Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལས་བཞི་རྡོ་རྗེ་སྐོས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དྲུག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་བཞི་རྡོ་རྗེ་སྐོས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དྲུག་པ།next

ལས་བཞི་རྡོ་རྗེ་སྐོས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དྲུག་པ།

ལང་ཀའི་བདག་པོ་དེའི་ཚེ་དེའི་དུས་ན་ཁོ་བོ་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་ཞིག་གིས་ཤེས་བཞིན་དུ་གང་ཡོངས་སུ་སད་པའི་ཕྱིར་ཡང་འཁོར་དེར་འཁོད་པར་གྱུར་པའི་བྱང་ཆུབ་སེམས་དཔའ་བསྐུལ་བའི་གོ་ཆ་བློ་གྲོས་ཐབས་ལྡན་ཞེས་བྱ་བ་ཞིག་ལ་ཡོངས་སུ་དྲིས་པ། ཀྱེ་སེམས་དཔའ་ཆེན་པོ་ཡི་དྭགས་ཆེན་པོ་འདི་རྒྱུ་ནི་གང་ལས་བྱུང་། རྐྱེན་ནི་ཅི་ལས་བྱུང་། འབྲས་བུ་ནི་ཅིར་སྨིན། རིགས་ནི་གར་གཏོགས། ལས་སྐལ་གྱི་སྤྱོད་པ་ནི་ཅི་སྤྱོད། མ་བཏུལ་ན་ཅི་གནོད། བཏུལ་ན་ཅི་ཞིག་དགོས། དེ་སྐད་དྲིས་པ་ལས། བསྐུལ་བའི་གོ་ཆ་ཆེན་པོ་དེས་སྨྲས་པ། སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ཡི་དྭགས་ཆེན་པོ་འདི་གང་ལེགས་པའི་རྒྱུ་རྐྱེན་ལས་ནི་མ་བྱུང་། ཉེས་པ་འབའ་ཞིག་གི་རྒྱུ་རྐྱེན་ལས་བྱུང་སྟེ། རྒྱུ་ནི་མུན་པའི་རི་བོ་ལས་བྱུང་ངོ་། །རྐྱེན་ནི་བཀའ་བསྒོ་ལོག་པའི་དཀའ་ཐུབ་དྲག་པོ་ལས་བྱུང་ངོ་། །འབྲས་བུ་ནི་སྡུག་བསྔལ་གྱི་རི་བོར་སྨིན་ནོ། །རིགས་ནི་དམངས་རིགས་འཁོར་བ་གདོལ་བ་འབྱུང་པོ་ཡི་དྭགས་སུ་གཏོགས་སོ། །ལས་སྐལ་གྱི་སྤྱོད་པ་ནི་འཁོར་བའི་དངོས་པོ་བཞི་ལ་འཇོལ་ཉག་ཏུ་སྤྱོད་དོ། །འདི་ལ་བཏུལ་ན་ལུས་ཅན་གྱི་བྱང་ཆུབ་སྙིང་པོ་རིང་དུ་ནུབ་པའི་སྐྱོན་དུ་འགྱུར་རོ། །བཏུལ་ན་ནི་ཀུན་གྱི་སྙིང་པོ་འོད་ཀྱི་དཀྱིལ་འཁོར་མངོན་དུ་ཉེ་བར་འཆར་བར་འགྱུར་རོ་ཞེས་སྨྲས་པ་དང་། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཨེ་མའོ་སེམས་དཔའ་ཆེན་པོ་འོ་ན་དུས་འདི་ནི་དུས་ལ་བབ་པའོ། །ལས་འདི་ལས་ཀྱི་མཆོག་གོ། །གསང་བ་འདི་ནི་གསང་བའི་ཡང་གསང་བ་དམ་པའོ། །ཐུལ་ཀུན་དུ་རབ་ཏུ་ཐུལ། དུས་ལ་བབ་པའི་སྐབས་ཆེན་འདིར། །ལས་ལ་བབ་པའི་སེམས་ཅན་འདི། །སྟོངས་ལ་བབ་པའི་ཐུགས་རྗེ་ཡིས། །འདུ་ཤེས་བསྒྱུར་བ་ཐུགས་རྗེའི་མཆོག །སྟོང་གསུམ་མ་ལུས་སྟོན་པ་བས། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་ཉེ་བར་བསྐུལ་ལོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དན་བག་གནས་གྱུར་པ་སྐྱེས་བུ་དམ་པ་རྡོ་རྗེ་འཛིན་དུ་སྣང་བ་ཉིད་ལ་ཡོངས་སུ་བསྒོ་བ་མཛད་པ། རྒྱལ་བ་ཀུན་གྱི་གསང་མཛོད་པ། །ཐུགས་ཀྱི་བདག་པོ་རྡོ་རྗེ་འཛིན། །དྲག་པོ་བརྟུལ་ཞུགས་ཆེན་པོ་ཅན། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །སྔོན་གྱི་གོ་ཆ་ཆེན་པོའི་མཐུས། །སངས་རྒྱས་སངས་རྒྱས་ཐམས་ཅད་ཀྱིས། །གདུལ་དཀའ་དྲག་པོ་འདུལ་མཛད་པ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །སེམས་དཔའ་སྔོན་པོ་འབར་བའི་སྐུ། །འཇིགས་སུ་རུང་བའི་དཔའ་བྱད་ཅན། །གཏུམ་རྔམ་འཁྲུག་པའི་ངོ་བོ་ཡིས། །དུར་ཁྲོད་བདག་པོ་རབ་ཏུ་ཆོམ་ཞེས་ཡོངས་སུ་བསྐུལ་བས། སྐྱེས་བུ་རྡོ་རྗེ་འཛིན་པ་དེ། །ལྷ་དང་བཅས་པའི་འཇིག་རྟེན་འདི། །འབྱུང་པོའི་རྒྱལ་པོས་དབང་དུ་བྱས། །ཤིན་ཏུ་གཏུམ་རྔམ་འཁྲུག་པ་དེས། །ལྷ་མི་འཇིག་རྟེན་བརླག་མ་ཁད། །བཞིན་དང་མདངས་ཀྱང་མི་གསལ་བར། །ཀུན་དུ་མོག་མོག་པོར་གྱུར་ནས། །དུས་མ་ཡིན་པའི་མུན་པ་ཡང་། །མུན་ནག་སྨག་ཏུ་གྱུར་པས་འཐིབས། །ཚ་དང་གྲང་དང་ནད་དང་རིམས། །མི་ངས་སྣ་ཚོགས་ཀུན་དུ་རྒྱས། །རླུང་དམར་འབྲུག་དང་སེར་བ་དང་། །རྣག་ཁྲག་རྡོ་དང་མཚོན་ཆའི་ཆར། །དུས་མ་ཡིན་པར་ཀུན་དུ་འབྱུང་། །སྐྱེ་དམན་འཚོ་བའང་ལོག་པར་གྱུར། །གདུག་པ་སྣ་ཚོགས་སེམས་ཅན་གྱིས། །ཤིན་ཏུ་ཉམ་ཐག་གདུངས་འགྱུར་བའི། །མགོན་མེད་པ་ཡི་འཇིག་རྟེན་ཏེ། །མཁྱེན་ཏེ་ཐུགས་རྗེས་གདུང་བ་ནི། །རབ་ཏུ་རྔམ་པའི་བརྟུལ་ཞུགས་ཀྱིས། །རྡོ་རྗེ་ཆོས་ཀྱི་རྟ་གདོང་ལ། །རྡོ་རྗེ་ཚིག་ཏུ་འདི་སྐད་དུ། །ངག་གི་དབང་ཕྱུག་རྡོ་རྗེའི་གདོང་། །ལང་ཀའི་ཡུལ་གྱི་གྲོང་རྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །རྐོ་རྐ་ཐང་མར་རྒྱ་མཚོའི་དངོ་། །དྲག་ཤུལ་ཡོད་པའི་རྩེ་ལ་དོང་། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །དུར་ཁྲོད་བདག་པོ་ཚོགས་དང་བཅས། །མི་ངམ་སྐྱབས་ལིངས་ཆེན་པོ་ལ། །ཁམས་གསུམ་རྡོ་རྗེ་བྱ་སྤྲིན་ཐོང་། །ཅིས་ཀྱང་མི་བསྐྱོད་མི་འཁྲུགས་པའི། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་དེ་བཞིན་ཉིད། །རྡོ་རྗེ་སྙིང་པོ་སྲིད་གསུམ་མགོན། །སྟོང་པ་ཆེན་པོའི་ནམ་མཁའ་ལ། །འབར་བ་ཆེན་པོ་གར་དགུར་མཛོད། །ཐུགས་རྗེ་ས་ལ་གཤེགས་ནས་ཀྱང་། །མཐུན་འཇུག་བྱིས་པའི་སྤྱོད་པ་མཛོད། །མེད་ལ་ཀུན་འབྱུང་སྟོང་ཉིད་ལས། །ཇི་བཞིན་པ་ཡི་རྒྱལ་བ་དང་། །སྟུག་པོ་བཀོད་པའི་ཞིང་ཁམས་ན། །རྣམ་དག་ལམ་གཤེགས་རྒྱལ་བ་རྣམས། །བདག་ནི་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་ཀྱི་དུས་བྱུང་བས། །སངས་རྒྱས་ཀུན་གྱིས་གདུལ་དཀའ་བ། །དེ་དག་མ་ལུས་བདག་གིས་བཏུལ། །མ་གྲོལ་བ་ཡང་བདག་གིས་དགྲོལ། །གང་མ་བསྒྲལ་བ་བདག་གིས་བསྒྲལ། །དབུགས་མ་ཕྱུང་བ་དབུགས་ཕྱུང་སྟེ། །ཡང་དག་ཉིད་ལ་དགོད་པར་བགྱི། །དགོངས་པ་གསང་བ་ཀུན་འདུས་ལ། །རྨད་འབྱུང་གསང་བའི་དཀྱིལ་འཁོར་གྱིས། །མཐའ་ཐུག་མེད་པའི་སེམས་ཅན་རྣམས། །སྙིང་པོ་བསྐུལ་བའི་བྱིན་བརླབས་མཛོད། །ཅེས་རྡོ་རྗེ་འཛིན་པ་དེས་དྲག་ཏུ་བསྐུལ་བ་ལས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་མེ་དུས་མཐའི་བསྐལ་པའི་མེ་ལྟར་འབར་བའི་ཐུགས་རྗེའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པར་འཐིབས་ནས་འབར་བ་ཆེན་པོའི་གར་དགུར་མངོན་སྤྱོད་དུ་མཛད་ནས་རྡོ་རྗེ་རྟའི་ཚོགས་ལ་བཀས་བསྒོ་བ། སོད་ཀུན་དུ་རབ་ཏུ་སོད། རྟ་ཡི་རྡོ་རྗེ་སྟབས་དགུ་ཡིས། །འཇིག་རྟེན་བློ་དགུའི་འདོད་པ་སྟོན། །འཇིག་རྟེན་ནག་པོ་གཏུམ་པའི་ཚོགས། །དུར་ཁྲོད་སྐྱབས་ལིངས་སྤྱོད་པ་ལ། །རྡོ་རྗེ་རྟོག་པའི་བྱ་སྒྲོན་གྱིས། །འཁོར་བ་མ་བསྒྲལ་བར་དུ་འདི། །དམ་བཅས་གོ་ཆ་གྱོན་པ་ཡི། །སྙིང་རྗེ་ཆེན་པོའི་རྟོག་འཇུག་གི། །འཁོར་བའི་སོ་མཐའ་ཆོད་པར་གྱིས་ཞེས་དྲག་ཏུ་བསྒོ་བས། རྡོ་རྗེ་ཆོས་རབ་དགའ་འཁོར་ལོ། །གཟིགས་དབང་རྡོ་རྗེ་སྤྱན་རབ་སྟེ། །རྡོ་རྗེ་པདྨོ་རབ་དགའ་བ། །སྣང་མཛད་ངག་གི་དབང་ཕྱུག་ཚོགས། །བྱང་ཆུབ་ཆེན་པོ་ཅང་ཤེས་གཙོ། །ཐབས་ཆེན་དགུ་ཡི་རྫུ་འཕྲུལ་གྱིས། །རྡོ་རྗེ་རྟ་གདོང་སྤྲུལ་པའི་ཚོགས། །ནམ་མཁའི་ཁམས་ཀུན་ཡོངས་བཀང་ནས། །མ་ལ་ཡ་ཡི་རྩེ་ལ་ལྷགས། །འཁོར་བ་མ་སྟོངས་བར་དུ་ནི། །ཐུགས་རྗེ་དབང་གིས་སྤྱན་རས་གཟིགས། །སྟུག་པོ་བཀོད་པའི་རྒྱལ་བ་ཡང་། །དགོངས་པ་གསང་བ་གཅིག་ཏུ་འདུས། །ཁམས་གསུམ་ཡོ་སྒྲོལ་སྙིང་པོར་དགོངས། །དུས་གསུམ་གཏན་སྤྲུགས་བྱིན་བརླབས་མཛོད། །འཁོར་བ་ཆོས་ཉིད་སྤྱན་རས་གཟིགས། །སྡུག་བསྔལ་བྱང་ཆུབ་ལམ་དུ་མཛད། །ལས་ཉིད་རང་བྱུང་ཡེ་ཤེས་འགྲེལ། །རྣམ་སྨིན་སུན་ཕྱུང་རྡོ་རྗེ་ཉིད། །ཡེ་ནས་ཇི་བཞིན་མ་བཅོས་པའི། །རང་བྱུང་དཀྱིལ་འཁོར་ཆེན་པོར་དགོངས། །གསང་བདག་རྡོ་རྗེ་འཛིན་པ་ཡང་། །སྐུ་དང་གསུང་ཐུགས་རྡོ་རྗེ་ལས། །སྤྲུལ་པའི་སྲས་མཆོག་རྡོ་རྗེ་འཛིན། །གཞོན་ནུ་བྱེ་བ་ས་ཡར་མཛད། །ཐམས་ཅད་དབྱར་གྱི་སྤྲིན་ཕུང་བཞིན། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར། །མ་ལ་ཡ་ཡི་རྩེ་ལ་ལྷགས། །མཐུན་འཇུག་ཐབས་ཀྱི་ཆ་བྱད་དུ། །གང་འདིར་བྱིས་པའི་སྤྱོད་པ་ཡིས། །བདུད་ཀྱི་སྤྱོད་ཡུལ་ཀུན་མཛད་དེ། །འཇིག་རྟེན་ཁམས་སུ་བྱིས་པར་བསྟན། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ལས་བཞི་རྡོ་རྗེ་སྐོས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དྲུག་པའོ།། །།


previousལས་བཞི་རྡོ་རྗེ་སྐོས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དྲུག་པ།next