Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
གསང་སྔགས་རང་གི་ངོ་བོ་བསྟན་པའི་ལེའུ་སྟེ་བརྒྱད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་སྔགས་རང་གི་ངོ་བོ་བསྟན་པའི་ལེའུ་སྟེ་བརྒྱད་པ།next

གསང་སྔགས་རང་གི་ངོ་བོ་བསྟན་པའི་ལེའུ་སྟེ་བརྒྱད་པ།

དེ་ནས་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་རྡོ་རྗེ་སེམས་དཔའ་ཞེས་དངོས་གང་ལ་བགྱི། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་རྡོ་རྗེ་སེམས་དཔའ་ནི་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་ཇི་བཞིན་པའི་དེ་ཁོ་ན་ལ་བྱའོ། །ལང་ཀའི་བདག་པོས་དྲིས་པ། ཀྱེ་གསང་བ་པའི་བདག་པོ་སེམས་ཀྱི་དཀྱིལ་འཁོར་ཞེས་བགྱི་བ་ནི་གང་། དེ་བཞིན་དུ་འོད་གསལ་བ་ཞེས་བྱ་བ་དང་། གསང་སྔགས་ཀྱི་ངོ་བོ་ཞེས་བྱ་བ་དང་། ཇི་བཞིན་པའི་དེ་བཞིན་པ་དེ་ཁོ་ན་ཉིད་ཅེས་གང་ལ་བགྱི། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་སེམས་ཞེས་བྱ་བ་ནི་མ་བྱས་མ་བཅོས་སྣ་ཚོགས་སུ་འབྱུང་བའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཐིག་ལེ་གང་ཡིན་པ་ཉིད་དོ། །འོད་ཅེས་བྱ་བ་ནི་སྣང་བའོ། །གསལ་བ་ཞེས་བྱ་བ་ནི་གང་མི་ཤེས་པ་ལས་གཞན་གང་གིས་ཀྱང་མ་བསྒྲིབས་པའོ། །གསང་བ་ཞེས་བྱ་བ་ནི་སྨྲར་བྱེད་པ་སྤྱོད་ཡུལ་དུ་མ་གྱུར་པ་ལ་བྱའོ། །སྔགས་ཞེས་བྱ་བ་ནི་ཡོད་ཏན་གྱི་འབྱུང་གནས་སུ་བརྗོད་པ་ལ་བྱའོ། །ངོ་བོ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པ་མི་དམིགས་པ་ཀུན་འབྱུང་བའི་གཞི་ལ་བྱའོ། །ཇི་བཞིན་པ་ཞེས་བྱ་བ་ནི་མ་བཅོས་མ་བསླད་པ་ལ་བྱའོ། །དེ་བཞིན་པ་ཞེས་བྱ་བ་ནི་མ་བྱས་མ་བཏགས་པ་ལ་བྱའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མ་ནོར་མི་འགྱུར་བ་ལ་བྱའོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་བའི་བདག་པོ་མ་བྱས་མ་བཅོས་པ་ཞེས་བྱ་བ་ནི་གང་། སྣ་ཚོགས་འབྱུང་བ་ཞེས་བྱ་བ་ནི་ཇི་ལྟ་བུ་གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་བྱེད་པ་པོ་མེད་ལ་བྱ་བས་བཙལ་དུ་མེད་པའི་ཕྱིར་མ་བྱས་པའོ། །གཞི་ཇི་བཞིན་པའི་ཕྱིར་མ་བཅོས་པའོ། །གང་མེད་པ་ལས་རྒྱུན་དུ་འབྱུང་ཞིང་ཡུལ་ཐ་དད་ལ་འགྲོ་བ་ལེགས་པ་དང་། ཉེས་པ་དང་། གཉིས་ཀ་མ་ཡིན་པ་སྣ་ཚོགས་འབྱུང་བ་སྟེ་གང་དེ་ཉིད་ནི་ནམ་མཁའ་ལྟ་བུའོ། །དེ་རྒྱུ་ན་ནི་འབྱུང་བ་སྟེ། སྤྲིན་དང་ཁུག་རླངས་དང་འཇའ་རླན་ལ་སོགས་པ་ལྟ་བུའོ། །ཡང་དྲིས་པ་གསང་བ་པའི་བདག་པོ་དེ་ལ་ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བགྱི། སྨྲས་པ་ལང་ཀའི་བདག་པོ་དེ་ཁོ་ན་ཉིད་ཇི་བཞིན་པ་དེ་ནི་ཐམས་ཅད་ནས་ཐམས་ཅད་དུ་གཉེན་པོ་མེད་པ། འཕོ་འགྱུར་མེད་པ། སྐྱེ་འགག་མེད་པ། དེ་ཁོ་ན་ཉིད་སེམས་རང་རིག་པ། དགོངས་པ་ངེས་པར་འགྲེལ་པ་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་དངོས་པོ་མེད་པ་ཉིད་དུ་བཅོམ་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །ལང་ཀའི་བདག་པོ་དེ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ། །ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཅེས་ཀྱང་བྱའོ། །སེམས་ཀྱི་སྟོང་པ་ཉིད་ཅེས་ཀྱང་བྱའོ། །མཐའ་ལས་འདས་པ་ཞེས་ཀྱང་བྱའོ། །དབུ་མར་མི་དམིགས་པ་ཞེས་ཀྱང་བྱའོ། །སངས་རྒྱས་ཀུན་གྱི་དངོས་གཞི་ཞེས་ཀྱང་བྱའོ། །སྤྲུལ་པ་ཀུན་གྱི་འབྱུང་གནས་ཞེས་ཀྱང་བྱའོ། །སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ཞེས་ཀྱང་བྱའོ། །ཞིང་ཁམས་ཀུན་གྱི་སྒྲོན་མ་ཞེས་ཀྱང་བྱའོ། །ཐུགས་རྗེ་ཐབས་ཀྱི་འབྱུང་གནས་ཞེས་ཀྱང་བྱའོ། །ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བ་ཞེས་ཀྱང་བྱའོ། །ལང་ཀའི་བདག་པོ་དེ་དག་ཀྱང་གང་གི་དོན་དུ་དེ་ལྟར་བཏགས་ཀྱི་དེ་ཁོ་ན་ཉིད་ལ་ནི་མིང་དུ་བཏགས་པ་མེད་དེ། དེ་དག་ནི་བླ་དགས་ཉིད་དུ་རིག་པར་བྱའོ། །ལང་ཀའི་བདག་པོ་དེའི་ཕྱིར་ན་སངས་རྒྱས་ནི་བླ་དགས་སོ། །ཆོས་ཀྱང་བླ་དགས་སོ། །བྱང་ཆུབ་ཀྱང་བླ་དགས་སོ། །དེ་བཞིན་དུ་དབྱིངས་དང་ཡེ་ཤེས་དང་ཆོས་ཀྱི་སྐུ་དང་། སྐུ་ཐ་དད་པ་དང་། སེམས་ཅན་དང་། འཇིག་རྟེན་ལ་སོགས་པ་ཐམས་ཅད་དུ་བཏགས་ཤིང་ཆགས་པ་ཇི་སྙེད་པ་དག་བླ་དགས་འབའ་ཞིག་ཏུ་རིག་པར་བྱའོ། །ལང་ཀའི་བདག་པོ་བླ་དགས་གང་ཡིན་པ་ནི་གློ་བུར་དུ་བཏགས་པ་སྟེ་ཡེ་ནས་ལྡན་པ་ནི་མ་ཡིན་ནོ། །ལང་ཀའི་བདག་པོ་གལ་ཏེ་ཡེ་ནས་ལྡན་པ་ཞིག་ཡིན་ན་ནི། །གང་གློ་བུར་པ་ཐམས་ཅད་མི་འབྱུང་བར་འགྱུར་རོ། །ལང་ཀའི་བདག་པོ་གླུ་བུར་ནི་སྤྲིན་བཞིན་ཏེ་ཐེར་ཟུག་པ་མ་ཡིན། ཡེ་ནས་ལྡན་པ་མ་ཡིན། བརྟག་བཟོད་པ་མ་ཡིན་ནོ། །ལང་ཀའི་བདག་པོ་དེའི་ཕྱིར་མིང་དང་། བརྡ་དང་ཐ་སྙད་དང་མཚན་མ་དང་། བཏགས་པ་དང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་ནི་གློ་བུར་བ་སྟེ་འབྱུང་བ་དང་། སངས་པ་དང་། སྒྲིབ་པ་དང་། དང་བར་རིག་པར་བྱའོ། །ལང་ཀའི་བདག་པོ་གལ་ཏེ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པ་གློ་བུར་དུ་མ་བཏགས་ན་ནི་དེ་བཞིན་ཉིད་ཅེས་བྱ་བ་དེ་དེ་ལྟར་མི་རུང་བ་ཞིག་ན་ལང་ཀའི་བདག་པོ་དེ་བཞིན་ཉིད་དེ་ནི་གང་གི་དབང་དུ་མི་འགྱུར་བའི་བླ་དགས་སུ་རིག་པར་བྱའོ། །ལང་ཀའི་བདག་པོ་དེའི་ཕྱིར་ཆོས་ཐམས་ཅད་མིང་མེད། ཚིག་མེད། བརྗོད་དུ་མེད། ཚིག་གི་ལམ་ཆད་པའོ། །སྨྲས་པ། གསང་བ་པའི་བདག་པོ་གང་མིང་དུ་བཏགས་པའི་གཞི་ལ་གཞིའི་དོན་ཙམ་དུ་ཡང་མི་རྟོག་གམ། སྨྲས་པ། ལང་ཀའི་བདག་པོ་གཞིའི་དོན་ཙམ་དུ་ཡང་མི་རྟོག །རྣམ་པར་མི་རྟོག་གོ། །དེ་ཅིའི་ཕྱིར་ཞེ་ན། གཞིའི་དོན་ཙམ་ཞིག་ནི་འདི་ཞེས་སངས་རྒྱས་ཉིད་ཀྱིས་བཙལ་ཀྱང་མི་བརྙེས་སོ། །དེ་བས་ན་གློ་བུར་གྱི་རྟོག་པ་དང་། མི་རྟོག་པ་ལ་སངས་རྒྱས་དང་། སེམས་ཅན་ཞེས་བཏགས་པར་ཟད་ཀྱི་དེ་བཞིན་ཉིད་དེ་ལ་ནི་སངས་རྒྱས་སེམས་ཅན་དུ་ཅུང་ཟད་ཀྱང་མེད་དེ། འོན་ཀྱང་བྱིས་པ་རྣམས་ནི་གློ་བུར་དག་གི་སྤྲིན་གྱིས་བསྒྲིབས་པས་གློ་བུར་གྱི་ཆོས་དག་ཆེད་དུ་བྱེད་ཅིང་འཁོར་བ་དང་བྱང་ཆུབ་གཉིས་སུ་རྟོག་པར་བྱེད་དོ། །སེམས་ཅན་དང་སངས་རྒྱས་གཉིས་སུ་རྟོག་པར་བྱེད་དོ། །སྨྲས་པ། གསང་བ་པའི་བདག་པོ་འོ་ན་སེམས་ཅན་དང་སངས་རྒྱས་འདི་གཉིས་ཇི་ལྟར་ཤེས་པར་བྱ། སྨྲས་པ། ལང་ཀའི་བདག་པོ་སྟོང་པ་ཉིད་དུ་ཤེས་པར་བྱའོ། །སྨྲས་པ། གསང་བ་པའི་བདག་པོ་སྟོང་པ་ཉིད་ཅི་ལ་གནས། སྨྲས་པ། ལང་ཀའི་བདག་པོ་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ལ་གནས་སོ། །སྨྲས་པ། གསང་བ་པའི་བདག་པོ་ཆོས་ཐམས་ཅད་ཅི་ལ་གནས། སྨྲས་པ། ལང་ཀའི་བདག་པོ་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ནའི་ཕྱིར་ཅི་ལ་ཡང་མི་གནས་སོ། །སྨྲས་པ། གསང་བ་པའི་བདག་པོ་སྟོང་པ་ཉིད་ལ་གནས་པ་ཅི་ལ་གནས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་སྟོང་པ་ཉིད་ལ་གནས་པ་ནི་བྱམས་པ་ཆེན་པོ་ལ་གནས་པ་སྟེ་གང་སྟོང་པ་ཉིད་དེས་སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་སེམས་ཅན་ལ་སྟོང་པ་ཉིད་ལས་དོན་ཅི་ཡང་མེད་པའི་ཕྱིར་རོ། །སྨྲས་པ། གསང་བ་པའི་བདག་པོ་སངས་རྒྱས་དང་སེམས་ཅན་ཀུན་སྟོང་ན་གང་གི་ཐུགས་རྗེ་ཆེན་པོས་གང་ལ་ཇི་ལྟར་མཛད། ཐུགས་རྗེ་ཆེན་པོ་དེ་གང་གི་ཚིག་བླ་དགས་ལགས། སྨྲས་པ། ལང་ཀའི་བདག་པོ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་བཞིན་གྱིས་གནས་པས་ན་གཉིས་སུ་མ་མཐོང་བས་སྙིང་རྗེའི་ཡུལ་མེད་པ་ནི་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་ཏུ་ཡོ་བསྒྲལ་བའིི་ཕྱིར་སྙིང་རྗེ་ཆེན་པོ་ཡིན་ལ། བྱིས་པའི་སྙིང་རྗེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་སྲོག་བཏོན་པ་དང་གང་ཐར་བར་བཏོན་པ་དེ་ནི་སྙིང་རྗེ་ཆུང་ངུར་རིག་པར་བྱའོ། །ལང་ཀའི་བདག་པོ་དེ་བས་ན་སྙིང་རྗེ་ཆེན་པོ་ལ་རྒྱུན་དུ་གནས་པས་གནས་པར་བྱའོ། །ལང་ཀའི་བདག་པོ་གང་སྙིང་རྗེ་ཆེན་པོ་ལ་གནས་པ་དག་ནི་སེམས་ཅན་འགའ་ཡང་གྲོལ་བར་མི་བྱེད་འཆིང་བར་ཡང་མི་བྱེད་དེ། རྡོ་རྗེ་མཚོན་གྱིས་དངོས་སུ་བསད་པ་མེད་པར་བསད་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པ་ལས་སེམས་ཅན་དུ་བཏགས་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་དེ་ནི་དེ་བཞིན་ཉིད་དང་གློ་བུར་གཉིས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་སུ་རིག་པར་བྱའོ། །ལང་ཀའི་བདག་པོ་དེ་ལྟ་བས་ན་འདི་ལྟ་སྟེ། མཐའ་ཡས་མིང་དུ་བཏགས་པ་ཡི། །ཡོད་མཐོང་སྣང་གྲགས་ཆོས་རྣམས་ཀུན། །བླ་དགས་ཙམ་དུ་བཏགས་པར་ཟད། །དེ་ལ་དངོས་གཞི་ག་ལ་ཡོད། གང་ལ་མིང་དུ་བཏགས་པའི་གཞི། །མེད་རྒྱུ་བཏགས་ཆགས་བསྒྲུབས་འགྲུབ་ཅིང་། །གང་དུ་བལྟས་པར་སྣང་བ་ཡིན། །དེས་ན་བྱ་མེད་བྱས་པ་ཟིན། །མི་སྣང་བ་ལས་ཀུན་སྣང་བ། །ཐམས་ཅད་ཐམས་ཅད་གློ་བུར་སྣང་། །སྣང་ཉིད་མེད་པའི་སྙིང་པོ་སྟེ། །ཡོད་མེད་གཉིས་སུའང་དམིགས་པ་མེད། །སངས་རྒྱས་མེད་ལས་སངས་རྒྱས་དང་། །བྱང་ཆུབ་ཆོས་ཉིད་ལ་སོགས་པའི། །ཐ་དད་མིང་གི་བླ་དགས་རྣམས། །མི་ཤེས་རྨོངས་ལ་བསྟན་ཕྱིར་བཏགས། །དེ་ཉིད་ལ་ནི་སངས་རྒྱས་དང་། །བྱང་ཆུབ་ཆོས་ཉིད་ལ་སོགས་པའི། །ཐ་སྙད་མིང་གི་བླ་དགས་རྣམས། །མིང་མེད་ཚིག་ཏུ་བརྗོད་པ་མེད། །ཆོས་ཉིད་ནམ་མཁའི་དཀྱིལ་ཡངས་ནས། །ཡེ་ཤེས་ཉི་མའི་སྐུ་གསལ་བས། །ཐུགས་རྗེ་སྒྲོན་མའི་འོད་ཟེར་གྱིས། །གཏི་མུག་མུན་བསལ་རྣམ་པར་སྣང་། །ཞེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་འགྲོ་བ་ལུས་ཀྱི་སེམས་དཔའ་རྣམས་གཞན་ལ་རེ་རྩོལ་མེད་པར་དབུགས་ཕྱིན་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གསང་སྔགས་རང་གི་ངོ་བོ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།


previousགསང་སྔགས་རང་གི་ངོ་བོ་བསྟན་པའི་ལེའུ་སྟེ་བརྒྱད་པ།next