བསྒོམ། ཐུན་རེར་སྒོམ་མཁན་གྱི་རང་ངོ་ལ་བལྟས་ཏེ་ཡིན་ལུགས་སྐྱོང་བ་རེས་མོས་སུ་བྱེད་པའོ། །བཞི་པ་ནི། ལྷ་ཆེ་ཆུང་དང་རྣམ་འགྱུར་མང་ཉུང་སོགས་བྱས་ནས་བསྒོམས་པས་ལྷར་སྣང་རྒྱུན་དུ་འཆར་བ་ནི་གོམ་ཉམས་ཆུང་ཀླུང་ལྟ་བུའོ། །ལྔ་པ་ནི། བསྒོམ་བྱ་ལྷ་དང་སྒོམ་བྱེད་གྱི་མཁན་པོ་གཉིས་སུ་མེད་པའི་ངང་ལ་མཉམ་པར་བཞག་པས་ལྷའི་གསལ་སྣང་དང་མི་འབྲལ་བ་ནི་བརྟན་ཉམས་རི་རབ་ལྟ་བུའོ། །སྐབས་འདིར་གསལ་བའི་ཚད་བཞི་ནི། ལྷ་གང་ཡིན་དེའི་སྐུའི་སྣང་ཆ་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བས་གསལ་ལེ། དེ་ཡང་རིག་པའི་གསལ་ངར་དང་བྲལ་བའི་བྱིང་ཉམས་ཅན་ལྟ་བུ་མ་ཡིན་པར་གསལ་སྟོང་སེང་བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སེང་ངེ་། དེ་དག་ཀྱང་སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུ་མ་ཡིན་པར། བ་སྤུ་ཁུང་བུ་དང་དབུ་སྐྲའི་ཉག་མ་ཚུན་ཆད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས། དབང་ཤེས་དང་བཅས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཧྲིག་གེ་བཞུགས་པས་ན་ལྷག་གེ། དེ་ལྟ་བུའི་ལྷ་དེ་ཡང་དེ་ལྟར་ཡིན་དང་ཡོད་དོ་སྙམ་པའི་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་ན་མངོན་སུམ་ལྟ་བུ་བཀྲ་ལྷང་ངེར་འཆར་བས་ལྷང་ངེ་བ་དང་བཞིའོ། །བརྟན་པའི་ཚད་བཞི་ནི། བརྗེད་ངས་དང་ལེ་ལོ་སོགས་མ་ཡིན་པར་སྤྱིའི་སྐྱོན་གྱིས་གཡོ་བ། རབ་རིབ་དང་མོག་མོག་སོགས་བྱེ་བྲག་གི་སྐྱོན་གྱིས་མི་འགྱུར་བ། དེ་ཡང་ཡུན་ཐུང་ངུ་ཙམ་མ་ཡིན་པར་ཉིན་དང་མཚན་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོ་ཡང་མི་རྒྱུ་བར་གསལ་བས་ན་མངོན་པར་མི་འགྱུར་བ། སྐུ་མདོག་དང་ཞལ་ཕྱག་འབྱོན་བཞུགས་འོད་ཟེར་སྤྲོ་བསྡུའི་རྣམ་པ་ལ་སོགས་པ་ཇི་ལྟར་བསྒོམ་ཡང་དེ་ལྟར་འབྱོངས་བ་ནི། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ། དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་བརྒྱད་དུ་མི་འགྱུར་བར་བསྒོམས་པས། གང་སྣང་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འཆར་བ་ནི་མཐར་ཕྱིན་པའི་ཉམས་སྣང་བ་ལྷའི་འཁོར་ལོ་ཞེས་བརྟན་པ་ཡོངས་སུ་ཐོབ་པའི་ཚད་དོ། །དྲུག་པ་ནི། ཏིང་ངེ་འཛིན་གསུམ་དང་འབྲེལ་བའི་སྡོག་སྡམ་གཟེར་བཞིའི་མན་ངག་གིས་བསྙེན་བསྒྲུབ་ཡན་ལག་བཞི་འབྲེལ་གྱི་ལམ་ལ་བསླབ་པ་སྟེ། བསྙེན་པའི་ཡན་ལག་ཏིང་ངེ་འཛིན་གྱི་གཟེར། ཉེ་བསྙེན་གྱི་ཡན་ལག་སྙིང་པོ་སྔགས་ཀྱི་གཟེར། སྒྲུབ་པའི་ཡན་ལག་དགོངས་པ་མི་འགྱུར་བའི་གཟེར། སྒྲུབ་པ་ཆེན་པོའི་ཡན་ལག་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་རྣམས་སོ། །དེ་ཡང་གཉིས་ཀྱི་ཆ་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་གཅིག་ཏུ་བསྡོམ་པའི་གཟེར་བུ་ལྟ་བུ་ཡིན་པས་སོ། །དེ་ལ་ཏིང་ངེ་འཛིན་ལྷའི་གཟེར་ནི། ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་སྣང་སྟོང་སྒྱུ་མ་ལྟ་བུ་བསྒོམ་ནས། དབང་བསྐུར་རྒྱས་གདབ་སོགས་ཡན་ལག་ཚང་བར་བྱས་ནས། མར་འཁོར་བའི་དུས་ཀྱི་སྐྱེ་གནས་བཞིར་སྐྱེས་པའི་ལུས་ཀྱི་བག་ཆགས་སྦྱངས་ཤིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་སྐུའི་གསང་བ་སྤྲོས་པ་ལས་འདས་ཀྱང་། གང་འདུལ་གྱི་རྣམ་རོལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་རྩ་ཁམས་དག་པ་ལྷར་སྦྱངས་པས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ། །སྙིང་པོ་སྔགས་ཀྱི་གཟེར་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཐུགས་སྲོག་སུ་བོན་སྔགས་ཕྲེང་གིས་བསྐོར་བ་ལ་སེམས་གཏད་དེ་བཟླས་པ་བྱས་པས། མར་འཁོར་བའི་དུས་སུ་འཁྲུལ་བའི་ངག་གི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་གསུང་གི་གསང་བ་སྒྲ་ཚིག་ལས་འདས་ཀྱང་། ཐེག་པ་བསམ་གྱིས་མི་ཁྱབ་པ་འཆར་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་ངག་རླུང་གི་རང་བཞིན་སྙིང་པོ་སྔགས་སུ་སྦྱངས་པས། ཕ་རྒྱུད་ལྟར་རླུང་ལ་བརྟེན་ནས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོའོ། །དགོངས་པ་མི་འགྱུར་བའི་གཟེར་ནི། ལྷ་སྔགས་གང་གི་ཚེ་ཡང་ཐ་དད་གཉིས་སུ་འཛིན་པ་ཐམས་ཅད་དག་མཉམ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཡེ་སངས་རྒྱས་པའི་ཆོས་ཉིད་བློ་འདས་ཀྱི་དོན་ལ་གནས་པས། མར་འཁོར་བའི་དུས་ཀྱི་ངན་སེམས་བག་ཆགས་དང་བཅས་པའི་ཆ་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་ཐུགས་རྡོ་རྗེ་གསང་བ་བསམ་བརྗོད་ལས་འདས་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། ལམ་བར་གྱི་དུས་ན་སྣང་སྟོང་གཉིས་སུ་མེད་པའི་ཆོས་ཉིད་ལ་གོམས་པས། བདེ་གསལ་སྟོང་པ་ཉིད་ཀྱི་རྫོགས་རིམ་བསྒོམ་པའི་སྨིན་བྱེད་དུ་འགྲོའོ། །འཕྲོ་འདུ་དམིགས་པའི་གཟེར་ནི། སྣོད་བཅུད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་ལས་མ་གཡོས་བཞིན་དུ་སྐུ་དང་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་དོན་གཉིས་བྱེད་པས་མཆོག་གི་དངོས་གྲུབ་དང་། གནས་སྐབས་འོད་ཟེར་དཀར་པོས་ཞི་བ་དང་། སེར་པོས་རྒྱས་པ་སོགས་ཕྲིན་ལས་བཞི་དང་། ཐུན་མོང་གི་གྲུབ་པ་བརྒྱད་སོགས་སྒྲུབ་པ་ཡིན་ནོ། །མར་འཁོར་བའི་དུས་ན་སྒོ་གསུམ་འཁོར་བའི་བྱ་བཞག་གི་རྣམ་པ་སྦྱངས་ཤིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་ཕྲིན་ལས་གཞི་ལ་རྫོགས། བར་ལམ་དུས་སུ་དམིགས་བཅས་ཐུན་མོང་གི་ལམ་དང་དམིགས་མེད་ཡེ་ཤེས་ཀྱི་དགོངས་པ་སྣང་སྲིད་འོད་སྐུར་སྦྱངས་བའི་སྨིན་བྱེད་དུ་འགྲོའོ། །དེ་ལ་དགོངས་པ་མི་འགྱུར་བའི་གཟེར་ནི་ལྟ་བ་ཡིན་པས་གཞི། ཏིང་ངེ་འཛིན་ལྷའི་གཟེར་ནི་བསྒོམ་པ། སྙིང་པོ་སྔགས་ཀྱི་གཟེར་ནི་བསྒོམ་པའང་ཡིན་ལ་ཤུགས་ཀྱི་སྤྱོད་པའང་ཡིན་པས་ལམ། འཕྲོ་འདུ་དམིགས་པའི་གཟེར་ནི་སངས་རྒྱས་ཀྱི་ཕྲིན་ལས་དུ་ལྟར་ནས་བྱེད་པས་འབྲས་བུ་ཡིན་པས། ལྟ་བསྒོམ་སྤྱོད་འབྲས་སམ། གཞི་ལམ་འབྲས་བུ་ཐ་མི་དད་པར་དབྱེར་མེད་ཟུང་འཇུག་གི་ལམ་ལ་སློབ་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། དེ་ཡང་གཞི་ལྟ་བ་ཡེ་ཤེས་ཀྱི་འཁོར་ལོས་འཁོར་འདས་མཉམ་ཉིད་དུ་རྟོགས་པས་སྲིད་ཞི་གཉིས་ཀའི་སྲོག་ལ་རང་དབང་སྒྱུར་ཞིང་། ལམ་བསྒོམ་པ་ལྷ་སྔགས་ཀྱི་འཁོར་ལོ་བསྐྱེད་རྫོགས་གཉིས་ཀའི་སྲོག་ལ་རང་དབང་ཞིང་། དོན་གཉིས་ལྷུན་གྲུབ་སྤྱོད་པས་ཐབས་ཆེན་བསམ་གྱིས་མི་ཁྱབ་པའི་སྲོག་ལ་རང་དབང་བ་སྟེ། རེ་རེ་ལའང་གནད་ཀྱི་ཁྱད་པར་དུ་མ་དང་ལྡན་ཞིང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གནད་ཐམས་ཅད་འདིར་འདུས་ལ། ཁྱད་པར་དུ་དགོངས་པ་མི་འགྱུར་བའི་གཟེར་ནི། གཞན་གསུམ་གྱི་སྲོག་ཀྱང་བསྡོམས་པས་ན་ཤིན་ཏུ་གལ་ཆེ་བ་དཔལ་སྤྲུལ་གསུངས་སོ། །དེ་ཡང་རྒྱུད་ལས། སྲོག་བསྡོམ་གཟེར་བཞི་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་སུ་རྐྱངས། །ཞེས་ཡུག་སུ་ནི་རྐང་པའི་བརྡའ་ཆད་དེ། གཟེར་བཞིའི་གནད་དང་མ་ལྡན་ན་དོན་མེད་པར་རྐང་པས་འགྲོ་ཚག་ཆེ་ཡང་ངལ་བ་ཙམ་དུ་ཟད་པའི་དཔེར་གསུངས་སོ། །བདུན་པ་ནི་འོག་ཏུ་འཆད་དོ། །སྤྱིར་བསྙེན་བསྒྲུབ་ཡན་ལག་བཞི་པོ་དེ་ལ། སྒྲུབ་པའི་དུས་སུ་བསྙེན་བསྒྲུབ་ཡན་ལག་བཞི། བསྐྱེད་རིམ་བསྡུས་པའི་ཆིངས་སུ་བཤད་པའི་བསྙེན་བསྒྲུབ་ཡན་ལག་བཞི། རྫོགས་རིམ་སྡུད་པའི་ཆིངས་སུ་བཤད་པའི་བསྙེན་སྒྲུབ་ཡན་ལག་བཞི། བསྐྱེད་རྫོགས་གཉིས་ཀ་སྡུད་པའི་ཆིངས་སུ་བཤད་པའི་བསྙེན་བསྒྲུབ་ཡན་ལག་བཞི་རྣམས་སུ་ཡོད་པ་ལས། འདིར་སྒྲུབ་པའི་དུས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞི་ཡིན་ཞིང་། དེ་ལ་ཡང་བསྙེན་པ་དང་། སྒྲུབ་པ་གཉིས་སུ་དབྱེ་བས་བསྙེན་པའི་ཡན་ལག་བཞི་ཡོད་པས། འདིར་བཤད་པའི་བསྙེན་བསྒྲུབ་ཡན་ལག་བཞི་པོ་ནི། སྒྲུབ་པའི་དུས་ཀྱི་བསྙེན་པའི་བསྙེན་པ། བསྙེན་པའི་ཉེ་བསྙེན། བསྙེན་པའི་སྒྲུབ་པ། བསྙེན་པའི་སྒྲུབ་ཆེན་བཞི་ཡིན་པར་ཤེས་པར་བྱའོ། །ཞེས་མཁན་པད་རྡོར་གསུངས། ཡང་རྒྱུད་འགྲེལ་ལས། ལམ་དུས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞི་ནི། དེ་བཞིན་དང་ཀུན་ཏིང་ནི་བསྙེན་པ། ཕྱག་རྒྱ་གཅིག་སྤྲོས་ནི་ཉེ་བསྙེན། །ཚོམ་བུ་ཚོགས་སྒྲུབ་ནི་སྒྲུབ་པ། དེ་འབྲས་རིན་འཛིན་བཞི་ཐོབ་མ་རག་པ་ནི་སྒྲུབ་ཆེན་ནོ། །སྦྱོར་བའི་དུས་ཀྱི་བཞི་ནི། ཡུམ་བཙལ་ཏེ་ཆས་སུ་བཅུག་པ་ནི་བསྙེན་པ། དེ་བྱིན་གྱི་རླབས་ཉེ་བསྙེན། རོལ་ནས་དབབ་བཟུང་གི་དགོངས་པ་ནི་སྒྲུབ་པ་ལྡོག་དགྲམ་གྱི་དགོངས་པ་ནི་སྒྲུབ་ཆེན་ནོ། །སྒྲུབ་པའི་དུས་ཀྱི་བཞི་ནི། ཆ་རྐྱེན་རྣམས་ཚོགས་ནས་སྒྲུབ་པ་དེ་ལ་འཇུག་མ་རག་པ་ནི་བསྙེན་པ། ཞུགས་ནས་ཟླ་ཕྱེད་ཡན་ཆད་ཉེ་བསྙེན། ཐ་མའི་ཞག་གཅིག་མ་གཏོགས་པའི་ཕྱེད་མན་ཆད་ནི་སྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་ལེན་པ་སྒྲུབ་ཆེན་ནོ། །ཞེས་གསུངས་ཤིང་། ཡང་སྒྲུབ་ཆེན་དུས་ཞག་དང་པོ་ལ་སྒྲུབ་རྫས་སོགས་སྟ་གོན་བྱས་ནས་ཆོ་ག་ཚར་གཅིག་གཏོང་བ་ཡན་ཆད་བསྙེན་པ། དེ་ནས་སྒྲུབ་པ་ཅི་ཙམ་བྱེད་པའི་ཞག་གྲངས་ཀྱི་ཕྱེད་ཚུན་ཆད་འོད་ཟེར་དཀར་པོའི་སྤྲོ་བསྡུས་སྡིག་སྒྲིབ་སྦྱོང་བའི་དམིགས་པ་གཙོ་བོར་བྱེད་པ་ཉེ་བསྙེན། དེ་ཕྱིན་ཆད་འོད་ཟེར་དམར་པོའི་སྤྲོ་བསྡུས་མཆོག་ཐུན་མོང་གི་དངོས་གྲུབ་རང་ལ་བསྡུ་བའི་དམིགས་པ་གཙོ་བོར་བྱེད་པ་སྒྲུབ་པ། ཞག་ཐ་མལ་དངོས་གྲུབ་ལེན་པ་སྒྲུབ་ཆེན་ནོ། །ཆོ་ཐུན་གཅིག་དང་སྦྱར་ན། ཏིང་ངེ་འཛིན་གསུམ་བསྒོམ་པ་ཡན་ཆད་བསྙེན་པ། རང་ལྷ་གཙོ་བོར་བསྒོམ་པ་ཉེ་བསྙེན། འཁོར་གྱི་ལྷ་ཚོགས་ཚང་བར་བསྒོམ་པ་སྒྲུབ་པ། དབང་བསྐུར་རྒྱས་གདབ་སྤྱན་འདྲེན་སོགས་ནས་བཟླས་པ་མཆོད་བསྟོད་སོགས་སྒྲུབ་པ་ཆེན་པོའོ། །ཡང་ན་གཙོ་བོ་ལ་སེམས་བཟུང་བ་བསྙེན། གཙོ་འཁོར་ཡོངས་སུ་རྫོགས་པ་ལ་སེམས་བཟུང་བ་ཉེ་བསྙེན། བཟླས་བརྗོད་བརྩོན་པ་སྒྲུབ་པ། འོད་ཟེར་སྤྲོ་བསྡུ་སྒྲུབ་ཆེན་ནོ་ཞེས་ཀྱང་འབྱུང་ངོ་། །དེ་རྣམས་ལ་ཁྱད་པར་ཅུང་ཟད་རེ་སྣང་བས་འཕྲོས་དོན་དུ་བཀོད་པ་ཙམ་མོ། །མདོར་ན་ཡུལ་གཉེན་པོ་ལ་འདྲེས་གདགས་པ་ལྟ་བུའི་དཔེས་མཚོན་ནས། བསྙེན་པ་བྱ་བའི་ཡེ་ཤེས་དེ་ཉིད་རང་རྒྱུད་ལ་ཉེ་བར་བྱེད་པ་བསྙེན་པ། དེ་ལ་ཐུགས་ཡིད་འདྲེས་པར་བྱེད་པ་ཉེ་བསྙེན། ཡེ་ཤེས་སམ་བསྙེན་བྱ་རང་དབང་དུ་བྱེད་པ་སྒྲུབ་པ། གཞན་དོན་གཙོ་བོར་གྱུར་པའི་ཕྲིན་ལས་རྣམ་པ་བཞི་སྒྲུབ་པ་ནི་སྒྲུབ་ཆེན་ནོ། །ཞེས་འཇིག་གླིང་གསུངས་པ་ལྟར་རོ། །གཞན་ཡང་ཚོགས་བསགས་པ་སྐོང་ཆོག་དང་འབྲེལ་སྐབས་དང་། སྒྲུབ་པ་དང་སྒྲུབ་ཆེན་གྱི་ཚེ་མདུན་བསྐྱེད་དགོས་ཤིང་། གཞན་དོན་དབང་བསྐུར་གནས་འདྲེན་སོགས་ཀྱི་ཚེ་བུམ་བསྐྱེད་ཀྱང་དགོས་པས། དེ་ལྟ་བུའི་བདག་མདུན་བུམ་གསུམ་ཆོ་ག་གཅིག་གི་ཁོང་ནས་མཉམ་དུ་བསྐྱེད་པ་ནི། སྔགས་རྙིང་མའི་ལུགས་བླ་མེད་རྒྱུད་ཁོ་ནའི་ཁྱད་ཆོས་ཡིན་ཞིང་། དེ་ཡང་ཆོ་གའི་སྐབས་སུ་འཇུག་པ་གཅིག་པས་བདག་མདུན་ཐ་མི་དད་དུ་བསྐྱེད་ནས། བསྟོད་པའི་འཇུག་ཏུ། བྷྲཱུྃ་བི་ཤྭ་སོགས་ནས་ཕཊ་ཛཿ ཞེས་བརྗོད་པས། ཕཊ་ཀྱིས་བདག་བསྐྱེད་དམ་ཚིག་གི་འཁོར་ལོ་ལས། མདུན་བསྐྱེད་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱེ་ནས་མདུན་དུ་ཕར་སྤྲོས་ནས། ཛས་མེ་རི་འདབ་འབྱར་གྱི་ཚུལ་དུ་བརྟེན་པར་བྱ་བ་སྟེ། དཔེར་ན་བཞིན་གཅིག་གི་གཟུགས་བརྙན་མེ་ལོང་གཉིས་སུ་སོ་སོར་སྣང་བ་ལྟར། ཀུན་ཀྱང་ངོ་བོ་གཅིག་ལ་ཡེ་ཤེས་ཀྱི་རོལ་པ་མེ་ལོང་དང་གཟུགས་བརྙན་བཞིན། སྲུང་འཁོར་གཅིག་གི་ནང་འབྱུང་བ་རིམ་བརྩེགས་དང་བཅས་པ་སྟེ། གཞལ་ཡས་ཁང་གཉིས་ཀའི་འཁོར་ཡུག་གི་མེ་རི་འདབ་འབྱར་གྱི་ཚུལ་དུ། བདག་མདུན་ཅིག་ཅར་དུ་གསལ་གདབ་ཅེས་སྨིན་གླིང་གཏེར་ཆེན་གསུངས་སོ། །དེའི་ཚེ་བུམ་པ་ནི་མདུན་བསྐྱེད་ཀྱི་ཤར་ཁྱམས་ཀྱི་བར་སྣང་ལ་བསྐྱེད་ཅིང་། ལས་བུམ་ནི་འཕྲལ་དགོས་དུས་བདག་གི་མདུན་དུ་བསྐྱེད་དོ། །ཡང་ན་ཆགས་མེད་ཀྱིས་ནི། བདག་བསྐྱེད་ཀྱི་འཁོར་ཡུག་གི་དུར་ཁྲོད་ཀྱི་ནང་དུ་མདུན་བསྐྱེད་བསྒོམས་ཤིང་། བདག་བསྐྱེད་ཀྱི་སྲུང་འཁོར་རྡོ་རྭ་དང་མེ་རི་ནི་གུར་ཕུབ་པ་ལྟ་བུའི་ནང་མདུན་བསྐྱེད་ཀྱི་རྡོ་རྭ་དང་མེ་རི་ནི་ལྕགས་རི་ལྟ་བུ་ཧད་པོར་བསྒོམ་གསུངས་སོ། །ཡང་བདག་མདུན་ཆོ་ག་ཐ་དད་པས་སོ་སོར་རིམ་གྱིས་བསྐྱེད་པ་ནི་གསར་ལུགས་སོ། །གཞན་ཡང་བདག་བསྐྱེད་ཁ་ནའི་དུས་སྒྲུབ་རྟེན་གྱི་གཙོ་བོ་ནི། སྤྱིར་རང་གི་ཕུང་ཁམས་སྐྱེ་མཆེད་རྣམས་ཡིན་ཞིང་། ལྷ་བསྐྱེད་དུས་ཀྱང་གཟུགས་ཕུང་རང་གཞལ་ཡས་ཁང་ཡིན་པ་ལ་དེ་ལྟར་གསལ་འདེབས་པ་ཡིན་གྱི། བཟོ་དབྱིབས་བསྒྱུར་ནས་གཞལ་ཡས་ཁང་དུ་སྒོམ་པ་ལྟ་བུ་ཡང་མིན་པར་གསུངས་སོ། །དེ་ལྟར་བདག་མདུན་གང་གི་ཚེ་ཡང་། བསྐྱེད་རིམ་དངོས་གཞིའི་སྐབས་རྣམས་སུ། དེ་བཞིན་ཉིད་ཏིང་ཉམས་ལེན་གྱི་ངང་ནས། ཀུན་སྣང་སྙིང་རྗེས་འཕེན་བྱེད་དང་གཉིས་པོ་མ་བྲལ་བར། བསྐྱེད་རིམ་ལྷའི་གསལ་སྣང་ཅི་ཐོན་དགོས་རྒྱུ་ལས། དེ་ཏིང་དང་ཀུན་སྣང་སྔ་སོར་བསྒོམ་ཙམ་བྱས་ནས་སྐྱུར་འཇོག་མི་ཆོག་སྟེ། དེ་ཏིང་དང་ལྷ་ཡི་གསལ་སྣང་མ་བྲལ་བ་དེ། གསལ་སྟོང་ཟུང་འཇུག་གམ། ཟབ་གསལ་དབྱེར་མེད་དམ། བསྐྱེད་རྫོགས་ཟུང་འཇུག་ཡིན། དེ་སྙིང་རྗེས་འཕེན་བྱེད་མ་བྲལ་བ་དེ་ཐེག་ཆེན་ལམ་གྱི་དངོས་གཞི། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཟེར་བ་དེ་ཡིན་པས། དེ་ཏིང་དང་ཀུན་སྣང་གཉིས་པོ་འདི་ལས་གལ་ཆེ་བ་མེད་དེ་སྐུ་གཉིས། ཚོགས་གཉིས། བདེན་གཉིས། ཐབས་ཤེས་རྣམས་ཟུང་དུ་འཇུག་པ་སྔགས་ཀྱི་མྱུར་ལམ་ཟབ་མོའི་ཁྱད་ཆོས་སུ་ཤེས་པར་བྱའོ། །དེ་ལྟར་མ་ཤེས་པར་བསྐྱེད་རིམ་རྐྱང་པ་དངོས་མཚན་དུ་བཟུང་ནས། གསལ་སྣང་དང་ང་རྒྱལ་ཅི་ཙམ་བརྟན་ཡང་བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བའི་སྟེང་། འཁོར་བར་འཆིང་བའི་སྒྲིབ་པ་རྔམ་པོ་ཆེ་ཡིན་ཏེ། བྱང་སེམས་ཀྱིས་མ་ཟིན་པའི་ལྷ་བསྒོམས་པ་ལ་གདུག་འདྲེ་རྣམས་ཀྱང་བློ་སྦྱངས་པ་ཡོད་ཅིང་། ཞི་བ་རང་རྒྱུད་པར་བཟུང་ནས་བསྒོམས་པའི་གཟུགས་ཁམས་ཀྱི་ལྷར་སྐྱེ་བ་དང་། ཁྲོ་བོ་རང་རྒྱུད་དུ་བསྒོམས་པས་རྒྱ་གར་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་ཞིག་ལ། དབུ་དགུའི་རྣམ་པའི་ལྦ་བ་དགུ་བརྩེགས་དང་། མཆེ་བ་བྱུང་བ་སོགས་བཞིན། ལྷ་གང་བསྒོམས་ཀྱི་རྣམ་པ་ཅན་གྱི་འདྲེ་དང་གཤིན་རྗེར་སྐྱེ་བ་འཇམ་དཔལ་རྩ་རྒྱུད་དུ་གསུངས་ཤིང་། ལྷ་ཁྲོ་ཆགས་ཀྱི་ཉམས་ཅན་བསྒོམས་པས་ཆགས་སྡང་ཆེར་འགྲོ་བ་སོགས་ཡན་ལག་གི་ལམ་དུ་མི་འགྱུར་བ་ལ་ངེས་ཤེས་འདྲོངས་དགོས་སོ། །དེས་ན་རབ་ལྟ་བ་གྱབས་ཀྱི་ལྷ། འབྲིང་གཉེན་པོ་སྟོབས་ཀྱི་ལྷ། ཐ་མ་གོང་གནོད་ཡེ་ཤེས་ཀྱི་ལྷ་ཞེས་གསུངས་པའི་དོན་ལ་འབྱོར་བ་གལ་ཆེ་ཞེས་གསུངས་སོ། །དེ་བཞིན་དུ་ཕྲིན་ལས་ཐམས་ཅད་གསང་སྔགས་ལུང་གི་སྒོ་བཞི་དང་འབྲེལ་དགོས་ཏེ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུར་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་རྟགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་གསུངས་པ་ལྟར་ཡིན་པས། བསྐྱེད་རིམ་གསལ་འདེབས་ཀྱི་ཆོ་གའི་ཚིག་རྣམས་རིམ་པར་འདོན་སྐབས་སུ་གཞན་དུ་མ་ཡེངས་པར། དལ་བུས་ཚིག་རེ་རེ་བཞིན་དམིགས་འདོན་ཡ་མ་བྲལ་བ་བྱ། སྐབས་སུ་ཡེངས་ཤོར་ན་ཡང་བསྐྱར་མགོ་ནས་ཕྱིར་ལོག་རྒྱག །དེ་ལྟར་བྱས་ན་ཕྱིན་ཆད་ཡེངས་མི་འཆོར་བ་ལ་ཕན་པར་གསུངས་སོ། །དེ་ལྟར་གསལ་དག་བརྟན་པའི་བསྐྱེད་རིམ་དེ་ཉིད་རྩེ་གཅིག་ཏུ་བསྒོམས་པས་སྐྱོ་བར་གྱུར་ཚེ་བཟླས་པ་ལ་འཇུག་པ་ཡིན་ཏེ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། དད་པ་དམ་ཚིག་ལྡན་པ་ཡི། །མཆོག་དངོས་གྲུབ་འདོད་རྣལ་འབྱོར་པས། །ཡེ་ཤེས་ལྷ་དང་དབྱེར་མེད་དུ། །བསྲེ་བར་འདོད་ན་སྔགས་ལ་བརྩོན། །ཞེས་གསུངས་པ་ལྟར་རོ། །སྤྱི་དོན་གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ། སྤྱིའི་གོ་བ་ནི། འདིར་སྦྱང་བྱ་མ་དག་འཁྲུལ་པའི་ངག་ཚིག་སྒྲ་དོན་དེར་འཛིན་གྱི་བག་ཆགས་དང་བཅས་པ་ཡིན་ལ། སྦྱོང་བྱེད་ངག་བཟླས་གཙོ་ཆེ་བའི་དབང་དུ་བྱས་ནས། སྔགས་ཀྱི་སྒྲ་རྣམས་ཡང་དང་ཡང་དུ་བསྐྱར་ཞིང་བཟླས་པས། སྦྱངས་འབྲས་གསུང་རྡོ་རྗེའི་ཕྲིན་ལས་ཀྱིས་འགྲོ་དོན་མཛད་པའི་རྟེན་འབྲེལ་བསྒྲིག་པའོ། །ཁྱད་པར་གྱི་དགོས་པ་ནི། དཔེར་ན་མིའི་མིང་ནས་བོས་པས་རང་དང་ཉེ་བར་འོང་བ་ཆོས་ཉིད་ཡིན་པ་བཞིན་དུ། ཡེ་ཤེས་པའི་ལྷ་རྣམས་འབོད་པའི་དོན་ཡང་ཡིན་ཏེ། དགོངས་འདུས་ལས། བྱ་བ་སྒྲུབ་འདོད་དེ་གྲོགས་འཚོལ་བ་ལྟ་བུ་ནི་ལྷ་དང་། ཀྱེ་གྲོགས་ཆེ་གེ་མོ་ཞེས་པ་ལྟ་བུ་མིང་ནས་འབོད་པ་ནི་སྔགས་སོ། །ཞེས་དང་། རྡོ་རྗེ་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ཀྱིས་སྙན་གསན་དབབ་པ་ཡིན། །ཞེས་སོ། །ངོ་བོ་ནི་སངས་རྒྱས་རྣམས་ཀྱི་གསུང་རྡོ་རྗེ་ཡེ་ཤེས་ཀྱི་རང་བཞིན་རིགས་སྔགས། དེ་དང་རྣམ་པ་མཚུངས་པ་ཐ་མལ་པའི་ཡིག་འབྲུའི་རྣམ་པར་བསྒོམ་ནས། ཡེ་ཤེས་ཀྱི་རིགས་སྔགས་སུ་མོས་པས་ཡང་ཡང་བསྐྱར་བཟློས་བྱ་བ་ནི་ཛབ་སྟེ་བཟླས་པའི་ངོ་བོའོ། །དེ་ལྟར་ལྷ་ལ་གསལ་སྣང་ཐེབས་ཚེ། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཙིཏྟ་རིན་པོ་ཆེའི་འོད་ཀྱི་རང་བཞིན་མཆོང་གུར་ཕུབ་པ་ལྟ་བུ་དྭངས་གསལ་སྒྲིབ་གཡོག་དང་བྲལ་བའི་ནང་དུ་ཉི་ཟླའི་གདན་ལ། ཡེ་ཤེས་སེམས་དཔའ་རང་འདྲའི་རྒྱན་དང་ཕྱག་མཚན་སྤང་བའི་ཐུགས་ཀར་ཕྱག་མཚན་གྱི་ཁོང་སེང་དུ། ཉི་ཟླ་རྐྱང་པའམ་བརྩེགས་མའི་གདན་སྲན་མ་བཀས་པ་ཙམ་གྱི་སྟེང་དུ། ཏིང་འཛིན་སེམས་དཔའ་རྩ་བའི་ཐུགས་སྲོག་ཧྲཱིཿཧཱུྃཿསོགས་ལྷ་ཡི་ཁ་དོག་དང་མཚུངས་པ་སྤུས་བྲིས་པ་ཙམ་དུ་ཕྲ་བ། མར་མེ་ལྟར་གསལ་ཞིང་འཚེར་བ་ལངས་སྟབས་སུ་ལྷའི་ཞལ་ངོ་བསྟན་ཕྱོགས་ལྟར། ཡིག་ངོ་ལེབ་ཕྱོགས་མདུན་བསྟན་དུ་གསལ་གདབ་བོ། །སེམས་དཔའ་སུམ་བརྩེགས་ཀྱང་སྣོད་ལ་སྣོད་བཅུག་པ་ལྟ་བུའི་རྟོག་ངན་སྤང་དགོས་པར་གསུངས་ཤིང་། འགའ་ཞིག་ལས་སེམས་དཔའ་སུམ་བརྩེགས་ཡོད་མེད་སྣ་ཚོགས་སྣང་བས་ཆོ་ག་རང་གཞུང་གི་སྐབས་བཞིན་ཤེས་པར་བྱའོ། །དེ་ཡང་སྐུ་རྒྱུད་ལས། རང་ལས་བྱུང་ཞིང་རང་ཉིད་དང་། །དམ་ཚིག་གཅིག་ཏུ་གནས་པའི་ཕྱིར། །དམ་ཚིག་སེམས་དཔའ་ཞེས་བྱའོ། །ཞེས་པས་རང་གི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་བསྐྱེད་ཅིང་། དེ་ལས་མི་འདའ་བས་ན་དམ་ཚིག །ལྷར་གསལ་ཞིང་ཐ་མལ་གྱི་ལོག་ལྟ་མེད་པས་ན་སེམས་དཔའ་ཞེས་བྱའོ། །ཡང་དེ་ཉིད་ལས། ཡེ་ནས་ཤེས་རིག་རྒྱལ་པོར་སྣང་། །དེ་ཕྱིར་ཡེ་ཤེས་སེམས་དཔའོ། །ཞེས་དང་། གསེར་ཕྲེང་ལས། ཡེ་ནས་གནས་པའི་དོན་གང་ཞིག་མ་ནོར་ཤེས་ཕྱིར་ཡེ་ཤེས་བརྗོད། ཅེས་པས། ཡེ་ནས་སྐུ་གསུམ་རང་ཆས་སུ་གནས་པའི་དོན་ཤེས་པས་ན་ཡེ་ཤེས་དང་། གཉིས་འཛིན་གྱི་ལོག་ལྟ་མེད་པ་ན་སེམས་དཔའ་ཞེས་བྱ་ཞིང་། སེམས་མི་གཡོ་བ་རྩེ་གཅིག་ཏུ་གནས་པའི་ཐབས་སམ་རྟེན་ཡིན་པས་ན་ཏིང་འཛིན་དང་། བྱིང་རྨུགས་སོགས་སྐྱོན་གྱིས་བརྫི་མི་ནུས་པས་ན་སེམས་དཔའ་ཞེས་བྱའོ། །ཞེས་པདྨ་མ་ཏིས་གསུངས་སོ། །ཡང་ཆགས་མེད་ཀྱིས་ནི། ཐུགས་སྲོག་གི་ཡི་གེའི་གདོང་མདུན་བསྟན་དུ་བཞེད་ཀྱང་། རྗེ་བླ་མའི་དགོངས་པ་ནི་སྔ་མ་ལྟར་རོ། །ཐུགས་སྲོག་དེའི་མདུན་ནས་བརྩམ་སྟེ། བཟླ་བྱའི་སྔགས་ཕྲེང་གཡས་སུ་འཁོར་དགོས་པ་རྣམས་ནི། སྔགས་ངོ་ཕྱིར་བསྟན་དང་། ཕྱི་ནས་བཀླག་ཕྱོགས་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་གཡོན་དུ་བཀོད་པ་ཕྲེང་བ་ལྟར་འཁོར་བའི་མགོ་འདྲེན་ༀ་ལྟ་བུ་དང་། ཧྲཱིཿཧཱུྃཿསོགས་མཇུག་གི་སྔགས་འབྲུ་ཐུག་པ། དེ་ཡང་རིང་བའི་རིགས་ལ་མདུན་ནས་ཡིག་མགོ་བརྩོམ་པའི་སྔགས་མགོ་ནང་དང་། སྔགས་མཇུག་ཕྱི་རོལ་དུ་ཐད་ཀར་འགྲིགས་པའི་རིམ་པ་གཉིས་གསུམ་སྦྲུལ་འཁྱིལ་བ་ལྟ་བུ་བསྒོམ་ལ། བཟླས་པའི་དུས་གཡས་སུ་ཀླག་ཐབས་སུ་འཁོར་དགོས་པ་ཡིན། སྔགས་ཕྲེང་གཡོན་དུ་འཁོར་དགོས་པ་རྣམས་ནི། ཐུགས་སྲོག་མདུན་ནས་སྔ་མ་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་སྔགས་ངོ་ནང་དུ་བལྟ་བ་ནང་ནས་བཀླག་ཕྱོགས་སུ་གཡས་བསྐོར་དུ་བཀོད། སྔགས་རིང་བ་རྣམས་ནི་སྐོར་ལུགས་སྔ་མ་ལྟར་བྱ། བཟླས་པའི་དུས་གཡོན་འཁོར་དགོས་པ་ཡིན་ཞེས་ཟུང་འཇུག་སྙེ་མ་ལས་གསུངས་སོ། །དེ་ཡང་ལྷ་ཡབ་ཀྱི་རིགས་རྣམས་གཡས་འཁོར་དང་། ཡུམ་རྣམས་གཡོན་འཁོར་ལྟ་བུ་ཤས་ཆེ་ཡང་ངེས་པ་མེད་པས་རང་གཞུང་གི་དགོངས་པ་དང་འབྱོར་པ་དགོས་སོ། །གཞན་ཡང་བསྲུང་བཟློག་གི་དམིགས་གནད་སོགས་ནི་སྐབས་ཐོན་བཞིན་ཤེས་པར་བྱའོ། །དེ་ཡང་ཐུགས་སྲོག་སུ་བོན་དང་སྔགས་ཕྲེང་རྣམས་ཇི་ཙམ་ཕྲ་བ་དེ་ཙམ་སེམས་ཟིན་པ་ལ་ཕན་པར་གསུངས་སོ། །དེ་ལྟར་ཛབ་དགོངས་གསལ་གདབ་ལ། ཐོག་མར་འགོགས་བཟླས། དེ་ནས་ཡིད་བཟླས་དང་། ངག་བཟླས་རྣམས་རིམ་བཞིན་བྱ་སྟེ། དང་པོ་ནི། ཐུགས་སྲོག་སྔགས་ཕྲེང་གིས་བསྐོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ནས་སྲོག་རྩོལ་སྡོམ་པའི་སྦྱོར་བས། བར་རླུང་འཇམ་ཞིང་རན་པ་ཁམས་ལ་མི་གནོད་ཙམ་དུ་བཟུང་ལ། རླུང་ཕྱིར་འབྱུང་བ་ན་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ལྔའི་ཟེར་ཐག་སྣལ་མ་བརྐྱང་བ་ལྟར་སྣ་བུག་གཉིས་ནས་ཕྱིར་ཐོན་ཏེ། སྣང་སྲིད་ཐམས་ཅད་དག་པའི་འཁོར་ལོར་སྦྱངས། ནང་དུ་རྔུབ་པས་བརྟན་གཡོ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལྟེམ་གྱི་ཞུ་ནས། འོད་ལྔའི་རྣམ་པ་སྣ་བུག་གཉིས་ནས་སླར་ཞུགས་ཏེ་སྔགས་ཕྲེང་ཐུགས་སྲོག་དང་བཅས་པ་ལ་ཐིམ་པར་བསམ་སྟེ། ནང་དུ་གནས་པའི་ཚེ་བར་རླུང་བཟུང་ལ། རིག་པ་སྔགས་ཕྲེང་དང་དབྱེར་མེད་དུ་བསྲེ་བ་ལ་བསླབ་པར་བྱ་བ་ནི་འགོགས་བཟླས་སོ། །དེ་ནས་སྔགས་ཕྲེང་ལས་རང་སྒྲ་སྒྲོག་པའི་སྒྲ་གདངས་ལ་ཤེས་པ་གཏད་ནས་རྩ་སྔགས་ཆད་ལྷག་མ་སོང་བར་ཡིད་བཟླས་ཁོ་ནར་བྱ། དེ་ནས་ངག་བཟླས་བྱ་སྟེ། རྔམ་གློགས་ལས། སྒྲ་ཆེ་མ་ཡིན་ཆུང་བ་མིན། །མྱུར་བ་མ་ཡིན་བུལ་བ་མིན། །དྲག་པོར་མ་ཡིན་ཞན་པ་མིན། །ཡིག་འབྲུ་ཡན་ལག་ཉམས་པར་མིན། །ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་གསུངས་པ་ལྟར་སྐྱོན་བཅུ་སྤང་བར་བྱ། །དེ་བཞིན་དུ་དགོངས་འདུས་ལས་ཀྱང་། སྔགས་ངག་ནས་བརྗོད་པའི་ཚེ༔ ཧ་ཅག་རིང་ན་དབུགས་ཀྱི་མི་སྐྱོལ་ཞིང་སྐད་འགགས་པས་སྤངས༔ ཧ་ཅང་ཐུང་ན་དབུགས་ཚི་ཆད་དེ་ཚེ་ལ་གཟན་པའམ་ཁ་དོག་མི་གསལ་བས་སྤངས༔ དྲག་ན་ཁམས་ལ་གཟན་པའོ། །རྩུབ་ན་མི་མ་ཡིན་ལ་ཕོག་ཐུག་དང་བརྒྱལ་བས་སྤངས༔ ཞན་ན་སྔགས་ལ་ངར་མི་ཐོན་ཅིང་ནུས་པ་མྱུར་དུ་མི་འབྱུང་བས་སྤངས༔ དལ་ན་གྲངས་ཉུང་བས་སྤངས༔ བྲེལ་ན་སྒྲོས་མི་ཐོན་ཅིང་ཆད་ལྷག་འགྲོ་བས་སྐྱོན་དྲུག་སྤངས་ལ་བཟླ་བ་གསུངས་ཤིང་། ཡང་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། རི་སྒོག་གིས་ཞག་དགུ། ལྕེ་ཡིས་ཞག་ཉེར་གཅིག །ལྒ་གཡེལ་ཟ་ཐུག་གི་གསུམ། བྱིན་གྱིས་མ་བརླབ་པའི་ཤ་ཆང་གིས་ཞག་ལྔ་ཉམས་པ། རྫུན་དང་ཕྲ་མ་ལ་སོགས་པ། ངག་གི་མི་དགེའི་ལས་རྣམས་ཀྱིས། །སྔགས་ཀྱི་ནུས་པ་གཏན་བརླག་གམ། །མཐར་ཡང་ཡུན་རིང་འགྱང་བར་འགྱུར། །ཕུས་གདབ་འཇིག་རྟེན་བྲེ་མོ་ཡིས། །སྔགས་ཀྱི་ནུས་པ་ཉམས་པས་སྤངས། །ཞེས་གསུངས་སོ། །སྤྱི་དང་བྲག་གི་སྐྱོན་དེ་རྣམས་སྤངས་ལ་གསལ་དག་སྙན་པའི་གདངས་དང་བཅས་ཏེ་བཟླའོ། །དེ་ཚེ་ཐུགས་ཀའི་སུ་བོན་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་ཡིད་གཏད་དེ་བཀླག་པའི་ཚུལ་གྱིས་བཟླ་བ་ནི་བཀོད་པའི་བཟླས་པའམ་ཟླ་བ་སྐར་ཕྲེང་ལྟ་བུའི་ཛབ་དགོངས་བསྙེན་པའི་ཡན་ལག་ཡིན་ནོ། །ཡང་འགའ་ཞིག་ཏུ་གདན་ལས་འཕགས་ཏེ་རང་སྒྲ་དང་བཅས་འཁོར་བ་ལས་སེམས་གཏད་དེ་བཟླ་བ་ནི་བཟླ་བ་སྐར་ཕྲེང་ལྟ་བུ་གསུངས་ཀྱང་རྒྱུད་དང་བླའི་དགོངས་པ་ནི་སྔ་མ་ལྟར་རོ། །ཉེ་བར་བསྙེན་པ་འགལ་མེ་འཁོར་ལོ་ལྟ་བུའི་ཛབ྄་ནི། ཐུགས་ཀའི་སྔགས་ཕྲེང་ལས། སྔགས་ཕྲེང་གཉིས་པ་འཕྲོས་ཏེ། ཡིག་འབྲུ་རྣམས་ལངས་ཐབས་གཅིག་གི་ཞབས་སུ་གཅིག་གི་དབུ་ཚུད་པ། གཅིག་རྗེས་གཅིག་ནོན་ལུ་གུ་རྒྱུད་ཀྱི་ཚུལ་དུ་རེག་ལ་མ་འབྱར་ཞིང་བར་མ་ཆད་པའི་ཕྲེང་བ་ལྟར་འཕྲོས་ཏེ་སྔགས་ཀྱི་རང་སྒྲ་དང་བཅས་ཡེ་ཤེས་པ་དང་། དམ་ཚིག་སེམས་དཔའི་ཞལ་ནས་རིམ་པ་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་ནང་བརྒྱུད་མཁའ་གསང་དང་ནོར་བུའི་ལམ་ནས་བརྒྱུད་དེ་བདེ་ཆེན་བྱང་སེམས་ཀྱི་ངོ་བོར་ཐུགས་སྲོག་ལ་ཐིམ་པས། མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ཞིང་། སླར་ཡང་སྔ་མ་ལྟར་བར་མ་ཆད་དུ་འཁོར་བར་བསམ་ལ་བཟླའོ། །ཡང་ན་དམ་ཡེ་ཕྱེ་ལ། བདག་ཉིད་ཀྱི་ཞལ་ནས་ཐོན། མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། དེའི་ལྟེ་བ་ནས་ཐོན་ཏེ་བདག་གི་ལྟེ་བར་ཞུགས་ཤིང་འཁོར་བར་བསམ་མོ། །ཡང་སྐབས་འགར། སྔགས་ཀྱི་འོད་ཟེར་འཁོར་བ་ལས། སྔགས་ཕྲེང་འཁོར་བར་མ་བཤད་པའང་ཡོད་དོ། །མདུན་བསྐྱེད་ཡོད་པ་རྣམས་ལ་ཛབ྄་དགོངས་འདི་བཞིན་སྦྱར་ཞིང་། བདག་མདུན་བར་དུ་འོད་ཟེར་སྤྲོ་བསྡུ་དགོས་སོ། །སྒྲུབ་པ་ལ་རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛ྄བ་དགོངས་ནི། ཐུགས་ཀའི་སུ་བོན་ལས་འོད་ཟེར་འཕྲོས་ཏེ་རིམ་བཞིན་འཁོར་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བ་སོགས་དང་། ཡང་སྔགས་ཕྲེང་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས། སངས་རྒྱས་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་འབུལ་བས་ཚོགས་གཉིས་རྫོགས་དེ་དག་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱུང་བ་བདག་ལ་ཐིམ་པས། དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞི་མངོན་དུ་གྱུར་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པའོ། །ཡང་འོད་ཟེར་འཕྲོས་པས་མཁའ་ཁྱབ་ཀྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས། ལས་ཉོན་སྡུག་བསྔལ་བག་ཆགས་ཐམས་ཅད་སྦྱངས་ནས། སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པར་བསམ་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །སྒྲུབ་ཆེན་བུ་བ་ཚང་ཞིག་ལྟ་བུའི་ཛ྄བ་ནི། ལྷ་དང་སྔགས་ཕྲེང་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས། འགྲོ་དྲུག་གི་སྒྲིབ་པ་སྦྱངས་ཤིང་དག་ནས། སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་ཡི་དམ་ལྷའི་དཀྱིལ་འཁོར་དུ་གྱུར། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ་བུང་བ་ཚང་ཞིག་ལྟར་དི་རི་རི་སྒྲོགས་ཤིང་། སེམས་ཀྱི་དྲན་རྟོག་ཐམས་ཅད་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆོས་སྐུའི་རོལ་པ་འཛིན་མེད་ཀྱི་ངང་ནས་བཟླ་བ་ནི། བདག་གཞན་གཉིས་མེད་ཀྱི་བཟླས་པའོ། །ཡང་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྤྱིར་བཏང་གི་ཚེ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་བྱུང་བ་གཙུག་ཏོར་དང་། མཛོད་སྤུ་དང་། ལྗགས་དང་ཐུགས་ཀའི་དཔལ་བེའུ་དང་། བ་སྤུའི་ཁོང་བུ་སོགས་ནས་ཐོན་ཏེ། སྟོང་གསུམ་འཇིག་རྟེན་གྱི་ཁམས་འདིས་མཚོན་པའི་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་ཁྱབ་པར་སྤྲོས་པས་འོད་ཟེར་གྱི་སྣ་ལ་མཆོད་པའི་སྤྲིན་ཕུང་དང་། བསྟོད་པའི་གླུ་དབྱངས། མེ་ཏོག་གི་ཆར་དང་། སྤོས་ཆུའི་ཆར་ཆེན་པོ་འབེབས་པའི་བྱང་ཆུབ་སེམས་དཔའི་ཁྱེའུ་དང་བུ་མོའི་གཟུགས་ཅན་བསམ་གྱིས་མི་ཁྱབ་པ་བྱུང་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་ཅིང་བསྟོད་ནས་འགྲོ་བའི་དོན་དུ་ཐུགས་རྒྱུད་བསྐུལ་བས། ཐམས་ཅད་ཀྱང་ཡི་དམ་གྱི་སྐུ་ཆེ་ཆུང་དང་རྣམ་འགྱུར་མ་ངེས་པ་སྣ་ཚོགས། གང་ལ་གང་འདུལ་གྱི་རོལ་པར་བཞེངས་ནས། ཐམས་ཅད་ཀྱི་སྐུའི་ལྟེ་བ་དང་། གསང་གནས། སྟ་ཟུར་གཉིས། པུས་མོའི་ལྷ་ང་། ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་སོགས་ལས་སྐུ་དང་འོད་ཟེར་སྔགས་ཀྱི་རང་སྒྲའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པ་བཀང་སྟེ། ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་འཁྲུལ་སྣང་བག་ཆགས་དང་བཅས་པ་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སྦྱངས་ནས། ཐམས་ཅད་ཡི་དམ་གྱི་སྐུར་གྱུར་ཏེ་སྔགས་ཀྱི་རང་སྒྲ་བུང་བ་ཚང་ཞིག་པ་བཞིན་ཟི་དི་རི་རི་སྒྲོགས་པར་བསམ། ཡང་འོད་ཟེར་རྣམས་ཚུལ་འདུ་བ་དང་ལྷན་ཅིག་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་དང་། སྣོད་བཅུད་དག་པའི་འཁོར་ལོར་གསལ་བ་ཐམས་ཅད་སྐུ་དང་ཡིག་འབྲུ། ཕྱག་མཚན་འོད་ཟེར་གྱི་རྣམ་པར་འདུས་ཏེ། རྩ་བའི་དཀྱིལ་འཁོར་དང་གཙོ་བོའི་བ་སྤུའི་བུ་ག་ནས་ཞུགས་ཏེ་ཐུགས་སྲོག་ལ་ཐིམ་པར་བསམ་ཞིང་། འཁོར་འདས་བདག་གཞན་དུ་འཛིན་པའི་རྟོག་པ་ཐམས་ཅད་རིག་པའི་ཡེ་ཤེས་ཀྱི་ངང་དུ་རོ་མཉམ་དབྱེར་མེད་དུ་བསྲེ་ཞིང་། ལྷ་དང་སྣང་བ་ཆོས་ཉིད་གསུམ་གཅིག་ཏུ་འདྲེས་པའི་གནད་ལ་གོམས་པར་བྱའོ་ཞེས་མཁན་པད་རྡོར་གསུངས་པ་ལྟར་རོ། །གཞན་ཡང་ལས་བཞི་སོ་སོ་སྐབས་ཀྱི་དམིགས་པའི་བྱེ་བྲག་ནི་རང་རང་གི་གཞུང་ལྟར་བྱའོ། །མདོར་ན་སྐུ་ཕྱག་རྒྱ་གསལ་བའི་ཏིང་ངེ་འཛིན། མདུན་ཆོས་རྒྱ་སྔགས་དག་པར་བཟླ་བ། ཐུགས་དམ་རྒྱ་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་གསུམ་དང་ལྡན་པར་བྱའོ། །དེ་ལྟར་ཛབ་དགོངས་བཞི་པོ་ཆོ་ག་གཅིག་ལ་སྦྱར་དགོས་པའི་ངེས་པར་མེད་ཀྱང་། གཙོར་ཆེ་རང་གཞུང་གི་བཟླས་དམིགས་སྐབས་ཀྱི་དངོས་བསྟན་གང་ཡིན་པ་དེ་ཉིད་སྦྱར་བས་ཆོག་གོ། །གང་ལྟར་ཡང་སྔགས་བཟླ་བའི་ཚེ་སྔགས་འབྲུ་རྣམས་ཀྱང་རང་སྒྲ་དི་རི་རི་སྒྲོགས་པ་དང་། ལྷ་ཚོགས་རྣམས་ཀྱིས་ཀྱང་ཞལ་ནས་སྔགས་ཀྱི་སྒྲ་འུར་དི་རི་རི་གསུང་ཞིང་། སྣོད་བཅུད་སྐྱེ་འགྲོ་རྩི་ཤིང་ལ་སོགས་པ་ཐམས་ཅད་ལྷའི་རང་བཞིན་དུ་གྱུར་ནས་སྔགས་སྒྲ་འུར་དི་རི་རི་སྒྲོགས་པ་བསམ་ན་ཕན་ཡོན་དང་ནུས་པ་ཆེ་བ་ཡིན་ཞེས་དཔལ་སྤྲུལ་རིན་པོ་ཆེ་ནས་གསུངས་སོ། །ལས་དང་པོ་བའི་རིགས་ཐོག་མར་སྔགས་ཕྲེང་ལ་སེམས་གཏད་ནས་བཟླ། རང་ལྷ་ཡིན་པའི་ང་རྒྱལ་བྱ། །སྔགས་ཕྲེང་སྐོར་རེའི་མཚམས་སུ་ལྷ་གསལ་འདེབས་སྐྱོར། དེ་ལ་གོམས་རིམ་པས་འོད་ཟེར་སྤྲོ་བསྡུ་སོགས་ལ་སློབ་བོ། །དེ་ལྟར་བསྙེན་པ་ཐེམ་ནས་སྒྲུབ་པའི་དམིགས་བཟླས་རྣམས་བྱའོ། །དེ་ཡང་ཡང་དག་ཐིག་ལེ་གཅིག་མའི་མན་ངག་ལས༔ ཐུན་གཅིག་ལྷ་ལ་སེམས་གཏད་སྒོམ༔ ཐུན་གཅིག་གསང་སྔགས་བཟླས་པར་བྱ༔ ཐུན་གཅིག་རླུང་དང་འགྲོ་འོང་བསྟུན༔ ཐུན་གཅིག་མངོན་སུམ་གནད་ལ་དབབ༔ མ་བཅོས་རིག་པ་ཀུན་ཏུ་བཟང༔ ཞེས་སོ། །ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་ན་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། གསང་རྒྱུད་ལས། གཉིས་རྨུག་འདྲེས་པའི་བཟླས་པ་ནི། །བགེགས་ཀྱི་བར་ཆད་འཇུག་པའི་རྒྱུ། །ལོག་པའི་བསམ་པས་བཟླས་པ་ནི། །བྱང་ཆུབ་ལམ་དུ་འགྲོ་མི་སྲིད། །ཅེས་དང་། པད་སྡོང་བརྩེགས་པའི་རྒྱུད་ལས། ཏིང་འཛིན་སྔགས་དང་བཟླས་བརྗོད་གསུམ། །གཅིག་མདངས་གཅིག་གིས་བསྐྱེད་པའི་ཕྱིར། །གསལ་དག་བརྗོད་པ་གཙང་བ་གཅེས། །དེ་འབྲས་ཅི་འདོད་དངོས་གྲུབ་འབྱུང་། །ཞེས་གསུངས་པ་ལྟར། ལྷ་བསྒམས་པ་དང་སྔགས་བཟླ་གང་གི་སྐབས་སུ་ཡང་། དྲན་ཤེས་དང་མ་བྲལ་བར་གལ་ཆེ་སྟེ། དགོངས་འདུས་ལས། སྤྱོད་ལམ་ལེགས་ལེགས་ཉེས་སྤྱོད་པས༔ ཕུབ་མ་ཞབས་སུ་ཆུ་བཅུས་བཞིན༔ རང་འཁྲུལ་མ་ཚོར་ཉེན་ཡོན་པས༔ སྐབས་སྐབས་དབང་པོ་ནང་དུ་གཏད༔ ལེགས་ཉེས་གཞིལ་འདྲལ་ལམ་ལ་བལྟ༔ ཐུན་ཆུང་གྲངས་མང་ཕྱི་ནང་བསྟུན༔ ཡང་དག་གནས་ལུགས་ངང་ལ་བཞག །ཅེས་གསུངས་པ་ལྟར། བཟླ་ཚུལ་གཞན་ཡང་ལམ་རིམ་ལས། སྐྱོན་བཅུ་སྤངས་ལ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །ཞེས་པས་སྐྱོན་བཅུ་ནི་གང་དུ་སྨོས་པ་ལྟར་རོ། །རྣམ་པ་གསུམ་ནི། གསལ་བ་གསུམ་དང་། ཕྱི་ནང་གསང་གསུམ་དང་། ཕྲ་མོ་གསུམ་གྱིས་བཟླ་ལུགས་སོ། །དེ་ལ་གསལ་བ་གསུམ་གྱིས་བཟླ་ཚུལ་ནི། གང་ལས་སྤྲོ་བསྡུའི་གནས་བདག །གང་ལ་སྤྲོ་བའི་ཡུལ་མདུན། གང་སྤྲོ་བ་བར་གྱི་འོད་ཟེར་འཕྲོ་འདུ་གསལ་བའོ། །དེ་ཡང་ལམ་རིམ་ལས། ཡེ་ཤེས་མདུན་དུ་ལྷག་པ་ལ། བཟླས་པ་གསལ་བ་གསུམ་གྱིས་བྱ། ཞེས་པས། ཕཊ་ཛཿས་མདུན་གྱི་ནམ་མཁར་ཡེ་ཤེས་སེམས་དཔའ་རྟེན་དང་བརྟེན་པ་བཅས་པ་ཕྱེ་ལ། བདག་དམ་ཚིག་སེམས་དཔའ་ཐུགས་ཀ་ནས་འོད་ཟེར་ཕར་སྤྲོ་བ་དང་། ཚུལ་སྡུད་པའི་འཕྲོ་འདུ་འགལ་མེའི་འཁོར་ལོ་ལྟ་བུ་དང་། སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་བསམ་ལ་གྲགས་སྟོང་དབྱེར་མེད་ཀྱི་ངང་ནས་བཟླས་པ་བྱའོ། །ཕྱི་ནང་གསང་གསུམ་གྱི་བཟླ་ཚུལ་ནི། ཕྱི་ལྟར་ན་དམ་ཡེ་ཕྱེེ་ནས་སྤྲོ་བསྡུ་ཞལ་ནས་ཞལ་དུ་ཞུགས། གསང་བའི་རྡོ་རྗེ་ནས་འཁོར་བའི་ཚུལ་གྱིས་བཟླ་བའམ། ཡང་ན་འོད་ཟེར་འཕྲོས་པས་སྒྲིབ་པ་སྦྱངས་བར་བསྐུལ་ཞིང་། ཚུལ་འདུས་པས་སྒྲིབ་པ་བྱང་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བའོ། །ནང་ལྟར་ན་ཡེ་ཤེས་སེམས་དཔའ་འབྱེད་དམ་མ་འབྱེད་ཀྱང་རུང་སྟེ། འོད་ཟེར་ཕར་འཕྲོས་པས་དངོས་གྲུབ་བསྐུལ་ནས། ཚུལ་འདུས་པས་དངོས་གྲུབ་ཐོབ་པར་བསམ་པའོ། །གསང་བ་ལྟར་ན། ཕར་མི་སྤྲོ་བར་ཚུལ་དངོས་གྲུབ་སྡུད་པ་ཁོ་ནའམ། ཡང་ན་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། མཁའ་གསང་ནས་ཚུལ་འཁོར་བ་ལ་དམིགས་པའོ། །ཕྲ་མོ་གསུམ་གྱི། བཟླ་ཚུལ་ནི། སྤྲོ་བསྡུའི་ཚེ་ཡིག་འབྲུ་དང་ཕྱག་མཚན། སྐུ་ཕྲ་མོའི་འཕྲོ་འདུས་སམ། རྡོ་རྗེའི་བཟླས་པ་བྱེད་པའོ། །གཞན་ཡང་ངག་གི་བཟླས་པ། གཟུགས་ཀྱི་བཟླས་པ། རྣལ་འབྱོར་གྱི་བཟླས་པ། རྡོ་རྗེའི་བཟླས་པ་དང་བཞི་ལས། དང་པོ་ནི། སྤྲོ་བསྡུའམ་དམ་ཚིག་གི་དང་། ཁྲོ་བོའི་དང་། ཁྱོགས་ཀྱིས་བཟླས་པ་སྟེ། སྔར་རྨོས་པའི་འགལ་མེ་འཁོར་ལོ་སོགས་ངག་བཟླས་ཀྱི་ཛ྄བ་དགོངས་རྣམས་སོ། །གཟུགས་ཀྱི་བཟླས་པ་ནི། ལྷའི་རྣམ་པ་དྲན་པའོ། །རྣལ་འབྱོར་གྱི་བཟླས་པ་ནི། དེ་ཁོ་ན་ཉིད་སེམས་པས་སོ། །རྡོ་རྗེའི་བཟླས་པ་ལ་བཞི་སྟེ། དགོངས་པ་ལུང་སྟོན་ལས། བརྗོད་དང་དམིགས་པ་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་འབྲུ་གསུམ་ངག་ཏུ་བཟླས་པས་བརྗོད་བཅས་རྡོར་བཟླས། ཡི་གེ་གསུམ་དབྱིབས་དང་ཁ་དོག་གི་རྣམ་པར་སྒོམ་པ་དམིགས་པ་རྡོར་བཟླས། རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་གྱི་གདངས་སུ་མོས་པས། རླུང་སྔགས་དབྱེར་མེད་དུ་ཤེས་ནས་བཟླ་བ་བརྡར་འགྱུར་རྡོར་བཟླས། རླུང་གི་འགྲོ་འོང་གནས་གསུམ་དང་། སྒོ་གསུམ་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་ཤེས་པས་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དོན་དམ་རྡོ་རྗེའི་བཟླས་པའོ། །སྐབས་འདིར་སྔགས་ཀྱི་བགྲང་ཕྲེང་ཡང་། སློབ་དཔོན་ཆེན་པོ་ནས། རྒྱུ་ལ་རབ་ནི་རིན་པོ་ཆེཿ འབྲིང་པོ་ཤིང་གི་འབྲས་བུ་སྟེ༔ ཐ་མ་ཤིང་དང་སུ་རྡོ་དངཿ སྨན་གྱི་ལྡེ་གུའི་ཕྲེང་བའོཿ འདི་མན་མཆན། དུང་ནི་ཞི་བའི་ཕྲེང་བ་སྟེཿ ཞི་བའི་ལས་ལ་བསྔགས་པའོཿ གསེར་གྱི་ཕྲེང་བ་རྒྱས་པའི་ལསཿ བྱེ་རུའི་ཕྲེང་བས་དབང་ལས་འགྲུབཿ ལྕགས་དང་གཡུ་ཕྲེང་དྲག་པོའི་ལསཿ གཟི་མཆོང་སྣ་ཚོགས་ལས་ལ་ཤེསཿ སའམ་ཤིང་འབྲས་ཞི་བའི་ལསཿ མཐེའུ་ཁམས་འབྲས་རྒྱས་པ་འགྲུབཿ ལུང་ཐང་དབང་གི་ལས་ལ་ཤིསཿ ནཱ་ག་ཁྱུང་མཆུ་རུ་ཤ་ནིཿ དྲག་པོ་ལས་ཀྱི་ཕྲེང་བར་བསྔགསཿ བྷོ་དྷི་ཙི་ནི་ཀུན་ལ་ཤིསཿ བྱང་ཆུབ་ཤིང་དང་སྐྱེ་གཉེན་ཕྲེངཿ ཞི་བའི་ལས་ཀྱི་ཕྲེང་བར་ཤིསཿ འོ་སེ་ལ་སོགས་འབྲས་བུ་ཅནཿ རྒྱས་པའི་ལས་འགྲུབ་ཕྲེང་བའོཿ མཛོ་མོའི་ཤིང་དང་འོམ་བུའི་ཕྲེངཿ དབང་གི་ལས་འགྲུབ་ཕྲེང་བར་བསྔགསཿ སེང་ལྡིང་ཚེར་ནག་དྲག་པོའི་ཤིསཿ བར་གློ་ཤིང་གི་ཕྲེང་བ་ནིཿ ལས་རྣམས་ཀུན་ལ་བསྔགས་པའོཿ བ་སོའི་ཕྲེང་བས་ལས་ཀུན་འགྲུབཿ ས་རིམ་ཞི་བའི་ཕྲེང་བ་ལཿ རྒྱས་པར་རྡོ་ཡི་ཕྲེང་བ་ཤིསཿ སྨན་གྱི་ཕྲེང་བས་དབང་ལས་འགྲུབཿ ཐོད་པ་ལ་སོགས་རུས་ཆེན་གྱིཿ ཕྲེང་བས་དྲག་པོའི་ལས་འགྲུབ་འགྱུརཿ སྣ་ཚོགས་བསྡུས་པའི་ཕྲེང་བས་ནིཿ ལས་རྣམས་ཐམས་ཅད་འགྲུབ་ཅེས་བཤདཿ ཅེས་གསུངས་སོ། །རྒྱུ་དང་ཁ་དོག་གི་ཕྱེ་བས་ལས་བཞི་སོ་སོ་ལ་ཤིས་པའི་བྱེ་བྲག་ཀྱང་གསུངས་སོ། །ཁྱད་པར་དུ། བྷོ་དྷི་ཙི་ནི་ཀུན་ལ་ཤིསཿ ཞེས་དང་། གྲངས་འགྱུར་ཁྱད་ཀྱང་། བྷོ་དྷི་ཙི་ནི་གྲངས་མེད་དོ། །ཞེས་གསུངས་ཤིང་ཞི་ཁྲོ་གང་ལའང་ཤིས་པ་ཉིད་དེ་མཆོག་ཏུ་བསྔགས་སོ། །བཅང་དུ་མི་རུང་བ་ནི། མཚམས་མེད་ཀྱི་ལས་བྱས་པ་བཤན་པ། དམ་ཉམས། དམེ་ཕོ། ཡུགས་ས། རྐུན་མ་སོགས་ཀྱི་ལག་ནས་བྱུང་བ་དང་། གཞན་ལ་འཕྲོག་པ་དང་། ལྷ་ལ་གཞན་གྱིས་ཕུལ་བ་དང་། ལྷའི་རྒྱན་ནས་བཀྲོལ་བ་དང་། གྲངས་མ་འགྲིགས་པ། མེས་ཚིག་པ། དུད་འགྲོས་འགོང་བ། བྲ་བྱིས་ཟོས་པ་སོགས་ཀྱིས་སྔགས་ལ་དམ་སེལ་འཇུག་པར་གསུངས་པས་སྤངས་བར་བྱ་ཞིང་། རྒྱུ་རུང་བ་དེ་ཉིད་ཆུས་བཀྲུ་ཞིང་། བ་བྱུང་དང་དྲི་བཟང་བྱུག་པ་འཇམ་དཔལ་རྩ་རྒྱུད་ལས་གསུངས་ཤིང་། རང་ཤར་ལས། ཕྲེང་ལུང་གསུམ་ལྔ་དགུ་སྒྲིལ་བྱ། །སྐུ་གསུམ་རིགས་ལྔ་ཐེག་དགུར་མཚོན། །མདུད་འཛིན་སུམ་བརྩེགས་སྐུ་གསུམ་མོ། །ཞེས་པ་ལྟར། ཕྲེང་ཐག་ཀྱང་ལས་བཞི་དང་མཐུན་པའི་སྲད་བུ་དང་། དྲག་པོ་ལ་རྒྱུ་མ་སྒྲིལ་བ་དང་། རྒྱུས་པ་སོགས་ཀྱང་གསུངས་ཤིང་། དེ་ཡང་དགོངས་འདུས་ལས། ཀུན་ཀྱང་ཕྲ་སྦོམ་ཕྲེང་བ་ཡིསཿ མིག་དང་བསྟུན་ལ་རན་པར་བྱཿ ཡངས་བ་མ་ཡིན་དོགས་པ་མིནཿ རིང་བ་མ་ཡིན་ཐུང་བ་མིནཿ ཧ་ཅང་དོགས་ན་ལས་མི་འགྲུབཿ ཡངས་ན་གསེབ་ཚགས་བར་ཆད་འཇུགཿ རིང་ན་ལྷ་འགྱང་སྒྲུབ་པ་གཡེལཿ ཧ་ཅང་ཐུང་ན་ཚེ་ལ་གཟནཿ མཐུད་མ་ཅན་དང་མདུད་པ་ཅནཿ ཕྲ་སྦོམ་མ་སྙོམས་གོད་ཁ་འབྱུངཿ དེ་སོགས་རྣམ་དབྱེ་ཤེས་པར་བྱཿ ཞེས་དང་། གལ་ཏེ་ཐག་པ་ཆད་གྱུར་ན། །ཞག་བར་མ་ཆོད་མྱུར་དུ་བསབ། །ཅེས་སོ། །སྲད་བུ་ཇི་ལྟར་བརྒྱུད་ཚུལ་ནི། སཾ་བྷུ་ཊི་ལས། ཨཱ་ལི་ཀཱ་ལི་སུ་བོན་ཉིད། །ཧཱུྃ་གི་སྲད་བུ་བརྒྱུད་པར་བྱ། །ཞེས་པས་ཕྲེང་ཐག་ཡི་དམ་གྱི་གཙོ་བོ་ལས། ཕྲེང་བ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བར་བསམ་ཞིང་། ཧཱུྃ་གི་གླུ་ལེན་པ་དང་མཉམ་དུ་བརྒྱུད་པར་གསུངས་ཤིང་། དགོངས་འདུས་ལས། སྣ་ཚོགས་ལས་ཀྱི་ཕྲེང་བ་ལསཿ མདོ་འཛིན་སྐུ་གསུང་ཐུགས་ཀྱི་རྒྱཿ ཞེས་པས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མཚོན་བྱེད། སྟེང་མ་སྔོན་པོ། བར་མ་དམར་པོ། འོག་མ་དཀར་པོ་བྱ་བར་གསུངས་སོ། །དེ་ལྟ་བུའི་ཕྲེང་བ་མཚན་ཉིད་དང་ལྡན་པ་དེ་རབ་གནས་བྱ་བར་གསུངས་པས་དེའི་ཚུལ་ནི། དགོངས་འདུས་རྣམ་བཤད་ལས། ལག་གཡོན་པའི་ནང་དུ་ཕྲེང་བ་སྦྲུལ་འཁྱིལ་བ་ལྟར་བསྐྱིལ་ལ། དབུས་སུ་མདོ་འཛིན་ཙོག་པུར་ཡོད་པར་བྱས་ལ། འདི་ཉིད་ལས་བཤད་པ་ལྟར། ཐོག་མར་ལགས་པར་བྱིན་བརླབ་བྱ་སྟེ། ངག་ཏུ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་ཧཱུྃ། གཡོན་པའི་མཐིལ་དུ་ཟླ་བ་ལ་ཨཱཿས་མཚན་པར་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་ལྷའི་ང་རྒྱལ་དང་ལྡན་པས། ༀ་སྭཱ་བྷ་ཝ་སོགས་ཀྱིས་ཕྲེང་བ་ཐ་མལ་དུ་འཛིན་པའི་རྟོག་པ་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང་། །སྐད་ཅིག་དྲན་རྫོགས་མདོ་འཛིན་ཡི་དམ་གཙོ། །ཕྲེང་བ་འཁོར་གྱི་རྣམ་པར་གྱུར་པས་བསྐོར། །གནས་གསུམ་ཡིག་འབྲུ་གསུམ་གྱི་སུ་བོན་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ནས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ། རྡོ་རྗེའི་ཆོས་བདུན་ངང་དུ་ལྷུན་གྱིས་གྲུབ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་སྲས་འཁོར་བཅས། །གདོད་ནས་ཕྲེང་བའི་ངོ་བོ་ཤར་བ་ལས། །ཡིན་ལ་ཡིན་པར་གོ་བའི་འདུ་ཤེས་ཀྱིས། །ཐབས་ཤེས་སོར་མོ་སྦྱོར་བས་སྙིང་པོའི་སྔགས། །བགྲང་བ་ཙམ་གྱིས་འཇིག་འདས་དངོས་གྲུབ་ཀུན། །ཐོགས་མེད་འགྲུབ་པའི་ནུས་མཐུ་ཅན་དུ་འགྱུར། །ཅེས་བརྗོད་ཅིང་རྩ་སྔགས་ཀྱི་མཐར། རྟེན་འབྲེལ་སྙིང་པོ་དང་། ཨཱ་དཱི་ཀཱ་དཱི་སྒྲེལ་བ་གང་མང་བཟླས་པས་མེ་ཏོག་ལ་སྔགས་ཏེ་འཐོར། ཁྱད་པར་རང་གཞུང་ནས་བཤད་པའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླ་ཞིང་། ཐམས་ཅད་ལ་དམིགས་པའི་ཁྱད་པར་ནི། བསྒྲུབ་བྱའི་ལྷ་དེ་ཡིག་འབྲུ་དེ་དག་གི་རྣམ་པར་ལས་མཐུན་གྱི་ཁ་དོག་ཅན་དུ་ནམ་མཁའ་ནས་ཆར་བབས་པ་བཞིན་དུ་བྱུང་ནས་ཕྲེང་བ་ལ་ཐིམ་པར་བསམ་མོ། །ༀ་རུ་ཙི་པྲ་མ་ཏ་ན་ཡེ་རཏྣ་མ་ཎི་དྷ་རུ་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཞེས་བཟླས་རྗེས་ཤིས་པར་བརྗོད། དེ་ནས་ལས་ལ་སྦྱར་བའི་ཚེ། །ཐོག་མར་འབྲུ་གསུམ་བརྒྱ་རྩ་བརྒྱད། །དེ་ནས་ཨཱ་དཱི་ཀཱ་དཱི་དང་རྟེན་སྙིང་། ཕྲེང་བ་བྱིན་རླབས་ཀྱི་སྔགས་ཉེར་གཅིག་ལ་སོགས་བཟླས་རྗེས། བཟླས་པ་གང་ཡིན་ལ་འཇུག་པར་གསུངས་ཤིང་། དེ་དག་རྣམས་གཞུང་གི་དགོངས་པ་འཁྲུལ་མེད་བསྡེབས་པ་ཡིན་ནོ། །དེ་ལྟར་ཚུལ་བཞིན་བྱས་པའི་ཕྲེང་བ་དེ་ལ་བགྲང་བའི་སྔགས་གང་ཡིན་པ་འབུམ་འགྱུར་དུ་འགྲོ་བར་གསུངས་ཤིང་། གཞན་ཡང་འདི་ཉིད་ལས། སྐབས་སྐབས་རབ་གནས་བསྐྱར་ན་བཟང་། །ཞེས་གསུངས་པ་ལྟར། སྐབས་སུ་བྱིན་རླབས་བསྐྱར་བ་ཡང་མན་ངག་ཡིན་ནོ། །ཞེས་གསུངས་པ་ལྟར། བཟླས་པའི་ཚེ་ཐུན་མགོར་ཕྲེང་བ་བྱིན་རླབས་དེ་ལྟར་བྱའོ། །བགྲང་ཚུལ་ཡང་། དྲག་འདུལ་གནམ་ལྕགས་འཁོར་ལོ་ལས། བགྲང་ཕྲེང་སྣ་ཚོགས་ཕྲེང་ཐག་ལུ་གུ་རྒྱུདཿ མཐེ་བོང་ཛཿལས་འོད་ཟེར་ལྕགས་ཀྱུ་ཡིསཿ ལྷ་ཉིད་དགུག་ཅིང་ལྟེ་བ་སྙིང་གར་བསྐྱིལཿ ཞེས་དང་། ཨོ་རྒྱན་ཆེན་པོ་ནས། ཞི་བ་ལ་ནི་སྙིང་གར་བགྲངཿ རྒྱས་པར་ལྟེ་བའི་ཐད་དུ་སྟེཿ དབང་ལ་ཕྲེང་བ་གསང་གནས་ཐདཿ དགུགས་པའི་འདུན་པས་འདྲེན་པར་བྱཿ དྲག་པོར་སྐྱིལ་ཀྲུང་བསྣོལ་མཚམས་ཀྱིཿ པུས་མོའི་སྟེང་དུ་བགྲང་བར་བཤདཿ སྣ་ཚོགས་ལས་ལ་གང་བདེར་བྱཿ ཞེས་དང་། ཞི་བའི་སྔགས་རྣམས་འདྲེན་པའི་དུསཿ མཛུབ་མོའི་སྟེང་ནས་འདྲེན་པར་བྱཿ དེ་བཞིན་རྒྱས་པ་གུང་མོའི་སྟེངཿ དབང་ལ་སྲིན་ལག་དྲག་པོ་ལཿ མཐེའུ་ཆུང་སྟེང་འདྲེན་པ་སྟེཿ ཀུན་ཀྱང་གཡོན་པ་ཀུན་ཉིད་དེཿ གཡས་ཀྱི་ལག་པས་མི་འདྲེན་ཞིང་ཿ ཞེས་དང་། སྐབས་འགར་ལག་པ་གཉིས་ཀས་མཉམ་དུ་འདྲེན་པ་དང་། དྲག་པོ་ལ་གཡས་པའི་མཐེ་སྲིན་གྱིས་བགྲང་བ་དང་། བཟློག་སྔགས་ལྟ་བུ་ལ་ཕྱིར་འཕེན་གྱིས་བགྲང་ཚུལ་ཡང་གསུངས་སོ། །ལས་བཞི་སྤྱི་ཁྱབ་ཏུ་སོ་སོར་སྦྱར་བའི་མཛུབ་མོའི་སྟེང་དུ་བཞག་ནས་མཐེ་བོང་ལྕགས་ཀྱུའི་རྣམ་པས་བགྲང་བ་ཉིད་འཇུག་བདེ་ཞིང་ལེགས་པ་ཉིད་དོ། །བཅང་བའི་དམ་ཚིག་ཀྱང་། སློབ་དཔོན་ཆེན་པོ་ནས། ཚུལ་དང་ལྡན་པའི་ཕྲེང་བ་གཅིགཿ ལུས་དང་གྲིབ་ལྟར་མི་འབྲལ་འགྲོགསཿ ཕྲེང་བའི་དམ་ཚིག་རྩ་བ་ཡིནཿ ཡན་ལག་དམ་ཚིག་མང་བཤད་ཀྱངཿ མདོ་བསྡུས་འདི་ལྟར་ཤེས་པར་བྱཿ ཕྲེང་བ་གཞན་ལ་མི་བསྟན་ཅིངཿ ལུས་ཀྱི་དྲོད་དང་མ་བྲལ་ནཿ གང་བསྒྲུབ་མྱུར་དུ་འགྲུབ་པར་འགྱུརཿ དེ་བཞིན་གཞན་གྱི་ལག་མི་འགྲིམཿ ཁྱད་པར་དམ་ཉམས་གྲིབ་ཅན་དངཿ རང་དང་དམ་ཚིག་མི་གཅིག་པའིཿ མི་ཡི་ལག་ཏུ་མི་འགྲིམ་གཅེསཿ བཟླས་པ་བྱེད་དུས་འདྲེན་པ་ལསཿ དུས་མིན་ལགས་པ་འདྲེན་པ་མིནཿ མི་ཡི་བརྩི་སླད་བཤར་མི་བྱཿ རབ་གནས་མི་ལྡན་ཕྲེང་བ་ནིཿ ནམ་ཡང་བཅང་བར་མི་བྱ་ཞིངཿ རབ་གནས་ལྡན་པའི་ཕྲེང་བ་དེཿ ལས་གཞན་མི་བྱ་གསང་བར་བྱཿ ས་ལ་མི་བཞག་ཡལ་མི་དོརཿ ཕྲེང་བ་བསླད་ཅན་ཞེས་བྱ་བཿ རིགས་མི་མཐུན་རྣམས་བསྡེབ་མི་བྱཿ ཞེས་གསུངས་ཤིང་། སྔགས་བགྲང་བའི་ཚེ་མི་གཏམ་ཤོར་ན་ཕྲེང་རྡོག་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་ན་བཅུ། མཆིལ་མ་དོར་ན་གཅིག་རྣམས་མི་རྩི་བར་སྔགས་རིག་པ་རྣམས་ཀྱིས་གསུངས་སོ། །དེ་ཡང་དང་པོ་ལྷར་སྣང་གསལ་བ། དེ་ནས་སྔགས་ཕྲེང་གསལ་བ། དེ་ནས་འཕྲོ་འདུ་བྱ་བ་སོགས། སྔ་མ་སྔ་མ་རྣམས་ལ་གསལ་སྣང་གི་བརྟན་པ་མ་ཐོབ་པར་ཕྱི་མ་ཕྱི་མ་རྣམས་མི་བྱ་བར་གནད་ཆེའོ། །དེ་ནས་ཐུན་བསྡུ་བ་ནི། བསྙེན་པའི་ལྷག་ཆད་ཁ་སྐོང་ཕྱིར། དབྱངས་གསལ། ཡིག་བརྒྱ། ཡེ་དྷར་བཅས་ལན་གསུམ་རེ་བཟླས་མཐར་མཆོད་བསྟོད་བྱ་སྟེ། སྒོམ་དོན་ནི་སྔར་བཤད་པར་ལྟར་རོ། །དེ་ཡང་བསྒྲུབ་པའི་སྐབས་སུ་ལྟས་བཟང་བྱུང་ན། དེ་མ་ཐག་དངོས་གྲུབ་མ་བླང་ན་ཡལ་ཉེན་ཡོད་པས། སྐབས་འདིར་རྒྱུན་གྱི་དངོས་གྲུབ་བླང་བ་དང་། མཐར་ཕྱིིན་པའི་ཐོ་རངས་སྐྱ་རེངས་ཤར་དུས་ལྷག་པར་ངེས་པར་དངོས་གྲུབ་བླང་ངོ་། །འདིའི་སྒོམ་དོན་ནི་འོག་ཏུ་འཆད་དོ། །དེ་ནས་གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས་བཟོད་གསོལ་ནི། བདག་ལྕག་གི་མི་ཤེས་པ་དང་། བག་མེད་པ་སོགས་ལས་དང་པོ་པའི་དབང་གིས། ཏིང་འཛིན་མ་གསལ་བ་དང་། བཟླས་བརྗོད་གྲངས་ཉུང་བ། ཆོ་ག་ལྷག་ཆད་དུ་གྱུར་པ། །མཆོད་རྫས་ཡོ་བྱད་མ་འབྱོར་ཞིང་། །ལེ་ལོས་གཡེལ་བ་སོགས། གསང་སྔགས་ཟབ་མོའི་ཆོ་གར་སྤྱད་པའི་ཉེས་པར་གྱུར་པའི་འགལ་འཁྲུལ་ཐམས་ཅད་གནང་ཞིང་འགྱོད་པ་དྲག་པོས་བཤགས་པར་བགྱི་ན། བཟོད་པར་མཛད་ནས་ཚངས་པ་དམ་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་སྟེ། ཡི་གེ་བརྒྱ་པ་བཟླས་པས་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་བསམ་མོ། །གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ནི། སྒྲུབ་པའི་སྐབས་ལྟ་བུ་མདུན་བསྐྱེད་ཡོད་ཚེ། མདུན་གྱི་ཡེ་ཤེས་པ་རྣམས་ནི་རྟེན་ཡོད་ན་དེ་ལ་བརྟན་བཞུགས་བྱ། མེད་ན་རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ་བ་བྱ། དམ་ཚིག་པ་རྣམས་བདག་བསྐྱེད་ལ་བསྡུ། བདག་བསྐྱེད་ཁོ་ནའི་དུས་སུ། བདག་གི་ཡེ་ཤེས་པ་ནི་ནམ་ཡང་གཤེགས་པ་མ་ཡིན་པས། ཉེར་བསྡུའི་ཚིག་གིས་གསལ་གདབ་སྟེ། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེ་ཡང་མཐའ་ནས་རིམ་གྱིས་ཚུར་འདུས་ཏེ། འཁོར་གྱི་ལྷ་ཚོགས་ལ་ཐིམ། འཁོར་རྣམས་གཙོ་བོ་ཡབ་ཡུམ་ལ། །ཡུམ་ཡབ་ལ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་རིམ་བཞིན་བསྔགས་འཁོར་ལ། དེ་ཏིང་འཛིན་སེམས་དཔའི་ཐུགས་སྲོག་སུ་བོན་ལ་ཐིམ་པར་བསམ་སྟེ། དེ་ལ་སེམས་བཟུང་ཞིང་། དེ་ཇེ་ཕྲར་གྱེན་རྫོགས་ན་དཱའི་བར་ཡལ་ནས། དམིགས་པ་མེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་པས་རྟག་མཐའ་བསལ་ལོ། །ཡང་ན་འཇལ་ཚོན་ནམ་མཁའ་ཡལ་བ་ལྟར་བསྡུ་བ་འཇའ་ཡལ་བའམ་ཡང་ན་སྔ་མ་ལ་རྗེས་གཞིག་དང་། ཕྱི་མ་ལ་རིལ་འཛིན་ཟེར་པ་ཡིན་པས་གང་ལྟར་བསྡུས་ཀྱང་འདྲ་ཡང་། ལས་དང་པོའི་ཚེ་སྔ་མ་ལྟར་རྗེས་གཞིག་བྱེད་པ་གལ་ཆེའོ། །དེ་ཡང་ཀུན་མཁྱེན་ཆེན་པོས། བསྐྱེད་རིམ་སྣང་འདིའི་བདེན་ཞེན་འགོགས་པ་སྟེ། རྫོགས་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤངས། །གང་ལ་སྣང་སྟོང་བདེན་ཞེན་མེད་པ་ན། །བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན། །ཞེས་པ་ལྟར། སྣོད་བཅུད་རང་མཚན་དུ་འཛིན་པ་ཐ་མལ་གྱི་ཞེན་རྟོག་གི་གཉེན་པོ། ལྷར་སྣང་སྒྱུ་མའི་སྣང་ཞེན་འོད་གསལ་གྱི་དབྱིངས་སུ་བསྡུ་བ་ལ་རྫོགས་རིམ་ཞེས་བྱ་སྟེ། འཆི་སྲིད་ཆོས་སྐུར་སྦྱོང་བའི་ཉམས་ལེན་གྱི་གནད་ཡིན་པས་འདོར་དུ་མི་རུང་། དེ་ནས་དེ་ལས་སྡང་བ་ན། །རྩ་སྔགས་ཚར་གཅིག་བརྗོད་པའི་རྐྱེན་གྱིས། རྗེས་ཐོབ་སྒྱུ་མའི་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣམ་པར་ལྡང་བས་ཆད་མཐའ་བསལ་ནས། གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པས། སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་བོ། །སྤྱི་བོར་ཧྃ་བཀོད་ལ་དེ་ཞི་བའི་རྒྱ་གྲམ་གྱིས་གོ་བགོ། །མཛུབ་རྩེ་ལ་ཁྲོ་བོ་གཉིས་བསྐྱེད་དེ་ལུས་སྲུང་། དབུ་རྒྱན་དང་ཅོད་པན་བཅིང་སྟེ་ཤིན་ཏུ་བརྟན་པར་བྱ། སྲུང་བའི་འཁོར་ལོ་གསལ་གདབ་པ་རྣམས་བྱ་སྟེ། བསྔོ་སྨོན་བཀྲ་ཤིས་ཀྱི་བར་བྱའོ། །དེ་ཡང་བསྐྱེད་རིམ་སྐབས་སུ་སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་རྣམས་སོ་སོར་ངེས་པར་བྱས་ནས། དག་རྫོགས་སྨིན་གསུམ་སྦྱོར་བ་ནི་གལ་ཆེ་ཡང་། དེ་དག་ཞིབ་པར་ནི་གཞན་ནས་ཤེས་པར་བྱའོ། །གཉིས་པ་རྗེས་ཐོབ་ཀྱི་རྣལ་འབྱོར་ནི། སྔར་གྱི་སུ་བཅད་བདུན་པ་ལྷ་ལམ་དུ་ཁྱེར་བ་འདི་ཡིན་ཏེ། དེ་ཡང་ཇི་སྐད་དུ། རྗེས་ཐོབ་སྒྱུ་མ་སྨྲིག་རྒྱུ་དང་། །རྨི་ལམ་གཟུགས་བརྙན་ཆུ་ཟླ་བཞིན། །མི་ཡོར་བྲག་ཅ་དྲི་ཟའི་གྲོང་། །ཆུ་བུར་སྤྲུལ་པ་ཇི་བཞིན་སྤྱོད། །ཅེས་ཤེས་བྱ་བཅུ་དང་། བླ་མ་ཡི་དམ་མི་སྤང་ཞིང་། །བླང་དོར་མ་ནོར་ཏིང་ངེ་འཛིན། །སྒོམ་དོན་སྤྱོད་པ་གསང་དང་དྲུག །བསྐྱེད་པའི་རིམ་པ་དམ་ཚིག་ཡིན། །ཞེས་དམ་ཚིག་གནད་དྲུག་སྟེ། དེ་དག་ལ་བླང་དོར་བྱ་བ་དང་། གཞན་ཡང་གདན་གསུམ་ལྷའི་དཀྱིལ་འཁོར་དུ་ཤེས་པས། ལམ་ཁྱེར་སོ་གསུམ་དང་མ་བྲལ་བ་ལ་བསླབ་བོ། །གདན་གསུམ་ནི། ཕུང་ཁམས་གཤེགས་པ་གཤེགས་མའི་གདན། །སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། །ཡན་ལག་ཁྲོ་བོ་ཁྲོ་མའི་གདན། །ཅེས་ལྷ་སོ་བཞི་སྟེ། སེམས་དཔའ་སེམས་མ་དེ་དག་ཀྱང་དག་འབྲས་ཀྱི་ངོས་ནས་བཞག་པའི་སངས་རྒྱས་ཡིན་གྱི། ས་གནས་བྱང་སེམས་སུ་འཁྲུལ་བར་མི་བྱའོ། །དེ་ལྟར་ཐུན་མཚམས་ཀྱི་བྱ་བ་དང་། འགྲོ་འདུག་ཟ་འཆག་གི་སྤྱོད་ལམ་གང་གི་ཚེ་ཡང་། ལྷའི་ང་རྒྱལ་དང་མ་བྲལ་བའི་སྒོ་ནས། ཞིང་སྦྱང་བ་དང་། འདོད་ཡོན་ཚོགས་སུ་བསྒྱུར་བ་དང་། ཕྱག་སྐོར་བཟླས་པ་སོགས་ཆོས་སྤྱོད་བཅུའི་བྱ་བ་དང་། སེམས་ཅན་གྱི་རྒྱུད་སྨིན་པ་སོགས་ཀྱི་ཐབས་སུ་གང་འགྱུར་བྱ་བ་ལས། སྒོ་གསུམ་ཐ་མལ་དུ་མ་ཤོར་བ་བྱ་དགོས་ཏེ། ཐུན་མཚམས་རྣམས་སུ་རྟོག་པ་རྒྱ་འབྱམས་ཤོར་ན་ཐུན་ཡང་ལད་འགྲོ་ཞིང་། ཐུན་མཚམས་སུ་ངེས་འབྱུང་སྐྱོ་ཤས་སོགས་བསྐྱེད་དེ་ཐུན་ལ་འཇུག །ཤེས་པ་སྐྱོ་ཆད་དེ་ཡོད་ན། ཐུན་དེ་ཡང་གོ་ཆོད་ངེས་ཞིག་འོང་ཞིང་། དེས་སྤྲོ་བ་སྐྱེ་ནས་ཐུན་རྗེས་མ་རྣམས་ཀྱང་རིམ་པས་ཡོན་ཏན་ཡར་ལྡན་དུ་འགྲོ་བར་གསུངས་སོ། །གཞན་ཡང་ཟས་གོས་སྤྱོད་ལམ་སོགས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཡང་། དྷརྨ་ཤྲིས། ནང་གི་ཆོས་སྤྱོད་ལས་གསུངས་པ་ལྟ་བུར་ཤེས་པར་བྱའོ། །དེ་ནས་ཐུན་གཞན་རྣམས་ཀྱི་ཚེ། ཚོགས་ཞིང་རྣམས་སྲུང་འཁོར་གྱི་ནང་གི་ནམ་མཁར་སྤྱན་དྲངས་ཤིང་། གསོལ་འདེབས་སྐྱབས་སེམས་ནས་བཟུང་། མཇུག་གི་བསྡུ་ལྡང་སོགས་དང་། བསྔོ་སྨོན་བཀྲ་ཤིས་ཀྱི་བར་དཀྱུས་བཞིན་བྱའོ། །བསྙེན་ཡིག་ཁ་ཅིག་ལས་ཐུན་ཕྱི་མ་རྣམས་ལ་བགེགས་བསྐྲད་སྲུང་འཁོར་སོགས་དོར་ནས་མཆོད་པ་བྱིན་རླབས་ནས་འཇུག་པ་དང་། ཐུན་མཐར་བསྡུ་རིམ་མི་བྱེད་པའམ། བྱེད་ཀྱང་སྲོད་ཐུན་གྱི་མཐའ་ལས་མི་བྱེད་པ་སོགས་ཡོད་ཀྱང་འདི་ལྟར་བྱས་ན་ལེགས་ཏེ། རྒྱུ་མཚན་བསྙེན་པའི་སྐབས་འདིར་བསྐྱེད་རིམ་གྱི་ཆོ་གས། སྐྱེ་འཆི་བར་དོ་གསུམ་སྦྱང་བའི་གདམས་པ་ཆ་ཚང་ལ་བློ་སྦྱོང་དགོས་པའི་ཕྱིར་དང་། ཐུན་མཚམས་ཉུལ་ལེ་སྐྲོད་པ་དང་། བར་ཆད་སྲུང་བ་སོགས་ཀྱི་དགོས་པ་ཡོད་དོ་ཞེས་གསུངས་སོ། །རྒྱུན་དུ་གཞི་བགེགས་ཀྱི་གཏོར་མ་བསྔོ་རྒྱུ་ཡོད་ན་སྔ་ཐུན་གྱི་མགོར་བྱའོ། །མེད་ཀྱང་ཆད་སྐྱོན་དུ་མི་འགྱུར། སྲོད་ཐུན་ལ་གཏོར་བསྔོ་དང་། ཚོགས་བསྐང་རྒྱས་བསྡུས་མཚམས་པ་རེ་གཏང་། སྤྱིར་ཚོགས་བསྐང་གི་དུས་གནད་སྲོད་དང་མཚན་མོའི་ཆར་ངེས་པར་ཡིན་པས་དེ་ལྟར་བྱ་བའམ། སྟབས་བདེ་བ་སོགས་ཀྱི་ཕྱིར་ཕྱི་དྲོའི་ཐུན་ལ་བྱས་ཀྱང་འགལ་བ་མེད་དོ། །གལ་ཏེ་རྒྱུན་པར་མ་འཛོམ་ན་ཡང་། བསྙེན་པའི་ཐོག་མ་དང་མཐའ་དང་དུས་ཆེན་རྣམས་སུ་བྱས་པས་འཐུས་སོ། །ཆད་བརྟན་རྒྱུན་པར་མེད་ཀྱང་རུང་ངོ་། །གང་ལྟར་ཡང་སྲོད་ཐུན་གྱི་རྗེས་སུ་ཀུ་སཱ་ལུའི་ཚོགས་བསགས་ཀྱི་མཐར། ཉལ་བའི་རྣལ་འབྱོར་ནི་ཕྱི་ལྟར་ན། མགོ་བྱང་། ཁ་ནུབ། རྒྱབ་ཤར་དུ་བསྟན་ཏེ། གཞོག་གཡས་སུ་འོག་ཏུ་བསྟན་ལ། ལག་གཡས་འགྲམ་འོག་ཏུ་བཅུག་སྟེ། སྲིན་མཛུབ་ཀྱིས་སྣ་བུག་གཡས་པ་དགག །ལག་གཡོན་བརླ་སྟེང་བརྐྱང་བ་སེང་གེའི་ཉལ་སྟབས་བྱས་ཏེ། དགེ་བའི་བྱ་བ་ལ་སྣང་བ་དང་ལྡང་བའི་འདུ་ཤེས་ཀྱིས། སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག་སྙམས་པས། ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་དུ་བློ་བཞག་ནས་ཉལ། ནང་ལྟར་ན། བསྡུ་བྱའི་དཀྱིལ་འཁོར་གསལ་གདབ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་མ་དག་པའི་སྣོད་བཅུད་ཐམས་ཅད་རྟེན་ལ་ཐིམ། དེ་རིམ་བཞིན་ཐུགས་སྲོག་ནཱ་དའི་བར་བསྡུ། དེ་ཡང་མི་དམིགས་པའི་དབྱིངས་སུ་བསྡུ་ལ། བསམ་མེད་ཀྱི་ངང་ལ་གཉིད་ལོག་པར་བྱ་ཞིང་། དེར་གཉིད་མ་བྱུང་ན་ཡང་ཡང་བསྐྱར་བས་ཆོག གསང་བ་ལྟར་ན། ནམ་གུང་ཤེས་བྱ་བུམ་པར་དྲིལ་བ་ནི། སྙིང་པདྨ་དམར་པོ་འདབ་མ་བཞི་པ་ཅུང་ཟད་ཁ་ཟུམ་པའི་ནང་དུ། སྐྱེ་མེད་ཀྱི་དོན་མཚོན་པའི་རིང་ཆ་ཚེགས་དྲག་མེད་པའི་ཨ་ཡིག་དཀར་པོ་འོད་འབར་བ་བུམ་ནང་གི་མར་མེ་ལྟར་གསལ་བ་ལ་སེམས་གཏད་དེ། སྙིང་གར་རླུང་ཁ་སྦྱོར་དུ་བཟུང་བ་ལ་ལུས་སྟོད་སྨད་འདུས་པ་ལྟར་མོས་ནས་ཉལ་བས། རྨི་ལམ་མེད་པར་གཉིད་གསལ་སྟོང་རྣམ་པར་མི་རྟོག་པའི་འོད་གསལ་དུ་འཆར་རོ། ཞེས་དྷརྨ་ཤྲཱིས་གསུངས་པ་ལྟར་རོ། །དེ་ནས་ཐོར་ཐུན་ལ་བབས་པའི་ཚེ། ནམ་མཁའ་ནས་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང་དྲིལ་གཡེར་གྱི་སྒྲ་དང་བཅས་ཏེ། འོད་གསལ་ལས་གཟུགས་སྐུ་བཞེངས་ཤིག་ཅེས་པའི་གླུས་བསྐུལ་ཏེ་སད་པར་བསམ་ལ། རྗེས་ཐོབ་ཀྱི་ལྷ་སྐུར་ལྡང་ནས། རླུང་རོ་བསལ། ཀུན་སློང་གསལ་གདབ། ངག་བྱིན་རླབས་ནས་བླ་མའི་རྣལ་འབྱོར་དབང་བཞི་བླང་བའི་མཐར་ཐུག་གི་བར་བྱས་རྗེས། ཐོར་ཐུན་དཀྱུས་བཞིན་གཏང་ངོ་། །ཚུལ་དེ་ལྟ་བུའི་སྒོ་ནས་བསྙེན་པ་མ་ཚར་གྱི་བར་དུ་ཐུན་བཞི་ཁྲིགས་ཆགས་སུ་གཏོང་བ་ཡིན་ནོ། །ཐུན་ཚད་ནི། འཇམ་དཔལ་རྩ་རྒྱུད་ལས། སེ་གོལ་བརྒྱ་ཡི་ཚོགས་དག་ལ། །རྩ་རྒྱུན་གཅིག་ཏུ་བསྟན་པ་ཡིན། །རྩ་རྒྱུན་བཞི་ལ་ཆུ་ཚོད་བསྟན། །ཆུ་ཚོད་བཞི་ལ་ཐུན་ཞེས་བྱ། །ཐུན་བཞི་ལ་ནི་ཉིན་པ་དེ། །མཚན་མོ་དག་ཀྱང་དེ་བཞིན་བསྟན། །དེ་ལྟར་བརྒྱད་དང་ལྡན་པ་ལ། །ཉིན་མཚན་དུ་ནི་རབ་ཏུ་བརྟགས། །མིག་གི་འབྱེད་འཛུམ་བཅུ་ལ་ནི། །སྐད་ཅིག་ཙམ་དུ་རབ་ཏུ་བརྟགས། །སྐད་ཅིག་བཅུ་ཞེས་བྱ་བ་ནི། །ཡུད་ཙམ་དུ་ནི་ཡོངས་སུ་བརྟགས། །ཡུད་ཙམ་བཞི་ལ་ཐུན་གཅིག་ཅེས། །སྔགས་རིག་པས་ནི་ཡོངས་སུ་བརྟགས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བསྙེན་པའི་ཚད་ལ་གསུམ་སྟེ། གྲངས་བསྙེན་ནི། གྲངས་འདི་ཙམ་ཞིག་ལ་བཟླ་སྙམ་པའི་བར་དེ་སྲིད་དམ། །གཙོ་བོ་ལ་སྔགས་ཉུང་ན་འབྲུ་འབུམ་དང་། །རིང་ན་འབུམ་ཕྲག་གཅིག་སྤྱིར་བཏང་ཡིན་ཞིང་། །དམིགས་བསལ་རང་གཞུང་ནས་འབྱུང་བ་ལྟར་དང་། །འཁོར་རྣམས་ལ་རྩ་སྔགས་དེའི་བཟླས་གྲངས་ཀྱི་བཅུ་ཆ་རེ་བཟླ་བར་བཤད་དོ། །དུས་བསྙེན་ནི། སྡོམ་འབྱུང་ལས། རྫོགས་ལྡན་དུས་ན་གཅིག་བཟླས་པ། །གསུམ་ལྡན་དུས་ན་ཉིས་འགྱུར་བཟླ། །གཉིས་ལྡན་དུས་ན་སུམ་འགྱུར་བཤད། །རྩོད་ལྡན་བཞི་འགྱུར་དུ་ནི་བཟླ། །ཞེས་དང་། ཡང་ན་ལོ་གཅིག་གམ། ཟླ་བ་དྲུག་དང་། གསུམ་སོགས་ཞག་གྲངས་ཇི་ཙམ་བར་བསྙེན་པ་འདོད་པ་ལྟར་རོ། །རྟགས་བསྙེན་ནི། དངོས་ཉམས་རྨི་ལམ་གང་རུང་ལ་འགྲུབ་པའི་རྟགས་མཚན་མ་མཐོང་གི་བར་རོ། །དེ་ལ་རྟགས་མཚན་ཀྱང་རང་གཞུང་ནས་གསུངས་པ་ལྟར་དང་། ཨོ་རྒྱན་ཆེན་པོ་ནས། ཉམས་དགའ་བག་དྲོ་རིག་པ་དྭངསཿ ཉམས་ལེན་འཕེལ་ཞིང་ལུས་སེམས་བདེཿ ཁྱད་པར་རྗེས་ཀྱི་ཤེས་རྒྱུན་ལསཿ རྟོགས་པར་འཆར་ཞིང་བརྩོན་འགྲུས་ལྡནཿ འཇིག་རྟེན་ཆོས་ལ་བློ་མི་འཇུགཿ ཅེས་སོགས་གསུངས་ཏེ། ངེས་འབྱུང་དང་སྐྱོ་ཤས། དད་མོས་དང་དག་སྣང་། སྙིང་རྗེ་དང་བྱང་སེམས་སོགས་ལམ་གྱི་ཡོན་ཏན་གོང་འཕེལ་དུ་འགྱུར་ཞིང་། ཆགས་སྡང་སོགས་ཉོན་མོངས་པ་རྣམས་རིམ་པས་འགྲིབ་པར་འགྱུར་བ་ན། དངོས་ཉམས་རྨི་ལམ་རྟགས་གཞན་རྣམས་ཀྱང་ཡང་དག་པ་ཡིན་ཞིང་། དེ་ལས་ལྡོག་པར་འདུག་ན། ཞལ་གཟིགས་དང་། ལུང་སྟོན་པ་སོགས་ཀྱང་བདུད་ཀྱིས་བསླུ་བ་ཡིན་པར་གསུངས་པས་ཤེས་པར་བྱ་ཞིང་། རྟགས་ལ་དགའ་སྡུག་དང་རེ་དོགས་མི་བྱ་བའང་གལ་ཆེའོ། །གཞན་ཡང་པད་སྡོང་བརྩེགས་པའི་རྒྱུད་ལས། དེ་ཕྱིར་ལྷ་དང་བླ་མ་ཉིད། །གྲུབ་ན་མཉེས་པར་བྱ་བ་དང་། །མ་མོ་ཌཱཀྐི་བྲན་ཁོལ་བཅས། །ཐུགས་དམ་བསྐང་ནས་ལས་ལ་སྦྱོར། །ཞེས་གསུངས་པས། གྲུབ་པའི་མཚན་མ་མ་མཐོང་བར་ལས་སྦྱོར་བརྩམ་ཀྱང་དོན་མེད་པའང་ཤེས་པར་བྱའོ། །ཡང་སྲོད་ཐུན་ནམ་ཕྱི་དྲོའི་ཐུན་ལ་སྲུང་མའི་བསྐང་གསོལ་བཏང་བའི་ཚེ་ནི། བཀའ་སྲུང་རྣམས་གཞལ་ཡས་ཁང་གི་ཕྱི་སྐོར་ལམ་དུ་བསྐྱེད་པའམ། ཡང་ན་རང་ཧེ་རུ་ཀར་གསལ་ཞིང་ཕྱིའི་འཁོར་ཡུག་གི་དུར་ཁྲོད་དུ་འཁོད་པའི་མདུན་མཁར་བཀའ་སྲུང་རྣམས་བསྐྱེད་ཅིང་གསོལ་མཆོད་བྱ། ཆད་བརྟན་གྱི་དུས་སུའང་དེ་ལྟར་བྱའོ། །ཆོས་སྐྱོང་གི་རྗེས་ཆོག་ནི་ཐུན་གཏོར་ཕུལ་མཐར་གཤེགས་བསྡུ་བྱེད་ཀྱང་ཆོག་ལ། ཆོ་གའི་མཇུག་ཆོག་གིས་མཐའ་རུ་བྱས་ཀྱང་རུང་ངོ་། །གཏོར་མ་རྣམས་གཏོང་དུས་གྲལ་ལས་ཅུང་ཟད་བསྐུལ་ལམ་བསྐྱོད་དེ། མཐར་སློབ་དཔོན་གྱི་ལག་པས་བཏེགས་པའི་བརྡའ་བྱ་ཞིང་མེ་ཏོག་འཐོར་ནས། སྒྲུབ་ཁང་གི་ཡང་ཐོག་གམ། ཕྱི་རོལ་བྱང་ཤར་དུ་གཏོར་སྟེགས་ལ། འཇིག་འདས་ཀྱི་ཁྱད་པར་ལྟར་ཞལ་ཕྱིར་བསྟན་ནམ་ནང་བསྟན་གང་འོས་ཀྱིས་འབུལ་ལོ། །མངོན་སྤྱོད་དུས་ཟོར་དུ་འཕེན་ཚུལ་མན་ངག་ལྟར་རོ། །ཁྱད་པར་དུ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་གསང་ལམ་མཐར་ཐུག་པའི་ཐབས་མཁས་ལ་བརྟེན་ནས་ཚོགས་གཉིས་མྱུར་དུ་འདུམ་པར་འདོད་པས། ཉེ་བར་བརྩམ་པའི་ཡན་ལག་ཁྱད་པར་ཅན་ནི་ཚོགས་ཀྱི་འཁོར་ལོ་སྟེ། དེ་ལ་གང་འཚོགས་པའི་དབྱེ་བ་ནི། སྒྱུ་དྲྭའི་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། ། རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་མྱུར་དུ་རྫོགས་བྱེད་པར། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་འདུས་པ་ཐབས་ཤེས་མ་བྲལ་ན་ཚོགས་ཀྱི་འཁོར་ལོ་ཞེས་བྱ། རྗེས་མཐུན་ཙམ་ཡེ་རྒྱ་ལ་བརྟེན་པའི་ཐབས་ཤེས་གྲངས་མཉམ་པ་ཙམ་ལ་བྱའོ། །ཐབས་ཤེས་མ་འབྲེལ་ན་དཔའ་བོ་དང་དཔའ་མོའི་སྟོན་མོར་མི་གྲགས་ཤིང་། དེ་ལྟར་ཡང་ཐབས་ཤེས་ཟུང་དུ་འབྲེལ་བའི་སྐྱེ་བོ་དམ་པ་འདུས་པ་ནི་སྐལ་ལྡན་མི་ཡི་ཚོགས། བཟའ་བཏུང་གོས་རྒྱན་བྲོ་གར་གླུ་ཚིག་སྦྱོར་སྒྲོལ་ལྔ་ལ་སོགས་པ་ཚོགས་པ་ནི་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། རྟེན་དང་བརྟེན་པ་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྲུང་མ་དང་བཅས་པ་དངོས་གྲུབ་ཀྱི་རྟེན་དུ་གཟུགས་བརྙན་བཀོད་ཅིང་སྒོམ་པ་ནི་དགྱེས་ལྡན་ལྷའི་ཚོགས་ཏེ་གསུམ་གྱི་སྟེང་དུ། དེ་དག་ལ་མ་འགགས་པར་སྤྱོད་པས་བསོད་ནམས་དང་། སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ནི་ཚོགས་ཆེན་པོ་སྟེ་བསྣན་པས་བཞིའོ། །དེ་ནས་དམ་སེལ་མེད་པའི་འདུས་པ་རྡོ་རྗེའི་མཆོད་ལྕམ་རྣམས་ཀྱང་། ཤགས་དང་ཀུ་ཅོ་སོགས་བག་མེད་པ་སྤངས་ལ་རིག་པ་བརྟུལ་ཞུགས་ཀྱི་ཉམས་དང་ལྡན་པས། གྲལ་ཕྱག་དང་ཚུལ་ཕྱག་སྔོན་དུ་འགྲོ་བས་གདན་ལ་འཁོད་ཅིང་། ཀུན་འདུས་ལས། ཁ་ན་མ་ཐོ་བཅས་པ་དང་། ཉམས་པ་ལས་བྱུང་ཉེས་དང་བཅསཿ མ་དག་པ་ཡི་ཡོ་བྱད་རྣམསཿ གདུག་ཅན་འཕང་དུ་འོང་བ་ལྟརཿ ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིསཿ བསྐལ་པར་བཤུགས་ཏེ་སྤངས་བར་བྱཿ ཞེས་པས། ཚོགས་རྫས་སུ་མི་འོས་པ་ལོག་འཚོ་སོགས་ཀྱི་རིགས་དང་མ་དག་པའི་ཡོ་བྱད་རྣམས་སྤངས་ཤིང་། ཚོགས་མ་མཆོད་གོང་ནས་ཟ་ཤོར་བ་ལྟ་བུ་ཕུད་ཉམས་པ་དང་། ལྷག་མར་ཕྲི་བ་ལ་ཚོགས་ཀྱི་སྤྱང་གུ་ཞེས་གསུངས་པས། བླང་དོར་མ་འཛོལ་བར་བྱ། ཤ་ལྔ་དང་བདུད་རྩི་ལྔའམ། ཤ་ཆང་ནི་མེད་དུ་མི་རུང་བས་ཅི་འབྱོར་བསགས། གཞན་ཡང་གལ་པོ་ལས། རྡོ་རྗེ་ཚེ་དང་གལ་ཕྱིས་དང་། །འཇམ་དེས་ཟླ་ཁྲོམ་ཟླ་རྒྱས་དང་། །ཚེ་ཁྲིད་ཛ་གད་ཛཀྟི་དང་། །བྲན་མོ་ཤཾ་དང་ཀུན་དུ་རྒྱུ། །ཨ་སྨྲ་རྒུན་འབྲུམ་ཨ་ག་རུ། །ན་ལེ་གེ་རྒྱས་ལ་སོགས་དྲངས། །ཞེས་གསང་བའི་མིང་ནས་སྨོས་པ་རྣམས་ཀྱང་། སྣང་བ་ཐབས་ཆེན་ཚེ་མཆོག་དང་། །སྟོང་པ་ཤེས་རབ་གལ་ཆེན་པོ། །གཉིས་མེད་མཐུན་སྡེབ་ཐུགས་ཀྱི་རྫས། །ཞེས་ཚེ་ནི་འབྲས་ཕྱེ་སོགས་དང་། གལ་ནི་ཆང་སོགས། མཐུན་སྡེབ་ནི་དེ་གཉིས་ཀྱི་ཟན་དུ་བྱས་པའོ། །ཡང་ཇོ་བོ་རྗེས། བོད་ལ་བསོད་ནམས་མི་འོང་། །གཏོར་ཟན་སླ་མོར་བྱེད་འདུག །ཅེས་གསུངས་པ་ལྟར། ཚོགས་ཟན་དེ་ཡང་རང་གི་ཟ་ཚོད་རན་པ་ཙམ་ལས་སླ་མོ་བྱ་མི་རུང་བར་གསུངས་སོ། །ཡང་ན་རྡོ་རྗེ་ཚེ་སྟེ་ཟན། གལ་ཕྱིས་ཏེ་སྤོད་སྣ་ཚོགས་ཀྱིས་གཡོས་པ། གཞན་ཡང་འཇམ་དེས་ནི་འོ་མ། ཟླ་ཁྲོལ་ནི་མར། ཡང་ན་ཐུགས་དམ་ཁྲུམ། ཟླ་རྒྱས་ཞོ་དང་འཁུར་བ། ཚེ་ཁྲིད་སྐྱུར་པོ། མ་དུ་ནའམ། ཛ་གད་ནི་ཆང་། བ་ལའཾ། ཛ་ཀྟི་དང་། མཱཾ་སུ་ནི་ཤ་བྲན་མོ་ནི་ཚོད་མ། ཤམ་མོ་ནི་སིང་པོ། ཀུན་ཏུ་རྒྱུ་ཚྭ། ཨ་སྨྲ་མི་ཤ །རྒུན་འབྲུམ་གླང་པོའི་ཤ །ཨ་ག་རུ་རྟ་ཤ །ན་ལེ་བ་གླང་ཤ །གེ་རྒྱས་ཁྱི་ཤ་རྣམས་སོ། །མདོར་ན་གཡོ་ཅན་སྒོག་པ། ཤོ་མོང་། ཤིང་ཏོག་སོགས་བཟའ་བཅའ་བཏུང་བའི་རིགས་ཐམས་ཅད་ལས་ཅི་འབྱོར་བསགས་ལ། ཚོགས་རྫས་རྣམས་སྒྲེ་བོར་མི་འཇོག་ཅིང་། ཚོགས་གདན་ཞིང་ངམ་ག ཅན་གཟན་གྱི་པགས་པའམ་བྲིས་པའི་ཁར། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་སོགས་སུ། བཟའ་བ་གཡས་དང་། བཏུང་བ་གཡོན་དུ་བཤམས། ཚོགས་ཆང་བྲན། དེ་ནས་བསང་ཆུའམ་ཆབ་གཙང་གིས་བྲན། དེ་ནས་ནང་མཆོད་ཀྱི་བདུད་རྩི་བྲན་པས་བསང་ལ། བགེགས་བསྐྲད་དེ་ཉེས་སྐྱོན་སྦྱངས་ཤིང་བྱིན་གྱིས་རླབས། འོན་ཀྱང་ཕྱི་མཆོད་རྣམ་ལྔ་དང་། རཀྟ་ལིང་ག་སོགས་ལ་ནང་མཆོད་མི་འཐོར་བར་གསུངས་སོ། །དེས་མཚོན་ནས་སྤྱིར་གཏོར་མ་སོགས་ལ་སྨན་རཀ་བྲན་པའང་། འབག་བཙོག་སྦྱང་བ་དང་། བགེགས་བསལ་བ་དང་། མཆོད་པ་འབུལ་བ་དང་། བྱིན་གྱི་རླབས་པ་དང་། ཆན་ལ་ཕབ་བཏབ་པ་བཞིན་དུ་ཐུགས་དམ་རྒྱུད་བསྐུལ་དུ་འགྱུར་བ་སོགས་དགོས་པ་སྣ་ཚོགས་དང་ལྡན་པ་ཁོ་ནའོ་ཞེས་གསུངས་སོ། །དེས་ནས་སྣོད་ཉི་མ་བཅུད་ཞལ་ཟས་ལ་འབྲུ་ལྔ་བཀོད་དེ། འབྲུ་གསུམ་སོགས་ཀྱི་སྔགས་རྒྱས་སྦྱངས་སྤེལ་བསྒྱུར་ཏེ། འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་རླབས་དེ་ཡང་འཇིག་རྟེན་ཁམས་ཀྱི་འདོད་ཡོན་གྱི་བཅུད་ཐམས་ཅད་བདག་གི་འོད་ཟེར་གྱིས་བསྡུས་ཏེ་ཚོགས་རྫས་ལ་བསྟིམ་པ་ནི་གནད་ཡིན་པར་གསུངས་སོ། །སྤྱིར་ཚོགས་དང་གཏོར་མ་སོགས་ནི་ཐུན་མཚམས་ཀྱི་ལྷས་ཕུལ་ཀྱང་རུང་ལ། སྲོད་ཐུན་མ་བསྡུས་པ་གཏོང་ན། གཙོ་བོའི་ཐུགས་ཀ་ནས་རང་འདྲ་ལས་ཀྱི་ལྷ་ཐོན་ནས་དཀྱིལ་འཁོར་གྱི་ཤར་ཁྱམས་སུ་འཁོད་དེ། ཚོགས་གནས་འདྲེན་སོགས་བྱ་བའམ། ཡང་ན་ལས་ཀྱི་ལྷ་དེ་ཉིད་ཕྱི་ཡི་འཁོར་ཡུག་གི་བྱང་ཤར་གྱི་དུར་ཁྲོད་དུ་འཁོད་ལ། དེར་དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་ཞིང་ནས་སྤྱན་དྲངས་པའི་མགྲོན་ཐབས་ཀྱི་ལྷ་རྩ་གསུམ་སྲུང་མ་དང་བཅས་པའི་ཚོགས་རྣམས་མཁའ་ཁྱབ་ཏུ་སྤྲིན་ཕུང་ལྟར་སད་པར་བསམ་ལ། གལ་པོ་ལས། དང་པོ་འདོད་ཡོན་དྲུག་གི་མཆོད། །གཉིས་པ་དམ་རྫས་བདུད་རྩིའི་མཆོད། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབས། །ཞེས་ཚོགས་ཕུད་རྣམས་ཆ་གསུམ་དུ་སྤྲོ་གསུངས་པ་དང་། ཡང་བཞི་རུ་གསུངས་པའང་སྣང་བས། གང་ལྟར་ཡང་དང་པོ་ཕུད་མཆོད་ཀྱི་ཚེ། འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བས་མཆོད་སྤྲིན་སྣ་ཚོགས་བསམ་གྱིས་མི་ཁྱབ་པས་ཚོགས་ཞིང་རྣམས་མཆོད་ཅིང་དགྱེས་པ་བསྐྱེད་པས་ཚོགས་གཉིས་རྫོགས་པར་བསམ་མོ། །བར་པ་བཤགས་པའི་ཚེ། ཤ་ལྔ་བདུད་རྩི་ལྔ་སོགས་རྣམ་པ་དམ་ཚིག་གི་རྫས་ལ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཕུལ་ནས། དམ་ཚིག་ཉམས་ཆག་ཉེས་ལྟུང་ཐམས་ཅད་བཤགས་པར་གསོལ་བས། དགྱེས་ཤིང་བརྩེ་བས་དགོངས་ཏེ། ཉེས་ཚོགས་ལྷག་མེད་དུ་བྱང་ནས། ཡེ་ཤེས་ལྷ་དང་འཁོན་བཅུག་དག་པར་བསམ་མོ། །ཐ་མ་ལིང་ག་ཟུར་པ་མེད་ན་བྱིན་རླབས་ཀྱི་གོང་དུ་བཅད་ན་ནི་དེར་ཟད་ལ། མིན་ན་ཚོགས་བདུད་རྩིའི་རང་བཞིན་དུ་ཕུལ་ནས། ཚོགས་ཟན་གྱི་རྒྱབ་ངོས་ནས་བཅད་པ་ཁ་གྱེན་བསྟན་དུ་བཤམས་ལ། དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས་ཏེ། དགྲ་བགེགས་དགུགས་འཆིང་བསྡོམ་མྱོས་བྱས་མཐར། རྣམ་ཤེས་སྤར་བའི་རྙིགས་མའི་ལུས་རྟེན་ཁྲོ་བོ་ཚོགས་ཀྱིས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པར་བསམ་ཞིང་། བདུད་རྩི་བྲན་ལ་བསྟབ་པར་བྱའོ། །ཡང་ཚོགས་ཕུད་ཀྱི་སྔོན་དུ་བསྐང་བ་གཏོང་སྲོལ་ཀྱང་སྣང་རུང་། སྨིན་གླིང་ཕྱག་སྲོལ་ལྟར་སྐབས་འདིར་གཏོང་བ་འཐད་པར་མངོན་ནོ། །དེ་ཡང་ཚོགས་མཆོད་ནི་བཟའ་བཏུང་གི་མགྲོན་ཐབས་ལྟ་བུ་དང་། བསྐང་བ་ནི་དངོས་རྫས་ཀྱི་འབུལ་ནོར་སྟོབས་པའི་ཚུལ་ལྟ་བུ་ཡིན་ཞེས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ། །དེ་ནས་ཆ་བཞི་པ་གནམ་ཕུད་ནི། ཚོགས་རྫས་བཤམས་པ་ལ་སྨན་རཀ་བྲན་ལ་གཙང་རིས་ཀྱི་མགོན་པོ་སོགས་ལ་མཆོད་པ་སྟེ། ཕྱི་རོལ་དུ་གཙང་སར་འབུལ་ལོ། །དེ་ནི་ཀུན་རྫོབ་དོན་དམ་ཟུང་འཇུག་ཏུ་བསྐང་བའི་དོན་ཡིན་པར་གཏེར་ཕྱོགས་འགའ་ནས་གསུངས་པ་སྣང་ལ། བཀའ་གཏེར་སྤྱི་འགྲེས་སུ་ཆ་བཞི་པ་ནི་གཙང་ལྷག་ལ་མཛད་དོ། །ཆ་ལྔ་པ་ནི། ལས་རྡོར་གྱིས་ཐབས་ཤེས་ཀྱི་རྫས་རྣམས་བསྣོལ་ཏེ་སློབ་དཔོན་ལ་ཕུལ། སློབ་དཔོན་གྱི་པད་སྐོར་སྔོན་དུ་འགྲོ་བས་རྩེ་གསུམ་རྒྱས་ལེན་ཅིང་། དེ་ནས་གྲལ་མགོ་ནས་རིམ་པས་འདུས་པ་ཀུན་ལ་བྲིམ། ཐམས་ཅད་ཀྱིས་ཤ་ལྔ་བདུད་རྩི་ལྔར་མོས་བཞིན་ནང་གི་སྦྱིན་བསྲེག་གི་ཚུལ་དུ་རོལ་ཞིང་སྨོན་ལམ་གདབ། དེ་ནས་འདུས་པ་རྣམས་ཀྱི་ལྷག་རོལ་གསོག་འཇོག་མེད་པར་གྲལ་མཇུག་ནས་ཡར་བསྡུ་ཞིང་། གལ་པོ་ལས། ལྷག་མའི་དཀྱིལ་འཁོར་བྱང་ཤར་མཚམས། ཞིང་ལྤགས་རཀྟའི་ཟླ་གམ་ཨེ། ཞེས་པས་དཀྱིལ་འཁོར་གྱི་བྱང་ཤར་རམ། ལྷོ་ནུབ་ཏུ་ཞི་བ་ལ་དྲིའི་མཎྜལ་ཟླུམ་པོ་དང་། ཁྲོ་བོ་ལ་ཞིང་ལྤགས་ལ་ཆོས་འབྱུང་དང་ཟླ་གམ་བྲིས་པའི་ཁར་སྔར་གྱི་ཚོགས་ཕུད་ཆ་བཞི་པ་གཙང་ལྷག་ལ་བསྒྲལ་བའི་ཕྱེད་ཆ་བསྣན་པ་དང་། གཙང་ལྷག་བཅས་གོང་འོག་གི་ཚུལ་དུ་བཤམས་ལ། ཕུད་ཀྱིས་ཡར་གྱི་གནས་བདུན་མཆོད། དཔལ་ཆེན་པོ་དང་རྣལ་འབྱོར་པའི་གཙང་ལྷག་གིས་ཡར་གྱི་གནས་བདུན་མཆོད། ཅེས་གསུངས་པས། ལྷག་མའི་དཀྱིལ་འཁོར་ཕྱི་ཁྱམས་མཐིང་ནག་གྲུ་གསུམ་འབྱམས་ཀླས་པའི་ནང་དུ་གཞལ་ཡས་ཁང་སྒོ་དང་བཅས་པར། རིགས་ལྔ། གནས་ཡུལ། སྒོ་མ་སྟེ་ཡར་གྱི་གནས་བདུན་ཞེས། ངོ་མཚར་ཚོགས་ཀྱི་ལྷ་སུམ་བཅུ་བསྐྱེད། ལྷག་གཏོར་ཟླ་བ་ལ་གནས་པའི་ༀ་གྱིས་འཕྲོ་འདུས་གསང་བའི་ལོངས་སྤྱོད་འདོད་ཡོན་བདུད་རྩིའི་ཕུང་པོར་བརླབས། མཁའ་འགྲོ་གིང་ལིང་སོགས་མར་གནས་བདུན་པོར་བཅས་ཏེ་སྙན་གསན་དབབ་ལ་སྤྱུགས་པའི་སྒྲ་དང་། འདོད་རྒྱལ་རྒྱས་སྤྱན་དྲང་ནས་ཕྱི་ཁྱམས་གྲུ་གསུམ་པའི་ནང་དུ་བྱ་ནག་ཐང་ལ་བབས་པ་ལྟར་ཐིབས་ཀྱིས་བྱོན་པར་བསམ། ཧེ་རུ་ཀའི་རྡོ་རྗེའི་ཁྱུང་གཤོག་རྒྱས་ཟིལ་གྱིས་མནན། པདྨའི་སྔགས་རྒྱས་གདན་འབུལ། རྟ་གདོང་གི་སྔགས་རྒྱས་དབང་དུ་བྱས། མགྲོན་རྣམས་རིགས་སོ་སོའི་ཚོམ་བུ་ལྔར་བཞུགས་པ་ལ་སྤྱི་མཆོད། སྨན་རཀ་ཀྱང་སྦྲེངས། རྒྱུ་མཚན་བསྒྲགས་པས་ངེས་ཤེས་བསྐྱེད། །བྱེ་བྲག་ཕུད་གཏོར་དམེ་གཏོར་དུ་མར་བླུགས་ཏེ་ཕུད་ལྷག་མཚམས་སྦྱར། དེ་ཡང་ཞི་རྒྱས་དབང་གསུམ་ལ་མར་བསྲེ། དྲག་པོ་ལ་ཡར་བསྲེ་ཞེས་ཀྱང་གསུངས། སློབ་དཔོན་ལྟ་དགོངས་དང་ལྡན་ན་གཙོ་བོའི་ང་རྒྱལ་ལ་གནས་པས་ཡ་རྐན་རྟ་མགྲིན་དང་། མ་རྐན་རྣལ་འབྱོར་མར་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་རྩི་དབབ་པར་མོས་པས་ཁ་ཕྲུ་གདབ། དཀྱུས་མ་ལ་སྨན་རཀ་འཐོར་བས་ཆོག་ཅིང་བྱིན་གྱིས་རློབས། དུས་མཚན་དང་གདོང་ཐུག་སྲུང་ཕྱིར་མེ་སྒྲོན་གཟུགས། མར་གནས་རྣམས་ཀྱི་མཚན་ནས་སྨོས་ཏེ་མཆོད་ཅིང་ཕྲིན་ལས་བཅོལ། མཐར་ལས་རྡོར་གྱིས་ཞྭ་ལྷམ་བཅས་ཏེ། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུའི་སར་སྲིན་མོ་ཟ་ལམ་ཡིན་པས་དེར་བསྐྱལ་ལ་གཏོར་གཞོང་བཤལ། བཤལ་ཆུ་བསྔོ་རྒྱུའི་སྲོལ་འདི་མི་དགོས་པར་གསུངས། མཐར་ཡར་གནས་ཀྱི་རིགས་ལྔ་རང་ལ་བསྡུ། མགྲོན་གཞན་གཤེགས་ཤིང་དལ་བསྡུའོ། །ཡང་འདྲ་མིན་ཅུང་ཟད། ཡང་དག་དཀྱིལ་ཆོག་ལས། ལྷག་གཏོར་ཡར་གྱི་གནས་བདུན་གྱི་ལྷ་བཀྲ་ལམ་གྱིས་གསལ་བར་དམིགས། གཏོར་མའི་ལྷ་ཚོགས་ལས་མཆོད་སྤྲིན་སྣ་ཚོགས་སུ་ཤར་བས་ལྷ་རྣམས་མཆོད་པར་བསམ་ཞིང་། གཏོར་མའི་ལྷ་རྣམས་རང་ལ་བསྟིམ་ནས་གཏོར་མ་བདུད་རྩིའི་རྒྱ་མཚོ་འཁྱིལ་བར་བསམ། དེ་ནས་ཡར་གནས་བདུན་པོ་སྤྱན་དྲངས་ལ། རིགས་ཀྱི་ཚོམ་བུ་ལྔར་མཆོད་ཅིང་། དམེ་གཏོར་ལ་ཁ་ཕྲུ་བཏབ་ནས་བསྔོ་བར་གསུངས། ཡང་ཞི་བའི་སྐབས་སུ་ལྷག་དཀྱིལ་གདན་དང་བཅས་པའི་ནང་གི་དབུས་དང་ཕྱོགས་བཞིར་རིགས་ཀྱི་ཡབ་ལྔ་བསྐྱེད་ཅིང་། གཏོར་མ་བྱིན་གྱིས་རླབས། མཁའ་འགྲོ་སུམ་ཅུ་རྩ་གཉིས་སྤྱན་དྲངས་ཏེ་རིགས་ལྔ་ལ་འགྲིལ་བར་བསམ་ཞིང་། མེ་ཏོག་སོགས་ཀྱིས་མཆོད་ནས་གཏོར་མ་ཕུལ། དེ་ནས་མར་གནས་ལ་བསྔོ་ཚུལ་ཀྱང་གསུངས་སོ། །གཏེར་ཕྱོགས་འགའ་ནས་མར་གནས་ལ་བསྔོ་ཚུལ་ཙམ་ལས་མི་འབྱུང་བའང་སྣང་ངོ་། །གང་ལྟར་ཡང་སྒྲུབ་པ་ཞག་གྲངས་ལྟ་བུའི་ཚེ་དཀྱིལ་འཁོར་གྱི་བྱང་ཤར་དུ་ལྷག་བཙོན་གཏའ་མར་འཛིན་པ་ནི་ལས་མྱུར་བའི་ཆེད་ཡིན་ནོ། །སྐབས་འདིར་ཡར་གནས་བདུན་ནི། གལྤོ་ཆེ་ལས། དབྱིངས་ནས་རྣམ་པར་བསྐུལ་བ་དང་། །བྱིན་གྱིས་ཡང་དག་བརླབས་པ་དང་། །ཐབས་ཆེན་ཡབ་ཏུ་བསྟན་པ་དང་། །ཤེས་རབ་ཡུམ་དུ་གནས་པ་དང་། །ཁྲོ་བོ་ཀོ་རི་བརྒྱད་རྣམས་དང་། །ཡུལ་གྱི་ཕྲ་མེན་ཆེན་མོ་དང་། །ཡེ་ཤེས་སྒོ་མ་བཞི་པོ་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་ཏེ། །ཞེས་དང་། མར་གནས་བདུན་ནི། རྫུ་འཕྲུལ་མཁའ་ལ་འགྲོ་བ་སུམ་ཅུ་གཉིས། །སྦྱོར་དང་སྒྲོལ་ལ་དགའ་བའི་གིང་ཆེན་བརྒྱད། །ལངྐ་ཚར་གསུམ་རྟོགས་ཚད་འབུལ་བ་དང་། །ལུས་ངག་ཡིད་གསུམ་གནོད་པའི་འབར་མ་བརྒྱད། །བདུད་སྲིན་མ་མོ་བདུན་དང་སྲིང་མོ་བཞི། །དྲུག་ཅུ་རྩ་བཞི་ཕོ་ཉའི་གནས་རྣམས་ཏེ། །ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན ། །ཉི་ཤུ་རྩ་བརྒྱད་ཕུད་ལྷག་གཉིས་ལ་དབང་། །ཞེས་སོ། །དམིགས་བསལ་ཚོགས་བརྒྱ་གྲངས་བསགས་ལྟ་བུའི་ཚེ་ནི། བྱིན་རླབས་ནས་བཟུང་ལྷག་མའི་མཐར་ཐུག་གི་བར་བསྐྱར་ཟློས་བྱ་བ་ཡིན་ཀྱང་། དྲངས་བ་ནི་རྗེས་མར་ལན་གཅིག་ཏུ་བྱས་པས་འཐུས་སོ། །ཡང་སྨིན་གླིང་ཕྱག་སྲོལ་ལྟར་དྲངས་བའང་སློབ་དཔོན་ལ་འབུལ་ཚུལ་དང་། བཞེས་པའི་མོས་པ་བྱས་མཐར། དེ་མ་ཐག་ལྷག་མ་དང་ལྷན་དུ་བསྔོ་ཚུལ་གྱི་ཕྱག་སྲོལ་ཀྱང་སྣང་ལ། དེ་ལྟར་དྲངས་བའང་གྲངས་བསགས་ན་ལེགས་ཞེས་ཀོ་ཤིའི་དགེ་བཤེས་གསུངས་སོ། །དེ་ལྟ་བུའི་ཚོགས་འཁོར་དེ་ནི་ཚིམ་པ་དྲུག་ལྡན་དུ་གསུངས་ཏེ། ཚོགས་ཞིང་རྣམས་མཆོད་པས་ཚིས་པ་དང་། རྣལ་འབྱོར་པ་རྣམས་རྡོ་རྗེའི་བཟའ་བཏུང་གིས་ཚིམ་པ་དང་། ཡེ་ཤེས་ཀྱི་འཁོར་ལོ་བདུད་རྩིའི་དྭངས་མས་ཚིམ་པ་དང་། ལུས་དཀྱིལ་གྱི་ལྷ་བདེ་སྟོང་གི་ཡེ་ཤེས་ཀྱིས་ཚིམ་པ་དང་། ཕྱི་ནང་གི་མཁའ་འགྲོ་རྣམས་གླུ་དབྱངས་ཀྱིས་ཚིམ་པ་དང་། དྲེགས་པ་ལས་བྱེད་ཀྱི་འབྱུང་པོ་རྣམས་གཏོར་མས་ཚིམ་པ་དང་དྲུག་ལྡན་ནོ། །ཞེས་འཇིགས་གླིང་གསུངས་སོ། །མཐར་ཚོགས་མགྲོན་ཡེ་ཤེས་པ་གཤེགས། །དམ་ཚིག་པ་རང་ལ་བསྡུ་ཞིང་། རང་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ་མོ། །ཡང་ན་ཆོ་གའི་རྗེས་ཆོག་དུས་ལྷན་ཅིག་གཤེགས་བསྡུ་བྱས་ཀྱང་རུང་ངོ་། །ཕན་ཡོན་ནི། རྡོ་རྗེ་དྲ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པ་འགྱུར། །ཞེས་གསུངས་པས། བསྒྲུབ་བྱ་རྣམས་མཉེས་ཤིང་། སྒྲུབ་པ་པོའི་ཚོགས་གཉིས་རྫོགས་པ་དང་། དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་ནས་ཧེ་རུ་ཀ་དང་སྐལ་བ་མཉམ་པར་འགྱུར་བའོ། །གཞན་ཡང་སྐབས་འདིར་བསྒྲལ་ལས་ཀྱི་དམིགས་དོན་ཅུང་ཟད་བཀྲལ་བ་ལ། སྤྱིར་བསྒྲལ་བྱ་མཆོག་ཆེན་མཆོག་ཕྲན་ལ་བཞེད་ཚུལ་མང་ཡང་། སྤྱི་ཙམ་ལ། མཆོག་ཆེན་བཀྲ་ཤིས་དག་པའི་ཞིང་ནི་སྐྱེ་བ་བདུན་པའི་མི་དང་། མཆོག་ཕྲན་སྙིང་རྗེའི་ཞིང་ནི་ཞིང་བཅུ་དང་། ཉམས་པ་བདུན་དུ་གཏོང་བའི་དགྲ་བགེགས་ཡིན་ལ། དེ་ལ་ཞིང་བཅུ་ནི། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་ཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱི་དང་དུ་བླངས། །ཞེས་སོ། །ཉམས་པ་བདུན་ནི། དམ་ལས་ཉམས་པས་སློབ་དཔོན་མཆེད་ལ་བརྙས། །བཀའ་ལས་ཉམས་པས་ལས་འབྲས་ཁྱད་དུ་བསད། །དོན་ལ་ཉམས་པས་བདེན་གཉིས་ཁྱད་པར་བལྟ། །ལས་ཀྱིས་ཉམས་པས་ཉེས་མེད་རྣམས་ལ་འཇུག །མཚན་མས་ཉམས་པས་ཆོས་ལ་ཕྱོགས་རིས་བཟུང་། །འདོད་པས་ཉམས་པས་ཁྲེལ་མེད་འཕྲོག་བཅོམ་བྱེད། །ལོག་པས་ཉམས་པས་སེམས་ཅན་སྡུག་ལ་སྦྱོར། །ཞེས་པ་ལྟར་རོ། །དེ་ལྟ་བུའི་དགྲ་བགེགས་གང་ཡིན་གྱི་དམིགས་པའི་རྟེན། ཟན་ལིང་ཉ་བོ་མཚན་ཉིད་དང་ལྡན་པ། འཁོར་བ་རུ་ལོག་པའི་རྟེན་འབྲེལ་དུ་མགོ་བོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་གན་རྐྱལ། ཡང་ན་འཁོར་འདས་ལ་སྡུན་རྒྱབ་ཚུལ་དུ། མགོ་བོ་རྒྱབ་དང་། གདོང་པ་རང་ལ་བསྟན་ཏེ་རཀྟ་བྲན། རང་ཉིད་སྲུང་བའི་རྫོང་མཁར་དུ་ཞུགས། བཟློག་པ་རྡོ་རྗེའི་དཔུང་བཤམས་ནས། ལུས་ལྷ་སྐུ། ངག་བརྗོད་བྲལ། སེམས་སྐྱེ་མེད་དུ་དཔའ་བ་སྟེ་དཔའ་གསུམ། ལྟ་བ་མཐའ་བྲལ། སྒོམ་པ་བློ་འདས། སྤྱོད་པ་ཤུགས་འབྱུང་གི་གདེང་སྟེ་གདེང་གསུམ། རིག་པ་མདུང་ལས་རྣོ་བས་ཕྱི་ཡི་དྲེགས་པ་འབིགས་པ། རིག་པ་གསེར་བརྡར་ལྟ་བུས་ནང་གི་ཉོན་མོངས་གཅོད་པ། རིག་པ་རླུང་ཤུགས་ལྟ་བུས་རྣམ་རྟོག་སྤྲིན་ཕུང་གཏོར་བའི་ངར་གསུམ་དང་དགུ་པོ་ཚང་བས་གཟིར་བྱ་དགྲ་བགེགས་གང་ཡིན་དངོས་སུ་གསལ་ཞིང་དགུགས་བསྟིམ་བགྱིས་ཏེ་ལྟ་བ་ཆོས་ཉིད་ཀྱི་རྫོང་། སྒོམ་པ་ཏིང་འཛིན་གྱི་འཕྲང་། སྤྱོད་པ་སྙིང་རྗེའི་སྲོག་དང་ལྡན་པས་སྒྲོལ་བའི་ལས་ལ་འཇུག་སྟེ། རྒྱུད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཞེས་པ་ལྟར། གཞི་ཡི་ཀུན་སློང་སྙིང་རྗེ་དང་། དུས་ཀྱི་ཀུན་སློང་ཞེ་སྡང་བར་མ་ཆད་པའི་ངང་ནས། མི་ལྡོག་པའི་གནད་རང་ཉིད་ཧེ་རུ་ཀར་གསལ། མི་སྡུག་པའི་གནད་ཕུར་བུ་སྲས་མཆོག་ཏུ་གསལ། མི་འབྱམས་པའི་ཕྱིར་ལིང་ག་གཟས་པོ་དངོས་སུ་གསལ་ལ། ཚེ་ཁྲུས་ནི། དམིགས་བྱའི་སྙིང་ནང་དུ་རྣམ་ཤེས་སྲོག་གི་དངོས་པོ་ཁྲག་གི་དྭངས་མ་བྱེའུ་ལེབ་མའི་མགོ་ཙམ་གྱི་དབུས་ན། ཚེ་བརྟེན་ཨ་དཀར་པོ་འོད་ཀྱི་རང་བཞིན་གྱི་ཐིག་ལེའི་ནང་དུ། རྣམ་ཤེས་ཀྱི་རྟེན་སྲོག་ཡིག་ཎི་ལྗང་དགུ་ཡོད་པ་དེ་ལ། ཕུར་བུའི་རྩེ་མོར་ཧཱུྃ་གསུམ་དང་དེའི་འོག་ཏུ་ཕཊ་གསུམ་གསལ་བ་དེ་དག་སྙིང་གའི་ཚེ་རྟེན་ལ་བཏབ་པས། ཎི་ཨར་བཅས་ཕུར་རྩེར་དཀར་མེར་གྱིས་འདུས་པ་དེ། ཕུར་རྩེ་ཚུལ་བསྟན་པས་ཨ་དེ་ཉིད་རང་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ་པ་ནི་ཚེ་ལུང་ངོ་། །སྲོག་ཡིག་ཎི་དེ་ཕུར་རྩེའི་ཧཱུྃ་གསུམ་ལ་ཐིམ་པས། འོག་གི་ཕཊ་གསུམ་གྱིས་འཕང་བས་འོག་མིན་དུ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་པར་བསམ། ཧཱུྃ་གསུམ་པོ་དེའི་ནང་ནས་ཀུན་གཞིའི་ཧཱུྃ་སྔོན་པོ་དེ་ཐུགས་སྲོག་གི་ཧཱུྃ་དང་བཅས་པ་འོད་དུ་ཞུ་ནས། ཉོན་ཡིད་ཧཱུྃ་དམར་པོ་དང་བཅས་མགྲིན་པའི་ཨཱཿལ་ཐིམ། ཨཿདང་ཡིད་ཤེས་ཀྱི་ཧཱུྃ་དཀར་པོ་གཉིས་སྤྱི་བོའི་ༀ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་གཅིག་ཏུ་འདྲེས་པ་སྒལ་ཚིག་གི་རྟ་ལ་བརྒྱུད་དེ་ཡུམ་གྱི་མཁར་བབས་པས་རྒྱལ་བའི་སྲས་སུ་སྐྱེས་པར་བསམ་པ་ནི་ཁྲུས་ལུང་ཡིན་ནོ། །དེ་ནས་སྙིང་མའི་ལུས་རྟེན་ཕོའི་རྐང་པ་གཡས་ནས་དང་། མོའི་རྐང་པ་གཡོན་ནས་རིམ་པས་གཏུབ་སྟེ་བདུད་རྩི་བྲན་ལ། ཟ་བྱེད་པདྨའི་གིང་མོ་སྤྲུལ་པ་དང་བཅས་པས་བསྒྲལ་མཆོད་རྣམས་སྟང་སྟབས་གར་དང་བཅས་ཏེ་དཀྱིལ་འཁོར་ལྷ་ལ་སྟབས་པས་དགྱེས་ཤིང་རོལ་པར་བསམ་ལ། ཆ་གཅིག་བཟློག་གཏོར་ལ་བསྟབ། ཆ་གཅིག་བཟློག་བསྐུལ་ཚེ་འབུལ། ཆ་གཅིག་ལྷག་གཏོར་གཙང་དམེ་ལ་བསྲེ་ཞིང་སྨིན་གླིང་གཏེར་ཆེན་གསུངས་པ་ལྟར་རོ། །དེ་ལྟར་ཚེ་བཅུད་ཀྱིས་བདག་འཚེང་། རྣམ་ཤེས་སྤར་བས་དགྲ་འཚེང་ཤ་ཁྲག་སྟབས་པས་ལྷ་སྟེ། འཚེང་པ་གསུམ་གྱི་བསྒྲལ་འབྲས་དང་ལྡན་པས། ལྷ་རྟེན། ལུས་སེམས། ཤ་རུས་ཏེ་ཁ་སྦྱོར་གསུམ་པོ་དབྱེ་བ་ནི་བསད་པའི་ལས་ཀྱི་ཆོ་གའོ། །དེ་ལྟ་བུའི་མངོན་སྤྱོད་ཕྲིན་ལས་ཀྱི་གཙོ་བོ་བསྲུང་བཟློག་བསད་གསུམ་གྱི་མཐའ་ནི། བསྲུང་བ་ལ་མནན་པ། བཟློག་པ་ལ་འཕང་བ། བསད་པ་ལ་བསྲེག་པས་མཐའ་བསྡུ་བར་བྱ་ཞེས་ཀོང་སྤྲུལ་གསུངས་སོ། །བསྐུལ་བའི་དུས་གཏོར་མ་ལྷར་གསལ་བ་ལ་སྨན་རཀ་བྲན་པས་ཐུགས་རྒྱུད་བསྐུལ་ཏེ། ཆོས་སྐུ་ཞི་བ་ཆེན་པོའི་དབྱིངས་ནས། འགྲོ་བའི་དོན་ཕྱིར་གཟུགས་སྐུ་ཁྲོས་པའི་ཚུལ་གྱིས་བཞེངས་ནས་ཕྲིན་ལས་གཡེལ་བ་མེད་པའི་ལས་ལ་རྔམས་ཤིང་རང་བར་བསམ་མོ། །ཆད་ཐོའི་སྐབས་སུ་ཡང་སྨན་རཀ་བྲན་པས་བྱིན་གྱིས་རླབས་ཤིང་རྒྱུན་པར་ནི་ཕོ་མོ་མ་ནིང་གི་རྒྱུད་གསུམ་གྱི་དམ་ཅན་རྣམས་ལ་གཏོར་འབུལ་གྱི་ཚུལ་དུ་མཆོད། དམིགས་བསལ་དུ་དྲག་པོའི་དུས་ཟོར་དུ་འཕང་ངོ་། །གཏོར་གཞོང་བཤལ་ཆུ་བརྟན་མའི་གཏོར་མར་བྲན་ལ། ཐུགས་ཀའི་འོད་ཟེར་གྱིས་བརྟན་མ་བཅུ་གཉིས་སྒྲུབ་ཁང་གི་ཕྱི་རོལ་དུ་སྤྱན་དྲངས་ལ་མཐུན་རྫས་ཀྱིས་མཉེས་པར་བྱས་ནས། ལས་རྡོར་གྱི་གོམས་པ་བདུན་ཅུའི་སར་ཕྱིན་ཏེ་གཏོར་མ་གཤེགས་ལ། མགྲོན་རྣམས་རང་གནས་སུ་གཏང་། གྲལ་མཐར་གཏོར་གཞོང་ཁ་སྦུབས་ལ་སྣོད་ཀྱི་འཇིག་རྟེན་ཨེ་གྲུ་གསུམ་དུ་དགྲ་འདྲེ་མནན་ལ། གཏོར་གཞོང་རི་རབ་ཀྱི་སྟེང་དུ། བཅུད་ཀྱི་སེམས་ཅན་རྟ་མཆོག་ཧེ་རུ་ཀར་གསལ། རྡོ་རྗེའི་བྲོ་བརྡུང་ནས་ལས་ཀྱི་མཐའ་སྡུད་བྱ་བ་ཡིན་ནོ། །གཞན་ཡང་འཕྲོས་དོན་ཕྲན་བུ་རྣམས་ནི། དགོངས་འདུས་ལས། སྒྲུབ་པ་མ་ཐོན་བར་གཞན་གྱི་གོས་མི་གྱོན་སྒྲུབ་པ་གཡེལཿ གདོན་ཅན་ལག་གི་ཟས་ཟོས་ན་ཁ་འགྱངཿ གདན་མི་སྤོ་དྲོད་རྟགས་ཡལཿ གཞན་ལ་སྲུང་སྐྱོབ་བྱེད་ན་ནུས་པ་ཉམསཿ གོས་རྙིང་པ་དང་ལུས་བཀྲུས་ནས་དངོས་གྲུབ་ཡལཿ སྐྲ་སེན་བྲེག་ན་སྔགས་ཀྱི་ངར་ཉམསཿ གཞན་དང་ངག་བསྲེས་ན་སྔགས་གྲངས་སུ་མི་འགྲོཿ ཁྱད་པར་དམ་ཉམས་སྡིག་ཅན་དང་གྲིབ་ཅན་སོགས་ལ་ངག་མི་བསྲེཿ སྐད་གསང་མཐོན་པོའི་བཟླས་ན་ནུས་པ་ཉམས་ཤིང་འབྱུང་པོ་ཕྲ་མོ་བརྒྱལ་བས་ཤུབ་བུར་བཟླཿ གན་རྐྱལ་གྱིས་བྲང་སྟེང་ཕྲེང་བ་མི་བགྲངཿ ཕུས་མི་གདབཿ མཚམས་ཁང་ནས་ཆོས་བཤད་ན་གྲུབ་རྟགས་མི་ཐོནཿ དམ་བཅའ་རིང་པོར་བྱས་ན་བར་ཆད་སྡང་བས་ཐུང་ངུའི་ཡུན་བསྲིངཿ མཆིམ་སྣབས་བསད་བཟློག་གི་དུས་མ་གཏོགས་ཕྱིར་མི་དོར་སྔགས་ལ་དམ་སེལ་འཇུགཿ འགྲིལ་ལམ་དུ་མི་འ དོར་ངག་ནོན་འགྲོཿ ཉིན་པར་མི་གཉིད་སྐྱོན་མངཿ ཟག་པ་མིས་མཐོང་སུ་དང་འགྲིམ་ལམ་དུ་མི་དོརཿ སྒྲུབ་རྫས་གཞན་ལ་མི་བསྟནཿ དངོས་གྲུབ་ཀྱི་རྫས་མི་སྦྱིནཿ ཚར་ན་གཏོང་རག་མཆོདཿ མཚམས་ཧར་འདོན་མི་བྱཿ རྣམ་གཡེང་དང་སྒོ་གསུམ་འཁྲུག་ཅིང་གཟེང་བའི་ལས་མི་བྱ་སྟེཿ ཐ་མལ་གྱི་བྱ་བས་གཡེང་བ་ནི་ངན་དྲེད་དང་། དགེ་ཕྱོགས་གཞན་ལ་གཡེང་བའང་བཟང་དྲེད་དུ་གསུངས་སོ། །ཡང་སྔགས་བཟླ་དུས་ལྕེ་མ་བདེ་ན། ཁྲུས་དང་གཙང་སྦྲ་དག་པའོ། །པི་པི་ལིང་ངམ་ན་ལེ་ཤམ་གྱི་ཕྱེ་མ། ལྕེ་ཡི་བད་ཀུན་ལེགས་པར་བཞར་ནས་ཐུན་རེ་བླུགས་ལ་སྲིན་ལག་གིས་ལྕེའི་སྟེང་གི་ཟུར་ཐམས་ཅད་ལ་ཁྱབ་པར་བྱུག །དེ་འདྲ་ནང་མ་འགར་བྱས་པས་ཕན་པར་འགྱུར་རོ། །རྒྱུན་པར་མཆོད་པ་ཁ་གསོ་བ་ལས་མི་བརྗེ། དུས་ཆེན་རྣམས་སུ་མཆོད་པ་རྙིགས་པ་རྣམས་ཕྱིར་མི་དོར་བ་ཕྱོགས་གཅིག་ཏུ་བསྡུས་ཏེ་གསར་དུ་བརྗེ་བར་ཡང་མཛད། གཏོར་མ་དང་མཆོད་པ་རྣམས་བཤམས་མ་ཐག་བྱིན་རླབས་མ་བྱས་ན་བགེགས་འཇུག་པས་ཆབ་གཙང་བྲན་ཏེ་བྱིན་གྱི་རླབས། རང་དང་གཏོར་མའི་བར་མ་ཆོད་པར་བྱ་ཞིང་། རྒྱང་རིང་དང་། སྟེགས་མེད་དང་། ཡོན་པོ་དང་། གོང་འོག་གི་གོ་རིམ་འཆོལ་བ་སོགས་མི་བྱ། རྩར་སྣོད་སྟོང་མི་བཞག །གཏའ་གཏོར་གཟུང་བས་ལྷ་དང་དངོས་གྲུབ་འདུ། ཆོས་སྐྱོང་གཏོར་མ་ནི་ནང་མོ་བཟུང་ལ་དགོང་མོར་བཏང་བས་ལས་མྱུར་དངོས་གྲུབ་སྟེར། གཏོར་མ་གཏོང་དུས་ཞལ་ཕྱིར་མི་སྟོན། ཕྱི་རོལ་གཏོར་སྟེགས་ལ་ཞལ་ནང་བསྟན་དུ་འབུལ། གཏོར་གཞོང་ཡང་ཁ་ཕྱིར་མི་སྟོན་ཞིང་སྒྲུབ་པ་མ་ཐོན་བར་དུ་མི་བཤལ། ཟོར་དུས་གཏོར་ཞལ་ཕྱིར་སྟོན་ཞིང་གླུད་དང་ལན་ཆགས་སོགས་ཀྱི་གཏོར་གཞོང་ཀྱང་བཤལ། སྤྱིར་ཞི་བའི་གཏོར་མ་ཟོར་དུ་མི་འཕེན། རྒྱས་པ་དང་དབང་གི་གཏོར་མ་རིང་དུ་མི་བསྐྱལ། ལམ་ཞུགས་བར་ཆད་སེལ་ཕྱིར་འགྲོ་ཕྱོགས་སུ་གཏོང་། འཆི་བསླུ་ལན་ཆགས་ཀྱི་གཏོར་མ་ཕྱོགས་བཞིར་གཏོང་། བསྐྲད་པ་གེགས་སེལ་གྱི་གཏོར་མ་རྒྱང་རིང་བསྲེང་། དྲག་པོ་དགྲ་བགེགས་སྒྲོལ་བར་ཟོར་དུ་འཕེན། ཁྱད་པར་ཆོས་སྐྱོང་མཆོད་གཏོར་སོགས་ནི་བསང་ནང་ལྟ་བུར་བསྲེག་འབུལ་ནི་ཤིན་ཏུ་ཟབ། མིན་ཀྱང་མི་ཁྱི་ཕག་གསུམ་གྱི་ཟག་རྫས་མེད་པའི་གཙང་སར་བསྐྱལ་ལ་བཤལ། ཁྱི་དང་བྱི་བ་སོགས་མཆེ་དུག་ཅན་ལ་མི་སྟེར། གཞན་གྱི་ཆས་གཏོང་ལེན་མི་བྱ། གལ་ཏེ་ནང་དུ་འོང་དགོས་ན་ཕྱི་རོལ་དུ་ཞག་གིས་བར་ཆོད་པར་བྱ་ཞིང་རིམ་པས་འཇུག །དེ་ཚེ་སྔ་རོལ་དུ་རྨི་ལམ་སྣ་ཚོགས་འོང་ན་འཁྲུལ་སྣང་ཡིན་པས་ཏིང་ངེ་འཛིན་གཟིར། རྗེས་སུ་བྱུང་ན་གྲིབ་ལྷོང་ཡིན་པས་ཡི་གེ་བརྒྱ་པར་འབད། ཅེས་སོགས་གསུངས་སོ། །ཡང་ཆོ་གའི་གཞུང་འགལ་ནས་འབྱུང་བའི་སྔགས་དོན་བཤད་པ་ལ། ཨེ་ནི་འདིར། ཨ་རུ་ལི་ནི་རོལ་པ། ཧྲཱིང་ཧྲཱིང་ནི་འདུས་ཤིག་ཅེས་པའི་བརྡ་སྐད་དོ། །ས་མ་ཡ་ནི་དམ་ཚིག །ཏིཥྛ་ནི་བརྟན་པ། ལྷན་ནི་བཞུགས་ཞེས་པའོ། །མ་ཧཱ་སུ་ཁ་ནི་བདེ་བ་ཆེན་པོ། པཱུ་ཛ་ནི་མཆོད་པར། ཧོ་དགྱེས་པར་མཛོད་ཅིག་པའོ། །སརྦ་པཉྩ་ཨ་མྲྀ་ཏ་ཐམས་ཅད་བདུད་རྩི་ལྔར། ཁ་རམ་སྟོབས་པ། ཁ་ཧཱི་གསོལ་ཅིག་པའོ། །མ་ཧཱ་རཀྟ་པཱུ་ཙ་ཁ་ཧཱི་ནི་ཁྲག་ཆེན་གྱི་མཆོད་པ་གསོལ་ཅིག་པའོ། །བྷོ་དྷི་ཙིཏྟ་བྱང་ཆུབ་སེམས། མ་ཧཱ་སུ་ཁ་བདེ་བ་ཆེན། དྷརྨ་དྷརྟུ་ཆོས་ཀྱི་དབྱིངས། མ་ཧཱ་པཱུ་ཛ་མཆོད་པ་ཆེན་པོ། ༀ་བཛྲ་ཨ་མྲྀ་ཏ་ཀུནྚ་ལི་ཧ་ན་ཧ་ན་ཧཱུྃ་ནི་རྡོ་རྗེ་བདུད་རྩི་འཁྱིིལ་པ་སྣུན་སྣུན་ཞེས་པའོ། །སརྦ་ཤ་ཏྲུཾ་དགྲ་ཐམས་ཅད། མཱ་རུ་ཡ་རྦད་སོད་ཅིག་པའོ། །ཨ་སྐྱེ་མེད། ཧོ་དགྱེས་པ། མ་ཧཱ་ཆེན་པོ། སུ་ཁ་བདེ་བའོ། ཡང་ཨ་བ་བྷྲཾ་ཤའི་སྐད་དུ། ཨ་ལི་བཟའ་བ། ཨུ་ལི་བཏུང་བ། ཏ་ལི་བཅའ་བ། ཏ་པ་ལི་བགོ་བའོ། །གཞན་ཡང་དགེ་སྦྱོར་འགྱུར་ཆེ་བ་ལ། ཟླ་བའི་དུས་ཆེན་བཞི་ནི། དགུན་ཐ་མཆུ་ཟླ་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཆེན། དཔྱིད་ཐ་སུ་ག་ཧོར་ཟླ་བཞི་པའི་ཚེས་བདུན་ལ་བལྟམས་པ་དང་། བཅོ་ལྔ་ལ་བྱང་ཆུབ་པ་དང་མྱ་ངན་ལས་འདས་པའི་དུས་ཆེན། དབྱར་འབྲིང་ཆུ་སྟོད་ཟླ་བ་ཧོར་ཟླ་དྲུག་པའི་ཚེས་བཞི་ལ་ཆོས་འཁོར་བསྐོར་བ་དང་། བཅོ་ལྔ་ལ་ལྷུམས་སུ་ཞུགས་པའི་དུས་ཆེན། སྟོན་འབྲིང་དབྱུག་པ་ཟླ་བ་ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་ལྷ་ལས་བབས་པའི་དུས་ཆེན། དེ་དག་གི་ཟླ་བ་རིལ་པོར་དུས་ཆེན་ཡིན་ནོ། །ཡང་དཔྱིད་འབྲིང་ནག་པ་ཟླ་བ་ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་དུས་འཁོར་གསུངས་པ་དང་། བཅོ་ལྔ་ལ་ཤེར་མདོ་སོགས་རྒྱུད་མང་པོ་གསུངས་པའི་དུས་སོ། །རྒྱུན་པར་ཉ་སྟོང་ཚེས་བརྒྱད་རྣམས་ནི། སྣང་མཐའ། ཤཱཀ་ཐུབ། སྨན་བླ་རྣམས་ཀྱི་དུས་ཆེན་ཞེས་གསུངས་སོ། །ཡང་ལོ་ཆེན་དྷརྨ་ཤྲཱིས། ཕྱི་ལྟར་ན་ཚེས་བརྒྱད། བཅུ་བཞི། བཅོ་ལྔ་གསུམ། གནམ་སྟོང་རྣམས་ལ་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཛམ་བུ་གླིང་དུ་ཉུལ་བའི་དུས་བཟང་པོ་དང་། ནང་ལྟར་ན་སྔགས་གཞུང་ལས། ཡར་ངོའི་ཚེས་བརྒྱད། བཅུ་བཞི། བཅོ་ལྔ་གསུམ། མར་ངོའི་ཉི་ཤུ་ལྔ། ཉི་ཤུ་དགུ། གནམ་སྟོང་གསུམ་སྟེ། དེ་དག་གི་ཚེ་ཕྱིའི་གནས་གསུམ་མཁའ་འགྲོ་རྣམས་རྒྱུ་ཞིང་། ནང་དུ་རྩ་རླུང་གི་རྒྱུ་བ་ཁྱད་པར་ཅན་གྱི་དུས་སུ་དང་། ཁྱད་པར་ཚེས་བཅུའི་ཉིན་མོ་དང་། ཉི་ཤུ་ལྔའི་མཚན་མོར་སྒྲུབ་པ་པོའི་གནས་སུ་མཁའ་འགྲོ་གྲུབ་པ་ཅན་རྣམས་འདུ་བས། ལས་གང་རྩོམ་ཀྱང་འགྲུབ་པའི་ཕྱིར་དུས་དེ་རྣམས་སུ་འབད་དོ། །ཞེས་གསུངས་སོ། །དོན་གསུམ་པ་རྗེས་ཀྱི་ཆོ་ག་ནི། སྒྲུབ་པ་ཐོན་པའི་དུས་ཤིས་པའི་ཉིན་པ་ལྟ་བུར་གྲོལ་རྒྱུའི་དོ་ནུབ་ཀྱི་ཕྱི་ཐུན་མགོ་ནས་མཆོད་གཏོར་གསར་པ་དང་། གཞན་ཡང་མཆོད་རྫས་ཚོགས་ཀྱི་ཡོ་བྱད་སོགས་བཟང་ཞིང་གྱ་ནོམ་པ་བཤམས། ཚོགས་དང་བསྐང་བཤགས་སོགས་རྒྱས་པར་གཏོང་། ཕྱི་ཉིན་གྱི་ཐོར་ཐུན་ལ་སྔ་བར་ལངས་ཏེ་ཆོ་ག་གཞུང་དཀྱུས་ལྟར་བཏང་ནས། ཚོགས་བསྐང་དང་། གཏོར་བསྔོ་བྱས་རྗེས། ཆོས་སྐྱོང་གཏོར་མ་རྒྱུན་བཞག་རྣམས་མེ་ལ་འབུལ་བའམ་གཙང་སར་གཤེགས་ནས། ཆད་བསྟན་རྟ་བྲོ་བཅས་བྱ་ཞིང་། དེ་ནས་དངོས་གྲུབ་ལེན་པའི་དུས་མཆོད་པ་རྣམས་ཁ་གསོ། རང་གི་མདུན་དུ་ཀ་པཱ་ལ་ཆང་དང་ཆོས་སྨན་དཀར་ཆོལ་གྱིས་གང་བ་བཤམས། རྒྱུན་བཞག་གི་སྣང་གསལ་སྦར་ཏེ། བགེགས་གཏོར་བསྔོ་ཞིང་བགེགས་བསྐྲད། སྲུང་འཁོར་བརྟན་པར་བསྒོམ། མཆོད་པ་བྱིན་རླབས། བྱིན་འབེབས་ཀྱི་མཐར། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འབྲུ་གསུམ་དང་། བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ། གཏོར་མ་དང་བདུད་རྩི་ལ་ཆར་བཞིན་དབབ་ཅིང་ཐིམ་པར་བསམ་ལ། གཙོ་འཁོར་ཡོངས་རྫོགས་ཀྱི་བསྙེན་པའི་མཐར། ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཏགས་པ་ཇི་རིགས་སུ་བཟླས་མཐར། སྐྱ་རེངས་ཤར་བའི་དུས་ལ་བབས་པ་ན། མཆོད་གཏོར་རྙིང་པ་སྐད་གཅིག་གིས་ལྷར་བསྐྱེད་པའམ། ཡང་ན་སྐབས་འདིར་ཡེ་ཤེས་ཀྱི་འཁོར་ལོ་ལོགས་སུ་ཕྱེས་ནས་གཏོར་མ་དང་དབྱེར་མེད་དུ་བྱས་ཏེ་ལྷར་ཤེས་པ་དེ་ཉིད་དབང་དང་དངོས་གྲུབ་ཞུ་བའི་ཡུལ་དུ་བྱས་ཏེ། ཐོག་མར་མཆོད་བསྟོད་བྱ། སྤྱི་བཤགས་ཡེ་ཤེས་སྐུ་མཆོག་དང་། རང་གཞུང་གི་བཤགས་ཚིག་རྣམས་ཀྱི་མཐར། ཡི་གེ་བརྒྱ་པ་ཉེར་གཅིག་བཟླས་པས་འཁོན་བཅུག་སྦྱངས་ཤིང་དམ་ཚིག་ཉམས་ཆག་བཤགས་ཏེ་དངོས་གྲུབ་གྱི་སྣོད་རྒྱུད་དག་པར་བྱ། དེ་ནས་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་ཇི་རིགས་དང་། གཏོར་མ་ལག་ཏུ་ཐོགས་ལ། དངོས་གྲུབ་བསྐུལ་བའི་ཚིག་རྣམ་བརྗོད་ཅིང་མོས་གུས་དྲག་པོས། བདག་དང་ཚེ་རབས་སྔོན་ནས་འབྲེལ་བའི་ལྷ་མཆོག་ཁྱེད་ཉིད་ད་ལྟ་ཡང་བསྙེན་ཅིང་སྒྲུབས་པའི་དམ་ཚིག་མཐར་སོན་ཏེ། སྒྲུབ་པའི་ཞག་གྲངས་ཐེབ་ནས་ནམ་ཡང་ལངས་པར་ཉེ་བས། དངོས་གྲུབ་རྩོལ་བའི་དུས་ལ་ད་ལྟ་བབས་པ་ལགས་ན། སྔོན་གྱི་ཐུགས་དམ་ཇི་བཞིན། མཁྱེན་བརྩེ་ནུས་པའི་བྱིན་རླབས་ཚད་མེད་པའི་སྒོ་ནས། འགལ་རྐྱེན་མི་མཐུན་པའི་ཕྱོགས་ཞི་བ་དང་། ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་སྤེལ་བ་དང་། སྲིད་ཞིའི་དཔལ་འབྱོར་དབང་དུ་འདུ་བ་དང་། དགྲ་བགེགས་བདུད་སྡེའི་འཚེ་བ་ཐམས་ཅད་ཚར་གཅོད་པ་སྟེ། ཕྲིན་ལས་བཞིས་བསྡུས་པའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པ་སོགས་ཐུན་མོང་དང་། ཁྱད་པར་དོན་དུ་གཉེར་བྱའི་གཙོ་བོ་སྤངས་རྟོགས་མཐར་ཐུག་པའི་འབྲས་བུ། དོན་གཉིས་ལྷུན་གྱིས་གྲུབ་པའི་བདག་ཉིད། ཡི་དམ་ལྷ་མཆོག་ཁྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་དབྱེར་མི་ཕྱེད་པའི་བདེ་སྟོང་ཟུང་འཇུག་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བླ་ན་མེད་པ། དུས་ལས་མི་ཡོལ་བར་བདག་ད་ལྟ་ཉིད་དུ་སྩལ་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པ་བྱུང་བས་བདག་ཉིད་ཀྱི་གནས་གསུམ་དུ་ཐིམ་པས་འདོད་པའི་དངོས་གྲུབ་ཐོབ་པར་བསམ་ལ། གཏོར་མ་གནས་གསུམ་དུ་གཏུག་ཅིང་དབང་བཞི་བླངས། དེ་ནས་གཏོར་མའི་ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ་ལ། གཏོར་རྫས་བདུད་རྩིར་བཏབ་སྟེ་བཏུང་བར་བྱ་ཞིང་། ཡི་དམ་གྱི་ལྷ་དང་སྐལ་བ་མཉམ་པའི་ངེས་ཤེས་དང་ལྡན་པར་བྱའོ། །ཡང་མདུན་བསྐྱེད་ཡོད་ཚེ། བདག་གི་ཡེ་ཤེས་པ་ལོགས་སུ་ཕྱེ་མི་དགོས་ཤིང་། དངོས་གྲུབ་ཀྱི་རྫས་ལག་ཏུ་ཐོགས་ལ། མདུན་བསྐྱེད་ཀྱི་ལྷ་ཚོགས་རྗེས་ཆགས་ཀྱིས་སྦྱོར་བའི་བདེ་བའི་སྒྲས་བསྐུལ་ཏེ། མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་འདུས་ཤིང་བྱང་སེམས་བདུད་རྩིའི་ངོ་བོར་ཞུ་ནས་ཆར་བཞིན་བབས་ཏེ་སྐུའི་ཆ་ཤས་ཀུན་ནས་མཚོ་ལྟར་འཁྱིལ་བའི་གནས་སོ་སོ་ནས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དང་། ཟག་མེད་བདེ་ཆེན་གྱི་རང་བཞིན་བྱང་སེམས་འཇའ་འོད་ཁ་དོག་ལྔ་ལྡན་གྱི་རྣམ་པར་གཏོར་མ་དང་གཉིས་སུ་མེད་པར་བདག་བསྐྱེད་ཀྱི་གནས་བཞིར་ཐིམ་པས། དབང་དང་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ་ནས་རྫས་ལ་རོལ། དེ་ནས་གཏང་རག་གི་མཆོད་བསྟོད་བྱ། སྐབས་འདིར་བསྙེན་པའི་ཁ་སྐོང་ཞི་བའི་སྦྱིན་བསྲེག་ཏུ། རྫས་རྣམས་རྩ་བསྙེན་ཁོ་ནས་འབུལ་ཞིང་། མཚམས་ཀྱི་འདོད་གསོལ་ལ། ཏིང་འཛིན་མ་གསལ་ཞིང་ཆོ་ག་མ་དག་པ་དང་། སྔགས་དང་ཕྱག་རྒྱ་ནོར་ཞིང་ལྷག་ཆད་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཅེས་བརྗོད་པ་ཙམ་ཁྱད་པར་རོ། །དེ་ལྟར་བསྙེན་པའི་བཅུ་ཆའི་གྲངས་ཀྱི་རྫས་སྔགས་ཀྱིས་སྦྱིན་བསྲེག་བྱ་བ་ནི་བོགས་འབྱིན་པའི་སླད་དུ་སྟེ། རྒྱུད་སྡེ་གོང་འོག་ཀུན་ནས་གལ་ཆེ་བར་བསྔགས་པས་འདོར་དུ་མི་རུང་ངོ་།དེ་ནས་བསྡུ་རིམ་གྱི་ཚེ་ཡང་། སྲུང་འཁོར་ནས་བསྡུ་ཞིང་རྗེས་ཆོག་ཚང་བར་བྱས་ཏེ་ནང་མཚམས་གྲོལ་བའོ། དེ་ནས་ཞག་གསུམ་དང་བདུན་སོགས་ཇི་རིགས་སུ་ཐུན་མ་ཆགས་ཙམ་དང་། ཚོགས་བསྐང་གསོལ་སོགས་གཏང་རག་གི་ཚུལ་དུ་ཅི་ནུས་དང་། བསྔོ་སྨོན་མཚམས་སྦྱོར་སོགས་ལ་འབད་ཅིང་། ཕྱི་མཚམས་གྲོལ་ཚེ་རྗེས་ཐོབ་ལྷར་ལྡང་། གོ་བགོ་ལུས་སྲུང་བཅས་གྲུབ་མཐར། སྒོ་མཚམས་སུ་ཕྱིན་ཏེ་རྒྱལ་ཐོའི་མདུན་དུ་དཀར་གཏོར་གསེར་སྐྱེམས་བཤམས་ནས། གཏང་རག་གི་མཆོད་བསྟོད་དང་གཤེགས་གསོལ་བྱ་ཞིང་ཐོ་བསྡུ། དེ་ནས་རང་གི་ཆོས་དང་མཐུན་པའི་གྲོགས་དམ་ཚིག་ལྡན་པ་རེ་གཉིས་དང་རིམ་གྱིས་འཕྲད་པ་གསང་བ་སྤྱི་ཡི་ལུང་བཞིན་ཤེས་པར་བྱའོ། གྲུབ་ན་བླ་གབ་མེད་པར་བསང་མཆོད་རྒྱག་རྔན་སོགས་གནས་གཞིའི་བདག་པོ་སྤྱི་དང་བྱེ་བྲག་ལ་མཆོད་སྦྱིན་དང་། ངན་སློང་ལ་སྦྱིན་པ་སོགས་ཀྱིས་མཚོན་ཆོས་སྟོན་ཇི་ལྟར་འོས་པའང་བྱའོ། ཡང་ན་བསྙེན་ཡིག་ཁ་ཅིག་ཏུ། དངོས་གྲུབ་ཀྱི་རྫས་རྣམས་ཆ་བཞིར་བགོས་ཏེ། བླ་མ་དང་།རིག་པ་འཛིན་པ་རྣམས་དང་། བདག་དང་དམ་ཚིག་གཅིག་པའི་གྲོགས་རྣམས་ཀྱིས་རོལ། ནམ་ལངས་ནས་རྒྱུན་གཏོར་སྲུང་མའི་གཏོར་ཆོག་སོགས་བྱ་སོགས་བྱ། ལྷག་མ་བཙོན་འཛིན་བྱེད་པའང་འདིར་གཏོང་། སྒྲུབ་གཏོར་ཆ་གསུམ་ལས་ཆ་གཅིག་སྒྲུབ་ཁང་དུ་གཏེར་དུ་སྦས། ཆ་གཅིག་སྦྱིན་སྲེག་གི་རྫས་སུ་འབུལ། ཆ་གཅིག་གཏོར་མ་གཞན་དང་བསྲེས་ནས་ཕྱིར་བསྐུར་ཏེ་ཐ་ཚིག་བསྒྲག་ཅིང་བརྟན་མ་སྐྱོང་། བསྡུ་རིམ་སོགས་ནས་ཤིས་པ་བརྗོད་པར་བྱའོ། །དེ་ནས་ཁ་སྐོང་གི་སྲེག་བླུགས། ཐོ་དགྲོལ་གནས་སྲུང་རྣམས་བྱ་བར་གསུངས་པས་གོ་རིམ་དེ་དག་ལས་སྟབས་གང་བདེ་བྱས་པས་ཆོག་གོ། །དེ་ནས་བསྔོ་བ་ནི། དེ་ལྟར་ཐུན་རེ་ལ་ཆོ་ག་ཚར་གཅིག་གི་བསོད་ནམས་ཀྱང་། བསྐལ་ཆེན་གཅིག་གི་ཡུན་ལ་ཚོགས་གཉིས་བསྒྲུབ་པ་དང་མཉམ་པ་ནི། གསང་སྔགས་ཐབས་མཁས་པའི་ཁྱད་ཆོས་ཡིན་པས། དེ་ལྟར་སྔོན་སོང་གི་དགེ་རྩ་དེས་མཚོན་ཏེ། དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པས་བྱང་ཆུབ་ཏུ་བསྔོ་བ་ནི་བསྔོ་ཚུལ་རྣམ་པར་དག་པ་ཡིན་ཀྱང་། ལས་དང་པོའི་ཚེ་དེ་འདྲའི་བསྔོ་བ་དུག་མེད་ནི་འོང་དཀའ་བས། དེ་དང་རྗེས་མཐུན་ཙམ་དུ། ཇི་ལྟར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་བཞིན་དུ། བདག་གིས་ཀྱང་དེ་ལྟར་དུ་བསྔོ་བར་བགྱིའོ། །སྙམ་པས། བསྔོ་བའི་ཚིག་རྣམས་བརྗོད་པ་ནི་དགེ་རྩ་མི་འཛད་ཅིང་གོང་དུ་འཕེལ་པའི་ཐབས་ཁྱད་པར་ཅན་ཡིན་ནོ། །སྨོན་ལམ་ནི། ཐེག་པ་མཆོག་གི་ལམ་གྱིས་དོན་དུ་གཉེར་བྱའི་འབྲས་བུའི་མཐར་ཐུག་པ་ནི་གཞན་ཕན་གྱི་ཕྲིན་ལས་ཉིད་ཡིན་པས། དེ་ལྟར་ཡིད་ལ་རེ་བས་སྨོན་པ་ལྟར་ངག་ཚིག་གིས་ལམ་དུ་འདྲེན་པ་སྟེ། སྨོན་ལམ་གྱི་ཚིག་རྒྱས་བསྡུས་གང་རུང་བརྗོད་ཅིང་། ཚིག་གི་རྗེས་སུ་བློ་གཞོལ་བས་བསྟན་འགྲོར་སྨན་པའི་ལྷག་བསམ་གྱི་སྒོ་ནས། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་རྒྱ་ཆེ་ཞིང་རྒྱུན་མི་འཆད་པའི་སྨོན་ལམ་རྣམ་པར་དག་པ་བརྗོད་པས་མཚམས་སྦྱོར་ཇི་ལྟར་བགྱིས་པ་དེ་ལྟར་དུ་འགྲུབ་པ་ནི། རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་བསླུ་བ་མེད་པ་ཡིན་ནོ། །བཀྲ་ཤིས་ནི། དེ་ལྟར་མཆོག་གསུམ་རྩ་བ་གསུམ་གྱི་ལྷ་ཚོགས་བསྙེན་ཅིང་བསྒྲུབ་པའི་བྱིན་རླབས་ཐུགས་རྗེ་བདེན་མཐུས། མི་མཐུན་ཉེས་ཚོགས་ཐམས་ཅད་ཞི་ཞིང་། ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་དགེ་མཚན་རྣམ་པར་བཀྲ་བས། སྣོད་བཅུད་ཐམས་ཅད་མཛེས་ཤིང་ཕན་བདེ་དགེ་ལེགས་ཀྱི་ཤིས་པའི་དཔལ་ཕུན་སུམ་ཚོགས་པར་ཤོག་ཅིག་སྙམ་པས་བཀྲ་ཤིས་རྟེན་འབྲེལ་གྱི་ཚིག་རྣམས་བརྗོད་པ་དང་མཉམ་དུ། སྟེང་གི་ནམ་མཁར་རྒྱལ་བ་སྲས་དང་བཅས་པ་དེ་ལྟར་རྡོ་རྗེའི་གླུ་དབྱངས་ཀྱིས་ཤིས་པ་བརྗོད་ཅིང་། མེ་ཏོག་གི་ཆར་ཕྱོགས་ཀུན་ནས་འབེབས་ཤིང་། དེ་དག་ཀྱང་བདག་གནས་ཡོ་བྱད་སོགས་ལ་ཐིམ་པས་གཟི་མདངས་ཡོན་ཏན་དང་ལྡན་པར་བསམ་ལ། མེ་ཏོག་འཐོར་བས། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ལེགས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་སྦྱང་གཞི་བདེ་གཤེགས་སྙིང་པོ་རིགས་སམ་ཁམས་ཞེས་གྲགས་ལ། སྦྱང་བྱ་གློ་བུར་གྱི་དྲི་མ་མཐའ་དག །སྦྱོང་བྱེད་རིམ་གཉིས་ཟུང་འབྲེལ་གྱི་ལམ་ལ་བརྟེན་ནས། སྦྱངས་འབྲས་གཞི་ལ་ཇི་ལྟར་བཞུགས་པའི་ཡོན་ཏན་རྣམས་མངོན་དུ་བྱེད་པ་སྟེ། དེ་ལ་ཐབས་ཏིང་ངེ་འཛིན་རེ་རེ་ནས་གོ་རིམ་ལྟར་མཐར་ཕྱིན་དུ་བསླབ་པས་ཟག་བཅས་ཀྱི་ཚོགས་སྦྱོར་གྱི་རྣལ་འབྱོར་ལྔ་དང་། ཟག་མེད་རིག་འཛིན་རྣམ་བཞི་རིམ་པས་བགྲོད་ཚུལ་ནི། ངེས་རྫོགས་སམ། མངོན་གྱུར་གྱི་ཚུལ་དུ་ཉམས་སུ་ལེན་པ་སྟེ། སྨིན་སློབ་ཅེས་བྱ་ལ་འོན་ཀྱང་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ན་ཡང་། རྣམ་པ་ཙམ་སྒོམ་པ་སྲུང་འཁོར་ནས་བརྩམ། མཇུག་གོ་བགོ་ལུས་སྲུང་བར་བསྐྱེད་རིམ་གྱི་ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བ་ཐུན་རེ་བཞིན་བློ་ནུས་དང་སྦྱར་ཏེ་མོས་པ་ཙམ་རེ་བསྒོམ་པ་ནི་མོས་སློབ་ཡིན་ནོ། །དེ་ཡང་ཨོ་རྒྱན་ཆེན་པོས། ལྟ་བ་ལུང་རིགས་དང་འབྲེལ་བ་སྒོམ་པ་ཉམས་མྱོང་དང་འབྲེལ་བ། གསང་སྔགས་དབང་དང་འབྲེལ་བ། བྱིན་རླབས་མོས་གུས་དང་འབྲེལ་བ། ཉམས་མྱོང་རྟོགས་པ་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། དངོས་གྲུབ་དམ་ཚིག་དང་འབྲེལ་བ། འབྲས་བུ་གཞན་དོན་དང་འབྲེལ་བ། གདམས་པ་བླ་མ་དང་འབྲེལ་བ་སྟེ་དགུ་ལྡན་གྱི་ཉམས་སུ་བླང་བར་གསུངས་ཤིང་། བྱེ་བྲག་ཏུ། རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་ཁྲིགས་དང་འབྲེལ་བ། ཆོག་ཁྲིགས་ཕྱག་བཞེས་བླ་མ་རྒྱུད་པའི་མན་ངག་དང་འབྲེལ་བའི་སྒོ་ནས། ཡི་དམ་གྱི་ལྷ་སྒྲུབ་པ་དེ་ཉིད་རྒྱལ་བ་རབ་འབྱམས་ཀྱི་ངོ་བོ་ཡིན་པའི་ངེས་ཤེས་དང་ལྡན་པས་སྤངས་བླང་མི་བྱ་བར་འབད་དགོས་ཏེ། དགོངས་འདུས་ལས། རྒྱལ་བ་གཅིག་བསྒྲུབས་ཐམས་ཅད་མ་བསྒྲུབ་འགྲུབཿ དེ་ཕྱིར་སྤང་ལེན་མེད་པར་གཅིག་ལ་འབད༔ སྤང་ལེན་བློ་ཡིས་མང་པོར་བརྩོམ་གྱུར་ཀྱངཿ གཅིག་ཀྱང་མི་འགྲུབ་ཨ་ཐང་ཆད་པའི་རྒྱུཿ ཞེས་དང་། ཁྱད་པར་ཡི་དམ་གྱི་ལྷ་དེ་ཡང་། བཀའ་དྲིན་སུམ་ལྡན་གྱི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཐེ་ཚོམ་མེད་པར་དད་པ་དང་མོས་གུས་བསྐྱེད་པ་གལ་ཆེ་སྟེ། བརྒྱུད་ལས། ཡང་ན་བླུན་པོ་དད་པ་བརྟན། དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། ཞེས་དང་། དཔལ་སྤྲུལ་རིན་པོ་ཆེས། ཆོས་རྣམས་ཀུན་གྱི་སྒོ་འབྱེད་ཅིང་། །ཉམས་ལེན་ཀུན་གྱི་གེགས་སེལ་བ། །གདམས་ངག་ཀུན་གྱི་བོགས་འདོན་པ། །མོས་གུས་ཡིན་ཞེས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དུ་བསྙེན་བསྒྲུབ་ཟབ་མོ་ལ་ཚུལ་བཞིན་དུ་ཞུགས་པ་ན། སྤྱིར་སངས་རྒྱས་རྣམས་ཀྱི་ཐུགས་རྗེས་སེམས་ཅན་གྱི་ཁམས་ལ་འཇུག་ཚུལ་ཀྱང་། རྟག་པ་རྒྱུན་གྱི་ཐུགས་རྗེ་དུས་ལས་མི་ཡོལ་བར་ཆུ་བོ་རྒྱུན་ལྟ་བུ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་རྩོལ་རྟོག་མེད་པར་ངང་གིས་འབྱུང་བ་ཉི་མའི་འོད་ཟེར་ལྟ་བུ། བསྐུལ་ཞིང་གསོལ་བ་འདེབས་པའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་ནོར་སློང་བ་ལྟ་བུ། གདུལ་བྱ་ཡུལ་དང་འཕྲད་པའི་ཐུགས་རྗེ་བུ་ཆུང་གཡང་ཁར་རྒྱུག་པར་ཕ་མས་མཐོང་བ་ལྟ་བུ་ཡིན་པས། རྒྱལ་བ་སྲས་དང་བཅས་པས་སྲས་དང་སྤུན་དུ་དགོངས་ཤིང་། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་གྲོགས་དང་རྗེ་དཔོན་དུ་མཐོང་ནས་བྱིན་གྱིས་རླབས་པའི་དུས་ཁྱད་པར་བ་ཡིན་པས། སྐབས་འདི་ལྟ་བུ་ནི་སྙིང་ནས་གདུང་ཤུགས་དྲག་པོས་བསྐུལ་ཞིང་གསོལ་བ་བཏབ་པ་ན། དངོས་གྲུབ་རྣམ་གཉིས་མི་སྩོལ་བའི་དབང་མེད་དེ། རྒྱུ་རྐྱེན་ཚོགས་པའི་འབྲས་བུ་བཞིན་ནོ། །དེའི་ཚེ་ཐུན་མོང་གི་དངོས་གྲུབ་ལ། །ཆུང་ངུ་ནི་ཕྲིན་ལས་བཞི་སྟེ། དེ་ལ་འཇིགས་བརྒྱད་ཞི་བ་དང་། མེ་ཆུ། སེང་གེ་གླང་ཆེན། སྦྲུལ་ཤ་ཟ། ལྕགས་སྒྲོག །རྐུན་བུ་དང་བརྒྱད་དོ། །ཡང་ན་ནད་དང་མུ་གེ། མེ་ཆུ། དམག་མཚོན་ཆ། རྒྱལ་པོའི་ཆད་པ། དུས་མིན་འཆི་བ་དང་བརྒྱད་ཞི་བའོ། །འབྱོར་པ་དྲུག་རྒྱས་པ་ནི། ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད། འཁོར་དང་ལོངས་སྤྱོད་རྣམས་རྒྱས་པའོ། །མོས་པ་རྣམ་བཞི་དབང་ནི། བདག་ཕ་མར་མཐོང་བས་བྱམས། བླ་མར་མཐོང་བས་གུས། རྒྱལ་པོར་མཐོང་བས་སྐྲག །གྲོགས་པོར་མཐོང་བས་བརྩེ་བའོ། །དྲག་པོས་ཚར་གཅོད་པ་ལ། དགྲ་སྡེའི་འཇིགས་པ་དང་། བསྐྲད་པ་དང་། བསད་པ་དང་། དགུགས་པ་རྣམས་སོ། །དེ་ཡང་ཕྲིན་ལས་བཞི་དང་དྲག་པོའི་ནང་གསེས་བཞི་སོ་སོར་བགྲང་བས་ལས་ཆེན་བརྒྱད་ཅེས་བྱའོ། །འབྲིང་གྲུབ་པ་བརྒྱད་ནི། གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་སུ་འོག་སྒྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་པ་ལྟར་རོ། །ཆེན་པོ་དབང་ཕྱུག་གི་ཡོན་ཏན་བརྒྱད་ནི། ཇི་སྐད་དུ། གཟུགས་ཕྲ་རེག་པ་ཡང་བ་དང་། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་དང་ནི་འདོད་དགུར་བསྒྱུར། །ཞེས་པ་ལྟར་རོ། །མཆོག་གི་དངོས་གྲུབ་ལ། ཁྱད་པར་གྱི་ཕྲིན་ལས་བཞི་ནི། ལས་ཉོན་དང་ཀུན་གཞིའི་སྒྲིབ་པ་ཞི་བ། ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དབང་དུ་བྱེད་པ། རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བ་དང་། དབང་དང་མངོན་ཤེས་གཟུངས་སྤོབས་ལ་སོགས་པ་སུ་དང་ལམ་གྱི་ཡོན་ཏན་ཐམས་ཅད་ལ་དབང་འབྱོར་ཞིང་། གནས་སྐབས་སྦྱོར་ལམ་དུ་སྒྱུ་མའི་སྐུ་རྣམ་སྨིན་རིག་འཛིན་མཐོང་ལམ་དུ་འོད་གསལ་གྱི་སྐུ་ཚེ་དབང་རིག་འཛིན། སློབ་མའི་ཟུང་འཇུག་ཕྱག་ཆེན་རིག་འཛིན། མཐར་ཐུག་མི་སློབ་པའི་ཟུང་འཇུག་ལྷུན་གྲུབ་རིག་འཛིན་རྣམས་ཏེ། དཔལ་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེའི་ཡོངས་གང་རྒྱུན་མི་འཆད་དང་འགགས་པ་མེད། །ཅེས་གསུངས་པ་ལྟར། ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བརྙེས་ནས་དོན་གཉིས་མཐར་ཕྱིན་པར་འགྱུར་བ་ནི་ངེས་པ་ཉིད་དོ། །སྨྲས་པ། མཁས་པའི་གཞུང་དང་གྲུབ་པའི་མན་ངག་སྟེ། །ཟབ་ཅིང་རྒྱ་ཆེའི་ལེགས་བཤད་ཆུ་བོའི་གཏེར། །ལུང་རིགས་བྱེ་བའི་རླབས་ཕྲེང་གཡོ་བ་ཅན། །བློ་མན་ཡིད་ཀྱིས་གཏིང་དཔོག་ནུས་མིན་ཀྱང་། །རང་དང་སྐལ་མཉམ་འགའ་ལ་ཕན་འདོད་ཀྱིས། །དམ་པའི་ཞལ་ལུང་བདུད་རྩིའི་ཟེག་མ་ཙམ། །མོས་ཤིང་དད་པས་ཕྱོགས་སུ་བསྡུས་པ་ལ། །ནོངས་པ་གྱུར་གང་བརྒྱུད་གསུམ་བླ་མར་བཤགས། །འདིར་འབད་དགེ་ཚོགས་ཡིད་བཞིན་དབང་པོའི་སྤྲིན། །མ་ལུས་སྐྱེ་དགུའི་བླ་ན་རྟག་འཆར་ཞིང་། །ཕན་བདེའི་གྲུ་ཆར་རྒྱུན་མི་འཆད་འབྱུང་བས། །དོན་གཉིས་འབྲས་བུ་ཕུན་ཚོགས་འགྲུབ་གྱུར་ཅིག །ཅེས་པའང་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་ངོར། རང་འདྲའི་བློ་དམན་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླང་སྟེ། རྩོད་བྲལ་མཁས་གྲུབ་དུ་མས་མཛད་པའི་བསྙེན་ཡིག་རྣམས་དང་། རྗེ་བཙུན་བླ་མ་མཆོག་གི་ཞལ་ལུང་དང་བཅས་ཕྱོགས་གཅིག་ཏུ་བསྡུས་ཏེ། རྨོང་བརྟུལ་སྤྲུལ་མིང་པ་ཀུན་མཁྱེན་བསྟན་པའི་ཉི་མས་རང་གནས་བསམ་གཏན་གྱི་ཁང་བུ། ངེས་པ་དོན་གྱི་དགའ་ཚལ་ཆོས་འཁོར་རྣམ་རྒྱལ་གླིང་དུ་ཟིན་བྲིས་སུ་བཏབ་པ་ཤྲཱི་ཡནྟུ། དགེའོ། དགེའོ། །དགེའོ།། །།


previousབསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས།next