Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་སྟེ་ཉི་ཤུ་གསུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་སྟེ་ཉི་ཤུ་གསུམ་པ།next

གང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་སྟེ་ཉི་ཤུ་གསུམ་པ།

བམ་པོ་བཞི་པར་ཟུག་པ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྙིང་པོ་བྱང་ཆུབ་གང་ན་བར་འདུས་ནས་སྟོང་པ་ཉིད་དུ་བཤིག་ནས་སྐྱེས་བུ་དམ་པ་སྟོང་པ་ཉིད་ལ་སྣང་བར་མཛད་དེ། དེ་ཉིད་ཀྱི་སྒྲ་དེ་ཉིད་ལ་གྲག་པ། སྐྱེས་བུ་དམ་པ་ཁྱོད་ཀྱི་ཞིང་ཁམས་ཀྱི་བྱ་བ་ཡོངས་རྫོགས་པར་ཅིའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་སྙམ། སངས་རྒྱས་ཀྱི་མཛད་པ་མ་རྫོགས་པར་ཅིའི་ཕྱིར་བྱང་ཆུབ་པར་བྱ་སྙམ། ཐ་དད་དུ་རྣམ་པར་སྣང་བར་མ་མཛད་པར་ཅིའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་སྙམ། དེ་སྐད་ཅེས་གྲག་པ་ལས་སྟོང་པ་ཉིད་དེ་ལས་འདི་སྐད་དུ་གྲག་གོ། །ཀྱེ་དེ་བཞིན་གཤེགས་པ་ཐམས་ཅད་དོན་གང་གི་དབང་གིས་ཞིང་ཁམས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་འགྱུར། དེ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་དང་ཐ་དད་དུ་རྣམ་པར་སྣང་བར་མཛད་པར་འགྱུར། དེ་སྐད་དུ་གྲག་པ་ལས། ཡང་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལས་བསྐུལ་བ་གསུམ་གྱིས་བསྐུལ་བའི་དང་པོ་འདི་སྐད་དུ་གྲག་གོ། །སྟོང་ཉིད་མི་གཡོ་ནམ་མཁའ་ལ། །མི་བསྐྱོད་བདེ་བར་གཤེགས་མཛད་པ། །མི་དམིགས་མི་རྟོག་དེ་བཞིན་ཉིད། །རྟོག་པ་སྣ་ཚོགས་སྐྱེད་པར་མཛོད། །ཅེས་གྲག་གོ། །དེ་ལ་ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །མི་རྟོག་ངང་ལས་རྟག་ཉིད་དུ། །བརྟགས་པས་སྟོང་པ་གང་བྱུང་བ། །དེ་ཉིད་རྟོག་པ་ཆེན་པོ་སྟེ། །གང་མི་རྟོག་པ་རྟོག་པའི་རྒྱུ་ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ནམ་མཁའི་དབྱིངས་ཀྱི་སྙིང་པོ་ལས། །རང་བཞིན་ཀུན་དུ་སྣང་བའི་འོད། །ཡོངས་ལ་ཁྱབ་པ་སྙིང་རྗེའི་ཡུལ། །མཐའ་ཡས་རྒྱལ་སྲིད་སྐྱེད་པར་མཛོད། །ཅེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ཀུན་འབྱུང་ཀུན་གཞི་ཆོས་ཀྱི་དབྱིངས། །མ་སྐྱེས་མི་འགག་ཀུན་དུ་སྣང་། །སྨྲ་བསམ་རྗོད་མེད་ཡུལ་ལས་འདས། །མཐའ་ཡས་མཐའ་ཡས་བསྐྱེད་པའི་ཡུམ། །ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ཐ་དད་རྣམ་པར་སྣང་མཛད་ན། །གསུང་གི་ཕྱག་རྒྱའི་ཡེ་ཤེས་ལས། །རྒྱལ་བ་རྣམས་ནི་ཡི་གེར་སྣང་། །ཡི་གེའི་ཡེ་ཤེས་སྐྱེད་པར་མཛོད། །ཅེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །དེ་ཉིད་ཡི་གེའི་རང་བཞིན་ཏེ། རང་བྱུང་ཡེ་ཤེས་མུྃ་དུ་གསལ། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུྃ་དུ་སྣང་། །རྒྱལ་བའི་ཡི་གེའི་རང་བཞིན་ཏེ། །ཕྱག་རྒྱ་ཡི་གེ་ༀ་ལ་སོགས། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསང་བའི་ཡི་གེ་ཨ། །ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་འདི་སྐད་དུ་གྲག་གོ། །ཡེ་ཤེས་ཕ་རོལ་ཕྱིན་རྫོགས་པས། །རྣལ་འབྱོར་རིག་པའི་སྒོ་མཚོན་པ། །ཐུགས་ཀྱི་རྟགས་སྣང་སྣང་བ་མཛད། །རྣམ་གྲོལ་ཡེ་ཤེས་བསྐྱེད་པར་མཛོད། །ཅེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རྟག་ཏུ་རྣམ་རྟོག་མེད་ལས་འབྱུང་། །མི་རྟོག་རྣམ་གྲོལ་ཡེ་ཤེས་ཐུགས། །རྟོག་ལ་རྣམ་རྟོག་མཚན་མར་སྣང་། །ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་འདི་སྐད་དུ་གྲག་གོ། །སྟོང་ཉིད་མི་རྟོག་མེ་ལོང་ལས། །མ་སྐྱེས་མི་འགག་གཟུགས་སྣང་བ། །མཁའ་ལ་འཇའ་སྣང་ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱར་བཞེངས་སུ་གསོལ། །ཞེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །དེ་བཞིན་ཉིད་དུ་མི་དམིགས་ཀྱང་། །རང་བཞིན་ཀུན་དུ་སྣང་བའི་དབྱིངས། །མ་འདྲེས་ཡོངས་སུ་རྫོགས་པས་ན། །ཕྱག་རྒྱའི་གཟུགས་མཆོག་རྣམ་པར་སྣང་། །ཞེས་གྲག་གོ། །དེ་ལྟར་བསྐུལ་བ་དང་པོ་དེས་ཡོངས་སུ་རྫོགས་པར་བསྐུལ་བས་སྐྱེས་བུ་དམ་པ་དེ་ཁོ་ན་ཉིད་དེ་སྟོང་པ་ཉིད་ཀྱི་དབྱིངས་དེ་ལས་སྟོང་པ་ཉིད་ཀྱི་སྐུ་རྣམ་པར་སྣང་བ་ནི་ཇི་ལྟ་ཇི་ལྟར་ཆུ་ཟླའི་དཀྱིལ་འཁོར་སྣང་བའམ། ནམ་མཁའ་ལ་འཇའ་སྣང་བའི་ཚུལ་དུ་བྱུང་ནས་གང་མ་ངེས་པའི་ཡེ་ཤེས་ཀྱི་གནས་པས་གནས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བ་གཉིས་པ་འདིས་ངེས་པར་བསྐུལ་བ་ནི་འདི་ལྟ་སྟེ། རང་བཞིན་མ་བྱུང་མ་བཅོས་དེ་བཞིན་ཉིད། །ཡེ་ནས་མི་གཡོ་བདེ་བ་ཆེན་པོའི་ངང་། །བཙལ་ཞིང་གཡོ་བ་འདི་ལ་ཅི་ཡང་མེད། །ཡེ་ཤེས་དབྱིངས་ཉིད་ཚིག་གི་ཐ་སྙད་དེ། །དེ་ཉིད་དངོས་དང་དངོས་མིན་འབྱུང་གནས་ཉིད། །ཅིས་ཀྱང་མི་ཚུགས་མི་ཆོད་མི་ཤིགས་པའི། །ཡེ་ཉིད་ཇི་བཞིན་བདེ་མཆོག་མི་གཡོ་བ། །རྡོ་རྗེ་སེམས་མཆོག་ནམ་མཁའི་སྙིང་པོ་ཆེ། །དུས་གསུམ་བདེ་བར་གཤེགས་པའི་བཤེས་གཉེན་པོ། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །ཀུན་གྱི་རང་བཞིན་མེ་ལོང་འོད་པོ་ཆེ། །རྒྱལ་བ་མཐའ་ཡས་སྐྱེད་པའི་ཡབ་ཡུམ་མཛོད། །གང་དག་བྱང་ཆུབ་སྙིང་པོར་མཚུངས་པ་ཡི། །རང་དག་དབྱིངས་ལས་མ་གཡོས་བྱང་ཆུབ་སེམས། །གང་དུ་དང་པོ་རྣམ་དག་སངས་རྒྱས་ཀུན། །ཁམས་གསུམ་ནས་བྱུང་རྡོ་རྗེ་སྙིང་པོའི་ལུས། །མཐའ་ཡས་རྟོག་ལས་ཡི་གེ་སྣ་ཚོགས་སྤྲུལ། །སྲས་ཀྱི་ཚོགས་ཀྱིས་མཛེས་པར་བསྐོར་བའི་དཀྱིལ། །གཟུགས་སྐུར་བསྟན་ནས་ཉོན་མོངས་སྦྱང་དུ་གསོལ། །གང་དུ་དང་པོ་རྡོ་རྗེ་སྙིང་པོ་ནི། །ཁམས་གསུམ་ནས་བྱུང་བདེ་ཆེན་ལྷུན་གྱིས་གྲུབ། །གཏུམ་ཐུང་གདུག་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །དྲི་མེད་སྣ་ཚོགས་བློས་ནི་ཧཱུྃ་དུ་སྤྲུལ། །འོད་ཟེར་ཚུལ་གྱི་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་ཐུགས་དམ་སྨོན་ལམ་དབང་གིས་ན། །ཅིས་ཀྱང་མི་བསྐྱོད་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་རྣམ་པར་སྣང་མཛད་ནི། །ཁམས་གསུམ་ནས་བྱུང་ཅིར་ཡང་སྣང་བར་མཛད། །རྨོངས་བྱེད་མུན་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་བྱང་ཆུབ་བློས་ནི་ༀ་དུ་སྤྲུལ། །གཟུགས་མང་ཚུལ་གྱིས་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །ཅིར་ཡང་སྣང་བའི་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་ཡོན་ཏན་འབྱུང་གནས་ནི། །ཁམས་གསུམ་ནས་བྱུང་ཡིད་བཞིན་རིན་པོ་ཆེ། །འདོད་པས་རྨོངས་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་འབྱུང་གནས་བློས་ནི་སྭྃ་དུ་སྤྲུལ། །རིན་ཆེན་ཕྲེང་བས་མཛེས་པར་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །འདོད་པ་ཀུན་འབྱུང་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་འོད་དཔག་མེད་པ་ནི། །ཁམས་གསུམ་ནས་བྱུང་གསུང་རབ་སྣང་མཐའ་ཡས། །ཆགས་པས་རྨོངས་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་དྲི་མེད་བློས་ནི་ཨྃ་དུ་སྤྲུལ། །གསུང་སྙན་ཡི་གེ་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །སྣ་ཚོགས་སྟོན་པའི་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་གདོན་མི་ཟ་བ་ནི། །ཁམས་གསུམ་ནས་བྱུང་སྣ་ཚོགས་ཅིར་ཡང་མཛད། །བྱ་བ་རྨོངས་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་ནན་ཏན་བློས་ནི་ཧྃ་དུ་སྤྲུལ། །མཛད་པ་གར་གྱི་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །ཐམས་ཅད་མཛད་པའི་གཟུགས་སྐུ་བསྟན་དུ་གསོལ། །ཞེས་བསྐུལ་བ་གཉིས་པ་དེས་ཡོངས་སུ་རྫོགས་པར་བསྐུལ་བས་ཆོས་ཉིད་སྒྱུ་མ་ལས་ཡེ་ཤེས་སྒྱུ་མའི་སྐུ་སྣང་བ་ནི་ཇི་ལྟ་ཇི་ལྟར་མེ་ལོང་གི་དབྱིངས་སུ་བཞིན་གྱི་དཀྱིལ་འཁོར་སྣང་བ་བཞིན་དུ་ཡེ་ཤེས་རང་སྣང་བར་གནས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བ་གསུམ་པ་འདིས་མངོན་དུ་རྫོགས་པ་ལོངས་སྤྱོད་རྫོགས་པར་བསྐུལ་བ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དུ་གཤེགས་པ་ཁྱོད། །འཇིག་རྟེན་མངོན་རྫོགས་རྒྱས་མཛོད་ལ། །སྙིང་པོ་བྱང་ཆུབ་ཇི་བཞིན་པ། །སེམས་ཅན་དོན་དུ་སྣང་བར་མཛོད། །འཇིག་རྟེན་ཁམས་ནི་དཔག་མེད་དུ། །ཇི་སྙེད་བདེ་བར་གཤེགས་པ་ཡི། །སྤྲུལ་པའི་སངས་རྒྱས་ཀུན་གྱིས་ཀྱང་། །མཐའ་དག་དོན་དུ་རྣམ་སྣང་མཛད། །ཁམས་གསུམ་འཁོར་བའི་ནད་པ་ལ། །གཞན་གྱིས་ཕན་པའི་སྨན་མ་མཆིས། །ཡང་དག་བདུད་རྩིའི་སྨན་སྦྱར་བས། །འཁོར་བའི་གཅོང་རྙིང་སྦྱང་མཛད་པ། །སྡུག་བསྔལ་ཟུག་རྔུའི་ནད་སེལ་བའི། །སྨན་པ་ཆེ་མཆོག་གཙོ་བོར་གཤེགས། །ནད་དོ་ཅོག་གི་དགྲར་གྱུར་པ། །བདུད་རྩི་སྨན་གྱི་རྒྱ་མཚོ་ཡིས། །ལོག་པའི་ནད་དགྲས་གཟིར་བ་ཡི། །ནད་པའི་ཚོགས་ཀུན་བསླང་བར་མཛོད། །རྩལ་ཆེན་རྫོགས་པའི་སྐྱེས་བུ་ཉིད། །སྙིང་པོ་བྱང་ཆུབ་ལ་དགོངས་ལ། །འོད་ཟེར་སྣང་བ་རྒྱས་བཀྱེ་སྟེ། །མུན་པ་བསལ་བའི་དགོངས་པ་མཛོད། །ཀྱེ་མ་སྐྱེས་བུ་དོན་གྲུབ་པ། །བྱ་བ་བྱས་ཤིང་བྱེད་པ་བྱས། །ཁུར་བོར་བདག་དོན་རྗེས་ཐོབ་པ། །གང་འདིར་འདུལ་བའི་དུས་ལ་བབ། །གཙང་མའི་གནས་མཆོག་འོག་མིན་གྱི། །ཆོས་ཀྱིས་མཐོང་བའི་གཞལ་ཡས་སུ། །རྫོགས་ལོངས་སྤྱོད་པའི་སྐུར་གཤེགས་ཏེ། །སྙིང་པོ་བསྐུལ་བའི་བྱ་བ་མཛོད། །ཅེས་རྣམ་པར་བསྐུལ་བས། ཇི་ལྟ་ཇི་ལྟར་སྤྲིན་མཐོངས་ནས། །ཉི་མའི་དཀྱིལ་འཁོར་ཤར་བ་ལྟར། །མི་གཡོ་བ་ཡི་དབྱིངས་ཉིད་ལས། །གཟུགས་སྐུ་ཉི་མ་ཤར་བ་སྟེ། །ཆོས་ཀྱི་མཐོ་བ་ཞེས་བྱ་བའི་གཞལ་ཡས་སུ་རྣམ་པར་སྣང་བར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།


previousགང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་སྟེ་ཉི་ཤུ་གསུམ་པ།next