Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཚིག་གསང་བའི་མཆོག་གི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་དྲུག་པ།
   
   
   
   
   
   
   
   


 
previousདམ་ཚིག་གསང་བའི་མཆོག་གི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་དྲུག་པ།next

དམ་ཚིག་གསང་བའི་མཆོག་གི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་དྲུག་པ།

བམ་པོ་བཅུ་པ་སྟེ་ཐ་མར་ཟུག་པ། དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས་གསང་བ་པའི་བདག་པོ་ལ་གསོལ་བ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱི་རྒྱ་ཆེར་བགྲོས་པའི་གསང་བ་དམ་པ་འདི་ཇི་སྐད་དུ་བརྗོད་པར་བགྱི། མདོ་ནི་གང་དུ་འདུས་པ་ལགས། དེ་སྐད་ཅེས་གསོལ་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་ཁོ་བོས་ཇི་ལྟ་བ་བཞིན་བགྲོས་པའི་གསང་བ་དམ་པ་འདི་ནི་བརྗོད་པའི་རྣམ་གྲངས་བརྒྱད་དུ་བརྗོད་པར་བྱའོ། །མདོ་ནི་བཅུར་འདུས་པར་ཤེས་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་རྣམ་གྲངས་བརྒྱད་གང་ཞེ་ན། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ཞེས་ཀྱང་བྱའོ། །སྙིང་པོ་ཞེས་ཀྱང་བྱའོ། །རྡོ་རྗེ་དགོད་པའི་རྒྱུད་ཅེས་ཀྱང་བྱའོ། །རྣལ་འབྱོར་རྫོགས་པའི་ལུང་ཞེས་ཀྱང་བྱའོ། །ཀུན་འདུས་རིག་པའི་མདོ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་ཀྱང་བྱའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་བ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོ་བྱུང་ཚུལ་བསྟན་པའི་མདོ་ཞེས་ཀྱང་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ་གང་ལ་དགོངས་པ་དེ་ཉིད་ལས་མི་འདའ་བ་དང་། གང་གི་སྤྱོད་ཡུལ་མ་ཡིན་ཞིང་། མེད་པ་ལས་ཐམས་ཅད་འབྱུང་བ་དང་། གང་གི་ཡེ་ཤེས་ཡོངས་སུ་བཀོད་པ་དང་། འདི་ལྟར་གང་ངེས་པ་རྣལ་འབྱོར་དུ་ལུང་སྟོན་པ་དང་། འདིར་ཀུན་ནས་རྔུབ་པ་དང་། དམ་པ་རྣམས་ཀྱིས་མངོན་པར་ཆུད་པ་དང་། གང་ལ་མ་འདྲེས་པར་བཀོད་པ་དང་། གནས་སྐབས་བཅུ་གཉིས་སུ་ངེས་པར་བྱུང་ཞིང་འབྱུང་བའི་ཕྱིར་རོ། །ལང་ཀའི་བདག་པོ་མདོ་བཅུར་འདུས་པ་གང་ཞེ་ན། གང་མཐའ་བཅུ་ཁོ་ནར་འདུས་པ་སྟེ། དེ་ཡང་འདི་ལྟར་གཞི་གཟུང་བར་བྱའོ། །རྒྱུད་དགྲོལ་བར་བྱའོ། །སྒོ་དབྱེ་བར་བྱའོ། །མཐར་ཕྱིན་པར་བྱའོ། །ཐམས་ཅད་འདུ་བར་བྱའོ། །ལ་དོར་བར་བྱའོ། །ས་གཅད་པར་བྱའོ། །ཉམས་རྙེད་པར་བྱའོ། །ཚེགས་ཆུང་བར་བྱའོ། །མདོ་གཅིག་ཏུ་བྱའོ། །ལང་ཀའི་བདག་པོ་དེ་ལ་ཆོས་ཐམས་ཅད་ཀྱི་གཞི་ནི་དམ་ཚིག་ཡིན་པར་ཤེས་པར་བྱའོ། །དམ་ཚིག་གནས་ནི་འདི་ལྟ་སྟེ། །བསྲུང་བྱ་བསྲུང་དུ་མེད་པ་ནི། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཀུན་ཀྱང་དམ་པ་ཉིད་ཡིན་པས། །གང་ལའང་འགལ་བར་མི་བྱའོ། །སུ་ལ་དམ་པ་འདི་གནས་པ། །རིག་འཛིན་དམ་པའི་ས་པ་ཡིན། །བསྲུང་བར་བྱ་བའི་ཡུལ་རྣམས་ལ། །སྒྱུ་གསོག་གཡོ་མེད་དམ་པ་ཉིད། །ཟབ་སངས་རྒྱ་ཆེ་དམ་པ་འདིར། །འདི་སྐད་གྲུགས་པའི་ཚུལ་ཁྲིམས་དང་། །རྟོག་པའི་བྱ་བ་ཇི་སྙེད་པར། །ཀུན་འདིར་དམ་བསྲུངས་རྣམ་པར་དག །དམ་ཚིག་འདི་ནི་རྨད་པོ་ཆེ། །ཀུན་གྱི་ཐུན་མོང་མ་ཡིན་ཕྱིར། །མོས་པ་ཆུང་ངུ་ཐམས་ཅད་ལ། །བསྲུང་བའི་མཚམས་དག་གཟུང་བར་བྱའོ། །ཐེག་ཆེན་ཡོངས་སུ་གསང་བ་དག །སྣོད་མ་ཡིན་པར་གྱུར་པ་ལ། །ཕྱི་དང་ནང་དང་གསང་བ་ཡི། །སྦ་བའི་ཐབས་སུ་བསྲུང་བར་བྱ། །བསྟན་པའི་གནས་མིན་སྣོད་གང་དག །རྣམ་པ་བཞིས་བསྡུས་བྱེ་བྲག་རྣམས། །མ་འོངས་རབ་འབྱོར་དམ་པ་ཡིས། །བརྟགས་ནས་གསང་བར་བྱ་ཕྱིར་བཤད། །གསང་ཆེན་ཡིད་བཞིན་ནོར་བུ་འདི། །སྐྱོན་ཡོད་ཉེས་པ་མ་ཡིན་ཏེ། །བློ་ཆུང་རྣམས་ལ་ཕན་དོན་དུ། །ཐུགས་རྗེ་ཐབས་ཀྱིས་ཤིན་ཏུ་གསང་། །འཇིག་རྟེན་པ་དང་ཐེག་དམན་དང་། །ལོག་སྲེད་ལོག་ལ་ཕྱོགས་ལ་ཞེན། །དད་མེད་བློ་ཞན་གཡེང་རྨུགས་ཤིང་། །གང་ལ་མི་བརྩོན་མུན་པར་མཚུངས། །འདི་ལོག་དམ་ཉམས་འདི་ལས་ལོག །བྱང་ཆུབ་ཐག་པ་གཏིང་ནས་ཆད། །སེམས་ཀྱི་མྱུ་གུ་རྩ་ཚིག་པ། །ངན་འགྲོའི་འདམ་དུ་ཁ་སྦུབ་ཡིན། །གསང་བའི་དོན་རྣམས་སྒྲར་སྨྲ་ཡང་། །གབ་པའི་གསང་བ་འདི་མི་ཤེས། །གཡོན་ཅན་ཤེས་རློམ་གྲོགས་རྣམས་ལ། །གསང་བར་འོས་པ་ལྷག་པར་སྨྲ། །ཡན་ལག་རྣམ་བཞི་དེ་ཉིད་ལ། །སྒྲ་ཐོས་དོན་མེད་ཉམས་མི་ལེན། །གང་གིས་གང་གཏད་མི་ཐུབ་པ། །བཅུད་མེད་འཁོར་བར་ཟག་པ་ཡིན། །ལྟ་དང་དམ་ཚིག་སྤྱོད་པ་ཡི། །དམ་པའི་མཛོད་གསུམ་སྒྲར་སྨྲ་ཡང་། །ཞེན་པའི་མཐའ་མེད་གནས་མ་གྱུར། །གཡོ་སྒྱུ་ཕྲག་དོག་སེར་སྣས་གདུངས། །བྱ་མེད་ཆོས་ལ་ངེས་འཛིན་ཅིང་། །དེ་ལ་དེ་ཉིད་དེ་མེད་པར། །རྣལ་འབྱོར་ཅན་ལ་དམན་ཟེར་བ། །དམ་པ་ཕམ་འགྱུར་འཁོར་བར་འབོ། །ཚུལ་རྟོག་ཚོད་ལེན་ཁྱད་ཚིག་འདྲེན། །ཁ་གསག་ལྕེ་གཉིས་སྒྱུར་བྱེད་ཅིང་། །གང་ལ་དམོད་རྨོངས་དམ་ཅན་ཏེ། །ཚེ་གཅིག་དྲེགས་པའི་ཆེད་ཕྱིར་རུང་། །རྐུ་གཡོ་སྒྱུ་ལྡན་སླུ་འདྲིད་པ། །ཟང་ཟིང་ཕྱིར་འབྲེང་ཚིག་ལ་དགའ། །རློམ་སེམས་བརྗོད་འདོད་ཚུལ་འཆོས་བ། །ལོག་སྨྲ་དུག་ཅན་ཐ་མར་ལྟུང་། །འདི་ལྟར་ཕམ་འགྱུར་སྣོད་ངན་ལ། །གསང་ཆེན་གསང་བ་དེ་ཁོ་ན། །ཟབ་ཅིང་གཏིང་དཔག་དཀའ་བས་ན། །བསྟན་ཀྱང་ཕམ་ལྟུང་གནས་སུ་འགྱུར། །དེ་བས་བསྟན་པར་བྱ་བ་མིན། །གལ་ཏེ་བསྟན་པར་གྱུར་ན་ནི། །སྟོན་སྨྲ་ཉན་བྱེད་དེ་དག་གང་། །མཐོང་ཡུན་ཕུང་བྱ་གཉིས་སྲེག་འགྱུར། །རྣལ་འབྱོར་མཁས་གསལ་དོན་ལྡན་ལ། །རྣལ་འབྱོར་མི་ཤེས་གང་དག་གིས། །དྲེགས་པའི་དབང་གིས་ཕྲག་དོག་གིས། །བསམ་པའི་རྣམ་གྲངས་ཅི་བསྐྱེད་པ། །དེ་སྙེད་བསྐལ་པའི་གྲངས་མཉམ་པར། །འབྲས་བུ་མི་བཟད་མྱོང་བར་འགྱུར། །གལ་ཏེ་བདེ་བར་རྗེས་ལེན་པ། །དེ་སྙེད་བསྐལ་པར་གཟོད་འཇུག་དགོས། །མཁས་གསལ་དོན་ལྡན་གྱིས་ཀྱང་ནི། །གོང་མ་བཞིན་དུ་ངེས་བསམས་ན། །དེ་ཡང་གནས་ངན་ལེན་པ་སྟེ། །མཁས་པས་དེ་ལ་སྐྱོབ་མི་ནུས། །རྣལ་འབྱོར་ཚུལ་བྱུང་དམ་པ་ལ། །མཚོན་ཆའི་ཚིག་གིས་དེ་དཀྲུགས་ཤིང་། །སྒྲོ་སྐུར་གླུ་གླེང་ངན་བརྗོད་ན། །དམྱལ་བའི་རྡོ་རྗེར་དེ་ལྟུང་འགྱུར། །ཞར་ལས་བྱུང་བའི་རྣམ་སྨིན་ཡང་། །ཇི་ལྟ་བ་ཉིད་དེ་ལྟར་འགྱུར། །སྐལ་བ་དམན་པའི་རྣལ་འབྱོར་པ། །རྩ་ཉམས་སྐྱོན་ཅན་རང་བཞིན་ནི། །ངན་རྒྱུ་ཁྲོ་གཏུམ་ལྡན་པ་དང་། །མི་བཟད་ཕྲ་མེན་ལས་སྤྱོད་བྱེད། །གང་དག་མི་ཤེས་ངང་ཚུལ་ཅན། །བྱིས་པའི་རང་བཞིན་བློ་ཞན་པས། །ཤིན་ཏུ་དམན་པའི་ལྟ་བ་ཡིས། །ཚུལ་འཆོས་པ་ལ་ལྟོས་པར་བྱེད། །གང་དག་དམ་པའི་དམ་པར་ལྡན། །བྱམས་ཚུལ་རྟག་ཏུ་བཟོད་གནས་པ། །ཚུལ་ཤིས་དོན་རྣམས་དེ་བཞིན་སློང་། །དེ་ལ་གང་དག་འདུན་པ་མེད། །དམ་ཚིག་སྤྲེའུ་ལྟར་སྤྱོད་བཞིན་དུ། །བྱང་ཆུབ་སྙིང་པོ་ཐོབ་པ་ཡི། །སངས་རྒྱས་ནམ་ཡང་མི་འབྱུང་ངོ་། །འབྱུང་བར་ཡང་དག་ངས་མ་མཐོང་། །རྒྱལ་བའི་སྲས་གྱུར་རྣལ་འབྱོར་པ། །ལམ་སྟོན་སྐྱོན་སེལ་མཁས་པ་ལ། །གང་དག་ཁ་ཅིག་དྲེགས་དབང་གིས། །དེ་སྤོང་ཐབས་ཀྱིས་དེ་དམར་བྱེད། །དེ་ནི་འཁོར་བའི་གཏིང་རྡོ་སྟེ། །ནམས་ཀྱང་ཐར་པའི་ཁར་མི་འབྱུང་། །མི་ཤེས་རྨོངས་པའི་རྣལ་འབྱོར་པ། །ཡང་དག་དམ་པར་ངེས་འགྲོ་བའི། །རྗེས་སུ་འགྲོ་བར་མི་བྱེད་ཅིང་། །ཟང་ཟིང་འདོད་པར་གང་ལྟ་བའི། །རྗེས་སུ་འགྲོ་ཞིང་དེར་འདུན་བྱེད། །དེ་ནི་ལོག་པའི་ལམ་པ་ཡིན། །རྣལ་འབྱོར་ལྟ་དང་བྱང་ཆུབ་ཁེ། །འབན་ཐག་ཆད་པར་བློ་མི་འབྱུང་། །ཟང་ཟིང་འདོད་དང་གཡོ་སྤྲུལ་ཁེ། །ཆུང་ངུའང་ཅི་སྒྲུབ་སྲོག་དང་སྡོ། །རྣལ་འབྱོར་དམ་པའི་རང་བཞིན་ཅན། །བུམ་སྣོད་ནང་གི་སྒྲོན་མ་ལྟར། །རིག་པ་མཛོད་ཀྱི་དོན་ལྡན་ཡང་། །སྲོག་ཆགས་རྐུན་པོའི་སྡེར་མོ་ལྟར། །ཁོང་ནས་གང་སྦས་དོན་སྟོན་ལ། །གང་འདིར་བླུན་པོས་ཅིར་མི་མཐོང་། །དཔེར་ན་འདི་འདྲ་ཚུལ་གཅིག་སྟེ། །གང་གི་ལུས་ལ་གཏེར་འཆང་མི། །བླུན་པོར་གྱུར་པའི་མི་དག་གཉིས། །གནས་གཅིག་གཉིས་མཚུངས་ཁྱད་མེད་འདྲ། །གསང་འདི་སྔགས་པ་རྗོད་བྱེད་ཅིང་། །གསང་བ་དོན་དུ་གཉེར་བ་མེད། །ཏིང་འཛིན་བསྔགས་པ་རྗོད་བྱེད་ཅིང་། །ཏིང་འཛིན་དོན་དུ་གཉེར་བ་མེད། །ཡང་དག་བསྔགས་པ་རྗོད་བྱེད་ཅིང་། །ཡང་དག་དོན་དུ་གཉེར་བ་མེད། །དམ་ཚིག་བསྔགས་པ་རྗོད་བྱེད་ཅིང་། །དམ་ཚིག་དོན་དུ་གཉེར་བ་མེད། །ཇི་ལྟར་འགྲོ་གང་ལ་ལ་དག །ནོར་བུ་རིན་ཆེན་འདི་འདྲ་སྟེ། །འདོད་པའི་ཡོན་ཏན་ཀུན་འབྱུང་ཞེས། །དེ་ཡི་ཡོན་ཏན་རྒྱ་ཆེར་བརྗོད། །དེ་ལ་འགྲོ་གང་གཞན་དག་གིས། །དེ་ལྟར་འདོད་པ་འབྱུང་འགྱུར་བ། །དེ་དག་ཅུང་ཟད་ཡོད་དམ་ཞེས། །དྲིས་ཀྱང་མེད་པས་སླར་སྨྲས་པ། །གང་ཞིག་དགོས་པ་སྐོང་བ་ཡི། །ཡོན་ཏན་ཆུང་ཟད་སྨོས་པར་ཟད། །དེ་ཉིད་བདག་ལ་མེད་ཅེས་སྨྲ། །དེ་བཞིན་རྣལ་འབྱོར་མི་བརྩོན་པས། །བསླབ་པར་བྱ་བའི་ཆོས་བྲལ་བས། །དམ་པའི་བསྔགས་པ་རྗོད་བྱེད་ཀྱང་། །དེ་དག་ལ་ནི་དམ་པ་མེད། །དེ་ལ་སོགས་པའི་ལོངས་སྤྱོད་རྣམས། །དམ་པ་ཉིད་དང་ཕྲད་པར་དཀའ། །རྣལ་འབྱོར་ཆོས་འཛིན་གང་དག་གིས། །རྣལ་འབྱོར་ཉམས་འགྱུར་ལོག་སྲེད་ཅན། །གསང་བ་འཇིགས་པའི་སྒྲར་བལྟས་ནས། །དེ་དག་སྡིག་པ་མཐོང་བ་ལྟར། །འཆད་ཅིང་ས་བཅིང་གང་བྱེད་པ། །སྐྱེས་བུ་དེ་ནི་དམ་པའི་སྲས། །དཔེར་ན་གང་དེ་གང་དག་གིས། །གང་གི་རྒྱལ་ཁྲིམས་འདས་འགྱུར་ན། །རང་དགའ་མི་གཏོང་ལུགས་དང་སྦྱོར། །བཀའ་ཡི་ཡོ་སྲོངས་དཀའ་བ་དེ། །རྒྱལ་པོའི་ཐུགས་མཉེས་དམ་པ་ཞེས། །ཀུན་ལ་སྣང་བ་གྲགས་པར་འགྱུར། །ལྡུམ་རར་དུག་གི་སྡོང་སྐྱེས་ན། །ལྡུམ་པས་དུག་དེ་ཤེས་མ་ཐག །རྩད་ནས་ཕྱུང་སྟེ་མེད་པར་བྱེད། །ཅི་ཕྱིར་ལྡུམ་ཟས་དེ་དག་ལ། །དུག་འཕེལ་གྱུར་ན་འཆི་ཕྱིར་རོ། །གང་དག་ཉམས་འགྱུར་དུག་ཅན་དེ། །བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་པས། །གནས་སམ་ལོ་ཡིས་ཤུགས་ཏེ་སྤང་། །གང་དག་མི་སྤོང་མགོན་བྱེད་པ། །དེ་དག་གསང་བའི་དམ་སྲི་ཡིན། །དོན་ལ་རྣལ་འབྱོར་གང་ཞིག་གིས། །ཐ་ཚིག་ཟབ་མོར་བཅས་རྣམས་ལ། །བསྲུང་བའི་བསམ་པ་མི་གཡོ་བཞིན། །རྩ་བ་ཡན་ལག་བཅས་རྣམས་ལ། །གལ་ཏེ་མ་ཚོར་ཞིག་འགྱུར་ཡང་། །རྣམ་སྨིན་ཡོད་ཀྱང་རྩ་མི་ཉམས། །ཇི་ལྟར་གླང་པོ་ཨེ་ན་ཡ། །ཤི་ནས་རོར་ནི་གྱུར་མོད་ཀྱང་། །གི་ཝང་རྩིས་ནི་དོན་བྱེད་ལྟར། །རྣལ་འབྱོར་ཉམས་ཏེ་རོར་གྱུར་ཀྱང་། །གཞན་གྱི་དམ་པར་དེ་འགྱུར་ཞིང་། །དེ་ཡི་དོན་བྱེད་ནུས་པ་ཡིན། །དེ་ལྟ་མོད་ཀྱང་འདི་ཀུན་རྣམས། །རྨི་ལམ་དུ་ཡང་མཐོང་མི་བྱ། །ཅི་ཕྱིར་འོ་མ་ཉུང་ངུ་ཞིག །རུལ་བས་འོ་མ་ཀུན་རུལ་བཞིན། །རྣལ་འབྱོར་ཉམས་འགྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་འགྱུར། །འཁོར་བའི་གཡུལ་རྒྱལ་བྱེད་པ་ཡི། །ལོག་པའི་རྣལ་འབྱོར་ཐམས་ཅད་ཀུན། །དོན་དམ་ངེས་པའི་རྣལ་འབྱོར་པས། །ཐམས་ཅད་བསྒྲིམས་ཏེ་སྤང་བར་བྱ། །གལ་ཏེ་མ་སྤངས་ལོག་སྤྱོད་ན། །འཁོར་བའི་གཡུལ་ནི་རྒྱལ་འགྱུར་ཏེ། །བདེན་པའི་བྱིན་བརླབས་མཐུ་ཆུང་འགྱུར། །ཀུན་ཀྱང་དགེ་སྦྱང་དོན་ཆུང་ཞེས། །ཡང་དག་དོན་ལ་ཡིད་འབྱུང་ཞིང་། །ལོག་པའི་ཆོས་ལ་གཞོལ་བར་འགྱུར། །ཀུན་གྱིས་ལོག་པའི་ལས་སྤྱད་པས། །ཡིད་དུ་མི་འོང་སྣ་ཚོགས་འབྱུང་། །དེས་ན་སྒྲོ་སྐུར་གཉིས་བྱས་པས། །བཀའ་ཡི་ཆད་པ་གང་ཡིན་པ། །ཡེ་ཤེས་ཅན་ལྟ་རང་བཞིན་གྱིས། །ནམ་ཡང་གནོད་པ་ཡང་མི་མཛད། །དེ་ཡི་འཁོར་ན་གནས་པ་ཡི། །དེ་དག་མ་རུངས་མཐུ་ཆེན་རྣམས། །རྣལ་འབྱོར་ལོག་པར་སྤྱོད་རྣམས་ཀྱི། །སྐྱོན་མཐོང་ཙམ་ན་ཆད་པས་གཅོད། །ཐམས་ཅད་ངན་འགྲོར་སྤྱིའུ་ཚུགས་ལྟུང་། །སྒྲུབ་པའི་གནོད་མཆོག་གཅིག་ཡོད་དེ། །འདི་དང་མི་མཐུན་ཀུན་རྫོགས་པའི། །རྒྱུད་ལྔ་དོན་ལྡན་དང་ཚུལ་བཟང་། །ཅི་ལའང་ཆགས་མེད་སྟོང་ལྡན་སེམས། །ཤེས་རབ་རྣམ་གྲོལ་ལྡེ་མིག་གིས། །གཏི་མུག་ཐ་རམ་བློ་ཕྱེ་ནས། །ཆོས་ཀྱི་རྒྱལ་པོའི་མིག་ལྡན་པས། །མཐའ་དང་དཔུས་བྲལ་དམ་པའི་ཡུལ། །མ་ནོར་ལམ་དུ་འཇུག་ཤེས་པས། །སྡོང་ཆེན་སྡོང་པོར་རབ་ཏུ་དུལ། །ཐ་ཚིག་ལུང་ལས་འབྱུང་བ་བཞིན། །དྲང་སྲོང་དཀའ་ཐུབ་དམ་པ་དེ། །དམ་པའི་དམ་པ་ཉིད་ཡིན་པས། །དེ་ལ་གསང་སྒོ་དབྱེ་བར་བྱ། །ཇི་ལྟར་དཀའ་ཐུབ་ཐུབ་པ་ལྟར། །དེ་ལྟར་ཡིད་བཞིན་ནོར་བུ་སྟེ། །ཡིད་འོང་འདོད་དང་བདེ་བ་འབྱུང་། །རིག་འཛིན་རྒྱལ་བ་ཀུན་ཡུམ་མོ། །དེ་བཞིན་དཀའ་ཐུབ་དམ་པ་འདི། །གནས་པས་རྟེན་པའི་གཞི་ཡིན་ཏེ། །དཀའ་ཐུབ་ཀུན་གྱི་སྲོག་ཀྱང་ཡིན། །དམ་པ་ཀུན་གྱི་ནོར་མཆོག་གོ། །དམ་པ་འདི་ནི་འཇིགས་པའི་སྐྱབས། །དམ་པའི་བགྲོད་པའི་ལམ་མི་མཆོག །དམ་པ་ཆུ་བོ་སྒྲོལ་བའི་གྲུ། །དེ་བཞིན་དངོས་གྲུབ་དམ་པ་ཡིན། །དམ་ཚིག་གྲོགས་ཀྱི་མཆོག་ཡིན་ཏེ། །དམ་ཚིག་ལོང་བའི་དམིགས་བུ་ཡིན། །གཞན་སྡེ་འཇོམས་པའི་དམག་དཔུང་ཡིན། །འཁོར་བའི་གཡུལ་ལས་རྒྱལ་བར་བྱེད། །དེས་ན་དམ་པའི་གཏན་ཚིགས་ཡིན། །ཅི་ནས་གང་གི་སྒོ་གསུམ་པོ། །དག་པ་གསུམ་གྱི་མཐའ་བཟུང་ནས། །གང་འདིར་དབང་བཞི་སུན་མི་འབྱུང་། །སྒོ་གསུམ་མི་གནོད་དང་བཅས་གཟུང་། །ཡོངས་སུ་མ་ཉམས་མདོ་བཞིའོ། །མཐར་ཕྱིན་རྒྱ་རྟགས་རྣམ་བཞིར་བཅས། །མདོ་དྲན་པ་ལ་བགྲང་ཞིང་བསྔོ། །འདུལ་བའི་རྒྱུན་ལྡན་ཐ་ཚིག་ཅན། །མོས་པ་ཆུང་བའི་བུ་རྣམས་ཀྱིས། །ཕྲ་མོའི་ཕྲ་མོ་ཕྲ་ཡན་ཅད། །ནན་ཏན་གྱིས་ནི་བསྲུང་བར་བྱ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །གསུང་དང་སྤྱོད་དང་ཡིད་འོང་དང་། །མི་འདོར་ཤེས་བྱ་གྲུབ་པ་དང་། །མེད་དང་ཕྱལ་བ་གཅིག་པོ་དང་། །ལྷུན་གྱིས་གྲུབ་པ་རྣམ་པ་བཅུ། །ལྟ་བ་འདི་ལས་འབུམ་ཕྲག་འབྱུང་། །རྣལ་འབྱོར་རྣལ་འབྱོར་ཐམས་ཅད་ཀྱི། །སྤྱད་པར་བྱ་ཡི་ནོར་མཆོག་ཡིན། །རྣལ་འབྱོར་དམ་པའི་རིགས་རྒྱུད་ལས། །ངེས་པར་བརྟགས་ཏེ་སྤྱོད་པའི་བུ། །ཟབ་མོར་རྫོགས་མཆོག་བདེ་བ་ཡི། །བློ་ལ་ངེས་པའི་ལུང་འདི་བསྟན། །འདི་ཡི་སྔོན་འགྲོ་དམ་ཚིག་སྟེ། །ཟབ་མོ་ལ་སོགས་ཀུན་སྔོན་དུ། །རྡོ་རྗེ་ཐ་ཚིག་དྲག་པོ་ཡི། །གཅན་འཕྲང་ལས་རྣམས་བསྲུང་བའི་ཕྱིར། །སྤྱི་དང་ཁྱད་པར་དམ་ཚིག་རྣམས། །ངེས་པའི་དོན་གྱིས་བཙན་རེད་ན། །དེ་ནི་དབྱིག་གི་སྣོད་ཆེན་ཡིན། །དེ་ལྟར་དམ་པའི་སྡོམ་པ་ལ། །གནས་ནས་དུས་ཀྱི་སྐབས་དག་ཏུ། །བསྲུང་བྱ་ཐུབ་པར་བྱ་བ་ནི། །བརྟུལ་ཞུགས་སྤྱོད་པའི་དམ་ཚིག་དག །དམ་ཚིག་ཀུན་གྱི་ཐོག་མར་འགྲོ། །དོན་དུ་མི་འགྱུར་ཀུན་སྤངས་ནས། །ཀུན་དང་མཐུན་ཕྱིར་དེ་ལྟར་སྤྱད། །མི་ཤིགས་པ་ནི་སེང་གེ་སྟེ། །གཅན་གཟན་རྒྱལ་པོ་ཡིན་པས་སོ། །ཟ་མ་ཏོག་ནི་རྒྱལ་པོའི་མཛོད། །དུག་སྤྱོ་བ་ནི་དེར་མི་རིགས། །རིན་ཆེན་མྱུ་གུའི་ལྕུག་ཕྲན་དག །བྲེགས་ཏེ་འབྱུང་རྒྱུན་གཅད་མ་ཡིན། །གངས་ཀྱི་ཞུན་ཆུ་ཕལ་པ་ཡང་། །མཁས་པས་བཏུང་བར་མི་བྱའོ། །པདྨའི་ཟེ་འབྲུ་ཁ་མི་དབྱེ། །ཟླ་ཟེར་མ་ཡིན་དབྱེ་མི་བྱ། །མ་བརྟགས་བུག་རྡོལ་ཅན་སྣོད་དུ། །བདུད་རྩི་སྨན་བླུགས་ཟག་པར་འགྱུར། །དོན་མེད་བཅོས་མའི་ཚུལ་རྟགས་ཅན། །བསྲེལ་ཞིང་སྤྱད་པར་བྱ་བ་མིན། །ཤེལ་དཀར་རིན་ཆེན་སྒོ་ང་དག །འདམ་ཁུང་རྫབ་ཏུ་བསྣུབ་མི་བྱ། །སེང་གེ་དཀར་པོའི་འོ་མ་དག །གསེར་སྣོད་མ་ཡིན་བླུགས་མི་བྱ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡང་མ་ཡིན། །ཁྱུང་ཆེན་གཤོག་པ་མཁར་བརྐྱང་བ། །དེ་དག་གཅག་པར་བྱ་བ་མིན། །གནམ་ལྕགས་མེ་ཡི་དུར་མོ་དག །བརྡབ་པར་བྱ་བ་མ་ཡིན་ནོ། །སྟག་སེང་རོལ་བས་ལས་བྱས་པའི། །ལས་ཀྱི་རྗེས་ལ་བཟླས་མི་བྱ། །རྡོ་རྗེ་བྲག་ཆེན་གཏམས་པའི་གཞི། །གཞིག་པར་བྱ་བ་ག་ལ་ཡིན། །རྡོ་རྗེ་ར་བའི་རེ་ག་དེ། །བསྡམ་བྱ་དྲལ་བར་བྱ་བ་མིན། །བུད་ཤིང་སྲེག་པའི་སྒྲོན་མ་དེ། །འཐོར་རླུང་དྲག་པོས་བསྐྱོད་མི་བྱ། །རྡོ་རྗེ་ཚིག་གི་ཆུ་རྒྱུན་དག །འོལ་ཀར་གཅད་པར་བྱ་བ་མིན། །རྒྱལ་པོ་བཀའ་རྟགས་ཕྱག་རྒྱ་དག །རྣམ་ཞར་དབྱི་བར་མི་བྱའོ། །རྡོ་རྗེ་ཕ་ལམ་གཏམས་པའི་མཁར། །རྨང་ནས་བཟློག་པར་མི་བྱའོ། །གཙུག་གི་ཡིད་བཞིན་ནོར་བུ་དེ། །རྒྱལ་མཚན་རྩེ་ལས་དཔོག་མི་བྱ། །རྣལ་འབྱོར་ཐབས་ཀྱི་ཁྱད་པར་ཅན། །རྩལ་ཅན་རྣམས་ཀྱི་དམ་ཚིག་སྟེ། །སྐལ་ལྡན་དག་གི་ནོར་མཆོག་ཡིན། །རྒྱུན་དུ་སྦྱང་བའི་ནོར་མཆོག་ནི། །རྡོ་རྗེ་ལས་ཀྱི་བསམ་གཏན་དག །རྡོ་རྗེ་གོ་ཕུར་ཏྲོམ་ཆེན་གྱིས། །སྲོག་ལ་བར་ཆད་བྱེད་པའི་དགྲ། །ཉོན་མོངས་ཐིབས་པོ་དེ་གཞོམ་བྱ། །སྙོམ་ལས་ལེ་ལོའི་གཞིར་གྱུར་བ། །ཐུགས་ཐུབ་ར་ཅོད་ང་རྒྱལ་རི། །དྲེགས་བྱེད་དབང་པོ་ཉམས་པའི་བཅུད། །དཔའ་བྱེད་རྐྱེན་ཡང་བསྡམ་པར་བྱ། །ཐེག་ཆེན་གསང་སྔགས་མ་གཏོགས་པ། །མཚན་མ་གང་དག་བྱིས་པའི་ཚིག །ཟུར་ཡང་བརྗོད་པར་མི་བྱ་ཞིང་། །ཐམས་ཅད་དེ་ཉིད་ཁོ་ནར་བྱ། །ཇི་ལྟར་གསད་པའི་མི་གང་དག །གཤེད་མ་མིས་ནི་གསོད་པའི་ཚེ། །ཐར་པའི་ཐབས་ལ་བརྩོན་པ་ལྟར། །ལེ་ལོ་དགྲ་བཅོམ་བརྩོན་པར་འབད། །རྣལ་འབྱོར་སྒྲིབ་པའི་གགས་བསལ་བ། །དཀའ་ཐུབ་སྡོམ་པའི་མདུན་པ་ཅན། །འདོད་སྤྱོད་ཞེན་དང་མི་མཐུན་དང་། །གཅིག་ལ་གང་འདིར་མི་གཅིག་པ། །ཕྱི་ནང་ཅན་དང་གནོད་སྦྱོར་ཅན། །འདོད་མྱོས་བྱིང་རྨུགས་བརྐམ་པ་དག །དད་མེད་རྩ་ཉམས་འཕྱར་གཡེང་ཅན། །མཁས་པ་ཡོངས་ཀྱིས་སྤང་བར་བྱ། །དེ་ནི་རྣལ་འབྱོར་བགེགས་ཡིན་ཏེ། །རྣལ་འབྱོར་བར་དུ་གཅོད་པར་བྱེད། །རྣལ་འབྱོར་ངེས་པར་ཞུགས་པ་ལ། །རྒྱུན་གྱི་བར་དུ་གཅོད་པའི་བདུད། །རྣམ་རྟོག་འཕྲིག་པ་ཆེན་པོ་དང་། །གང་ལ་བཏང་སྙོམས་ལེ་ལོ་དང་། །ལོངས་སྤྱོད་འདུ་འཛི་གཡེང་བ་དང་། །ཚིག་རྩུབ་མཚོན་ཆ་རྣོན་པོ་དང་། །ཁྲོ་གཏུམ་ངང་ཐུང་ཤིན་ཏུ་འཁྲུག །རྣལ་འབྱོར་སྦྱོར་བའི་བདུད་ལྔ་ཡིན། །ཡང་དག་དོན་ལ་སྒྲིབ་པ་སྟེ། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞི་བ་ཆེན་པོའི་ངང་དུ་བཟློག །རྣལ་འབྱོར་ནོར་ལ་འཕྲོག་པའི་དགྲ། །ཐབས་ལ་མཁས་པས་དུལ་བར་བྱ། །གང་གི་རྣལ་འབྱོར་རང་བཞིན་བཅོས། །དྲང་སྲོང་ཉིད་ལས་ཉམས་འགྱུར་ཏེ། །ཁ་ན་མ་ཐོ་གྲགས་པ་ཡིས། །དེ་དག་བཅས་དགར་འགྱུར་བའི་དགྲ། །ལྟ་དམན་སྤྱོད་རྩིང་འཆོལ་བ་ཡིས། །ལུགས་པོར་འདི་ལས་ལོག་པར་སྤྱོད། །བཀའ་ལོག་ཕྲ་མེན་ལས་སྤྱོད་པས། །དོན་དུ་མི་འགྱུར་འཆལ་བའི་དགྲ། །འདའ་ཀ་རྡོ་རྗེ་དཀའ་ཐུབ་དམ། །ཀློང་དུ་མ་གྱུར་ཕྱལ་བས་འཆལ། །རྩ་བ་རུལ་བའི་ལྗོན་ཤིང་བཞིན། །འཆད་པས་དྲུག་པོར་འབྱུང་བའི་དགྲ། །རྣལ་མ་ཉིད་ལ་སྦྱོར་བ་དེ། །གང་ལ་ངེས་པའི་ཚིག་མེད་ན། །དོན་རྣམས་གྲུབ་པ་མ་ཡིན་ཏེ། །འབྲས་བུར་མི་འགྱུར་གོལ་བའི་དགྲ། །རྣལ་འབྱོར་རྣལ་འབྱོར་སྤྱོད་པ་ལ། །དམ་པའི་ནོར་མཆོག་འཕྲོག་པའི་དགྲ། །ཐབས་ལ་མཁས་པའི་བློ་གྲོས་ཀྱིས། །སྐྱོན་གྱི་དགྲ་བཞི་བཟློག་པར་བྱ། །སྲིད་གསུམ་སྣང་བའི་ཞིང་འདི་དག །རྣམ་དག་ཞིང་དུ་ངེས་པ་སྟེ། །ས་རྣམས་ཅིག་ཅར་སྦྱངས་པས་ན། །ཞིང་རྣམས་དམ་པའི་མཆོག་ཡིན་ནོ། །འདོད་སྤྱོད་མཆོད་པའི་ཚོགས་འདི་དག །ཡོ་བྱད་ཆེན་པོའི་མཆོག་ཡིན་ཏེ། །དགོངས་པ་དམ་པ་ཀུན་མཉེས་པའི། །རྨད་དུ་བྱུང་བའི་མཆོད་པའོ། །འཁོར་བ་དུར་ཁྲོད་གནས་འདི་དག །བདེ་བ་ཆེན་པོའི་གནས་ཡིན་ཏེ། །མ་ནོར་མ་བཅོས་ཆོས་ཀྱི་དབྱིངས། །རྩོལ་མེད་ལྷུན་གྱིས་གྲུབ་པའི་སའོ། །ཀུན་གྱི་རྩ་བ་དུག་ཆེན་ལྔ། །ཡེ་ཤེས་ཆེན་པོ་ལྔ་ཉིད་དེ། །ཀུན་ཤེས་རང་རིག་རང་བྱུང་བས། །རྣལ་འབྱོར་རང་རིག་མིག་ལྡན་པའོ། །ལང་ཀའི་བདག་པོ་འདི་དག་ནི། །དམ་ཚིག་གསང་བའི་མཆོག་ཡིན་ཏེ། །དམ་པས་གདམས་པའི་ཚིག་འདི་ལ། །གང་དག་ངེས་པའི་རྣལ་འབྱོར་ཡིན། །ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་པ་ལས། །དམ་པ་ཁོ་ན་འཇུག་པར་འོས། །འུན་པས་གང་གི་དེ་ཉིད་ཀྱང་། །འུན་ཅིང་དམ་པའི་ཡུལ་ལ་འཇུག །ལང་ཀའི་བདག་པོ་ཇི་ལྟར་ན། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཁོ་བོ་མཐོང་ཐོས་སྐབས་གཅིག་ན། །བདག་གི་བཤེས་གཉེན་དམ་པ་དེས། །འདུས་པ་ཕལ་པོ་ཆེ་དག་ལ། །ལམ་འདི་རྒྱ་ཆེར་བསྟན་པའི་ཚེ། །འཁོར་འདིར་འདུས་པར་གྱུར་པ་ཡི། །ལྷ་མོ་ཀླུ་མོ་རིགས་ངན་མོ། །བུ་མོ་དྲུག་གི་འཁོར་འདུས་པས། །འབྲས་དྲུག་སྨིན་པར་གྱུར་པ་ཡིས། །གང་དག་འཚོ་བའི་སྲོག་འཛིན་ལྟར། །ཆོས་རྣམས་ཀུན་གྱི་གཞིར་གྱུར་པས། །དམ་ཚིག་འདི་ལ་གནས་པ་ནི། །བླ་མེད་བྱང་ཆུབ་རྣམ་སྨིན་པས། །དགེ་བའི་སྲོག་འཛིན་དམ་པའོ། །གལ་ཏེ་ཉམས་པར་གྱུར་པ་ན། །ཆད་པའི་སྐྱེ་གནས་དམྱལ་ཆེན་བརྒྱད། །མི་བཟད་སྡུག་བསྔལ་དྲག་པོ་ཡིས། །འཁོར་ལོ་མཚོན་ཆ་བཞིན་དུ་འཁོར། །ལང་ཀའི་བདག་པོ་གང་འདི་ལས། །ཉམས་པར་གྱུར་པ་གང་ཞེ་ན། །ཀུན་དུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་བཟླས་ཉམས་ཞར་ཉམས་ལྔ། །རྟག་པར་རྒྱུན་གྱི་ཁོར་མོར་འབྱུང་། །གང་དེ་བཀང་བར་བྱ་བའི་ཐབས། །རྣམ་པ་ལྔར་ནི་བཤད་པར་བྱ། །ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ལས་ནི་རྣམ་ལྔས་སྐོང་འགྱུར་ཏེ། །དང་པོ་འབུམ་ཁྲི་གསུམ་པ་སྟེ། །རྩ་ཉམས་ཁྲི་ལྔ་སྟོང་གསུམ་མོ། །ཡན་ལག་ཉམས་པར་གྱུར་པ་ལ། །སྟོང་ལྔ་བརྒྱ་གསུམ་ཐོན་པར་བྱ། །བཟླས་ཉམས་བརྒྱ་ལྔ་བཅུ་གསུམ་མོ། །ཞར་གྱིས་ཉམས་པར་གྱུར་པ་ལ། །བཅོ་ལྔ་གཅིག་གསུམ་དག་གིས་སྐོངས། །རྫས་ནི་རིན་ཆེན་སྣ་ལྔ་ཡིས། །རིགས་ཀྱི་དམ་ཚིག་གང་ཉམས་ལས། །བླ་མ་རིགས་ལྔ་གང་དག་ལ། །ཐ་ཚིག་གང་རླག་ནོར་དེས་བསླུ། །འདུན་པ་དད་པ་དང་བ་ཡིས། །གདུང་བའི་ཤུགས་ཀྱི་ང་རོ་ཡིས། །རྟག་པར་རྨ་ག་ཆད་པ་ནི། །དམྱལ་ཆེན་གནས་ན་སྤྱོད་བཞིན་དུ། །གཉེན་པོ་མཆོག་ཏུ་དེ་འགྱུར་ཏེ། །དེ་ནི་སྐོང་བ་དམ་པའོ། །ཏིང་ངེ་འཛིན་གྱི་ཐབས་ཆེན་ཡང་། །འཇིག་རྟེན་སྲེག་ལ་མེ་དགོས་ཀྱང་། །བག་ཆགས་སྲེག་ལ་མེ་མི་དགོས། །རིག་པའི་ཡེ་ཤེས་མེ་བྱུང་བས། །སྒྲིབ་པའི་བུད་ཤིང་ཐམས་ཅད་བསྲེགས། །འཇིག་རྟེན་གཏོར་ལ་རླུང་དགོས་ཀྱང་། །མཚན་མ་འབུད་ལ་རླུང་མི་དགོས། །རིག་པའི་ཡེ་ཤེས་རླུང་བྱུང་བས། །མཚན་མའི་རྡུལ་ཀུན་རྣམ་པར་འཕྱག །ལུས་བཀྲུ་བ་ལ་ཆུ་དགོས་ཀྱང་། །སེམས་བཀྲུ་བ་ལ་ཆུ་མི་དགོས། །རིག་པའི་ཡེ་ཤེས་ཆུ་བྱུང་བས། །བག་ཆགས་ལྗན་ལྗིན་ཐམས་ཅད་དག །སྟོང་ཉིད་ཆུ་བོ་ཁྲུས་ཀྱི་རྫིང་། །དེ་བཞིན་ཉིད་ཀྱི་ནམ་མཁའ་ནས། །འབར་འཕྲོ་མེ་ཡི་བསྐལ་པར་ཚིག །དེ་ནི་སྐམས་པ་དམ་པའི་མཆོག །དེ་ཉིད་དེ་ཡི་ཐབས་མཆོག་ཀྱང་། །རྣལ་འབྱོར་དམ་པ་གང་ཞིག་དག །ཉམས་པའི་ཆད་པ་བྱུང་བ་ལ། །དེ་བཞིན་དེ་ཉིད་མ་གཡོས་ཀྱང་། །མགོན་སྐྱབས་དེ་ལས་གཞན་མེད་དེ། །ཉམས་དང་མ་ཉམས་ཐ་སྙད་མེད། །བཀང་ངམ་མི་བཀང་ཚིག་ལམ་བྲལ། །ལང་ཀའི་བདག་པོ་དེ་དག་ནི་གཞི་ཡོངས་སུ་གཟུང་བ་རྣམ་པར་བགྲོས་པར་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས་ལང་ཀའི་བདག་པོ་ལ་སོགས་པ་དམན་པ་རྣམས་དམ་པ་རྣམས་ཀྱི་ནོར་ལ་ཡོངས་སུ་སྤྱོད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་དམ་ཚིག་གསང་བའི་མཆོག་གི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་དྲུག་པའོ།། །།


previousདམ་ཚིག་གསང་བའི་མཆོག་གི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་དྲུག་པ།next