Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུལ་དམ་པ་ལ་འཇུག་པའི་ལེའུ་སྟེ་དྲུག་ཅུ་གཉིས་པ།
   
   
   
   
   
   
   
   
   
   
   
   


 
previousཡུལ་དམ་པ་ལ་འཇུག་པའི་ལེའུ་སྟེ་དྲུག་ཅུ་གཉིས་པ།next

ཡུལ་དམ་པ་ལ་འཇུག་པའི་ལེའུ་སྟེ་དྲུག་ཅུ་གཉིས་པ།

དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་དམན་པ་དམ་པ་རྣམས་ཀྱིས་གསང་བ་པའི་བདག་པོ་ལ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཡུལ་ལ་འཇུག་པར་བྱའོ་ཞེས་དམ་བཅའ་བར་དགོངས་པ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་ཡོངས་སུ་དྲིས་པ་ལས། །གསང་བ་པའི་བདག་པོས་ཡོངས་སུ་སྨྲས་པ། ཀྱེ་གྲོགས་པོ་དག་ཡུལ་ནི་འདི་ལྟར་གང་གི་ཞིང་ཡོངས་སུ་སྦྱོང་བར་འདོད་པ་རྣམས་ཀྱིས་གང་དུ་དགོངས་པའི་ཡུལ་དེ་ཁོ་ན་ཉིད་དང་། གང་ལ་འབྱུང་བའི་ཡུལ་མཐའ་ཡས་པའི་འཁོར་བ་རྣམས་ལ་འཇུག་པར་བྱའོ། །དེ་ནི་དཔེར་ན་བཙོ་བླག་མཁན་དག་གིས། །རས་སྦྱངས་གང་དུ་བྱ་བ་འཛིན་པ་ལྟར། །གང་འདིར་ལས་ཀྱི་དང་པོ་ལས། །གང་དེ་སྦྱར་བ་རབ་ཏུ་གཅེས། །དེ་སྐད་ཅེས་སྨྲས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལང་ཀའི་བདག་པོ་དེས་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་གང་ཐམས་ཅད་ནས་ཐམས་ཅད་དུ་ཡེ་ནས་སངས་རྒྱས་བས་ན་ད་གདོད་སངས་རྒྱས་པར་བྱར་མེད་ཕན་ཅད་དགོངས་པའི་ཡུལ་ལ་སྦྱོར་བ་དང་། སྙིང་རྗེའི་ཡུལ་དུ་གྱུར་པ་གང་ཡང་མེད་ལགས་ན། འདིར་སྙིང་རྗེའི་ཡུལ་དུ་གྱུར་པ་གང་ལགས། སུ་ཞིག་སྙིང་རྗེའི་ཡུལ་དུ་གྱུར་དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་དེ་དེ་ལྟར་ཀུན་ཀྱང་ཡེ་སངས་རྒྱས་ཕན་ཆད་དེ་ཁོ་ན་ཉིད་བས་སྙིང་རྗེའི་ཡུལ་དང་དགོངས་པའི་ཡུལ་གང་ཡང་མེད་ན་ཡང་གང་ཇི་ལྟར་ཡང་ཆོས་ཉིད་ལས་མི་འདའ་བའི་ཚུལ་གྱིས་གང་དང་ཡང་འགལ་ཞིང་འགལ་བར་མི་བྱའོ། །ནང་གི་དོན་ཉིད་བྱེད་པ་ནི་དམ་ཚིག་ཆེན་པོ་ཡིན་ལ། ཡེ་ནས་སངས་རྒྱས་པས་དོན་བྱར་མེད་པ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །དགོངས་པ་དམ་པ་ལ་འཇུག་མི་དགོས་པར་ཤེས་པ་ནི་དགོངས་པ་དམ་པའི་ཡུལ་དེ་ཁོ་ན་ཉིད་ལ་ཞུགས་པ་ཉིད་དུ་རིག་པར་བྱའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། དགོངས་པ་དམ་པར་གང་བཞུགས་པ། །ཟབ་པ་བས་ཀྱང་ཆེས་ཟབ་པས། །དེ་ཉིད་གཏིང་ནས་ཐག་གཅད་ཕྱིར། །གསང་བའི་ཡུལ་བཞི་སྐྱེ་བོ་དང་། །ལྷན་ཅིག་ཅི་ལའང་མི་བརྣལ་ལོ། །དེ་ཡང་ཡོངས་སུ་རྫོགས་པ་གང་། །བྱ་བས་བྱ་བ་མེད་ན་ཡང་། །དེ་ཡི་རང་བཞིན་ཕན་གཞན་པ། །ཡིན་པས་གང་འདིར་ཕན་པར་བྱ། །གང་གི་དོན་དང་འགལ་འགྱུར་བ། །དེ་ལས་གྱུར་པའི་ཡོ་བྱད་དག །རུས་སྦལ་མགོ་ལ་འོངས་པ་ལྟར། །མུ་མཐའ་མེད་པས་བཤུག་པར་བྱ། །ཅི་ཕྱིར་ཀུན་དུ་རྣལ་འབྱོར་པས། །རྣལ་འབྱོར་དམ་པ་ཉིད་ལས་མིན། །གལ་ཏེ་གང་གི་དབང་གིས་ན། །དམ་པའི་དོན་དང་འགལ་འགྱུར་ཏེ། །དེ་དང་མི་མཐུན་ཉེན་ཆེན་འབྱུང་། །གལ་ཏེ་དེ་ལ་དེ་འབྱུང་ན། །མགོན་བཙུན་དེ་ལ་དེ་ལས་མེད། །དེ་གང་མ་ཟིན་འབན་ཐག་ཆད། །གང་གི་དོན་དུ་གང་འགྱུར་ན། །ཕྲ་མོའི་ཕྲ་མོ་ཕྲ་ཡན་ཆད། །ཐམས་ཅད་ཐམས་ཅད་ཇི་ལྟ་བར། །ནན་ཏན་གྱིས་ནི་དགའ་ནས་བྱ། །སློང་མོ་པ་དང་སློང་ལ་དགའ། །སློང་ལ་འཚོ་བའི་ཚེ་སྤྱོད་རྣམས། །སྡེ་དང་ཚན་དང་གྲར་བྱས་ཏེ། །སྙིང་རྗེ་ཁུད་པའི་ཞིང་དུ་བྱ། །སྨན་དང་འབྲུ་དང་རྩི་རྣམས་དང་། །བཅུད་ཀྱི་མཆོག་ཏུ་གྱུར་པ་དག །བཏགས་སམ་ཕྱེ་མར་བྱས་ནས་ཀྱང་། །ཀླུང་ངམ་ཆུ་གང་མཚོ་ཆེན་དུ། །དོར་ཏེ་ཆགས་མེད་སྦྱིན་པར་བྱ། །གང་གི་རྟེན་དུ་ཁས་བླངས་ཏེ། །ནད་གསོ་གང་སློབ་སྤྱོད་སྒོམ་གྲ། །བཙུགས་ཏེ་བསྟི་གནས་མཆོག་བྱ་ཞིང་། །དུས་ཀྱི་འཁོར་ལོའི་མཆོད་སྦྱིན་བྱ། །གང་ལ་དམ་པའི་ལུང་བྱུང་བ། །གསུང་གི་མཆོད་རྟེན་ཀུན་རྟེན་ཏེ། །བརྗོད་དང་བསྙེན་བཀུར་བསྟི་གནས་ཀྱིས། །རྒྱ་ཆེ་ཡངས་པའི་ལམ་རྣམས་བྱ། །གང་གི་དམ་པ་འཕེལ་འགྱུར་བ། །འདི་ལྟར་ངེས་པའི་དམ་པ་དག །སྨྲའམ་སྦྱིན་ནམ་བསྟན་ནམ་ཁྲིད། །དེ་ཡི་ཡེ་ཤེས་ཚད་མེད་འགྱུར། །གོམས་དང་གོམས་པར་བྱེད་པ་ཡིས། །གང་དེ་དག་པར་བྱ་བའི་ཕྱིར། །བསམ་ཡུལ་བྱ་བ་མང་པོ་ལ། །དེ་ཉིད་ཡུལ་གྱི་རྩལ་རྣམས་སྦྱང་། །དམ་པའི་འཁོར་ལོ་རབ་བསྐོར་ཏེ། །རྒྱུད་སྦྱང་ལྷག་པའི་ཤེས་རབ་བལྟ། །ཤོ་གམ་སྲང་དང་ཤོ་གམ་ལམ། །མི་བདེའི་གནོད་པ་ཀུན་བསལ་ཏེ། །ཚད་མེད་སྙིང་རྗེའི་འཁོར་ལོ་བསྐོར། །སྦྱིན་པའི་འཁོར་ལོ་རྒྱུན་མི་གཅད། །ཆུ་འམ་ས་འམ་ནམ་མཁའ་འམ། །མེ་འམ་དེ་བཞིན་རླུང་རྣམས་ལ། །སྐུ་གདུང་སྤེལ་མཆོད་རིང་བསྲེལ་རྣམས། །བརྩམ་པའི་ལས་ཆེན་འཁོར་ལོར་བྱ། །མཚམས་མེད་ཟློག་པར་བྱེད་པ་ཡི། །ལུས་སེམས་རྒྱུད་ལ་རྡུལ་རླགས་ཏེ། །འཕགས་པའི་སྤྲིན་ཚོགས་ཕོ་བྲང་དུ། །རྡུལ་སྙེད་ལུས་ཀྱིས་མཆོད་སེམས་བཤགས། །རྒྱལ་མཉེས་ལས་ཀྱི་ཤིང་བསྲེགས་པ། །ཐབས་ཆེན་སྦྱོར་བའི་ལམ་ཆེན་ལས། །རྣམ་བཞི་མེ་ཡི་ལས་མཆོག་བྱ། །དེས་ནི་མཚམས་མེད་བཟློག་པ་ཡིན། །སྙིང་རྗེ་འབྱུང་བའི་དཀྱིལ་འཁོར་དག །གང་ལྟར་གོམས་ལྟར་ནན་ཏན་བྱ། །དེ་ལ་སོགས་པའི་རྩ་བ་དག །དོན་དུ་མི་འགྱུར་ཀུན་སྤངས་ཏེ། །ནན་ཏན་ཚོགས་ཀྱི་དཔུང་ཆེན་བསྐྱེད། །འདི་ལྟར་ལས་ཀྱི་ལྔར་སོགས་པ། །གཞན་དུ་སྤྱོད་པ་མ་ཡིན་ཏེ། །རྩེ་གཅིག་དོན་ལྡན་རྣལ་འབྱོར་པ། །རྒྱུད་སྦྱོང་དོན་ལྡན་བྱ་ཕྱིར་དང་། །གལ་ཏེ་རྩལ་ཞན་མ་ལྡན་ན། །དགེ་བསགས་སྟང་ཆེན་ཀུན་བསྔོངས་ཏེ། །གང་འདིར་བསགས་པའི་དོན་བགྲངས་ཤིང་། །གདུང་བའི་ཤུགས་ཕྱུང་རྩལ་སྤྲུགས་ན། །ཉི་ཤར་ཆུ་ཀླུང་ཟླ་བརྙན་ལྟར། །རང་བཞིན་ཤུགས་ཀྱིས་འབྱུང་བར་གཅེས། །དེ་ཕྱིར་ཆུང་ངུ་ཡན་ཆད་ཀྱང་། །དམ་པའི་དོན་དུ་འགྱུར་བར་བྱ། །གང་འདིར་ཟིན་དང་མ་ཟིན་པའི། །དངོས་པོ་བརྟན་གཡོ་ལ་སོགས་ཀུན། །དེ་བཞིན་ཉིད་དུ་བློ་བཞག་ན། །སྙིང་རྗེ་ཆེན་པོ་དེ་ཉིད་དོ། །ལང་ཀའི་བདག་པོ་དེ་ལྟར་ན། །ཡུལ་གང་མེད་པའི་ཚུལ་གྱིས་ནི། །འཇུག་པ་མེད་ལས་གང་འཇུག་པ། །ཡུལ་ལ་འཇུག་པ་དམ་པའོ། །དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་གང་གི་རྒྱུན་དུ་ཡུལ་ལ་འཇུག་པའི་ངེས་པ་དམ་པ་རྙེད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཡུལ་དམ་པ་ལ་འཇུག་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། །།


previousཡུལ་དམ་པ་ལ་འཇུག་པའི་ལེའུ་སྟེ་དྲུག་ཅུ་གཉིས་པ།next