Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་ཡེ་ཤེས་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གཉིས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་ཡེ་ཤེས་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གཉིས་པ།next

ཐུགས་ཡེ་ཤེས་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གཉིས་པ།

བམ་པོ་ལྔ་པར་ཟུག་པ། དེ་ནས་ཡང་ལང་དཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་དེ་ལ་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་བདུན་པ་བྱིན་གྱི་བརླབས་ལས་སྣང་བ་ན་ཡང་བྱུང་ཞེས་འབྱུང་བ་འདི་སྐད་ཅེས་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་དུ་བརྗོད་པའི་སྐབས་སུ་བྱིན་གྱི་བརླབས་ལས་སྣང་བ་ན་ཡང་བྱུང་ཞེས་བརྗོད་པ་དེ་ཇི་ལྟ་བུ་ཞིག་ཏུ་སྣང་ཞིང་གྲགས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་གང་གདུལ་བྱའི་སྐབས་ལ་བབ་པར་གདུལ་བྱ་ཡོངས་སུ་རྫོགས་པའི་སྐྱེས་བུ་དེ་དག་ཡོངས་སུ་སྣང་བ་དེ་ཁོ་ན་ཉིད་ལ་བྱའོ། །སྨྲས་པ། གསང་བ་པའི་བདག་པོ་གང་གདུལ་བྱ་སྐབས་ལ་བབ་པར་གདུལ་བྱ་ཡོངས་སུ་རྫོགས་པའི་སྐྱེས་བུ་དམ་པ་དེ་དག་གང་དུ་ཇི་ལྟར་སྣང་བར་འགྱུར། དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ལང་ཀའི་བདག་པོ་གདུལ་བྱ་ཡོངས་སུ་རྫོགས་པའི་སྐྱེས་བུ་དམ་པ་དེ་དག་ནི་ཐམས་ཅད་ཡོངས་སུ་སྣང་བར་འགྱུར་རོ། །དྲིས་པ། དེ་ཇི་ལྟར་ཡོངས་སུ་སྣང་བར་འགྱུར། སྨྲས་པ། ལང་ཀའི་བདག་པོ་སྐྱེས་བུ་དམ་པ་དེ་དག་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལས་མི་གཞན་ལ། དེ་ལས་ནི་རྣམ་ཤེས་དང་། ཡེ་ཤེས་དང་། སྐུ་དང་། སྤྲུལ་པ་དང་། ཡི་གེ་དང་། ཚིག་དང་། ཆོས་དང་། སྐུ་གདུང་དང་རིང་བསྲེལ་ལ་སོགས་པ་ཆོས་ཐམས་ཅད་དུ་སྣང་ངོ་། །ལང་ཀའི་བདག་པོ་དེ་ཁོ་ན་ཉིད་ཀྱི་བྱིན་གྱི་བརླབས་འབའ་ཞིག་ལས་སྣང་བར་འགྱུར་ཏེ། ལང་ཀའི་བདག་པོ་ཇི་ལྟ་ཇི་ལྟར་ནམ་མཁའི་དབྱིངས་ན་ཉི་ཟླ་སྐར་ཚོགས་ལས་མ་གཡོས་པའི་གཟུགས་བརྙན་ཆུ་དང་བ་ཐ་དད་པར་སྣང་བ་བཞིན། ཆོས་རྣམས་ཀྱི་ཆོས་ཉིད་གསང་བའི་དབྱིངས་རྣམ་པར་དག་པ་ལས་ཆོས་ཐམས་ཅད་སྣང་བ་ཡིན་ལ། ཆོས་ཐམས་ཅད་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཁོ་ནར་ཟད་དེ། དེ་ནི་གང་ཐེག་པ་ཆེན་པོའི་གསང་སྔགས་མཚོན་པར་བྱེད་པའི་སྒོར་སྣང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་གསང་བའི་དབྱིངས་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའི་གསང་སྔགས་དེ་ཁོ་ན་ཉིད་ཡིན་པར་ཕྱིན་ཅི་མ་ལོག་པར་ངེས་པའི་ཕྱིར་རོ། །དེ་ལ་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བར་གྲགས་ཤིང་གྲགས་པར་གྱུར་ཏོ། །ལང་ཀའི་བདག་པོ་གང་སེམས་ཀྱི་ཆོས་ཉིད་ལས་ནི་རྣམ་པར་ཤེས་པ་བཞིར་སྣང་ལ། རྣམ་པར་ཤེས་པ་བཞི་ནི་རྩ་བའི་རྣམ་པར་ཤེས་པ་དང་། དམིགས་པའི་རྣམ་པར་ཤེས་པ་དང་། ཀུན་དུ་སྣང་བའི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་བཞི་ལས་ཡེ་ཤེས་ཆེན་པོ་ལྔར་སྣང་སྟེ། སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལས་ཆོས་ཉིད་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སྣང་ངོ་། །རྩ་བའི་རྣམ་པར་ཤེས་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྣང་ངོ་། །དམིགས་པའི་རྣམ་པར་ཤེས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སྣང་ངོ་། །ཀུན་དུ་སྣང་གི་རྣམ་པར་ཤེས་པ་ལས་སོ་སོར་རྟོག་པའི་ཡེ་ཤེས་སུ་སྣང་ངོ་། །འཇུག་པའི་རྣམ་པར་ཤེས་པ་ལས་བྱ་བ་སྒྲུབ་པའི་ཡེ་ཤེས་སུ་སྣང་ངོ་། །ལང་ཀའི་བདག་པོ་དེ་ཡང་མིན་པ་ཞིག་ཡིན་པར་བསྒྲུབས་པའམ། མི་འདྲ་བ་ཞིག་འདྲ་བར་བཅོས་པ་ནི་མ་ཡིན་གྱི། མ་བཅོས། མ་བསླད། མ་བྱས་པ། མ་བརྩམས་པར་ཡེ་ནས་རང་བཞིན་གྱིས་དེ་ལྟར་སྣང་བ་ཉིད་དུ་ཟད་དོ། །དེ་ནས་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་གང་གི་ཡེ་ཤེས་འདི་ལྟར་ལྔ་ཁོ་ནར་ཟད་དམ། འོན་ཏེ་གཞན་ཐ་དད་པར་ཡང་སྣང་། སྨྲས་པ། ལང་ཀའི་བདག་པོ་ཡེ་ཤེས་ནི་གང་གི་དབང་གིས་ལྔར་ཡང་སྣང་ལ། བསམ་གྱིས་མི་ཁྱབ་པ་དང་། སྐད་ཅིག་བཅུ་དྲུག་དང་། རིགས་གཅིག་པ་དང་། རྣམ་པ་གསུམ་དང་། དེ་ཁོ་ན་ཉིད་གསུམ་དང་། རྣལ་འབྱོར་བཞི་དང་། རང་འབྱུང་བ་གཅིག་གོ། །ལང་ཀའི་བདག་པོ་དེ་ལ་ཡེ་ཤེས་ལྔ་སོ་སོར་མ་འདྲེས་པ་ལས་ནི་རིགས་ལྔར་སྣང་ལ། ཡོངས་སུ་རྫོགས་པ་ལས་ནི་སྐུ་བཞིར་སྣང་ངོ་། །འདི་ལྟ་སྟེ། རྩ་བའི་རྣམ་པར་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་ནི་རྡོ་རྗེའི་གདུང་དང་སྡེའི་སངས་རྒྱས་ཤ་དག་ཏུ་སྣང་ངོ་། །སེམས་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ལས་ནི་གླང་པོའི་གདུང་དང་སྡེའི་སངས་རྒྱས་ཤ་དག་ཏུ་སྣང་ངོ་། །དེ་ཉིད་ལ་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་སྣང་ལ། ཡེ་ཤེས་དེ་གཉིས་འདུས་པ་ལས་ནི་ཆོས་ཀྱི་སྐུར་སྣང་ངོ་། །དམིགས་པའི་རྣམ་པར་ཤེས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་ནི་ནོར་བུའི་གདུང་དང་སྡེའི་སངས་རྒྱས་ཤ་དག་ཏུ་སྣང་ངོ་། །ཀུན་དུ་སྣང་བའི་རྣམ་པར་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་ལས་པདྨོའི་གདུང་དང་སྡེའི་སངས་རྒྱས་ཤ་དག་ཏུ་སྣང་ངོ་། །ཡེ་ཤེས་དེ་གཉིས་འདུས་པ་ལས་ནི་རྫོགས་ལོངས་སྤྱོད་པའི་སྐུར་སྣང་ངོ་། །འཇུག་པའི་རྣམ་པར་ཤེས་པ་བྱ་བ་གྲུབ་པའི་ཡེ་ཤེས་ལས་གཞོན་ནུའི་གདུང་དང་སྡེའི་སངས་རྒྱས་ཤ་དག་ཏུ་སྣང་ངོ་། །དེ་ཉིད་ལས་ནི་གསང་བའི་སྐུ་དང་སྤྲུལ་པའི་སྐུ་ཐ་དད་པར་སྣང་ངོ་། །སྤྲུལ་པའི་སྐུ་ཐ་དད་པ་ལས་ནི་ཡི་གེ་ཐ་དད་པ་དང་། ཚིག་ཐ་དད་པ་དང་། ཆོས་ཀྱི་སྒོ་དཔག་ཏུ་མེད་པ་དང་། སྐུ་གདུང་དང་རིང་བསྲེལ་ཐ་དད་པར་སྣང་སྟེ། དེ་དག་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་མཚོན་པར་སྣང་བ་ཡིན་ནོ། །ལང་ཀའི་བདག་པོ་དེ་བས་གསང་སྔགས་ནི་ཆོས་ཐམས་ཅད་ལ་ཐམས་ཅད་དུ་རང་བཞིན་གྱིས་སྣང་བ་ཡིན་ལ། སྐྱེས་བུ་དམ་པ་རྣམས་ནི་གསང་སྔགས་ཀྱི་བྱིན་གྱི་བརླབས་ཀྱིས་སྣང་བར་སྟོན་པར་མངོན་པ་ཡིན་ནོ། །ལང་ཀའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱིས་མ་ཁྱབ་པ་དང་། མི་གནས་པ་དང་། གསང་སྔགས་སུ་མ་གྱུར་པའི་ཆོས་ནི་གང་ཡང་མེད་དེ། གསང་སྔགས་ཀྱི་ངེས་པ་ཕྱིན་ཅི་ལོག་པར་རྙེད་པའི་སྐྱེས་བུ་དམ་པ་ལ་ལ་དག་གསང་སྔགས་མཐོང་བར་འདོད་པའི་མེ་ལོང་དུ་ནི་ཐམས་ཅད་འགྱུར་ཏེ། ཇི་ལྟ་ཇི་ལྟར་སངས་རྒྱས་ནས་སྲོག་ཆགས་ལྡེམ་བུ་དང་ནམ་མཁའ་ནས་ཕྲ་རྡུལ་ཡན་ཆད་ཀྱིས་ལྷན་ནེ། ལྷང་ངེ་། ལྷག་གེར་གསལ་བར་བྱེད་པའོ། །ཐེ་ཚོམ་གཅོད་པར་བྱེད་པའོ། །མཛོད་དམ་པར་གྱུར་པའོ། །གླེགས་བམ་ཆེན་པོར་གྱུར་པའོ། །རྒྱ་ཆེན་པོར་བཤད་པའོ། །ཡོངས་སུ་གོ་བར་སྒྲོགས་པའོ། །ལང་ཀའི་བདག་པོ་དེ་བས་ན་གསང་སྔགས་ནི་རང་བཞིན་གྱིས་སྣང་བར་ཟད་ལ། སྐྱེས་བུ་དམ་པ་རྣམས་ཀྱིས་ནི་བྱིན་གྱི་བརླབས་ཀྱིས་སྟོན་པར་ཟད་དོ། །ལང་ཀའི་བདག་པོས་སྨྲས་པ། གསང་བ་པའི་བདག་པོ་ཅིག་ཐམས་ཅད་སྣང་བ་དེ་གསང་སྔགས་སམ། འོན་ཏེ་ཐམས་ཅད་ཀྱི་རང་བཞིན་མི་སྣང་བ་དེ་གསང་སྔགས་སམ། ཅི་གཉི་ག་མ་ཡིན་པ་ཞིག་གསང་སྔགས་ཡིན། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་ཐམས་ཅད་སྣང་བ་དེ་ཡང་གསང་སྔགས་མ་ཡིན། གལ་ཏེ་གསང་སྔགས་ཡིན་ན་ནི་གསང་སྔགས་ཞེས་བརྗོད་པ་ཉིད་འགལ་ལ། གང་སེམས་ཅན་གྱི་འདུ་ཤེས་དང་སངས་རྒྱས་ཀྱི་དགོངས་པ་ཡང་ཁྱད་པར་མེད་པར་འགྱུར་རོ། །དེ་ལས་གཞན་ན་ཡང་གསང་སྔགས་ཡོད་པ་མ་ཡིན། གལ་ཏེ་དེ་ལས་གཞན་པ་འབའ་ཞིག་གསང་སྔགས་ཡིན་ན་ནི་ཐམས་ཅད་ཆོས་ཉིད་དུ་མ་འདུས་པར་འགྱུར་རོ། །ཐམས་ཅད་ཀྱི་རང་བཞིན་མི་སྣང་བ་དེ་ཡང་གསང་སྔགས་ཡིན་ན་ནི། གཞན་དུ་མུ་ཆད་པ་དག་ཡང་དག་པར་རྫོགས་པ་ཉིད་དུ་གྱུར་ཏོ། །གང་གཉི་ག་མ་ཡིན་པ་དེ་ཡང་གསང་སྔགས་མ་ཡིན། གལ་ཏེ་གཉིས་ཀ་མ་ཡིན་པ་ཞིག་གསང་སྔགས་ཡིན་ན་ནི་གསང་སྔགས་ཞེས་བྱ་བ་ཞིག་བཙལ་བས་རྙེད་པའི་གནས་གཞན་ན་མེད་དོ། །ལང་ཀའི་བདག་པོས་སྨྲས་པ། གསང་བ་པའི་བདག་པོ་འོ་ན་ཅི་གསང་སྔགས་ཞེས་བགྱི་བ་གང་ལགས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གསང་སྔགས་ཞེས་བྱ་བ་ནི་སྣང་བ་དང་མི་སྣང་བ་གཉིས་སུ་མེད་པ། གཉིས་ཀྱི་ངོ་བོ་ཉིད་ལས་གྲོལ་བ། དབུ་མར་མི་དམིགས་པ་གང་ཡིན་པ་དེ་ཁོ་ན་ཉིད་དོ། །ལང་ཀའི་བདག་པོས་སྨྲས་པ། གསང་བ་པའི་བདག་པོ་འོ་ན་གསང་སྔགས་ཀྱི་ངོ་བོ་དེ་རབ་ཏུ་དཔག་པར་དཀའ་ཞིང་བལྟ་བར་དཀའ་ན་དེ་གང་གིས་བལྟ་བར་བྱ། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གསང་སྔགས་ཀྱི་ངོ་བོ་དེ་ནི་གང་གི་བློ་ཤིན་ཏུ་ཞིབ་པ། ཆེས་ཞིབ་པ། ཤིན་ཏུ་ཟབ་པ། ཆེས་ཟབ་པས་བལྟ་བར་བྱའོ། །སྨྲས་པ། གསང་བ་པའི་བདག་པོ་བློ་ཞིབ་པ། ཤིན་ཏུ་ཞིབ་པ། ཆེས་ཞིབ་པ་ནི་གང་ལགས། ཤིན་ཏུ་ཟབ་པ། ཆེས་ཟབ་པ་ནི་གང་ལགས། སྨྲས་པ། ལང་ཀའི་བདག་པོ་བློ་ཤིན་ཏུ་ཞིབ་པ། ཆེས་ཞིབ་པ་ནི་འདི་ལྟ་སྟེ། གང་ལ་ལ་དག་སའི་ཁམས་འདི་ལ་དཔག་ཚད་གཅིག་ལ་རྡུལ་ཕྲ་རབ་མི་འཁྲུགས་ཁྲག་ཁྲིག་གཅིག་དང་། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་ཅུ་དང་། བྱེ་བ་དྲུག་ཅུ་ཕྲག་བརྒྱ་དང་། བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་དང་། འབུམ་ཕྲག་ལྔ་དང་ཁྲི་ཉིས་སྟོང་ཡོད་ལ། དེ་དག་ལ་ཡང་མེད་དང་། ཆུ་དང་། རླུང་གི་རྡུལ་ཕྲ་རབ་ཏུ་ཕྱེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཆེན་པོ་གཅིག་ལ་རྡུལ་ཕྲ་རབ་ཏུ་ཡོད་པའི་རྩིས་ཀྱིས་གཅོད་པ་དང་། གཞན་ཡང་ཕྱིའི་ས་ཆེན་པོ་འདི་ལ་དབྱིབས་ཐ་དད་པ་མཐའ་ཡས་པ་དག་བརྟགས་ཏེ་འདི་དག་ནི་འབྱུང་བ་འཁྱུགས་པ་དང་། འཁྱུལ་བ་དང་། འཕྲིས་པ་དང་། འཁྱོགས་པ་དང་། འཁྲིལ་བ་དང་། འཁིལ་བ་དང་། ལྗར་བ་དང་། གཤར་བ་དང་། ཞ་བ་དང་། ལྡེམས་པ་དང་། འབུས་པ་དང་། འཁྲིས་པ་དང་། འཆུས་པ་ལ་སོགས་པ་ཐ་དད་པའི་དབང་གིས་སོ་སོར་རྟོག་པ་དང་། གཞན་ཡང་མིང་དང་། བརྡ་དང་། མཚན་མ་དང་། ཐ་སྙད་དང་། བཏགས་པ་སྣ་ཚོགས་ཀྱི་རྗེས་སུ་འཇུག་ཅིང་སོ་སོའི་མཚན་ཉིད་མཐའ་ཡས་པའི་རྗེས་སུ་རྟོག་མཐའ་མངས་པ་དང་། དཔྱོད་མཐའ་ཆེར་འགྲོ་བ་དག་གི་རྒྱུས་ཐམས་ཅད་མཁྱེན་པ་དག་གི་རྒྱུར་འགྲོ་ཞེས་ཟེར་བ་དག་ཡོད་དེ། ལང་ཀའི་བདག་པོ་དེ་དག་ལ་ནི་ཤིན་ཏུ་ཞིབ་པ། ཆེས་ཞིབ་པ་ཞེས་མི་བྱའི། དེ་དག་ནི་རྩིང་བ། ཆེས་རྩིང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བླུན་པོ་གང་དག་བྱེ་མ་ལ་གསེར་ཕྱེ་བཙག་པར་འདོད་ན་ལྷང་ཚེར་ལ་གསེར་ཕྱིར་འདུ་ཤེས་ཏེ་ཚོལ་བ་བཞིན། རྣམ་པ་ཐམས་ཅད་མཐོང་ཞིང་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་རྣམ་པ་ཐམས་ཅད་ཡོད་དེ་ཡེ་ཤེས་མེད་པའི་ཕྱིར་རོ། །ལང་ཀའི་བདག་པོ་གང་བློ་ཞིབ་པ། ཆེས་ཞིབ་པ་ནི་འདི་ལྟ་སྟེ། ཆོས་གཅིག་གི་ཆོས་ཉིད་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པས་སོ། །གང་རྡུལ་ཕྲ་རབ་དང་། དབྱིངས་སྣ་ཚོགས་དང་། མིང་དང་། བརྡ་དང་། མཚན་མ་དང་། ཐ་སྙད་དང་། བཏགས་པ་ཐམས་ཅད་ངང་གིས་ཤེས་པར་འགྱུར་ཏེ། དེ་ལ་ནི་རྣམ་པ་ཐམས་ཅད་དང་། ཡེ་ཤེས་གཉིས་སུ་མེད་པ། གཉིས་ཀྱི་ངོ་བོ་ལས་གྲོལ་བར་ཡོད་པའི་ཕྱིར་མ་མཐོང་མི་ཤེས་པའི་ཆོས་གཅིག་ཀྱང་མེད་དོ། །ལང་ཀའི་བདག་པོ་བློ་ཟབ་པ། ཆེས་ཟབ་པ་ནི་གང་ཞེ་ན། གང་ལ་ལ་དག་ཆོས་ཐམས་ཅད་ལ་མུ་དང་། གཏིང་དང་། མཐའ་དང་། དབུས་ཚོལ་ཞིང་འབྱེད་པ་དག་ཡོད་དེ། དེ་དག་ནི་བློ་ཟབ་པ་ཆེས་ཟབ་པ་ཞེས་མི་བྱའི། ཐུག་པ་ཉིད་དུ་ཐུག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་འཁྲུལ་པ་དག་སྨིག་རྒྱུ་ལ་ཆུར་འདུ་ཤེས་ཏེ་སྙེག་པའམ། ལྡོངས་པ་དག་ནམ་མཁའི་མཐའ་ཚོལ་བ་བཞིན། ཆོས་ཐམས་ཅད་ཀྱི་མུ་དང་། གཏིང་དང་། མཐའ་དང་། དབུས་བཙལ་བས་ཀྱང་མི་རྙེད་ལ་དབྱེ་བར་ཡང་མེད་དོ། །ལང་ཀའི་བདག་པོ་འོན་ཏང་ནི་ཆོས་ཐམས་ཅད་ལ་མུ་དང་གཏིང་མེད་པ། མཐའ་དང་དབུས་མེད་པར་ཆུབ་པ་གང་ཡིན་པ་དེ་ནི་བློ་ཟབ་པ། ཆེས་ཟབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀུན་གྱི་དགོངས་པ་ཐམས་ཅད་ནི་རྟོག་དཔྱོད་དང་བྲལ་བའོ། །ལང་ཀའི་བདག་པོ་དེའི་ཕྱིར་གསང་སྔགས་ཀྱི་ངོ་བོ་ལ་ནི་རབ་ཏུ་དཔག་པར་དཀའ་བའི་ཕྱིར་བློ་ཞིབ་པ། ཆེས་ཞིབ་པ། ཟབ་པ་ཆེས་ཟབ་པས་བལྟ་བར་བྱའོ། །སྨྲས་པ། གསང་བ་པའི་བདག་པོ་གསང་བའི་དབྱིངས་དེ་དཔེ་གང་ལས་ལྟོས་ཏེ་ཤེས་པར་བྱ། སྨྲས་པ། ལང་ཀའི་བདག་པོ་གསང་བའི་དབྱིངས་དེར་དཔེར་བྱ་བ་ནི་འཇིག་རྟེན་ན་མེད་དོ། །རེ་ཞིག་དཔེར་ཉེ་བར་མངོན་སུམ་པར་བྱ་ན་ནམ་མཁའ་ལ་གཟུང་བར་བྱ་སྟེ། ནམ་མཁས་ཀྱང་བསྒྲུན་དུ་ཡོད་པ་མ་ཡིན་ཏེ། འཇིག་རྟེན་ན་མངོན་སུམ་པའི་དཔེར་དེ་ལས་མེད་པའི་ཕྱིར་དཔེར་ནམ་མཁའ་ལས་ལྟོས་ཏེ་དེ་ལས་ཤེས་པར་བྱའོ་ཞེས་དམ་པ་རྣམས་ཀྱིས་བཤད་དོ། །སྨྲས་པ། གསང་བ་པའི་བདག་པོ་གསང་བ་པའི་དབྱིངས་དང་ནམ་མཁའ་གཉིས་ཆོས་ཇི་ལྟར་མཐུན་པར་སྦྱར་བར་བྱས། སྨྲས་པ། ལང་ཀའི་བདག་པོ་གསང་བའི་དབྱིངས་དང་ནམ་མཁའ་ཉིད་ཀུན་དུ་ཆོས་མཐུན་པ་ནི་མ་ཡིན་ཏེ། རང་རིག་སྟོང་པ་ཉིད་དང་། རིག་མེད་སྟོང་པ་ཉིད་ཀྱི་ཕྱིར་རོ། །སྨྲས་པ། གསང་བ་པའི་བདག་པོ་འོ་ན་ཅིག་གསང་བའི་དབྱིངས་དེར་ནམ་མཁའ་མ་འདུས་པ་ཞིག་གམ། སྨྲས་པ། ལང་ཀའི་བདག་པོ་དེ་ཇི་སྙམ་དུ་སེམས། གསང་བའི་དབྱིངས་དེར་ནི་ནམ་མཁའ་འདུས་ལ། ནམ་མཁའི་ཁོངས་སུ་ནི་གསང་བའི་དབྱིངས་མ་འདུས་སོ། །སྨྲས་པ། གསང་བ་པའི་བདག་པོ་ནམ་མཁའ་གང་ལགས། སྨྲས་པ། ལང་ཀའི་བདག་པོ་ནམ་མཁའ་ནི་གང་གི་སྐབས་ཡོད་པ་ཁོ་ནའོ། །སྨྲས་པ། གསང་བ་པའི་བདག་པོ་འོ་ན་ཅིག་གསང་བའི་དབྱིངས་དེ་ནམ་མཁས་ཇི་ལྟར་མཚོན་ཏེ་ཤེས་པར་འགྱུར། སྨྲས་པ། ལང་ཀའི་བདག་པོ་ཆོས་མཐུན་པའི་དཔེ་ཉེ་བར་བཟུང་བ་སྟེ། གང་གི་གོ་སྐབས་ཡོད་པ་དང་མེད་པ་ལ་ཟད་མི་ཤེས་པ་དང་། སྟོང་པ་ལ་ཐམས་ཅད་འབྱུང་བ་སྟེ། ཕྱོགས་ཙམ་དུ་ཆོས་དེ་དག་མཐུན་ཀྱང་རང་རིག་པའི་དཔེར་ནི་ཕྱོགས་མེད་དོ། །གསང་བའི་དབྱིངས་དེ་ནི་ཐམས་ཅད་རང་རིག་པའི་ཕྱིར་རང་འབྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡེ་ཤེས་དེ་ལ་ནི་སྐབས་ཁ་ཅིག་ཏུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་རྣམ་དག་གསལ་བའི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱའོ། །ལང་ཀའི་བདག་པོ་དེ་དག་ལ་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཆེན་པོ་ལྟ་བུའི་ཡེ་ཤེས་དང་། སྣ་ཚོགས་བཀོད་པའི་ཡེ་ཤེས་དང་། ཡིད་བཞིན་ནོར་བུའི་ཡེ་ཤེས་ཞེས་ཀྱང་བྱའོ། །ལང་ཀའི་བདག་པོ་མེ་ལོང་ནི་ཆོས་མཐུན་པའི་དཔེ་ཉེ་བར་བཟུང་བ་སྟེ། སྐྱོན་སེལ་བ་དང་། ལེགས་པ་སྐྱེད་པ་དང་། གསལ་བར་བྱེད་པ་དང་། གཟུགས་བརྙན་འབྱུང་བ་དང་། རྩོལ་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། ལྡན་པ་མ་ཡིན་པ་དང་། མི་ལྡན་པ་མ་ཡིན་པ་དང་། མི་ཉེ་བ་དང་། མི་རིང་བ་དང་། ཀུན་ནས་འབྱུང་བ་དང་། ཚད་ཡོངས་སུ་མ་ཆད་པ་དང་། གཞན་མ་ཡིན་པ་དང་། བསྒྲིབས་པ་མ་ཡིན་པ་དང་། མུན་པ་མ་ཡིན་པ་དང་། བསྐལ་པ་མ་ཡིན་པ་སྟེ། ལང་ཀའི་བདག་པོ་ཕྱོགས་ཙམ་དུ་ཆོས་དེ་དག་མཐུན་ཀྱང་རང་རིག་པ་ཉིད་ཀྱི་དཔེར་ནི་ཕྱོགས་མེད་དོ། །ལང་ཀའི་བདག་པོ་ཆེན་པོ་ནི་ཆོས་མཐུན་པའི་དཔེ་ཉེ་བར་བཟུང་བ་སྟེ། ཡོངས་སུ་རྫོགས་པར་རིག་པ་ཉིད་དེ། ཆེ་ཆུང་མེད་པར་ཡོངས་སུ་རྫོགས་པ་དང་། རིང་ཐུང་མེད་པ་དང་། བཟང་ངན་མེད་པ་དང་། སྐྱོན་ཡོན་མེད་པ་དང་། བླང་དོར་མེད་པ་དང་། ལེགས་ཉེས་མེད་པ་དང་། གཙང་སྨེ་མེད་པ་དང་། བདེ་སྡུག་མེད་པ་དང་། མཐོ་དམན་མེད་པ་དང་། ཡངས་དོག་མེད་པ་དང་། སྒྲོ་སྐུར་མེད་པ་དང་། འདྲེས་པ་མེད་པ་དང་། མི་ཕྱེད་པར་ཡོངས་སུ་རྫོགས་པ་སྟེ། ལང་ཀའི་བདག་པོ་ཕྱོགས་ཙམ་དུ་ཆོས་དེ་དག་མཐུན་ཀྱང་རང་རིག་པ་ཉིད་ཀྱི་དཔེར་ནི་ཕྱོགས་མེད་དོ། །ལང་ཀའི་བདག་པོ་སྣ་ཚོགས་བཀོད་པ་ནི། ཆོས་མཐུན་པའི་དཔེར་ཉེ་བར་བཟུང་བ་སྟེ། གནས་པ་དང་། འཇུག་པ་དང་། མ་འདྲེས་པ་དང་། གསལ་བ་དང་། རྣམ་པར་ཕྱེ་བ་དང་། ལོངས་སྤྱོད་སྣ་ཚོགས་དང་། སྣང་བ་དང་། ཀུན་དུ་མ་རྨོངས་པ་སྟེ། ལང་ཀའི་བདག་པོ་ཕྱོགས་ཙམ་དུ་ཆོས་དེ་དག་མཐུན་ཀྱང་རང་རིག་པ་ཉིད་ཀྱི་དཔེར་ནི་ཕྱོགས་མེད་དོ། །ལང་ཀའི་བདག་པོ་ནོར་བུ་རིན་པོ་ཆེ་ནི་ཆོས་མཐུན་པའི་དཔེ་ཉེ་བར་བཟུང་བ་སྟེ་རྣམ་པར་མི་རྟོག་པ་དང་། བྱ་བ་བྱེད་པ་དང་། འདོད་པ་འབྱུང་བ་དང་། དགོས་པ་ཚང་བ་དང་། རེ་བ་སྐོང་བ་དང་། རྒྱུན་མི་འཆད་པ་དང་། དགའ་བ་སྐྱེད་པ་དང་། མི་ཟེད་པ་དང་། བདེ་བ་ལ་འགོད་པ་དང་། ཐམས་ཅད་དུ་གྲུབ་པ་དང་། ཐོགས་པ་མེད་པ་དང་། མི་སྐྱོར་བ་དང་། རབ་ཏུ་སྦྱིན་པ་དང་། དགོས་པ་གྲུབ་པ་སྟེ། ལང་ཀའི་བདག་པོ་ཆོས་དེ་དག་ཕྱོགས་ཙམ་དུ་མཐུན་ཀྱང་རང་རིག་པ་ཉིད་ཀྱི་དཔེར་ནི་ཕྱོགས་མེད་དོ། །སྨྲས་པ། གསང་བ་པའི་བདག་པོ་ཡེ་ཤེས་ཞེས་བྱ་དེ་གང་དོན་གྱི་དབང་གང་གི་ཚིག་བླ་དགས་ལགས། སྨྲས་པ། ལང་ཀའི་བདག་པོ་ཆོས་ཐམས་ཅད་ཡེ་ཇི་བཞིན་པའི་དོན་ཕྱིན་ཅི་མ་ལོག་པའི་སྐྱེ་འགག་མེད་པར་མཁྱེན་པ་ལས་བཏགས་པས་ན་དེ་ན་དོན་གྱི་དབང་དེ་ཁོ་ནའི་ཚིག་བླ་དགས་སུ་ཤེས་པར་བྱའོ། །ལང་ཀའི་བདག་པོ་ཡང་འདི་ལྟར་ནམ་མཁའ་ལྟ་བུར་གྱུར་པ་དང་། མེ་ལོང་ལྟ་བུར་གྱུར་པ་དང་། འཇའ་ཚོན་ལྟ་བུར་གྱུར་པ་དང་། དབྱིབས་དང་། ཁ་དོག་ལྟ་བུར་གྱུར་པ་དང་། སྤྲིན་རླངས་ལྟ་བུར་གྱུར་པ་དང ། མ་བཅོས་བར་སྣང་བ་དེ་ཕྱོགས་ཙམ་དུ་ཆོས་དེ་དག་མཐུན་ཀྱང་རང་རིག་པ་ཉིད་ཀྱི་དཔེར་ནི་ཕྱོགས་མེད་དོ། །ལང་ཀའི་བདག་པོ་ཐམས་ཅད་གསལ་བ་དང་། སྒོ་མི་འགག་པ་དང་། ཆོ་འཕྲུལ་འབྱུང་བ་དང་། གཅིག་ཏུ་སྡུད་པ་དང་། ཕུན་སུམ་ཚོགས་པ་སྟེ་དེ་དག་ནི་བྱ་བ་བྱེད་པར་རིག་པར་བྱའོ། །ལང་ཀའི་བདག་པོ་མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། མ་འདྲེས་པ་ཡོངས་སུ་རྫོགས་པའི་རིལ་དང་། རྒྱུན་དང་། དམིགས་པ་མེད་པ་སྟེ། དེ་དག་ནི་བལྟ་བར་སྣང་བར་རིག་པར་བྱའོ། །ལང་ཀའི་བདག་པོ་མ་འགགས་པ་དང་། མ་འཕྲོས་པ་དང་། མ་འཚོལ་བ་དང་། མ་ལུས་པ་དང་། རྒྱུར་གྱུར་པ་སྟེ་དེ་དག་ནི་རྩལ་གྱི་ནུས་པར་རིག་པར་བྱའོ། །ལང་ཀའི་བདག་པོ་དེ་ལྟར་ན་སེམས་ལས་ནི་སེམས་སྣང་བ་ཡིན་ལ། སྣང་བ་ནི་ཡེ་ཤེས་ངོས་ཟིན་པར་བྱ་སྟེ། དེ་དག་ཀྱང་གསང་བ་དམ་པ་དེ་ཁོ་ན་ཉིད་ཀྱི་བྱིན་གྱི་བརླབས་སྣང་བར་རིག་པར་བྱའོ་ཞེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཐུགས་ཡོངས་སུ་རྟོག་པའི་ཐེ་ཚོམ་ཆད་དོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཐུགས་ཡེ་ཤེས་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།


previousཐུགས་ཡེ་ཤེས་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གཉིས་པ།next