Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་བཞི་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་བཞི་པ།next

གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་བཞི་པ།

དེ་ནས་ཡང་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། དེ་བཞིན་གཤེགས་པའི་གསུང་གི་བྱིན་གྱི་བརླབས་ཇི་ལྟར་སྣང་བ་དཔག་པར་བྱ་བའི་ཕྱིར་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་གང་གི་ཐུགས་དང་སྐུའི་བྱིན་གྱི་བརླབས་ལས་སྣང་བ་ཡོངས་སུ་བཀོད་པ་དེ་དག་གི་གསུང་གི་བྱིན་གྱི་བརླབས་ལས་སྣང་བ་ཇི་ལྟར་དཔག་པར་བགྱི། དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་ཇི་སྐད་དུ་དྲི་བ་དེ་ནི་འདི་ལྟ་སྟེ། ངོ་བོ་ཉིད་མེད་པ་གསང་བ་དམ་པ་གསང་བ་དེ་ལ་ནི་ཚིག་དང་སྒྲའི་ཐ་སྙད་མེད་དེ་ཐམས་ཅད་ནས་ཐམས་ཅད་དུ་གསུང་བ་མེད་པ་ཁོ་ནའོ། །གལ་ཏེ་གསང་བ་དེ་དག་དཔག་པར་ནི་གང་ཡོངས་སུ་དག་པའི་སྐྱེས་བུ་དམ་པས་ཀྱང་མི་དཔོགས་ཏེ། གང་གི་ཕྱིར་དེ་དཔོགས་པ་ཉིད་ན་ངོ་བོ་ཉིད་མེད་པ་གསང་བ་དམ་པ་ཉིད་དུ་ངེས་པའི་ཕྱིར་དཔག་པར་རབ་ཏུ་དཀའོ། །ལང་ཀའི་བདག་པོ་འོན་ཀྱང་འདི་ལྟར་རིག་པར་བྱ་སྟེ། གང་ངོ་བོ་ཉིད་མེད་པའི་གསུང་ནི་ནམ་མཁའ་ལྟ་བུའོ། །རྣམ་པར་དག་པའི་གསུང་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཡོངས་སུ་སྨིན་པའི་གསུང་ནི་མེ་ལོང་ལྟ་བུའོ། །གསང་བ་དམ་པའི་གསུང་ནི་སེང་གེ་ལྟ་བུའོ། །རྒྱུན་དུ་འབྱུང་བའི་གསུང་ནི་གསུང་གཅིག་ཡན་ལག་བསམ་གྱིས་མི་ཁྱབ་པར་འབྱུང་བའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །ལང་ཀའི་བདག་པོ་གང་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་བཞིར་འབྱུང་ཞིང་བཞིར་སྣང་བ། བཞི་ལས་རྒྱས་པར་ཤེས་པར་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། གསུང་གི་རང་བཞིན་དང་། རྣམ་གྲངས་དང་། ཡན་ལག་དང་། གཟུགས་བརྙན་རྣམས་སུ་ཤེས་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་རང་བཞིན་གང་ཞེ་ན་འདི་ལྟ་སྟེ། གདངས་སུ་ཆེ་བ་དང་། ཡོངས་སུ་ཁྱབ་པ་དང་། གོ་བར་མྱུར་བ་དང་། ཐེ་ཚོམ་གཅོད་པ་དང་། གཅིག་ལ་གཟིགས་སྙམ་པ་དང་། ཉི་ཚེར་སྟོན་པ་དང་། ཀུན་ནས་འཇུག་པ་དང་། འདུན་པ་སྐྱེད་པ་དང་། ཁྱད་དུ་ཞུགས་པ་དང་། ཐམས་ཅད་འདུལ་བའོ། །ལང་ཀའི་བདག་པོ་རྣམ་གྲངས་གང་ཞེ་ན། འདི་ལྟ་སྟེ། ཆེངས་པ་ལྟ་བུ་དང་། སིལ་སྙན་ལྟ་བུ་དང་། གླུ་གར་ལྟ་བུ་དང་། ཀ་ལ་པིང་ཀ་ལྟ་བུ་དང་། འབྲུག་དབྱངས་ལྟ་བུ་དང་། སྒྲ་བརྙན་ལྟ་བུའོ། །ལང་ཀའི་བདག་པོ་ཡན་ལག་ནི་འདི་ལྟ་སྟེ། འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། མཉམ་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་མི་ཚུགས་པ་དང་། རྣར་སྙན་པ་དང་། རྣམ་པར་མ་འཁྲུགས་པ་དང་། ཤིན་ཏུ་གསལ་བ་སྟེ། རྣམ་གྲངས་ཀྱི་སྒོ་རེ་རེར་གང་དུ་བྱུང་བ་དེ་དང་དེར་ཡན་ལག་ཀུན་རྫོགས་པར་འབྱུང་ངོ་། །ལང་ཀའི་བདག་པོ་དེ་ལ་གཟུགས་བརྙན་གང་ཞེ་ན། གཟུགས་བརྙན་ནི་ཡི་གེའི་ཚོགས་སུ་སྣང་ལ། ཡི་གེ་ནི་གསང་བ་དམ་པའི་བྱིན་གྱི་བརླབས་ལས་འབྱུང་བར་རིག་པར་བྱའོ། །ལང་ཀའི་བདག་པོ་གསང་བ་དམ་པའི་བྱིན་གྱི་བརླབས་ནི་ཡི་གེར་ཡང་མ་ཟད་དེ་ཡི་གེ་ལ་སོགས་པའི་ཆོས་ཐམས་ཅད་མེད་པ་ལས་འབྱུང་ཞིང་བཏགས་པ་ལྟར་ཆགས། གང་ལྟར་བསྒྲུབས་པ་ལྟར་འགྲུབ། གང་དུ་མཐོང་བ་དེ་ལྟར་བལྟས་པར་སྣང་བའི་ཕྱིར་ཡི་གེ་ཡང་མི་དམིགས་པའི་དབྱིངས་ཀྱི་བྱིན་གྱི་བརླབས་ལས་གསུང་གི་གཟུགས་བརྙན་དུ་འབྱུང་བར་ཟད་དོ། །ལང་ཀའི་བདག་པོ་འོན་ཏང་ན་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ་ངང་གིས་མ་བཅོས་ཡང་གིས་འོད་གསལ་བས་བཙལ་དུ་མེད་ཅིང་ཡེ་ནས་བྱང་ཆུབ་པ་ལས་གང་བྱང་ཆུབ་དོན་དུ་གཉེར་ཞིང་འབད་པ་ནི་དཀའ་བ་བྱེད་པའོ། །སྨྲས་པ། གསང་བ་པའི་བདག་པོ་འོ་ན་སེམས་ཅན་དང་སངས་རྒྱས་གཉིས་ཅིའི་ཕྱིར་ཐ་དད། སྨྲས་པ། ལང་ཀའི་བདག་པོ་དེ་ནི་རྐྱེན་ཇི་བཞིན་པའི་ཕྱིར་རོ། །ལང་ཀའི་བདག་པོ་དེ་བས་ན་འདི་ལྟ་སྟེ། གཟུགས་བརྙན་གྱི་རྒྱུ་དང་། གཟུགས་བརྙན་འབྱུང་བའི་སྒོ་དང་། གཟུགས་བརྙན་གྱི་གཟུངས་དང་། གཟུགས་བརྙན་གྱི་དམ་ཚིག་དང་། གཟུགས་བརྙན་གྱི་སྤྲུལ་པའོ། །ལང་ཀའི་བདག་པོ་དེ་ལ་གཟུགས་བརྙན་གྱི་རྒྱུ་ནི་དང་བ་མི་དམིགས་པ་སྟེ་ཅི་ཡང་མེད་པ་ལས་ཅི་ཡང་འབྱུང་བའོ། །ལང་ཀའི་བདག་པོ་གཟུགས་བརྙན་འབྱུང་བའི་སྒོ་ནི་གང་དུ་གཉིས་འདུས་པ་སྟེ་ཅི་ཡང་མིན་པ་ལས་ཅིར་ཡང་རིག་པར་བྱེད་པའོ། །ལང་ཀའི་བདག་པོ་གཟུགས་བརྙན་གྱིས་གང་མཚོན་པར་བྱེད་མོད་ཀྱི་གཟུགས་བརྙན་ལས་དངོས་གཞི་འབྱུང་བ་ཡང་མ་ཡིན། མི་འབྱུང་བ་ཡང་མ་ཡིན། སྣང་བ་ཡང་མ་ཡིན། མི་སྣང་བ་ཡང་མ་ཡིན། ཁྱབ་པ་ཡང་མ་ཡིན། མ་ཁྱབ་པ་ཡང་མ་ཡིན། དཔེར་ན་ནམ་མཁའི་སྒྲ་བསྒྲགས་པར་ནི་ཀུན་གྱིས་ནུས་མོད་ཀྱི་ནམ་མཁའ་གང་ཞེ་ན། འདི་ཁོ་ནའོ་ཞེས་ནི་གང་གིས་ཀྱང་བསྟན་པར་མི་ནུས་སོ། །ལང་ཀའི་བདག་པོ་དེ་བཞིན་དུ་གཟུགས་བརྙན་གྱིས་ཀྱང་དངོས་གཞི་མཚོན་པར་ནུས་ཀྱི་འདི་ཁོ་ནའོ་ཞེས་བསྟན་པར་ནི་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་བརྙན་ནི་དངོས་གཞི་ལས་བྱུང་བས་མཚོན་པར་ཡང་ནུས་ལ། གཟུགས་བརྙན་ཡིན་པའི་ཕྱིར་གང་གི་སྤྱོད་ཡུལ་དུ་ཡང་གྱུར་པ་ཡིན་ལ། དངོས་གཞི་ནི་གང་གིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པས་འདིའོ་ཞེས་བསྟན་པར་མི་ནུས་སོ། །དེ་བས་སངས་རྒྱས་ཀུན་གྱི་དགོངས་པ་གསང་བ་དེ་ནི་སངས་རྒྱས་འཇིག་རྟེན་དུ་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་རྣམས་སངས་རྒྱས་ཀྱང་རུང་། མ་རྒྱས་ཀྱང་རུང་། ཐམས་ཅད་ཀྱི་རང་བཞིན་དུ་ཡེ་ནས་གནས་ཤིང་ཐམས་ཅད་ལ་ཁྱབ་ཀྱང་ཐམས་ཅད་ཀྱིས་མཐོང་བ་ནི་མ་ཡིན་ནོ། །དེ་ལས་བྱུང་བ་ཐམས་ཅད་ནི་ཤེས་པར་ཡང་རུང་ལ། དེས་ནི་དེ་ཉིད་མཚོན་པར་ཡང་རུང་ན། དེ་ལས་བྱུང་བས་དེ་ཉིད་དེ་ནི་འདི་ཁོ་ནའི་ཞེས་བསྟན་པར་ནི་མི་ནུས་སོ། །ལང་ཀའི་བདག་པོ་གཟུགས་བརྙན་གྱི་གཟུངས་ནི་ཅི་ཡང་མེད་ཅིང་མ་མཐོང་བ་དེ་ཉིད་ཅི་ཡང་འབྱུང་ཞིང་ཅི་གང་དང་ཡང་མ་བྲལ་བ་སྟེ། འདི་ལྟ་སྟེ། གཟུགས་བརྙན་གང་ཡིན་པ་དེ་ནི་དངོས་གཞིའོ། །དངོས་གཞི་གང་ཡིན་པ་དེ་ནི་གཟུགས་བརྙན་ནོ། །དངོས་གཞི་དང་གཟུགས་བརྙན་གང་ཡིན་པ་དེ་ནི་གསང་བ་དམ་པའི་དབྱིངས་སོ། །གསང་བ་དམ་པ་གང་ཡིན་པ་དེ་ནི་དངོས་གཞི་དང་གཟུགས་བརྙན་ནོ། །འོན་ཏང་ན་གསང་བ་དམ་པ་ནི་རྒྱ་མཚོ་དང་འདྲ་ལ། བྱིན་གྱི་བརླབས་ལས་བྱུང་བ་ཐམས་ཅད་ནི་རླབས་དང་འདྲ་བ་སྟེ། འདི་གཉིས་ལ་གཉིས་སུ་མེད་པ། གཉིས་ཀྱི་མཐའ་ལས་གྲོལ་བ། དབུ་མར་ཡང་མི་དམིགས་པ། གཉིས་སུ་མི་འགྱུར་བར་གཟིགས་པ་སྟེ་དེ་ཁོ་ན་ཉིད་དེ་ནི་གཟུངས་སོ། །དེ་བཞིན་དུ་ཅིས་ཀྱང་མི་ཕྱེད་མི་ཤིགས་པ་དང་། གང་དུ་ཡང་མི་དམིགས་པ་དང་། མཉམ་པ་ཉིད་དང་། མི་འགྱུར་བ་ཉིད་དང་། ནམ་མཁའི་རང་བཞིན་དང་། མིང་དང་། ཚིག་དང་། དོན་དང་། གསང་སྔགས་གྱི་གཟུངས་སོ། །འོན་ཏང་ན་གཟུགས་བརྙན་གྱི་རང་བཞིན་ཡང་མི་དམིགས་པའི་དབྱིངས་ལ་དངོས་གཞིའི་རང་བཞིན་ཡང་མི་དམིགས་པའི་དབྱིངས་ཁོ་ན་བས་དེ་ནི་དེ་གཉིས་ཀྱི་གཟུངས་སོ། །མི་དམིགས་པའི་དབྱིངས་དེ་ནི་ཐམས་ཅད་དུ་སེམས་ཅན་དང་སངས་རྒྱས་ལ་སོགས་པ་ཐམས་ཅད་སྐྱེད་ཅིང་དེའི་རང་བཞིན་དེ་ཡིན་པའི་ཕྱིར་གཅིག་པས་ན་སོ་སོ་མ་ཡིན་པའི་གཟུངས་སོ། །ལང་ཀའི་བདག་པོ་གཟུགས་བརྙན་གྱི་དམ་ཚིག་ནི་གང་གི་གཟུགས་བརྙན་གང་དེ་ལས་མི་འདའ་བ་སྟེ། ཇི་ལྟར་སྣང་ཡང་དངོས་གཞི་དེ་ལས་མི་འགྱུར་མི་འདའ་བ་སྟེ། དེ་ལྟར་འབྱུང་འཇུག་མེད་པ། ཕྱི་ནང་མེད་པ། སྒོ་ཕུགས་མེད་པ། འདུ་འབྲལ་མེད་པས་ན་དམ་ཚིག་གོ། །ཐམས་ཅད་དེའི་ངང་ལས་མི་འདའ་བའི་ཕྱིར་དམ་ཚིག་ཅེས་བྱའོ། །ལང་ཀའི་བདག་པོ་དཔེར་ན་རྡོ་རྗེ་སེམས་དཔའ་ནི་གང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དགོངས་པ་དམ་པ་ཡིན་ན་དེའི་གཟུགས་བརྙན་ཞིག་བླུན་པོ་གང་ཞིག་གི་མདུན་དུ་བཞག་ན་བླུན་པོ་དེ་ཇི་སྙམ་དུ་སེམས། སྨྲས་པ། གསང་བ་པའི་བདག་པོ་དེ་ནི་འདི་ལྟར་འདི་ནི་རྡོ་རྗེ་སེམས་དཔའ་ཉིད་མ་ཡིན་ཏེ། དེའི་འདྲ་བ་འབའ་ཞིག་གོ་སྙམ་དུ་རྟོག་པའོ། །སྨྲས་པ་ལང་ཀའི་བདག་པོ་དེ་བས་ན་གང་དམ་པ་དག་གིས་བལྟས་ན་མི་དམིགས་པའི་དབྱིངས་ན་རྡོ་རྗེ་སེམས་དཔའ་དང་དེའི་གཟུགས་བརྙན་གཉིས་གཞན་དང་གཞན་ན་སོ་སོ་ན་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དེ་དེ་བཞིན་ཡིན་པའི་ཕྱིར་རོ། །དེ་སོ་སོ་བ་ཞིག་ཡིན་ན་ནི་དམིགས་པས་འབྲས་བུ་སྐྱེ་བར་མི་རིགས་སོ། །ལང་ཀའི་བདག་པོས་སྨྲས་པ། གསང་བ་པའི་བདག་པོ་དེ་དག་ལ་ཁྱད་པར་མ་མཆིས་སམ། སྨྲས་པ་ལང་ཀའི་བདག་པོ་མི་ཤེས་པའི་དབང་དུ་གཟུགས་བརྙན་དང་དེས་མཚོན་པའི་དོན་ཞེས་བརྗོད་ཅིང་སྣང་བར་ཟད་ཀྱི། དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་བརྩོན་པར་བྱས་ན་དེ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །སྨྲས་པ། གསང་བ་པའི་བདག་པོ་འོ་ན་ཆོས་རྣམས་བརྗོད་པ་དང་། མཚོན་པ་དང་ཐ་སྙད་ཀྱིས་ཅི་ཞིག་བགྱི། སྨྲས་པ། ལང་ཀའི་བདག་པོ་དེ་ནི་ཁོ་བོས་གང་གི་དོགས་པ་བསལ་ཟིན་ཏོ། སྨྲས་པ། གསང་བ་པའི་བདག་པོ་འོ་ན་གང་བློ་ཆེན་པོ་དག་བྱ་དཀའ་བ་ཆེན་པོས་འབད་ཅིང་ལེགས་པར་བསྒྲུན་ཏེ་ཅི་ཞིག་བྱ། སྨྲས་པ་ལང་ཀའི་བདག་པོ་དེ་དེ་ལྟ་མོད་ཀྱི་གང་མཚན་མ་ལ་ཞེན་པ་དག་ཁྲིད་པའི་ཕྱིར་དང་། གང་བློ་ཆེ་ཡང་ད་དུང་ཚེགས་ཆུང་ངུའི་ཐབས་རླབས་པོ་ཆེས་དོན་ཆེན་པོར་རེད་ཟིན་པའི་ཉམས་མ་རྙེད་པའི་ཕྱིར་རོ། །ལང་ཀའི་བདག་པོ་དེ་ཁོ་ན་ཉིད་ལས་ནི་རྒྱུན་དུ་ཆོ་འཕྲུལ་རྣམས་སྣང་བ་ཡིན་ཏེ། རིན་པོ་ཆེའམ་སྤྲིན་ལྟ་བུར་ཅི་ཡང་མེད་པ་ལས་ཅི་ཡང་སྣང་ཞིང་གང་ཆུང་ངུ་ལས་མང་པོར་མཆེད་པའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྣང་བ་འདི་ཅི་ཡང་མེད་པ་ལས་སྣང་ངོ་། །དེ་བས་ན་གསུང་གི་གཟུགས་བརྙན་འདི་དག་ཀྱང་ཅི་ཡང་མེད་པ་ཁོ་ན་ལས་སྣང་བའི་ཆོས་ཉིད་དུ་རིག་པར་བྱའོ། །ལང་ཀའི་བདག་པོ་གཟུགས་བརྙན་གྱི་སྤྲུལ་པ་ནི་ཐ་དད་དེ་གསུང་གི་གཟུགས་བརྙན་ནི་ཡི་གེར་སྣང་བ་ཡིན་ལ། ཡི་གེའི་སྤྲུལ་པ་ནི་འདི་ལྟ་སྟེ། མིང་དང་། བྱུང་ཚུལ་དང་། གཟུགས་དང་། རང་བཞིན་དང་། སྒྲ་དང་། ལས་དང་། སྒོ་དང་། རྣམ་གྲངས་དང་། ཡི་གེའི་གཞི་རྣམས་ཀྱི་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་མཐོང་ཞིང་ཤེས་པར་འགྱུར་རོ། །དེས་ཆོས་ཐམས་ཅད་ལ་མཁས་ཤིང་གྲོལ་བར་འགྱུར་རོ། །དེ་ལ་ལང་ཀའི་བདག་པོ་ཡི་གེ་དེའི་མིང་ནི་འདི་ལྟ་སྟེ། གང་ལ་ཡང་མེད་ལ་གང་མཚོན་པའི་བླ་དགས་ཏེ། གང་སྐྱེ་བ་མེད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨ་ཞེས་བླ་དགས་སུ་བཏགས་སོ། །བྱ་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཀ་ཞེས་ཚིག་བླ་དགས་སུ་བཏགས་སོ། །ཁྱབ་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཁ་ཞེས་ཚིག་བླ་དགས་སུ་བཏགས་སོ། །སྐྱེ་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ག་ཞེས་ཚིག་བླ་དགས་སུ་བཏགས་སོ། །གྲོལ་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་གྷ་ཞེས་ཚིག་བླ་དགས་སུ་བཏགས་སོ། །འཛིན་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ང་ཞེས་ཚིག་བླ་དགས་སུ་བཏགས་སོ། །སྤྱོད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཙ་ཞེས་ཚིག་བླ་དགས་སུ་བཏགས་སོ། །འདུ་འབྲལ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཚ་ཞེས་ཚིག་བླ་དགས་སུ་བཏགས་སོ། །མི་གནས་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཛ་ཞེས་ཚིག་བླ་དགས་སུ་བཏགས་སོ། །དྲི་མ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཛྷ་ཞེས་ཚིག་བླ་དགས་སུ་བཏགས་སོ། །ཤེས་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཉ་ཞེས། བླ་དགས་སུ་བཏགས་སོ། །དེ་ཉིད་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཏ་ཞེས། བླ་དགས་སུ་བཏགས་སོ། །བྱེད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཐ་ཞེས་བླ་དགས་སུ་བཏགས་སོ། །ཉེར་ཞི་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ད་ཞེས་བླ་དགས་སུ་བཏགས་སོ། །ཆོས་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་དྷ་ཞེས་བླ་དགས་སུ་བཏགས་སོ། །མིང་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ན་ཞེས་བླ་དགས་སུ་བཏགས་སོ། །ལམ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཊ་ཞེས་བླ་དགས་སུ་བཏགས་སོ། །གནས་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཋ་ཞེས་བླ་དགས་སུ་བཏགས་སོ། །ཀུན་ནས་འཁྲུལ་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཌ་ཞེས་བླ་དགས་སུ་བཏགས་སོ། །རང་བཞིན་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཌྷ་ཞེས་བླ་དགས་སུ་བཏགས་སོ། །ཡུལ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཎ་ཞེས་བླ་དགས་སུ་བཏགས་སོ། །དོན་དམ་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་པ་ཞེས་བླ་དགས་སུ་བཏགས་སོ། །འབྲས་བུ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཕ་ཞེས་བླ་དགས་སུ་བཏགས་སོ། །འཆིང་གྲོལ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་བ་ཞེས་བླ་དགས་སུ་བཏགས་སོ། །སྲིད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་བྷ་ཞེས་བླ་དགས་སུ་བཏགས་སོ། །དྲན་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་མ་ཞེས་བླ་དགས་སུ་བཏགས་སོ། །མི་འགྱུར་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཡ་ཞེས་བླ་དགས་སུ་བཏགས་སོ། །རྒྱུ་རྐྱེན་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཝ་ཞེས་བླ་དགས་སུ་བཏགས་སོ། །རྡུལ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ར་ཞེས་བླ་དགས་སུ་བཏགས་སོ། །བཅོམ་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ལ་ཞེས་བླ་དགས་སུ་བཏགས་སོ། །ཞི་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཤ་ཞེས་བླ་དགས་སུ་བཏགས་སོ། །ཤེས་པ་སྐྱེ་བར་བྱེད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཥ་ཞེས་བླ་དགས་སུ་བཏགས་སོ། །རྣམ་པ་ཐམས་ཅད་ཤེས་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ས་ཞེས་བླ་དགས་སུ་བཏགས་སོ། །རྒྱུ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཧ་ཞེས་བླ་དགས་སུ་བཏགས་སོ། །མཐར་ཟད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཀྵ་ཞེས་བླ་དགས་སུ་བཏགས་སོ། །བདག་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨ་ཞེས་བླ་དགས་སུ་བཏགས་སོ། །གཡེང་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨི་ཞེས་བླ་དགས་སུ་བཏགས་སོ། །རི་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨཱི་ཞེས་བླ་དགས་སུ་བཏགས་སོ། །ཞེན་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨུ་ཞེས་བླ་དགས་སུ་བཏགས་སོ། །མུན་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨཱུ་ཞེས་བླ་དགས་སུ་བཏགས་སོ། །གདུང་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨེ་ཞེས་བླ་དགས་སུ་བཏགས་སོ། །མནར་སེམས་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨཻ་ཞེས་བླ་དགས་སུ་བཏགས་སོ། །འཇིག་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨོ་ཞེས་བླ་དགས་སུ་བཏགས་སོ། །སྟོང་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨ་ཞེས་བླ་དགས་སུ་བཏགས་སོ། །ནུབ་པར་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨ་ཞེས་བླ་དགས་སུ་བཏགས་སོ། །སྐུ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨྃ་ཞེས་བླ་དགས་སུ་བཏགས་སོ། །ངག་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨཱཿ ཞེས་བླ་དགས་སུ་བཏགས་སོ། །ཐུགས་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཧཱུྃ་ཞེས་བླ་དགས་སུ་བཏགས་སོ། །ཡོན་ཏན་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་སྭཱ་ཞེས་བླ་དགས་སུ་བཏགས་སོ། །ཕྲིན་ལས་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཧཱ་ཞེས་བླ་དགས་སུ་བཏགས་སོ། །དགུག་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ལྕགས་ཀྱུ་ཞེས་བླ་དགས་སུ་བཏགས་སོ། །སྡུད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་འོད་དཔག་ཞེས་བླ་དགས་སུ་བཏགས་སོ། །འདྲེན་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་རེ་བ་ཞེས་བླ་དགས་སུ་བཏགས་སོ། །སྦྱོར་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཟླ་ཚེས་ཞེས་བླ་དགས་སུ་བཏགས་སོ། །མིང་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཐིག་ཅེས་བླ་དགས་སུ་བཏགས་སོ། །གཅོད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་དབྱུག་པ་ཞེས་བླ་དགས་སུ་བཏགས་སོ། །ལང་ཀའི་བདག་པོ་དེ་དག་ནི་ཡི་གེའི་མིང་དུ་རིག་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་ཡི་གེའི་བྱུང་ཚུལ་གང་ཞེ་ན། འདི་ལྟ་སྟེ། སྟོན་པ་གསང་བ་མཆོག་ཉིད་ཀྱིས། །འདུས་པ་དག་ལ་པོས་ཏེ་གསུངས། །གཞན་ཡང་འདུས་པའི་རྣལ་འབྱོར་རྣམས། །ཡི་གེའི་རྗེས་སུ་དོན་དཔགས་ན། །ཡི་གེའི་དོན་ནི་གསལ་བར་སྟོན། །ཅི་ཕྱིར་དོན་ཉིད་ཡི་གེར་སྣང་། །དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེ་ཡིད་བཞིན་སྤྲིན་ཚོགས་འཕྲོ། །ཨ་ནི་རང་བཞིན་ཡི་གེ་སྟེ། །རྟེན་དང་བྲལ་བས་རྒྱུ་རྐྱེན་མེད། །ཁོང་ནས་ཀུན་ཁྱབ་ནམ་མཁའ་འདྲ། །ཆོས་ཉིད་སྐྱེ་མེད་ཟབ་མོ་ཡིས། །ཆོས་ཀུན་ཁྱབ་གནས་ཟིན་པ་ལྟར། །ཁྱབ་གནས་ཨ་ཡི་རང་བཞིན་གྱིས། །ཡི་གེ་ཀུན་ཁྱབ་ཀུན་ཟིན་ཏེ། །མིང་དང་ཚིག་ཚོགས་སྣ་ཚོགས་བསྒྱུར། །སྐྱེས་བུ་ཐུགས་ཀྱི་དཔའ་བེའུ་ནས། །ཐམས་ཅད་འབྱུང་བ་ཀུན་གྱི་གཞི། །མགུར་གྱི་གསང་བའི་དབྱིངས་སུ་ཤར། །ཆོ་འཕྲུལ་ཡི་གེ་ལྔར་སྣང་བ། །མགུར་གྱི་སྒྲ་བྱུང་མགུར་ལས་གྲགས། །ཨ་ཀ་ཁ་ག་གྷ་ང་། །ཨ་ལས་ཡིག་འབྲུ་ཟེར་འཕྲོས་པས། །ལྗགས་ཀྱི་དབང་པོ་ཟླ་གམ་འཕྲོས། །ཆོ་འཕྲུལ་ཡི་གེ་ལྔར་སྣང་བ། །ལྗགས་ཀྱི་སྒྲ་བྱུང་ལྗགས་ལས་གྲགས། །ཙ་ཚ་ཛ་ཛྷ་ཉ། ཨ་ཡི་འོད་ཟེར་རྩེ་མོ་ལས། །ལྗགས་ཀྱི་ཟླ་གམ་རྩེ་མོ་འཕྲོས། །ཆོ་འཕྲུལ་ལྔ་གཉིས་ཡི་གེར་སྣང་། །རྩེ་མོར་སྒྲ་བྱུང་ཐོར་ཏོར་གྲགས། །ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། དེ་བཞིན་དེ་ལས་དེ་བྱུང་བ། །ཞལ་གྱི་སྒྲོས་ལས་འཁྱིལ་འབར་བས། །དེ་བཞིན་ཡིག་འབྲུ་ལྔར་སྣང་བ། །ཞལ་གྱི་སྒོར་བྱུང་ཞལ་ལས་གྲགས། །པ་ཕ་བ་བྷ་མ། ཡིག་འབྲུ་ཀུན་གྱི་མཆོག་དེ་ཉིད། །གསུང་གི་རྒྱུན་ལམ་དེར་བྱུང་བ། །ཡུལ་ལ་རིག་པའི་འབྲུར་ཤར་བ། །ཆོ་འཕྲུལ་ཡིག་གེ་སྣ་ཚོགས་སྣང་། །ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཱཻ་ཨོ་ཨཱ་ཨྃ་ཨ། རྀ་རཱྀ་ལྀ་ལཱྀ་ཨ་ཧོ། རང་འབྱུང་གནས་ཁྱབ་དབྱིངས་ལས་ནི། །སྨྲ་བའི་ཕྲེང་བའི་འོད་ཟེར་ཤར། །སྨྲ་བའི་ཡེ་ཤེས་ལས་བསྒྲུན་ན། །འདྲེན་པ་སྤྲུལ་པའི་ས་བོན་འབྱུང་། །དཔག་མེད་རྒྱལ་བའི་སྐུ་གསུང་ཐུགས། །ཡི་གེ་སྤྲུལ་པ་དེ་ཉིད་ཡིན། །མ་སྐྱེས་པ་ཡི་ཐུགས་ཉིད་དེ། །དང་པོ་མགུར་གྱི་གཟུགས་བརྙན་ཏེ། །གཉིས་པ་ལྗགས་ཀྱི་གཟུགས་བརྙན་ཡིན། །གསུམ་པ་རྩེ་མོ་ལས་བྱུང་བ། །བཞི་པ་འབྱུང་བའི་སྒྲོས་ལ་ཤར། །ལྔ་པ་གསུང་གི་རྒྱུན་ལམ་ཡིན། །ཐམས་ཅད་སྡུད་པའི་ཡི་གེ་ཡ། །སྲེག་པ་འབྱུང་བའི་ཡི་གེ་ར། །འཇོམས་པ་ཆེན་པོ་ཡི་གེ་ལ། །མུན་པ་སེལ་བའི་ཡི་གེ་ཝ། །མཚན་མ་དག་པའི་ཡི་གེ་ཤ །སྟོང་པ་ཆེན་པོའི་ཡི་གེ་ཥ། །ཆོ་འཕྲུལ་འབྱུང་བའི་ཡི་གེ་ཀྵ། །རྣམ་པ་ཀུན་གྱི་ཡི་གེ་ས། །འཁོར་བ་གནོན་པའི་ཡེ་གེ་ཧ། །འབྱུང་བ་ཀུན་གྱི་ཡི་གེ་ཨ། །བརྗོད་པ་ཀུན་གྱི་ཡི་གེ་ཨཱ། །ཚད་མེད་པ་དང་ལམ་རྣམས་ཀྱི། །ཡི་གེ་བཅུ་དྲུག་རྫོགས་པ་ཉིད། །སྐུ་དང་གསུང་ཐུགས་ཡོན་ཏན་གྱི། །ཚིག་འབྱུང་སྨྲ་བའི་ཡི་གེ་བཞི། །བདུན་དང་བཅུ་གཉིས་གསུང་གི་རྒྱུན། །འབྱུང་བ་ཉིད་དུ་མགོན་པོས་བཤད། །ལང་ཀའི་བདག་པོ་དེ་དག་ནི་ཡི་གེའི་བྱུང་ཚུལ་དུ་རིག་པར་བྱའོ། །ལང་ཀའི་བདག་པོ་འདི་ལ་ཡི་གེའི་གཟུགས་གང་ཞེ་ན། འདི་ལྟ་སྟེ། གང་ཁ་དོག་དང་དབྱིབས་འབའ་ཞིག་གོ། །ལང་ཀའི་བདག་པོ་དེ་ལ་ཁ་དོག་གང་ཞེ་ན། རང་བཞིན་དང་། རིགས་དང་། སྣ་ཚོགས་དང་། མ་ངེས་པའོ། །ལང་ཀའི་བདག་པོ་དབྱིབས་ནི་ཐ་དད་པ་སྟེ། འདི་ལྟར་ཨ་འབའ་ཞིག་ལ་ཡང་ཨ་སེང་གེ་གཡལ་བ་ལྟ་བུ་དང་། ཨ་སེང་གེ་བསྒྱིངས་བ་ལྟ་བུ་དང་། ཨ་སེང་གེ་སྒྲ་འབྱིན་པ་ལྟ་བུ་དང་། ཨ་བིན་དུ་ཕུན་སུམ་ཚོགས་པ་ལྟ་བུ་དང་། ཨ་ཨ་མོ་ཀ་རི་ཁ་འདྲ་བ་དང་། ཨ་འོད་དཔག་ཐིག་ལྟ་བུ་ལ་སོགས་པ་ཐ་དད་དོ། །དེ་བཞིན་དུ་ཀ་ལ་ཡང་ཀ་པི་ཝང་ལྟ་བུ་དང་། ཀ་ཏྲི་ཤཱུ་ལ་ལྟ་བུ་དང་། ཀ་སྤྱང་ཀི་ལྟ་བུ་དང་། ཀ་རུ་སྦལ་ལྟ་བུ་དང་། ཀ་བ་དན་རྩེ་གསུམ་པ་ལྟ་བུ་ལ་སོགས་པ་ཐ་དད་དོ། །གཞན་ཡང་ཁ་ནི་བོང་བུ་ལྟ་བུའོ། །ག་ནི་བསེ་ལྟ་བུའོ། །གྷ་ནི་བུམ་པ་ལྟ་བུའོ། །ང་ནི་ཀངྐ་ལྟ་བུའོ། །ཙ་ནི་ཙ་ཤའི་ཁ་ལྟ་བུའོ། །ཚ་ནི་གདུགས་ལྟ་བུའོ། །ཛ་ནི་དྲ་བ་ལྟ་བུའོ། །ཛྷ་ནི་དྲ་བ་ཆེན་པོ་ལྟ་བུའོ། །ཉ་ནི་བ་དན་གྱི་ཁ་ལྟ་བུའོ། །ཏ་ནི་འཛམ་བུ་དྭཱི་པ་ལྟ་བུའོ། །ཐ་ནི་ཐ་གུ་རའི་ཁ་ལྟ་བུའོ། །ད་ནི་མཁའ་འགྲོ་མའི་ཁ་ལྟ་བུའོ། །དྷ་ནི་ངང་པའི་ཁ་ལྟ་བུའོ། །ན་ནི་ཏོ་ལ་ཁ་ལྟ་བུའོ། །ཊ་ནི་དང་བ་ཟ་བ་ལྟ་བུའོ། །ཋ་ནི་ཕ་བོང་ལྟ་བུའོ། །ཌ་ནི་མཆེ་བ་ལྟ་བུའོ། །ཌྷ་ནི་གཞུ་ལྟ་བུའོ། །ཎ་ནི་མ་ཧེའི་ཁ་ལྟ་བུའོ། །པ་ནི་རི་རབ་ལྟ་བུའོ། །ཕ་ནི་ཁྱུང་ལྟ་བུའོ། །བ་ནི་འདམ་བྱ་ལྟ་བུའོ། །བྷ་ནི་ཁ་ལག་ཚེ་ལྟ་བུའོ། །མ་ནི་སྤྲེའུ་སློང་བ་ལྟ་བུའོ། །ཡ་ནི་ཟླ་བ་ཚེས་པ་ལྟ་བུའོ། །ཝ་ནི་རྐ་ཏི་ཀའི་ཁ་ལྟ་བུའོ། །ར་ནི་ཀུན་ཅི་ཏའི་ཁ་ལྟ་བུའོ། །ལ་ནི་བྱ་རོག་ཤ་ཐེན་ལྟ་བུའོ། །ཤ་ནི་རི་བོང་ལྟ་བུའོ། །ཥ་ནི་ཤན་ཏ་ཁ་ལྟ་བུའོ། །ས་ནི་བྲམ་ཟེ་སློང་བ་ལྟ་བུའོ། །ཧ་ནི་ཧ་ར་ཀ་ལྟ་བུའོ། །ཀྵ་ནི་སྲིན་པོའི་ཁ་ལྟ་བུའོ། །ཨ་ནི་ལྕགས་ཀྱུ་བསྣོལ་བས་རེ་བས་རྟེན་པ་ལྟ་བུའོ། །ཨུ་ནི་འོད་དཔག་བརྩེགས་པ་རེ་བས་དྲངས་པ་ལྟ་བུའོ། །ཨེ་ནི་རེ་པ་བརྩེགས་པ་འོད་དཔག་གིས་དྲངས་པ་ལྟ་བུའོ། །ཨོ་ནི་གཞུ་བདུངས་པ་ལྟ་བུའོ། །ཨོྂ་ནི་གདུགས་ཕུབ་པ་ལྟ་བུའོ། །ཨྃ་ནི་དྲང་སྲོང་ཚུལ་བརྟན་པ་ལྟ་བུའོ། །རི་ནི་ལྕགས་སྒྲོག་ཀྱོགས་དྲངས་པ་ལྟ་བུའོ། །ལི་ནི་བྱ་གག་ཀྱོགས་དྲངས་པ་ལ་སོགས་པ་སྟེ། ཡི་གེ་རེ་རེ་ལ་ཡང་དབྱིབས་ཐ་དད་ཡོད་དེ། དེ་ལྟར་ན་འདྲེས་པ་ནི་གུ་གུ་ལྕགས་ཀྱུ་ལྟ་བུའོ། །འོད་དཔག་ནི་ཞབས་ཀྱུད་དཀྲིས་པ་ལྟ་བུའོ། །རེ་པ་ནི་བསེའི་རྭ་བསྒྲེང་བ་ལྟ་བུའོ། །ཟླ་ཚེས་ནི་ན་རོའི་རྭ་ལྟ་བུའོ། །ཐིག་ལེ་ནི་ལི་ཚག་ཚིག་གི་མིག་ལྟ་བུའོ། །དབྱུག་པ་ནི་འཕང་མདུང་ལྟ་བུ་སྟེ། སོ་སོའི་དབྱིབས་ཐ་དད་པ་དེ་ལྟ་བུ་ཡོད་དོ། །ལང་ཀའི་བདག་པོ་དེ་དག་ནི་ཡི་གེའི་དབྱིབས་ཏེ་ཡི་གེའི་གཟུགས་སུ་ཤེས་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་ཡི་གེའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ་ཡི་གེའི་རང་བཞིན་གང་ཡིན་པ་དེ་ཡི་གེ་གཞན་གྱི་རང་བཞིན་དུ་མི་འགྱུར་ལ། ཡི་གེ་གང་གིས་ཡི་གེ་གང་དག་གི་རང་བཞིན་རྣམ་གྲངས་སུ་མཚོན་པར་མི་ནུས་སོ། །ལང་ཀའི་བདག་པོ་དེ་ལ་གང་གི་རང་བཞིན་གང་དུ་མི་འགྱུར་བ་ནི་འདི་ལྟ་སྟེ། ཨའི་རང་བཞིན་སྐྱེ་བ་མེད་པ་ཡིན་ལ། དེ་ནི་ཨ་འབའ་ཞིག་ལས་མ་གཏོགས་པ་ཡི་གེ་གཞན་གང་གིས་ཀྱང་སྐྱེ་བ་མེད་པའི་རང་བཞིན་ཤེས་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་ཀའི་རང་བཞིན་བྱེད་པ་ཡིན་ལ་བྱེད་པ་ནི་ཀ་འབའ་ཞིག་ལས་མ་གཏོགས་པ་ཡི་གེ་གཞན་གང་གིས་ཀྱང་བྱེད་པར་ཤེས་པར་འགྱུར་བ་མ་ཡིན་ནོ། །ལང་ཀའི་བདག་པོ་དེ་ལྟར་ན་མིང་དུ་བཏགས་པ་གང་ཞིག་ལ་དངོས་གཞི་གང་ཡིན་པ་དེ་མིང་གི་རྣམ་གྲངས་གཞན་བརྗོད་པས་ཀྱང་ཤེས་པར་རུང་བ་ནི་ཡོད་མོད་ཀྱིས། ཡི་གེ་ནི་ཤེས་པར་མི་རུང་བའི་ཕྱིར་ཡི་གེའི་རང་བཞིན་ནི་མི་འགྱུར་བ་ཁོ་ནར་ཤེས་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་ཡི་གེའི་སྒྲ་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱི་སྒྲ་དང་། བསྒྱུར་བའི་སྒྲ་དང་། སྦྱར་བའི་སྒྲ་དང་། དྲངས་པའི་སྒྲའོ། །དེ་ལ་རང་བཞིན་གྱི་སྒྲ་གང་ཞེ་ན། འདི་ལྟ་སྟེ། ཡི་གེ་གང་ལ་དབྱིབས་དང་། ཁ་དོག་དང་། སྐད་དང་། བརྡ་ཐ་དད་ཀྱང་ཨ་དང་ཀ་ལ་སོགས་པའི་མིང་དུ་བཏགས་པའི་སྒྲ་ཇི་ལྟ་བ་དེ་ཁོ་ན་ཉིད་ལྟར་གྲགས་པའོ། །བསྒྱུར་བའི་སྒྲ་གང་ཞེ་ན། འདི་ལྟ་སྟེ། ཡི་གེ་གང་དང་གང་དུ་བསྒྱུར་བའི་སྒྲ་དེས་དོན་དང་ཚིག་ཐ་དད་པར་འགྱུར་བའོ། །སྦྱར་བའི་སྒྲ་གང་ཞེ་ན། འདི་ལྟ་སྟེ། དབྱིབས་གང་དང་གང་ལ་ཡི་གེ་གང་དང་གང་གི་གཟུགས་སུ་སྦྱར་བས་དེ་དང་དེའི་དོན་འབྱུང་བ་གང་ཡིན་པའོ། །དྲངས་པའི་སྒྲ་གང་ཞེ་ན། འདི་ལྟ་སྟེ། ཡི་གེ་གང་དང་གང་ལས་ཚིག་གང་ལྟར་དྲངས་པའི་སྒྲ་དེ་དང་དེ་ལས་དོན་གང་འབྱུང་བ་གང་ཡིན་པའོ། །ལང་ཀའི་བདག་པོ་འདི་ལ་ཡི་གེའི་ལས་གང་ཞེ་ན། འདི་ལྟ་སྟེ། གང་དུ་སྤེལ་བ་དང་། གང་ཤེས་པར་བྱེད་པ་ཉིད་དོ། །གང་དུ་སྤེལ་བ་ནི་འདི་ལྟ་སྟེ། གང་མེད་པ་ལས་གཅིག་ཏུ་བྱུང་བ་དང་། གཅིག་ལས་གསུམ་དང་། ལྔ་དང་། བཞི་བཅུ་དང་། འབུམ་སྡེ་དང་། བྱེ་བ་དང་ས་ཡར་འཕེལ་བས་ཐམས་ཅད་ཤེས་པར་བྱེད་པའོ། །གང་ཤེས་པར་བྱེད་པ་ནི་འདི་ལྟ་སྟེ། མིང་བཀླག་པ་དང་། ཚིག་བཀླག་པ་དང་། གཟུགས་བཀླག་པ་དང་། དོན་བཀླག་པ་དང་། སྒྲ་བཀླག་པ་དང་། གཅིག་བཀླག་པ་དང་། མང་པོ་བཀླག་པ་དང་། གཅིག་མང་པོར་བཀླག་པ་དང་། མང་པོ་གཅིག་ཏུ་བཀླག་པ་དང་། གཅིག་དང་མང་པོ་ཐ་དད་པར་བཀླག་པའོ། །ཡང་ལང་ཀའི་བདག་པོ་འདི་ལ་ཡི་གེའི་སྒོ་གང་ཞེ་ན། འདི་ལྟ་སྟེ། ཡི་གེའི་སྒོ་དང་། ཚིག་གི་སྒོ་དང་། དོན་གྱི་སྒོ་དང་། དབྱངས་ཀྱི་སྒོ་དང་། གཟུངས་ཀྱི་སྒོ་རྣམས་སུ་རིག་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་ཡི་གེའི་སྒོ་གང་ཞེ་ན། གང་གིས་གང་ལ་བྲིས་པའོ། །ཚིག་གི་སྒོ་གང་ཞེ་ན། གང་ཡི་གེའོ། །དོན་གྱི་སྒོ་གང་ཞེ་ན། གང་ཚིག་གི་ཚོགས་སོ། །དབྱངས་ཀྱི་སྒོ་གང་ཞེ་ན། གང་ཡི་གེ་བཅུ་དྲུག་གོ། །ལང་ཀའི་བདག་པོ་ཡི་གེ་བཅུ་དྲུག་ཀྱང་གང་ཞེ་ན། འགྭར་དང་ཅྭང་འབའ་ཞིག་ཏུ་ཤེས་པར་བྱའོ། །དེ་ནི་རིང་པོ་དང་ཐུང་ངུ་ཉིད་དུ་རིག་པར་བྱའོ། །གང་ཐུང་ངུ་དང་རིང་པོ་དེ་གཉིས་ལས་དབྱངས་ཀྱི་ཡན་ལག་དྲུག་བྱུང་བར་རིག་པར་བྱའོ། །ཐུང་ངུ་ལས་གཉིས་དང་། རིང་པོ་ལས་གཉིས་དང་། གང་དེ་གཉིས་ལས་གཉིས་འབྱུང་བར་རིག་པར་བྱའོ། །ཐུང་ངུ་ལས་ཡན་ལག་གཉིས་འབྱུང་བ་ནི་འདི་ལྟ་སྟེ། ཤ་ཏ་བ་དང་གར་དྷ་བ་གཉིས་སོ། །རིང་པོ་ལས་ཡན་ལག་གཉིས་འབྱུང་བ་ནི་འདི་ལྟ་སྟེ། བྲེང་ངེ་བ་དང་ཐུང་ངེ་བ་གཉིས་སོ། །གང་དེ་གཉིས་ལས་ཡན་ལག་གཉིས་བྱུང་བ་ནི་འདི་ལྟ་སྟེ། ཅྭང་ཀ་དེའུ་དང་པྤང་ཀ་དེའུ་དང་གཉིས་སོ། །ལང་ཀའི་བདག་པོ་ཡན་ལག་འདི་དྲུག་ཀྱང་གང་འགྲོ་བ་དྲུག་གི་ཁམས་སུ་གསུང་བའི་སྒོ་དྲུག་ལས་དྲུག་དྲུག་ཏུ་བསྒྱུར་བ་བྱས་པ་ལས་དྲུག་དང་བཅུ་གསུམ་དུ་བསྒྱུར་བར་རིག་པར་བྱའོ། །དྲུག་ཅུར་བསྒྱུར་བས་ཡན་ལག་དྲུག་ཅུར་འབྱུང་བར་རིག་པར་བྱའོ། །དྲུག་དྲུག་བཅུར་བསྒྱུར་བ་བྱས་པས་ཡན་ལག་སུམ་བརྒྱ་དྲུག་ཅུར་འབྱུང་བར་རིག་པར་བྱའོ། །ལང་ཀའི་བདག་པོ་གཟུངས་ཀྱི་སྒོ་གང་ཞེ་ན། འདི་ལྟ་སྟེ། དོན་གྱི་གཟུངས་དང་། ཚིག་གི་གཟུངས་དང་། ཆོས་ཀྱི་གཟུངས་དང་། སྔགས་ཀྱི་གཟུངས་སུ་རིག་པར་བྱའོ། །ལང་ཀའི་བདག་པོ་དོན་གྱི་གཟུངས་གང་ཞེ་ན། ཡི་གེ་གང་སྣང་བའི་དོན་དེ་ཉིད་དེ་དང་མ་བྲལ་བར་བྱའོ། །ཚིག་གི་གཟུངས་གང་ཞེ་ན། ཡི་གེ་གང་ལས་ཚིག་གང་བྱུང་བའོ། །ཆོས་ཀྱི་གཟུངས་གང་ཞེ་ན། གང་ཡི་གེ་ནི་ཆོས་ཐམས་ཅད་དང་འབྲེལ་ཅིང་ཆོས་ཐམས་ཅད་མི་དམིགས་པའི་སྒོར་རིག་པར་བྱའོ། །སྔགས་ཀྱི་གཟུངས་གང་ཞེ་ན། ཡི་གེའི་སྒོ་ནས་ཚིག་བཙན་པར་རེད་པ་གང་ཡིན་པའོ། །ལང་ཀའི་བདག་པོ་དེ་དག་ནི་ཡི་གེའི་སྒོར་རིག་པར་བྱའོ། །ལང་ཀའི་བདག་པོ་འདི་ལ་ཡི་གེའི་རྣམ་གྲངས་གང་ཞེ་ན། རང་བཞིན་གྱི་ཡི་གེ་དང་། ཆོ་འཕྲུལ་གྱི་ཡི་གེའོ། །དེ་ལ་རང་བཞིན་གྱི་ཡི་གེ་གང་ཞེ་ན། གང་ཐམས་ཅད་ཀྱང་ཡི་གེ་འབའ་ཞིག་པའོ། །ཆོ་འཕྲུལ་གྱི་ཡི་གེ་གང་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་ཐུང་མོང་པའོ། །འཇིག་རྟེན་ལས་འདས་པའི་ཡི་གེ་གང་ཞེ་ན། ཨོྂ་དང་། ཧཱུྃ་དང་། མཱུྃ་དང་། སྭྃ་དང་། ཨྃ་དང་། ཧྃ་དང་། ཨ་རྣམས་སོ། །ལང་ཀའི་བདག་པོ་འདི་ལ་འཇིག་རྟེན་པའི་ཡི་གེ་གང་ཞེ་ན། འདི་ལྟ་སྟེ། རྩ་བ་དང་། ཟིན་པ་དང་། གྲགས་པའོ། །རྩ་བ་གང་ཞེ་ན། ས་བོན་དྲུག་གང་ཡིན་པའོ། །ཟིན་པ་གང་ཞེ་ན། གང་འགྲོ་བ་རྣམས་ཀྱི་སྒྲ་སྐད་ཀུན་ཡི་གེས་ཟིན་པ་ཁོ་ནའོ། །གྲགས་པ་གང་ཞེ་ན། ལྷའི་ཡི་གེ་དང་། ཀླུའི་ཡི་གེ་དང་། ལྷ་མ་ཡིན་གྱི་ཡི་གེ་དང་། མིའི་ཡི་གེ་དང་། གནོད་སྦྱིན་གྱི་ཡི་གེ་ལ་སོགས་པ་འཇིག་རྟེན་ཐ་དད་ཀྱི་ཡི་གེར་གྲགས་པ་གང་ཡིན་པའོ། །ཐུན་མོང་གི་ཡི་གེ་གང་ཞེ་ན། ཨ་དང་ཀ་ལ་སོགས་པའོ། །ལང་ཀའི་བདག་པོ་འདི་ལ་ཡི་གེའི་གཞི་གང་ཞེ་ན། ཨ་དང་། ཨོྂ་དང་། ཧཱུྃ་དང་། མཱུྃ་ཞེས་ཐམས་ཅད་འབྱུང་བའི་གཞིར་གྱུར་པའོ། །གསང་བའི་བདག་པོས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཅན་གྱི་སེམས་དཔའ་རྣམས་ཐམས་ཅད་གསུང་གི་མི་ཟད་པ་རྒྱན་གྱི་འཁོར་ལོར་རིག་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་བཞི་པའོ།། །།


previousགསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་བཞི་པ།next