Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་སྟོན་པའི་ལེའུ་སྟེ་དགུ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་སྟོན་པའི་ལེའུ་སྟེ་དགུ་པ།next

རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་སྟོན་པའི་ལེའུ་སྟེ་དགུ་པ།

ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་སྒྲོན་མ་ཡོངས་སུ་བཀོད་པའི་གཏམ་རྒྱུད་བརྗོད་པ་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་བ་སྟེ་བྱུང་ཚུལ་བསྟན་པ་གཉིས་པའོ། །བམ་པོ་གཉིས་པར་ཟུག་པ། དེ་ནས་ལང་ཀའི་བདག་པོས་ཡང་གསང་བ་པའི་བདག་པོ་ལ་སྔོན་བྱུང་བའི་ཚིག་བཅུ་གཉིས་པའི་གསུམ་པའི་གང་གིས་ངེས་པ་རྙེད་པ་ན་ཡང་བྱུང་ཞེས་བསྟན་པ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་དུ་བརྗོད་པའི་སྐབས་སུ་གང་གིས་ངེས་པ་རྙེད་པ་ན་ཡང་བྱུང་ཞེས་བཀོད་པ་དེ་ཅི་ལྟ་བ་ཞིག་ཏུ་རྙེད་དེ་གྲགས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་གང་གིས་གསང་སྔགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་ཀྱི་ངེས་པ་ཕྱིན་ཅི་མ་ལོག་པ་རྙེད་པ་དེ་ཁོ་ན་ཉིད་ལ་བྱའོ། །སྨྲས་པ། གསང་བ་པའི་བདག་པོ་གསང་སྔགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་དེ་གང་ནས་བྱུང་། གང་ན་གནས། གང་དུ་སྣང་། ཇི་ལྟར་བྱུང་དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་གསང་སྔགས་ཀྱི་ངོ་བོ་ཉིད་རྡོ་རྗེ་སེམས་དཔའ་དེ་ནི་འཁོར་བ་དང་བཅས་མྱ་ངན་ལས་འདས་པ་གཉིས་ཀྱི་ཁམས་ནས་བྱུང་ངོ་། །སངས་རྒྱས་ཀུན་གྱི་ཐུགས་དང་སེམས་ཅན་ཀུན་གྱི་སེམས་ལ་གནས་སོ། །ཞིང་ཁམས་མཐའ་ཡས་པར་སྣང་ངོ་། །ཡེ་ཇི་བཞིན་པ་དང་། རྒྱུད་དག་པར་རང་བྱུང་ངོ་། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་རྡོ་རྗེ་སེམས་དཔའ་ཉིད་དུ་ངེས་པ་གང་ལ་གཞག་པར་བགྱི། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་རྡོ་རྗེ་སེམས་དཔའ་ནི་གཅིག་དང་ཐ་དད་པའི་ངོ་བོ་ཉིད་ལས་གྲོལ་ཏེ་ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་མ་བསླད་པ། སྙིང་པོ་བྱང་ཆུབ་ཏུ་ཡེ་ནས་གནས་པ་དེ་ལ་ཡེ་ཇི་བཞིན་པའི་རྡོ་རྗེ་སེམས་དཔའ་ཞེས་གདགས་སོ། །སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་གང་མཐོང་བའི་གནས་སྐབས་ལ་ནི་རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ཞེས་གདགས་སོ། །དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱང་ཡེ་ཇི་བཞིན་པ་དང་། རྒྱུད་དག་པའི་སངས་རྒྱས་སུ་རྣམ་པར་སྣང་ངོ་། །དེ་བས་ན་རྡོ་རྗེ་སེམས་དཔའི་ངེས་པ་ནི་ཐམས་ཅད་ཀྱི་ཡེ་ཇི་བཞིན་པའི་དེ་ཁོ་ན་ཉིད་ལ་གཞག་པར་བྱའོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ་སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་དེ་གང་ལགས། གང་ཞིག་མཐོང་ན་དེ་མཐོང་བ་ལགས། དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་སེམས་ཅན་ཀུན་གྱི་ཇི་ལྟ་བ་དེ་མཐོང་ན་མཐོང་བ་ཡིན་ནོ། །སེམས་ཅན་ཀུན་གྱི་ཇི་ལྟ་བ་དེ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ནོ། །དེ་ལ་ནི་ཆོས་རྡུལ་ཙམ་ཡང་མི་དམིགས་སོ། །དེ་ནི་ནམ་མཁའི་མཚན་ཉིད་དེ། དེ་ལ་ནི་བྱང་ཆུབ་པ་ཡང་མེད་ལ་བྱང་ཆུབ་པར་བྱ་བའང་མེད་དོ། །དེ་ལ་ནི་སེམས་ཅན་ཡང་མེད་ལ་སེམས་ཅན་དུ་གདམས་པ་ཡང་མེད་དོ། །ཆོས་ཅན་ཡང་མེད་ལ་ཆོས་ཅན་དུ་གདགས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་མཚན་ཉིད་ཡིན་ལ་བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་དེ། ནམ་མཁའི་ནི་མཚན་ཉིད་ཐམས་ཅད་དང་བྲལ་བའོ། །དེའི་ཕྱིར་བྱང་ཆུབ་ནི་སེམས་ལས་བཙལ་བར་བྱའོ། །སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད་གཉིས་ཀར་ཡང་མི་དམིགས་སོ། །སེམས་དེ་ནི་སངས་རྒྱས་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །དེ་ཇི་ལྟར་མ་གཟིགས་ན་ཁ་དོག་ཏུ་མ་གཟིགས་སོ། །དབྱིབས་སུ་མ་གཟིགས་སོ། །མུན་པར་མ་གཟིགས་སོ། །སྣང་བར་མ་གཟིགས་སོ། །ཕོ་མོར་མ་གཟིགས་སོ། །མ་ནིང་དུ་མ་གཟིགས་སོ། །ཁམས་གསུམ་གྱི་རང་བཞིན་དུ་མ་གཟིགས་སོ། །ལྷའི་སེམས་སུ་མ་གཟིགས་སོ། །ཀླུའི་སེམས་སུ་མ་གཟིགས་སོ། །དེ་བཞིན་དུ་གནོད་སྦྱིན་གྱི་སེམས་དང་། དྲི་ཟའི་སེམས་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་ལ་སོགས་པ་འགྲོ་བ་རིས་ཐ་དད་པའི་སེམས་སུ་མ་གཟིགས་སོ། །རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའི་རང་འབྱུང་གི་ཡེ་ཤེས་ཡིན་ལ་ཡེ་ཤེས་དེ་ནི་ནམ་མཁའི་རང་བཞིན་ཏེ་རང་བཞིན་མེད་པའི་ཕྱིར་རོ། །ཡང་ལང་ཀའི་བདག་པོས་དྲིས་པ། ཀྱེ་གསང་བ་པའི་བདག་པོ་སེམས་ཅན་གྱི་སེམས་དེ་ཅིའི་ཕྱིར་རྡོ་རྗེ་སེམས་དཔའི་རང་འབྱུང་གི་ཡེ་ཤེས་ཡིན། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་སེམས་ཅན་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་གང་ཡིན་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་ཇི་ལྟ་ཞེ་ན་འདི་ལྟ་སྟེ། གང་ཆགས་པའི་སེམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ། །གང་ཆགས་པ་མེད་པའི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་ཞེ་སྡང་གི་སེམས་ཀྱི་དེ་ཁོ་ན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་བྱམས་པའི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་གཏི་མུག་གི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའ་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་ཤེས་རབ་ཆེན་པོའི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་པའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་ཐེ་ཚོམ་གྱི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དེ་ཁོ་ན་ཉིད་དོ། །གང་ངེས་པའི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་མུན་པའི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་སྣང་བའི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་ང་རྒྱལ་གྱི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་ཕྲག་དོག་གི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་བསྡུ་བའི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་པའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །དེ་བཞིན་དུ་སྤྲོ་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། འབྱེད་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། འཁྲུག་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཞི་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། འཐབ་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། འཇར་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། རྩོད་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། མཐུན་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བརྗོད་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བརྗོད་པ་མེད་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཀླུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བདུད་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ལྷ་མ་ཡིན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གནོད་སྦྱིན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། མིའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ལྟོ་འཕྱེའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། འབྱུང་པོའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ནམ་མཁའ་ལྡིང་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། དྲི་ཟའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གྲུལ་བུམ་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། སྐྱེས་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བུད་མེད་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། མ་ནིང་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བདག་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གཞན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཕའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། མའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཕུ་ནུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། དགྲ་བོའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། དབང་ཕྱུག་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཚངས་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གཏོགས་འདོད་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། དབང་པོའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཚོགས་བདག་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཀུན་དུ་རྒྱུ་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཚོང་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཞིང་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཆུ་བོ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ལྟེང་ཀ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཁྲོན་པ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བཀོད་པ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། འཁོར་ལོ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཟོ་ཆུ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བསྐོལ་ཆུ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གསེར་ཆུ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཀུན་དུ་བསྲུང་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། སེར་སྣ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གཏོང་བ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བྱི་ལ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ལྕེ་འབབ་པ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གློག་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། སྤྲིན་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བྱི་བ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཁྱི་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གླུ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གར་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། སིལ་སྙན་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། རྨ་བྱ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། རྔ་སྒྲ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། དུས་ཀྱི་འབྲུག་སྒྲ་ལྟ་བུའི་སེམས་དང་། སེང་གེ་ལྟ་བུའི་སེམས་དང་། བུང་བ་ལྟ་བུའི་སེམས་དང་། སྦྲང་མ་ལྟ་བུའི་སེམས་དང་། ཆུ་སྲིན་ལྟ་བུའི་སེམས་དང་། རུས་སྦལ་ལྟ་བུའི་སེམས་དང་། སྤྲུལ་པ་ལྟ་བུའི་སེམས་དང་། མ་ཧེ་ལྟ་བུའི་སེམས་དང་། འུག་པ་ལྟ་བུའི་སེམས་དང་། སྤྲེའུ་ལྟ་བུའི་སེམས་དང་། བྱ་རོག་ལྟ་བུའི་སེམས་དང་། རྟ་ལྟ་བུའི་སེམས་དང་། བཞད་ལྟ་བུའི་སེམས་དང་། ཀང་ཀ་ལྟ་བུའི་སེམས་དང་། སྤྱང་ཀིའི་སེམས་དང་། ཝའི་སེམས་དང་། གླང་པོ་ལྟ་བུའི་སེམས་དང་། ལུག་ལྟ་བུའི་སེམས་དང་། ཁྲ་ལྟ་བུའི་སེམས་དང་། ཁྱིམ་གྱི་སེམས་དང་། ཁྱིམ་མེད་པའི་སེམས་དང་། ཐར་པའི་སེམས་དང་། མ་ཐར་པའི་སེམས་དང་། སྲིན་པོའི་སེམས་དང་། མི་རྒོད་ཀྱི་སེམས་དང་། ན་ཆུང་གི་སེམས་དང་། རྒྱལ་པོའི་སེམས་དང་། སྨད་འཚོང་མའི་སེམས་དང་། འཕྱོན་མའི་སེམས་དང་། བྲམ་ཟེའི་སེམས་དང་། ཤེན་པའི་སེམས་དང་། ཡི་དྭགས་ཀྱི་སེམས་དང་། དམྱལ་བའི་སེམས་དང་། ཚེར་མའི་སེམས་དང་། ཤིང་བལ་གྱི་སེམས་དང་། ས་འོག་གི་སེམས་དང་། ནམ་མཁའི་སེམས་དང་། དྲ་བའི་སེམས་དང་། རྒྱའི་སེམས་དང་། ཞགས་པའི་སེམས་དང་། ལིག་རིའི་སེམས་དང་། ལྕགས་ཀྱུའི་སེམས་དང་། ཐོ་བའི་སེམས་དང་། ཇུ་ཐུར་གྱི་སེམས་དང་། སྣོད་ཀྱི་སེམས་དང་། ཁྲི་མོན་གྱི་སེམས་དང་། མེ་ལྕེའི་སེམས་དང་། ཐུ་ལུམ་གྱི་སེམས་དང་། མར་མེའི་སེམས་དང་། ཉི་མའི་སེམས་དང་། ཟླ་བའི་སེམས་དང་། དངུལ་གྱི་སེམས་དང་། གསེར་གྱི་སེམས་དང་། མེ་སྟག་གི་སེམས་དང་། རླུང་གི་སེམས་དང་། ཆུའི་སེམས་དང་། མདུང་ཤིང་གི་སེམས་དང་། གཏུན་ཤིང་གི་སེམས་དང་། སྒོའི་སེམས་དང་། ཤིང་ལེབ་ཀྱི་སེམས་དང་། མེའི་སེམས་དང་། སའི་སེམས་དང་། འདམ་གྱི་སེམས་དང་། རྙོག་ཆུའི་སེམས་དང་། ཚོན་རྩིའི་སེམས་དང་། ནོར་བུའི་སེམས་དང་། དུག་གི་སེམས་དང་། སྨན་གྱི་སེམས་དང་། ཁ་ཟས་ཀྱི་སེམས་དང་། ཆུ་དོང་གི་སེམས་དང་། མདའི་སེམས་དང་། རལ་གྲིའི་སེམས་དང་། འཁོར་ལོའི་སེམས་དང་། གཞུའི་སེམས་དང་། སྒྲོག་གི་སེམས་དང་། ཤིང་གི་སེམས་དང་། ལན་ཚྭའི་སེམས་དང་། སྤུ་གྲིའི་སེམས་དང་། ཐིག་གི་སེམས་དང་། རྡོ་རྗེའི་སེམས་དང་། རི་རབ་ཀྱི་སེམས་དང་། རྒྱ་མཚོའི་སེམས་དང་། ཕ་བོང་གི་སེམས་དང་། ཞང་གི་སེམས་དང་། ཕུག་གི་སེམས་དང་། སྐྱེ་བའི་སེམས་དང་། མེ་ཏོག་གི་སེམས་དང་། འབྲས་བུའི་སེམས་དང་། རྩ་བའི་སེམས་དང་། ཡལ་གའི་སེམས་དང་། སྡོང་བུའི་སེམས་དང་། མངར་བའི་སེམས་དང་། ཁ་བའི་སེམས་དང་། སྐྱུར་བའི་སེམས་དང་། ཚ་བའི་སེམས་དང་། སླ་བའི་སེམས་དང་། བསྐ་བའི་སེམས་དང་། ཡི་གེའི་སེམས་དང་། ཚ་ཚའི་སེམས་དང་། ལྡེ་མིག་གི་སེམས་དང་། བྱ་གག་ལྟ་བུའི་སེམས་དང་། ཀུན་དགའ་ར་བ་ལྟ་བུའི་སེམས་དང་། དབྱར་སྤྲིན་ལྟ་བུའི་སེམས་དང་། མེ་ལོང་ལྟ་བུའི་སེམས་དང་། ཏིལ་གྱི་མར་ཁུ་ལྟ་བུའི་སེམས་དང་། དགུན་ཆང་ལྟ་བུའི་སེམས་ལ་སོགས་པ་མཐའ་ཡས་པའི་སེམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཇི་བཞིན་པའི་དེ་ཁོ་ན་ཉིད་དོ། །ཀྱེ་ལང་ཀའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་མ་བཅོས་མ་བསླད། མ་བྱས་མ་བརྟགས་ཇི་བཞིན་པ་ཡིན་ལ། སེམས་ཅན་ཀུན་གྱི་སེམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཡང་མ་བཅོས། མ་བསླད་མ་བྱས། མ་བརྟགས་ཇི་བཞིན་པ་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་རོ། །གང་ཐམས་ཅད་མཁྱེན་པའི་སྤྱན་གྱིས་ཀྱང་དེ་གཉིས་ཀྱི་རང་བཞིན་སོ་སོར་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །གང་རྒྱལ་ཚ བ་སྐྱེས་བུ་རྣམས་ཀྱི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཀྱང་སོ་སོར་མ་ཕྱེད་མི་ཕྱེད་ཕྱེད་པར་མི་འགྱུར་རོ། །ཀྱེ་ལང་ཀའི་བདག་པོ་གང་གསང་སྔགས་ཀྱི་ངེས་པ་རྙེད་པར་འདོད་པ་རྣམས་ཀྱིས་སེམས་ཀྱི་དེ་ཁོ་ན་ཉིད་ངོ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱ་བའི་རྣལ་འབྱོར་པ་ལྟར་སེམས་ཐ་དད་པར་སྣང་བ་རྣམས་བྱ་བ་མེད་པའི་རྣལ་འབྱོར་པ་ལྟར་སེམས་དེ་ཁོ་ན་ཉིད་གཅིག་ཏུ་སྣང་ལ་དེ་ཁོ་ན་ཉིད་གཅིག་ནི་དེ་ཁོ་ན་ཉིད་གསང་བ་དམ་པ་ཡིན་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སེམས་དཔས་ཀྱང་སེམས་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་གསང་སྔགས་ཀྱི་ངེས་པ་བརྙེས་སོ། །དེ་ཇི་ལྟ་ཞེ་ན་སེམས་ཀྱི་དེ་ཁོ་ན་ཉིད་ནི་རྣམ་པར་དག་པའི་སྒོ་ཡིན་ནོ། །ཆོས་སྣང་བའི་སྒོ་ཡིན་ནོ། །ཆོས་ཀྱི་དབྱིངས་ཡིན་ནོ། །ཆོས་ཀྱི་གླེགས་བམ་ཆེན་པོ་ཡིན་ནོ། །ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོ་ཡིན་ནོ། །ཀྱེ་ལང་ཀའི་བདག་པོ་དེ་ཡང་འདི་ལྟ་སྟེ། གང་གིས་སེམས་ཀྱི་དེ་ཁོ་ན། །གསང་བའི་སྙིང་པོ་དེས་རྙེད་ན། །འདྲེན་པའི་ཚིག་གིས་མ་བཀྲོལ་ཡང་། །སེམས་ལ་ཆོས་འབྱུང་འབུམ་ཕྲག་ཡས། །སྨྲ་བའི་སྒོ་མོར་ཐམས་ཅད་གསལ། །དོན་ལ་ངེས་པའི་གཏན་ཚིགས་ནི། །ཚིག་ཏུ་མཚོན་ཏེ་འབྱིན་པར་ནུས། །ཆོས་རྒྱུན་ཏིང་འཛིན་ཐོབ་པ་ཡིན། །ཀྱེ་ལང་ཀའི་བདག་པོ་དེ་ལྟར་ན་སེམས་ཀྱི་དེ་ཁོ་ན་ཉིད་ནི་བྱང་ཆུབ་ཆེན་པོ་ཡིན་ལ། བྱང་ཆུབ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་སྟེ། དེ་ཡང་སངས་རྒྱས་ཀུན་གྱི་བདུད་རྩིར་གྱུར་པ་འདི་ལྟ་སྟེ། བྱང་ཆུབ་སེམས་ཀྱི་ཆུ་མེད་ན། །རྒྱལ་བ་རྣམས་ཀྱང་སྐམས་པར་འགྱུར། །བྱང་ཆུབ་སེམས་ཀྱི་ཆུ་བོ་འདིས། །སྔོན་ཞེན་མཐའ་དང་རྔོས་སྐམས་རླན། །སེམས་ཀྱི་རང་བཞིན་སྟོང་ཉིད་པས། །དེ་ལས་བྱུང་བ་ཐམས་ཅད་སྟོང་། །དེ་སྟོང་པས་ན་བྱང་ཆུབ་ཀྱང་། །སྟོང་ཉིད་སྙིང་པོ་དེ་ཁོ་ན། །རང་འབྱུང་ཡེ་ཤེས་ཆུ་ཆེན་པོ། །རྨད་འབྱུང་རྒྱ་མཚོའི་ཀློང་དཀྱིལ་ནས། །བྱང་ཆུབ་བདུད་རྩིའི་ཆུ་བྱུང་བས། །རྒྱལ་བ་ཐམས་ཅད་བསིལ་བར་མཛད། །འདི་ནི་གསང་བའི་སྙིང་པོ་སྟེ། །རྡོ་རྗེ་སེམས་དཔའི་དེ་ཁོ་ན། །ཉིད་དུ་ངེས་པའི་ངོ་བོ་ཡིན། །རྒྱལ་བ་ཀུན་གྱིས་དམ་པར་བསྔགས། །དེ་བས་དེའི་ཕྱིར་ལང་ཀའི་བདག་པོ་སེམས་ཀྱི་དེ་ཁོ་ན་ཉིད་ངོ་ཤེས་པར་བྱ་བ་ནི་ཡུལ་གྱི་དོན་སྲིད་ཆེན་པོའོ། །ཞེས་གསང་བ་པའི་བདག་པོ་དེས་དེ་སྐད་སྨྲས་པས་ཐམས་ཅད་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་དུ་རྣམ་པར་གྲོལ་བའི་ལམ་དུ་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་སྟོན་པའི་ལེའུ་སྟེ་དགུ་པའོ།། །།


previousརྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་སྟོན་པའི་ལེའུ་སྟེ་དགུ་པ།next