Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
ཁྱད་པར་དམ་པའི་ལེའུ་སྟེ་བཅུ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྱད་པར་དམ་པའི་ལེའུ་སྟེ་བཅུ་པ།next

ཁྱད་པར་དམ་པའི་ལེའུ་སྟེ་བཅུ་པ།

དེ་ནས་ཡང་ལང་ཀའི་བདག་པོས་གསང་བ་པའི་བདག་པོ་ལ་དྲིས་པ། གསང་བ་པའི་བདག་པོ་གསང་སྔགས་ཀྱི་ངོ་བོ་དེ་སེམས་ཀྱི་དེ་ཁོ་ན་ཉིད་དེ་གང་གི་སྤྱོད་ཡུལ་དུ་གྱུར། སྨྲས་པ། ལང་ཀའི་བདག་པོ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་གྱི་ས་དང་ས་ལ་གནས་པ་རྣམས་ཀྱི་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ་བའི་ཕྱིར་རོ། །ཡང་ལང་ཀའི་བདག་པོས་དྲིས་པ། ཀྱེ་གསང་བ་པའི་བདག་པོ་སེམས་ཀྱི་དེ་ཁོ་ན་ཉིད་གསང་སྔགས་ཀྱི་ངོ་བོ་དེ་གང་དམ་པ་རྣམས་ཀྱི་སྤྱོད་ཡུལ་ལས་མ་གཏོགས་པ་གཞན་དང་ཐུན་མོང་མ་ལགས་ན་ནི་འོ་ན་གང་བྱ་བའི་རྣལ་འབྱོར་པ་རྣམས་ཀྱང་སེམས་ཀྱི་དེ་ཁོ་ན་ཉིད་ལ་ལྟ་ཞིང་སེམས་ཀྱི་རྒྱུད་ཀུན་ཏུ་བཙལ་ན་གང་དེའི་ཚེ་ནང་གི་སེམས་ཀྱང་མ་མཐོང་། ཕྱིའི་སེམས་ཀྱང་མ་མཐོང་། ནང་དང་ཕྱིའི་སེམས་ཀྱང་མ་མཐོང་། གང་ཕུང་པོ་ལ་སེམས་མ་མཐོང་། ཁམས་ལ་མ་མཐོང་། སྐྱེ་མཆེད་ལ་མ་མཐོང་། དེས་སེམས་མ་མཐོང་བ་དང་། སེམས་འདི་ག་ལས་བྱུང་ཞེས་བལྟས་ན་དེ་འདི་ལྟར་སེམས་སོ། །གང་དམིགས་པ་ཡོད་པས་ན་སེམས་འབྱུང་ངོ་། །དེ་ཡང་འདི་ལྟར་སེམས་སོ། །དམིགས་པ་དེ་ཡང་གཞན་ནམ་ཅི། །སེམས་དཔའ་དེ་ཡང་གཞན་ནམ་གང་། །དམིགས་པ་དེ་ཉིད་སེམས་ཡིན་ནམ། །སེམས་དཔའ་དེ་ཉིད་དམིགས་པའམ། གལ་ཏེ་དམིགས་པ་དེ་ཡང་གཞན། །སེམས་དཔའ་དེའང་གཞན་ན་ནི་དེ་ཁོ་ན་ཉིད་མི་གཅིག་སྟེ་གཉིས་སུ་འགྱུར་རོ། །འོན་ཏེ་གཅིག་པ་ཞིག་ཡིན་ན་ནི་སེམས་ལ་སེམས་ཀྱིས་རྗེས་སུ་ལྟ་ཞིང་སེམས་ཀྱིས་སེམས་མཐོང་བ་མི་རིགས་སོ། །འདི་ལྟ་སྟེ་དཔེར་ན་རལ་གྲི་དེས་དེ་ཉིད་གཅོད་མི་ནུས་པ་དང་། སོར་མོའི་རྩེ་མོ་དེས་དེ་ཉིད་ལ་རེག་པར་མི་ནུས་པ་བཞིན་སེམས་དེ་ལ་སེམས་དེས་དམིགས་མི་ནུས་སོ་ཞེས་བལྟས་ན་འདི་ལྟར་མཐོང་སྟེ། གང་རག་མ་ལས་པ། སེམས་ལ་གནས་མེད་པ། རྟེན་མེད་པ། ཆད་པར་མ་ཡིན། རྟག་པར་མ་ཡིན། སྤུངས་པར་མ་ཡིན། རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད། དེ་ལས་མ་ཡིན། གཞན་ལས་མ་ཡིན། དེ་ཉིད་མ་ཡིན། གཞན་མ་ཡིན། རིགས་མེད་པ། རྒྱུ་མེད་པ། མི་འཕྲོ་བ། མི་སྣང་བ། ངོ་བོ་ཉིད་མེད་པ་ཇི་ལྟ་བ་དེ་བཞིན་དུ་མཐོང་ངོ་། །ཡང་དག་པ། མི་གཡོ་བ། དབེན་པ། ཅུང་ཟད་ཀྱང་མ་མཐོང་། རྣམ་པར་མ་མཐོང་། མི་རྟོག །རྣམ་པར་མི་རྟོག །མི་བསྐྱོད། མི་སེམས། མི་སྤྲོ། སེམས་གཟུགས་མེད་པ། གང་བྱུང་བ་ཡང་གཟུགས་མེད་པ། གང་ལ་གཟུགས་མེད་པས་བྱང་ཆུབ་ལ་ཡང་གཟུགས་མེད་དོ། །སེམས་ཀྱི་རང་བཞིན་ནི་བྱང་ཆུབ་བོ། །བྱང་ཆུབ་ཀྱི་རང་བཞིན་ནི་ཆོས་ཐམས་ཅད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དེ་ཁོ་ན་ཉིད་དོ། །སེམས་འདི་ནི་འདི་ལྟར་མྱུར་བ། རབ་ཏུ་མྱུར་བ། མི་གནས་པ། རྒྱུ་བ། སྤྲེའུ་ལྟ་བུ། རླུང་ལྟ་བུ། སྨིག་རྒྱུ་ལྟ་བུ། ཆུའི་རྒྱུན་ལྟ་བུ། མར་མེ་ལྟ་བུ། ལུས་གཟུགས་ལྟ་བུ། རིང་དུ་འགྲོ་བ། གར་ཡང་མི་གཡོ་བ། སླར་ལོག་པ། ཡུལ་ལ་གནས་པ། དྲུག་གི་སྤྱོད་ཡུལ་བ། ཀུན་ཤེས་པ། གཅིག་ཏུ་ཐུབ་པ། མི་འབྱུང་བ། ཐམས་ཅད་འབྱུང་བ། ཞི་གནས་པ། ཐ་དད་པ་གཅིག་པ་མི་གཡེང་བ། ཀུན་དུ་གཡེང་བ་སེམས་དུས་གསུམ་དུ་མཉམ་པར་ཤེས་པ། སེམས་དེ་ཁོ་ན་པར་ཤེས་པ། ཇི་ལྟར་རང་གི་སེམས་ཤེས་པ་དེ་ལྟར་གཞན་གྱི་སེམས་ཀྱང་རབ་ཏུ་ཤེས་སོ། །རང་གི་སེམས་ཇི་ལྟར་སྟོང་པ་དེ་ལྟར་ཐམས་ཅད་ཀྱི་སེམས་སྟོང་པར་རབ་ཏུ་ཤེས་སོ། །རང་གི་སེམས་མཉམ་པར་ཤེས་པ་དེ་བཞིན་དུ་ཐམས་ཅད་ཀྱི་སེམས་མཉམ་པར་རབ་ཏུ་ཤེས་སོ། །དེས་ཆོས་ཐམས་ཅད་མཉམ་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་མཉམ་པས་བྱང་ཆུབ་མཉམ་པར་རབ་ཏུ་ཤེས་སོ། །དེས་སེམས་ཆོས་ཐམས་ཅད་ཀྱི་དབྱིངས་སུ་རབ་ཏུ་ཤེས་སོ། །ཐམས་ཅད་ཀྱི་དབྱིངས་དེ་ནི་ཀུན་གྱི་ཐུན་མོང་མ་ཡིན་ནོ་ཞེས་སེམས་ལ་གནས་པ་སེམས་ལ་སྤྱོད་པ། སེམས་ལ་དབང་བ་སེམས་ལ་ལྟ་བ། སེམས་མཐོང་བ་སེམས་ངོ་ཤེས་པ་ལགས་ན་གསང་བ་པའི་བདག་པོ་ཅིའི་ཕྱིར་དམ་པ་འབའ་ཞིག་གི་སྤྱོད་ཡུལ་ཡིན་གྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཞེས་སྨྲ། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་དེ་དེ་ལྟར་ཡིན་མོད་ཀྱི། དེ་དག་ཐམས་ཅད་ནས་ཐམས་ཅད་དུ་སེམས་ཀྱི་དེ་ཁོ་ན་ཉིད་ལ་རྒྱུའི་མཚན་ཉིད་འབའ་ཞིག་ཏུ་ངེས་པར་ཟད་ཀྱི་འབྲས་བུ་ཉིད་དུ་ཡོངས་སུ་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟ་སྟེ། གང་ས་དང་ས་པ་རྣམས་ནི་དྲ་བ་བཞིའི་རྒྱར་ཡོངས་སུ་ཆུད་པ་སྟེ། བཞི་གང་ཞེ་ན། གང་དྲ་བ་ཆེན་པོ་དང་དྲ་བ་དང་དྲ་བ་ཕྱེད་པ་དང་། དྲ་བ་གཅིག་པའོ། །དེ་ཡང་ཕྱིས་པ་རྣམས་དང་། སྨྱོན་པ་རྣམས་དང་། འདུ་ཤེས་ཆུང་བ་རྣམས་དང་། འདུ་ཤེས་གཅིག་པ་རྣམས་ཁོ་ན་སྟེ། གང་ས་པ་རྣམས་ནི་སེམས་རྒྱུ་འབའ་ཞིག་ལས་མི་ཤེས་པའི་ཕྱིར་འདུ་ཤེས་གཅིག་པ་སྟེ། དེ་དག་ནི་དྲ་བར་ཆུད་པ། དྲ་བས་བཅིངས་པ་ཤ་དག་པས་འབྲས་བུ་ངེས་པར་རྙེད་པར་ཤིན་ཏུ་དཀའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ་འདི་ལྟར་སེམས་འབྲས་བུའི་དེ་ཁོ་ན་གང་ཡིན་པ་དེ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་དུ་མེད་པ། རྡོ་རྗེ་སེམས་དཔས་ཀྱང་མཚན་དུ་མེད་པ་ཡིན་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་ཅི་སྨོས། ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་ཅི་ཉིད་ཀྱིས་ཀྱང་སེམས་འབྲས་བུའི་དེ་ཁོ་ན་ཉིད་དུ་ངེས་པ་དེ་མ་རྙེད་དམ་དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་ཁོ་བོས་ད་དུང་ངེས་པ་མ་རྙེད་པའི་ཕྱིར་གཞན་ལ་བསྟན་པར་རབ་ཏུ་དཀའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉག་གཅིག་གི་དགོངས་པའི་སྤྱོད་ཡུལ་དུ་གྱུར་པའོ། །ཞེས་གསང་བ་པའི་བདག་པོ་དེས་དེ་སྐད་ཅེས་སྨྲས་པས། ཐམས་ཅད་བྱང་ཆུབ་ལ་འཁྲུལ་པའི་ཡེ་རྔམ་ཡོངས་སུ་ཆད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཁྱད་པར་དམ་པའི་ལེའུ་སྟེ་བཅུ་པའོ།། །།


previousཁྱད་པར་དམ་པའི་ལེའུ་སྟེ་བཅུ་པ།next