Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྙེན་བཀུར་དམ་པ་མཆོག་གི་ལེའུ་སྟེ་དྲུག་ཅུ་བདུན་པ།
   
   
   
   
   
   
   


 
previousབསྙེན་བཀུར་དམ་པ་མཆོག་གི་ལེའུ་སྟེ་དྲུག་ཅུ་བདུན་པ།next

བསྙེན་བཀུར་དམ་པ་མཆོག་གི་ལེའུ་སྟེ་དྲུག་ཅུ་བདུན་པ།

དེ་ནས་ཡང་གསང་བ་པའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དམ་པ་དག་རྒྱུད་ཡོངས་སུ་གྲོལ་བ་ནི་དམ་པ་ལ་རག་ལས་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། བླ་མེད་སྙིང་པོ་སྨིན་པའི་རྐྱེན། །བློ་གྲོས་ཆེན་པོ་དྲི་བའི་ཡུལ། །ལམ་སྟོར་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མའི་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམ་ཤེས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་རྟེན་པའི་མཁར། །འཁོར་བའི་གཅོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་ལེན་བྱེད་པའི། །དེད་དཔོན་དམ་པའི་བླ་མ་དེ། །སྔོན་དུ་ངེས་པར་ཤེས་པར་བྱ། །སྡེ་མཛོད་གཏེར་ཁྱིམ་ཁང་ཆེན་དང་། །རྣམ་འགྲེལ་ལྡེ་མིག་བཅུ་གཉིས་དང་། །ངེས་མདོ་དམ་པ་དེ་ཉིད་བཅུ། །མཐའ་བཅུ་ཡན་ལག་མདོ་རྩ་བ། །གང་འདིར་སྐབས་བཅུ་རྫོགས་ལྡན་ནམ། །སྐྱོན་གྱི་མཐའ་རྣམས་ཟད་འགྱུར་ཞིང་། །ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །དམ་པའི་ཚད་ལ་བབ་མ་བབས། །དེ་ལ་བཤེས་གཉེན་མགོན་བལྟས་ན། །མཐར་ཆུབ་ཡོངས་སུ་རྫོགས་ཞེའམ། །གང་རིག་དེ་ཡུལ་མ་ཡིན་པར། །ཐབས་དང་ཡན་ལག་བཅས་པ་ཡིས། །གཞན་གྱི་ཡུལ་ནས་བརྟག་པར་བྱ། །བརྟགས་པས་བསྔོ་བ་ཀུན་ལྡན་ན། །གཞན་གྱི་ཡུལ་ལ་འགྲོ་མི་བྱ། །དམ་པའི་ཡོ་བྱད་ལྔ་རྫོགས་ན། །དམན་པའི་ཡོ་བྱད་མེད་ལ་མིན། །ངེས་པར་ཀུན་དུ་བཟང་ཉིད་ན། །གང་གི་བལྟ་ཡུལ་ངན་ལ་མིན། །སྒྲོན་མེ་འཚུབ་རླུང་བསྐྱོད་ལ་མིན། །འདོད་འཆལ་ཚིག་འཆལ་དམན་ལ་མིན། །བླུན་རྨུགས་རྨོངས་ལ་ག་ལ་སྲིད། །འཇིག་རྟེན་པའི་སྐྱོན་དེ་བཞིན་དུ། །དམ་པ་དེ་དག་ཇི་ལྟར་ཡང་། །ས་མཁན་ལམ་ལ་མཁས་ངེས་ན། །ཇི་ལྟར་བཟོད་པར་བྱ་དཀའ་ཡང་། །ཐམས་ཅད་ཐམས་ཅད་བཟོད་པ་བྱ། །དམ་པ་འདི་ནི་ས་མཁན་ཏེ། །འདི་ནི་བདག་གི་མགོན་ཡིན་པས། །འཇིག་རྟེན་པ་ཡི་ཐ་སྙད་ཀུན། །ངེས་པར་ཐམས་ཅད་སྒྱུ་མ་ཡིན། །གང་འདིར་གྱི་ན་ཙམ་འདི་དག །དམ་པར་གང་ལ་འགོག་མ་ཡིན། །སྐད་ཅིག་ཙམ་གྱིས་མཐོང་འདི་ལ། །དེ་ལྟ་ཞིག་ན་འདི་ལྟ་ལ། །དེ་སྲིད་ཙམ་དུ་བཟོད་པར་ཟད། །ཅི་གར་གར་ཅིག་འབྱུང་འཇོམས་སྒྲུབས། །ལོག་པས་གྱིན་ད་གྱིན་ད་འདི། །དམ་པའི་དོན་དུ་མི་སྦྱོར་རམ། །སྙམ་དུ་བརྟགས་ཏེ་དམ་པར་བྱ། །ཡུན་གྱི་དོན་སྲིད་ཆེན་པོ་ལ། །དམིགས་ནས་བློ་གྲོས་ཕྱིར་བསྐྱེད་དེ། །བདེ་མཆོག་བདེ་བའི་དམ་པ་དང་། །སྐད་ཅིག་ཙམ་གྱི་ཐ་སྙད་འདིས། །བཏང་སྙོམས་བྱ་བ་ག་ལ་སྲིད། །གང་འདིར་མགོན་མེད་བདག་འཁྱམས་ན། །གང་གིས་ཕྱོགས་འདི་དག་ལ་ནི། །ཕན་འབྱུང་རིགས་ཅན་སུ་ག་ན། །དམ་པ་མ་གཏོགས་གཅིག་འགའ་མེད། །འདི་ན་ཕན་དང་མགོན་མང་ཞིང་། །དམན་པར་འབྲེལ་པ་གང་ཡོད་ཀྱང་། །ལོག་པར་བསྒྲུབ་པའི་བློ་གྲོས་མཁན། །གཡང་སར་མཆོངས་བའི་སྔ་བགྲོས་མཁན། །དོན་ལ་འགོག་སྙམ་ཡོད་མིན་ཏེ། །བཤེས་གཉེན་སྐྱབས་མེད་ཅི་སླད་དུ། །ཀུན་ཀྱང་དམངས་རིགས་གྲོང་ཁྱེར་འགྲོ། །བྱམས་བློའི་ཡུལ་དུ་ག་ལ་རུང་། །གང་འདིར་མུན་པར་འཁྱམས་པ་ལ། །བདེ་མཆོག་སྣང་བའི་ལམ་སྟོན་པ། །སྐྱབས་ཆེན་དམ་པ་གང་དེ་ལགས། །གཞན་གྱིས་བསྐྱབ་པར་ནུས་མ་ཡིན། །དེས་ན་དམ་པ་གང་དག་ལ། །བསྙེན་པས་ཤིན་ཏུ་བསྟེན་པར་བྱ། །གང་འདིར་སྣང་བའི་ཚུལ་འབྱུང་ན། །དམ་པ་ཉིད་དུ་འདུན་པར་གསོལ། །དམ་པ་སྣང་བ་ཐོབ་ཕན་ཆད། །དམ་པ་དེ་ལས་འགལ་འགྱུར་ལས། །རྡུལ་གྱི་ཆ་ཡང་མི་བྱའོ། །རྒྱ་མི་བཅག་ཅིང་ལུང་མི་བོར། །འདུན་པ་ནས་བཟུང་ལས་རུང་བའི། །བར་དུ་དེ་ལ་ལྟོས་དགོས་སོ། །གང་འདིར་ངོ་གང་མ་ཟིན་པས། །བཏང་སྙོམས་ཙམ་དུ་ཚུལ་བསད་ན། །དེ་ལ་དམ་པའི་དོན་མེད་དེ། །དེ་རྐྱེན་དེ་དང་མི་ལྡན་པས། །བསླབ་པའི་ཡུལ་བཟླས་ཐེ་ཚོམ་ཟོས། །ལེ་ལོས་ཡུལ་ལ་མི་བརྩོན་ཞིང་། །ཕྱལ་བས་དེ་ལ་མ་གུས་པས། །ཤེས་བྱ་མུན་པའི་ཚོགས་ཀྱིས་བསྒྲིབས། །གང་གིས་ནམ་མཐོང་ཐིབས་ཀྱིས་འགགས། །གང་ལ་བྱིས་པ་ཤེས་མི་འབྱེ། །མདུད་པའི་བཅིང་བ་དེ་ལ་བྱུང་། །ཤེས་རྒྱུད་གྲོལ་བར་ག་ལ་སྲིད། །དམ་པའི་ཡོ་བྱད་ལྔ་དབུལ་བའི། །ཕོངས་བ་དེ་ཡིས་གཞན་བསྒྲལ་ན། །དེ་ཡང་དབུལ་པོ་ཉིད་དུ་འགྱུར། །འཚོ་བ་དམ་པ་དང་བྲལ་བས། །ལོངས་སྤྱོད་ཆེན་པོས་ཕོངས་པ་ཡི། །མུ་གེའི་དགོན་པ་ཉིད་དུ་ལྟུང་། །དེ་ལྟའི་གང་ཟག་དམན་པ་དེ། །དམ་པར་གཟུང་བར་གྱུར་ཕན་ཆད། །དམ་པར་ངེས་དང་མ་ངེས་ཀྱང་། །བཀའ་བཅག་ལུགས་པོར་ག་ལ་སྲིད། །གལ་ཏེ་དེ་ཡི་རྒྱ་ཉམས་ན། །དམྱལ་བ་རྡོ་རྗེར་དེ་འགྲོ་སྟེ། །མི་བཟད་སྡུག་བསྔལ་མྱོང་བར་འགྱུར། །དམྱལ་བསྲུང་ཁྱི་ནི་ལུ་དེ་ཞེས། །གྲགས་པ་སེང་གེ་གཟུགས་འདྲ་བ། །མཆེ་བ་གཟངས་རིངས་དབལ་རྣོ་བས། །རྦད་ཅིང་མཚོན་ཆའི་ལམ་དུ་བདས། །སྤུ་གྲི་རྣོ་དབལ་རལ་གྲི་ནགས། །ནང་དུ་ག་ཆད་རྒྱུགས་སྐྱབས་མེད། །ཁྲོ་ཆུ་ཁོལ་མ་ཐལ་སྐྱོ་ཡི། །ཆུ་བོ་རབ་མེད་ནང་དུ་འབྱིང་། །རྩེ་གསུམ་མདུང་དང་མངའ་བོ་ཆེ། །ཁབ་འདྲ་དབལ་རྣོ་གཟངས་རིངས་དང་། །ཆུ་གྲི་རལ་གྲི་རྣོས་གང་པའི། །མུན་དོང་མེ་འབར་ནང་དུ་ལྟུང་། །སྡུག་བསྔལ་རྒྱུད་པ་དེ་དག་ལས། །ཐར་པའི་སྐབས་ནི་མི་སྲིད་དོ། །སློབ་མར་གྱུར་ན་སེམས་ལྡན་པས། །དམ་པ་དེ་ལ་ཉེས་བྱེད་གང་། །སངས་རྒྱས་ཀུན་ལ་ཉེས་བྱས་པས། །དེ་དག་རྟག་ཏུ་སྤྱིིའུ་ཚུགས་འགྲོ། །དམ་པ་ཀུན་དང་མཉམ་སྦྱོར་པའི། །དམ་པ་ཉིད་ལས་གང་འདས་པ། །རྣལ་འབྱོར་དམ་པ་དབང་གྱུར་པ། །ཐམས་ཅད་འཁྲུགས་ནས་ཁྲག་ཆེན་འཐུང་། །དམ་པའི་ཡི་གེ་འབྲུ་བཀོད་པ། །དབུགས་ཆེན་ནང་དུ་ཤར་ནས་ཀྱང་། །ལྕགས་ཀྱི་སྡིག་པ་མགོ་དགུ་པ། །རག་ཤ་ཡག་ཤར་གྱུར་པ་དེས། །བསད་ནས་དམྱལ་བ་ཆེན་པོར་བརྒྱུད། །རྣམ་པར་འཚེ་དང་ནོར་འཕྲོག་དང་། །བགེགས་དང་སྡིག་པའི་དུག་དབལ་གྱིས། །ཉམས་པ་དེ་ལ་འཚེ་བར་བྱེད། །སྡིག་ཅན་ཡིན་ཏེ་འཆི་བར་འགྱུར། །རྒྱལ་པོའི་ཆད་པ་ལ་སོགས་པ། །འཇིགས་པ་བརྒྱད་རྣམས་དེ་ལ་འབྱུང་། །ཤོ་གམ་གཅན་ཆེན་ལ་སོགས་པ། །གནོད་སྦྱིན་གྱིས་བསད་མི་བདེར་འགྲོ། །ཅི་ཕྱིར་ལྷ་སྲིན་སྡེ་བརྒྱད་ལས། །གཏུམ་ཕོ་གཏུམ་མོ་དམ་ཅན་ཀུན། །ཆོས་སྲུང་བཀའ་ཡི་ལས་མཁན་ཡིན། །བཀའ་ཡི་ལས་ལ་དུས་མི་འདོར། །དེས་ན་ཆོས་ལ་སྤྱོད་པ་ཡི། །དམ་པར་འཇུག་པའི་བུ་རྣམས་ཀྱིས། །ནམ་ཡང་ཞབས་ལ་མི་སྨོད་ཅིང་། །བཀའ་ཟུར་གཅག་བར་མི་བྱའོ། །གང་གིས་རྩེ་གཅིག་ཆོས་བསྲུངས་ན། །ཆོས་ལ་བསྲུང་བའི་སྲུང་མ་རྣམས། །གཏུམ་པོ་མཐུ་ཆེན་རྣམས་ཀྱིས་ཀྱང་། །བུ་བཞིན་རྟག་ཏུ་སྲུང་བར་བྱེད། །ཆོས་སྲུང་བ་ཡང་གང་ཞེ་ན། །ཆོས་རྣམས་ཀུན་ལ་མ་རྨོངས་ཤིང་། །ངེས་པར་ཤེས་པ་གང་ཡིན་པ། །ཆོས་སྲུང་བ་ལ་མཁས་པར་འགྱུར། །གང་ཞིག་ཀུན་ལ་མི་མཁས་ཤིང་། །རྨོངས་པའི་ལྟ་བ་བརྟན་པ་ཅན། །བསྒྱུར་བས་ཅིས་ཀྱང་མི་འགྱུར་ཏེ། །ནམས་ཀྱང་ཆོས་ནི་སྲུང་མི་འགྱུར། །གལ་ཏེ་དུས་ནི་ཐམས་ཅད་དུ། །དམ་པ་དེ་དང་དེ་གཅིག་ན། །རྒྱུད་ཞན་སྐྱོ་ངས་སྙོམ་ལས་ཀྱིས། །དེ་དང་འགལ་ན་ལྟུང་གྲིབ་རྒྱུ། །དེས་ན་དམ་པའི་ལུང་མི་གཅག །ཚད་མར་ངེས་པ་དམ་པའི་ལུང་། །ཐམས་ཅད་ལྡེམ་དགོངས་ཅན་ཡིན་ཏེ། །ཡུལ་དང་འཚམ་པར་སྦྱོར་བ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཇི་ལྟར་ལོག་སྲེད་ཅན་དག་གིས། །སུ་དག་འཇིག་རྟེན་འདྲེན་གང་ལགས། །ཀྱེ་མ་འཇིག་རྟེན་དགའ་བྱེད་ཁྱོད། །ཐམས་ཅད་དགའ་བར་སྟོན་ཤེས་ན། །བདག་ལྟར་དགའ་བའི་དོན་བསྟན་ནས། །འབྲས་བུ་གདོན་མི་ཟ་ཤེས་ན། །ཐམས་ཅད་མཁྱེན་ཅེས་དེ་ལ་བྱ། །དེ་ལྟར་མོས་པ་གང་བསྟན་པ། །ཕ་མ་བྲམ་ཟེ་རྒྱལ་པོ་རྣམས། །བསད་བརླག་ཡོངས་སུ་བཅོམ་བྱས་ན། །དེ་དག་རྟག་ཏུ་བདེ་བའི་མཆོག །དེ་བསྟན་དེ་ཡིས་དེ་སྤྱད་ནས། །བདེ་མཆོག་བདེ་དང་ལྡན་པ་ཡིན། །དེ་བཞིན་བཀའ་ཡི་ལྡེམ་དགོངས་ལ། །མདོ་དང་དོན་གལ་ཆེ་ཡོད་པས། །སྐྱབས་ཆེན་དམ་པར་བཟུང་བ་དེ། །ཚད་མ་དམ་པར་ཡིད་ཆེས་ན། །དེ་ཡི་ལུགས་ཀྱང་དམ་པར་བྱ། །ལང་ཀའི་བདག་པོ་གང་གི་ཚེ། །གསང་བ་མཆོག་གི་བདག་པོ་དེས། །ཁོ་བོ་ལ་ནི་འདི་སྐད་བསྒོ། །སེམས་དཔའ་རྡོ་རྗེ་འཛིན་པ་ཉོན། །བསྐལ་པ་འབུམ་གྱི་སངས་རྒྱས་པས། །སློབ་དཔོན་གཉན་པར་ཤེས་པར་བྱ། །ཅིའི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །སློབ་དཔོན་དག་ལ་བརྟེན་ནས་བྱུང་། །སློབ་དཔོན་དག་ལ་མ་བརྟེན་པར། །སངས་རྒྱས་རྣམས་ཀྱང་མི་འབྱུང་སྟེ། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་དམ་པའི་ལུགས་དང་འགལ། །དོན་དང་ལྡན་པའི་དམ་པ་ལ། །དུས་གསུམ་དུས་ནི་ཐམས་ཅད་དུ། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་ཀུན་བྱོན་ན། །སྔགས་དང་འདུན་པས་ཕྱག་མཛད་དོ། །སེམས་དཔའ་ལྷ་དང་མི་དག་དང་། །དེ་བཞིན་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ལོག་ལྟ་ཅན་དག་གིས། །རིག་པ་འཛིན་པ་ཀུན་འདུས་ནས། །སྤྲུལ་པའི་མེ་ཏོག་ཀུན་འཐོར་ཞིང་། །བླ་མ་བཤེས་གཉེན་དམ་པ་ཁྱོད། །བདག་ཅག་རྣམས་ཀྱི་ཕ་ལགས་སོ། །བླ་མ་བཤེས་གཉེན་དམ་པ་ཁྱོད། །བདག་ཅག་རྣམས་ཀྱི་མ་ལགས་སོ། །བླ་མ་བཤེས་གཉེན་དམ་པ་ཁྱོད། །བདག་ཅག་རྣམས་ཀྱི་མགོན་ལགས་སོ། །མི་ཤེས་རྨོངས་པའི་བློ་གྲོས་མཁན། །ལམ་སྟོར་རྣམས་ཀྱི་ས་མཁན་ལགས། །མུན་ཁུང་འཁྱམས་པའི་སྒྲོན་མ་ལགས། །གདུང་བ་སེལ་བའི་རིན་པོ་ཆེ། །ཉི་མའི་ཞལ་ལ་ཕྱག་འཚལ་འདུད། །ནམ་མཁའི་ཐུགས་ལ་ཕྱག་འཚལ་འདུད། །ཟླ་བའི་སྐུ་ལ་ཕྱག་འཚལ་འདུད། །པདྨའི་ཞབས་ལ་ཕྱག་འཚལ་འདུད། །འདི་ལྟར་དགའ་དང་གུས་པ་ཡིས། །སྔགས་དང་འདུན་པས་ཕྱག་མཛད་དོ། །དེའི་ཕྱིར་རྒྱལ་བ་ཐམས་ཅད་དང་། །སེམས་དཔའ་རིག་པ་འཛིན་པ་རྣམས། །དམ་པའི་དམ་པ་ལས་བྱུང་བས། །དཔེར་ན་མ་ཡིས་བུ་བསྐྱེད་ལྟར། །དེ་བཞིན་དམ་པ་ཤེས་པར་གྱིས། །དམ་པ་དེ་ཡི་རང་བཞིན་ཡང་། །ཡིད་བརྟེན་སེམས་དང་དུལ་བ་དང་། །ཚད་མེད་ཡངས་པའི་བློ་གྲོས་དང་། །རྐྱེན་ཐུབ་བཟོད་ལྡན་ཀུན་དུ་དྲང་། །གསོང་པོར་སྤྱོད་ལ་གྱ་གྱུ་མེད། །སེམས་ཅན་ཉེན་ཅན་ཐམས་ཅད་ལ། །ཐབས་ཀྱིས་མི་འཇིགས་སྣ་ཚོགས་སྦྱིན། །དཔའ་བོ་མཐུན་ལྡན་བརྩོན་འགྲུས་ཆེ། །ཤེས་བྱའི་ཡུལ་ནི་ཐམས་ཅད་ལ། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །སྲིད་པར་ཞུས་ཀྱང་ཟད་མི་ཤེས། །བརྟགས་ཤིང་ཡོན་ཏན་ཕྱི་ཕྱིར་འབྱུང་། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ལེགས་དང་ཉེས་པའི་ལས་རྣམས་ལ། །དགའ་དང་མི་དགའ་རྟོག་འཛིན་མེད། །རི་དྭགས་རྒྱལ་པོ་སེང་གེ་ལྟར། །གཟི་ལྡན་བརྗིད་ཆེ་ཡུལ་མི་འཇུག །འདུ་འཛི་དམན་པའི་ལས་རྣམས་སྤངས། །འཕྱོ་དང་གཡེང་བྲལ་གང་ན་རྟག །སེང་གེ་ལྟ་བུར་གཅིག་པུར་གནས། །དགོན་པའི་རྒྱུ་དང་དབེན་ལམ་བསྟེན། །འདི་དང་གང་ལྡན་དམ་པའི་འོས། །དམ་པ་ཐམས་ཅད་བཀུར་གནས་སོ། །རང་བཞིན་དེ་དང་མི་ལྡན་ཡང་། །དམ་པའི་མཛོད་དང་གཉེར་ལྡན་ན། །དམ་པར་གཟུང་ཞིང་དམ་པར་བྱ། །ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །དམ་པར་གྱུར་པའི་བླ་མ་ལ། །བཀུར་གནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་ལས་རྒལ་འགྱུར། །ཅི་ཕྱིར་ཞིང་རབ་གཤིན་པ་ལ། །ས་བོན་བཏབ་ན་རྒྱས་འཕེལ་བཞིན། །བསོད་ནམས་དམ་པའི་ཞིང་རབ་ལ། །ཏིལ་འབྲུ་མི་སྟོར་འཕེལ་མི་འགྱུར། །འཁོར་བའི་མཐའ་ལས་སྐྱོབ་པ་ཡི། །བཤེས་གཉེན་དམ་པ་བཞི་ཡོད་དེ། །ཁུངས་དང་ལུང་དང་དབང་འགྱུར་དང་། །བློ་གྲོས་ངེས་པའི་ཚད་ལྡན་བཞི། །དེ་ལས་གཉེན་པོ་བཞི་འབྱུང་སྟེ། །སེམས་བསྐྱེད་སྟོབས་དང་འགྱོད་སྟོབས་དང་། །ལས་ཀྱི་སྟོབས་དང་དམིགས་པའི་སྟོབས། །ལོག་པའི་སྟོབས་རྣམས་འཇོམས་པར་བྱེད། །ཆུ་བོ་བཞི་ལས་རྒལ་བར་འགྱུར། །རྒྱུད་ཀུན་ཡོངས་སུ་གྲོལ་འགྱུར་ཏེ། །དམ་པའི་དམ་པར་དེ་ཉིད་འགྱུར། །དེ་སྐད་གསུངས་ནས་ཅང་མི་གསུང་། །དེས་ན་ལང་ཀའི་བདག་པོ་འདིར། །བློ་ལྡན་དགའ་དང་གུས་པ་ཡིས། །དམ་པར་གྱུར་ཏོ་འཚལ་རྣམས་ལ། །འདུན་སར་ལན་གསུམ་གུས་བྱས་ཏེ། །ཞབས་ལ་སྤྱི་བོས་གཏུག་པར་བྱ། །དམ་པའམ་ཡང་ན་མ་ངེས་རྣམས། །དམ་པའི་ཆོས་སོགས་འདུས་བྱས་ཏེ། །ཁ་ན་མ་ཐོ་གཞོམ་བྱའི་ཕྱིར། །འཇིག་རྟེན་སྲི་ཞུའི་འདུན་པ་བྱ། །ལུང་འབྱུང་གང་སྨོད་འཕེལ་གཏམ་ལ། །ཡང་དུ་འདུན་པས་འདུན་ཐབས་སྦྱར། །སྲི་ཞུ་སྒྲ་ཡིས་མཚམས་བཟུང་སྟེ། །གང་དེ་རྣམས་ནི་ཅི་བདེར་དྲན། །བདེ་དང་བླང་བ་ལངས་པ་དང་། །དོན་བྱེད་ཞུ་སོགས་སྐབས་རྣམས་སུ། །རྒྱུད་མཉེན་སྲི་ཞུ་གུས་ལྡན་པས། །གྱོང་སེམས་མེད་སྔོ་ནན་ཏན་བྱ། །ཀུན་ནས་གཟེམ་མདོག་བག་ལ་གནས། །གསོང་པོར་སྨྲ་ཞིང་གྱ་གྱུ་མེད། །ཅི་ཕྱིར་དམ་པར་གྱུར་པ་ལ། །མ་ངེས་གྱ་གྱུའི་ལས་བྱས་པས། །དམ་པར་གྱུར་པ་ཀུན་བསླུས་ཏེ། །དམྱལ་བ་རྡོ་རྗེར་དེ་ལྟུང་འགྱུར། །བརྩོན་དང་འགྲུས་ལྡན་ངང་ཚུལ་བཟང་། །བརྡེག་ཅིང་གསང་ཐུབ་སྤྱོད་པ་དག །ཡ་བག་བཞིན་བཟངས་མཛེས་ཐབས་ལྡན། །སྒོ་གསུམ་བཟང་སྤྱོད་མཐའ་གསུམ་བསྡམ། །དམ་པ་ཉིད་དང་མཐུན་བཞིན་སྤྱོད། །གསལ་ལ་དག་པས་གོ་རྣམས་དབྱེ། །དམ་པའི་ནང་ན་བདེར་འདུག་ཚེ། །ཀུན་གྱི་ཚིག་ལམ་ལ་མི་འབྱུང་། །གང་དག་བཟང་དང་ངན་སྤྱོད་ལ། །འཐིང་སླད་སྨོད་པ་ཡང་མི་བྱ། །བདག་ལ་བཟང་དང་ངན་བརྗོད་ཅིང་། །ཀུན་མཐོང་ཀུན་བརྗོད་སྒྲོ་སྐུར་དང་། །གང་དག་ཚིག་ལམ་འདྲེན་འདོད་ན། །ཚིག་ལམ་བཅད་ན་བདེ་བ་ཐོབ། །དམ་པའི་ཡུལ་ན་གནས་རྣམས་སུ། །ཁོང་ཁྲོ་ཚིག་རྩུབ་ཁྱལ་མི་སྨྲ། །བག་ཡངས་ཚུལ་གྱིས་བྱ་བ་མིན། །ཚུལ་མེད་ཚུལ་དང་མི་ལྡན་པའི། །ཉམ་ང་མེད་པར་སྨྲ་མི་བྱ། །ཕོད་དང་ལྕགས་དང་གང་མཐོང་དང་། །སྟོང་འབྱོར་རྔོམ་ལ་སོགས་མི་བྱ། །གཞན་ལ་ཁྱད་ཀྱིས་གསད་པའི་ཚིག །གང་རིས་གཅད་པར་མི་བྱའོ། །དམ་པའི་གནས་སུ་གྱུར་པ་ལ། །རྗེས་སུ་རིགས་དང་འཐད་པའི་ཡོན། །ནོར་གྱི་དབྱིག་དང་ན་བཟའི་མཆོག །རྩི་མཆོག་ཟས་ལ་སོགས་པ་རྣམས། །དབུལ་དང་གསོལ་བས་མཉེས་པར་བྱ། །དེས་ནི་ནད་དང་དབུལ་ལ་སོགས། །བཀྲེས་དང་ཚ་བའི་སྡུག་བསྔལ་གྱིས། །ནམས་ཀྱང་འདེབས་པར་མི་འགྱུར་རོ། །ཞུ་བ་དབུལ་བ་ནད་པ་དང་། །ལུང་བྱང་འདུན་པར་འདུག་པ་དང་། །དམ་པའི་སྤྱོད་པ་མ་རྟོགས་པ། །དམ་པ་དག་དང་གནས་གཅིག་ཏུ། །ཞབས་འབྲིང་མ་རྟོགས་ནམས་ཀྱང་མིན། །འདི་ལྟར་མ་བྱས་ཉེས་བྱས་སོ། །སྐུ་ཡི་གྲིབ་མ་མི་འགོམ་ཞིང་། །ཞབས་རྗེས་བརླམ་པར་མི་བྱའོ། །ན་བཟའ་ཆགས་གདན་རྟེན་ལ་སོགས། །ནམས་ཀྱང་འགོམ་པར་བྱ་བ་མིན། །དམ་པའི་ལུང་བྱུང་མིག་གིས་བསྒྲུབ། །མིང་ལྕོགས་མ་ཡིན་མ་ལྕོགས་ན། །སྒྱུ་སོགས་མེད་པ་གནས་དོར་རོ། །དམ་པའི་དཀོར་རྣམས་སྲོག་བཞིན་བསྲུང་། །དེ་ཡི་ཉེ་གནས་དམ་པ་བཞིན། །དེ་ཡི་འཁོར་གཡོག་ཉེ་དུ་བཞིན། །རྟག་ཏུ་མཉམ་པའི་སེམས་ཀྱིས་བལྟ། །ཁྲི་མལ་སྟན་བདེ་བླ་མའི་ཐབས། །མི་གུས་ལ་སོགས་མི་ཚུལ་རྣམས། །དམ་པའི་ཐད་དུ་ཡོང་མི་མཛེས། །བྱས་ན་སྲི་ཞུ་དམ་ཚིག་ཉམས། །མགོ་ལ་ཟེར་ལྡིར་གདུགས་ཐོགས་དང་། །ལག་རྟེན་ལུས་བརྟེན་དེ་བཞིན་སྟོད། །གང་འདིར་མ་རབ་ཐོར་བུའི་ཐབས། །སྣང་བའི་ཡུལ་ནས་བྱ་མ་ཡིན། །དམངས་རིགས་གདོལ་པ་གཡུང་མོའི་ཚུལ། །དམ་པའི་གཟིགས་ཡུལ་ནམས་ཀྱང་མིན། །ཁུ་ལྗོ་སྨྱོན་པ་ཀུན་དུ་རྒྱུའི། །སྤྱོད་པ་དམ་པའི་ཡུལ་དུ་མིན། །སྣང་བའི་ལུང་ལ་གང་འབྱུང་སྤྱོད། །ཇི་ལྟར་སྤྱོད་བྱུང་སྤྱོད་པ་བྱུང་། །འཇམ་དལ་ཐོས་འཕྲིགས་དོགས་བཞིན་སྤྱད། །དམ་པའི་སྤྱོད་པའི་སྣང་ཡུལ་ནས། །བག་མེད་ཆེ་བའི་ཐབས་མི་བྱ། །བསྒྲུབས་ནས་མཛེས་པའི་ཚུལ་བཟུང་སྟེ། །བག་དང་ལྡན་པས་གནས་པར་བྱ། །ལུས་ཀྱི་དོར་བ་གང་དག་ཀུན། །མཐོང་ཚོར་ཡུལ་ནས་ཡོད་མི་བྱ། །སྣང་བ་ལུས་ཀྱི་བྱ་བྱེད་རྣམས། །བློ་གྲོས་ལྡན་པས་བྱ་བ་མིན། །འདུས་ནས་འདུ་གང་བྱེད་སྤྱོད་རྣམས། །དམ་པའི་འདུན་སར་རིགས་མ་ཡིན། །འཕྱོ་གཡེང་བརྐམ་དང་མ་ཞི་བའི། །སྤྱོད་ཚུལ་ཡུལ་ནས་མི་བྱའོ། །ཁམས་ལས་བྱུང་བའི་ལུས་སྤྱོད་རྣམས། །བསྒྲིབས་སམ་ཕག་གམ་བསྐྱོར་བཀབ་ནས། །ཐམས་ཅད་བདེ་བསྐྱུང་འཇམ་བྱས་ཏེ། །དམ་པ་དེ་ལ་ཅི་མཛེས་བྱ། །དམ་པ་གདན་བསྐྱོད་གང་ཕྱོགས་ནས། །བདག་ནས་བསྒྲིམས་ཏེ་སྲི་ཞུ་བྱ། །བསྐྱོད་བཅག་བརྫི་སད་གདན་ཐབས་སྦྱར། །མ་ལྡན་ཉིད་ལས་ཅི་བདེར་སྦྱར། །སྔོན་རྩོལ་ལུང་འབྱུང་སྲི་ཞུ་བསྡུ། །དེ་རྫོགས་ནས་ཀྱང་དེ་བཞིན་ནོ། །བློ་ལྡན་སྤྱོད་ལམ་བཞི་སྤྱོད་ན། །སྲི་ཞུ་གུས་པས་དེ་བཞིན་སྦྱར། །གང་མ་གུས་དང་བཏང་སྙོམས་དག །ནམ་ཡང་བྱ་བ་ཡང་མ་ཡིན། །སྲི་ཞུ་བསྟི་གནས་རིམ་གྲོ་རྣམས། །བྱ་བའི་མདུན་དང་དེ་ཟན་དུ། །སྲི་ཞུ་བཅུག་སྟེ་ཅི་བདེར་འགྲོ། །བདེ་ཤེས་ལ་སོགས་སྲི་ཞུས་ཞུས། །ཡང་དག་དཀའ་ཐུབ་མདུན་ཉིད་དུ། །གར་སྤྱོད་གར་སྐབས་སྲི་ཞུ་དབུལ། །མཚན་ནས་ནམ་ཡང་མི་བརྗོད་ཅིང་། །དམ་པ་བླ་མ་བཤེས་གཉེན་ཞེས། །བརྗོད་པའི་ཐ་མར་ཞུས་སྒྲ་གཞུག །ཁྱད་པར་ཅིར་ཡང་དབྱེ་བར་བྱ། །ལུས་བྱུང་བཀའ་བཞིན་ཞུས་ཞེས་བརྗོད། །ཐལ་སྦྱར་གསུང་བ་གཟུང་བར་བྱ། །དམ་པའི་ལུང་ཡུལ་བྱུང་རྗེས་འབྲང་། །དེ་ཀུན་སྲི་ཞུས་མཚོན་པ་ཡིན། །མཛེས་པའི་ཚུལ་བཟུང་གུས་འདུན་ནས། །སྤོབས་པ་ནོད་པ་གསུམ་དུ་ཞུ། །གྱོང་ཁེངས་མེད་པའི་མཉེན་ལྕུག་གིས། །ཞབས་འབྲིང་དགོངས་པ་ཐམས་ཅད་བྱ། །དགེ་སློང་སར་པའི་སྤྱོད་པ་ཡིས། །བསྒེགས་པ་ལ་སོགས་བྱ་བྱེད་དང་། །རྒྱན་དང་མཚོན་ཐོགས་སྤང་བར་བྱ། །བློ་གྲོས་གུས་པ་དེ་ཉིད་ཀྱང་། །ཉིད་ཀྱིས་ཉིད་ལ་དཔྱས་བཅུག་སྟེ། །གཞན་གྱིས་དཔྱ་བའི་གཞི་རྣམས་སྤང་། །ཀུན་དུ་མཐུན་པར་བཟང་བརྗོད་པའི། །སྐྱེས་བུ་གང་ཡིན་དེ་ལྟར་བྱ། །ཀུན་གྱིས་མཐུན་པར་མ་བསྔགས་པའི། །ཐ་ཤལ་གང་ཡིན་དེ་སྤྱོད་སྤང་། །དཀྱིལ་འཁོར་ལ་སོགས་སྦྱིན་སྲེག་དང་། །སློབ་མ་གཟུང་དང་ཆོས་སྨྲ་བ། །ལུང་མ་བྱུང་བར་མི་བརྩམ་སྟེ། །དམ་པའི་ཡུལ་ནས་དེ་མི་རིགས། །གལ་ཏེ་གཞན་གྱི་དོན་བྱས་ན། །དེ་ཡི་ཡོ་བྱད་མི་སྤྱད་དེ། །དེ་ཀུན་དམ་པ་དེ་ལ་དབུལ། །དམ་པས་ཅི་བླངས་ལྷག་མ་བླང་། །དམ་པའི་སློབ་མ་སློབ་མར་ཡང་། །དམ་པའི་མདུན་དུ་མི་རིགས་སོ། །བཀུར་བསྟི་སྲི་ཞུ་ལ་སོགས་མིན། །གང་ཡིན་དམ་པ་དེ་ཉིད་མངའ། །སྙིང་རྗེས་དམ་པས་ཅི་གནང་བ། །སྲི་ཞུ་མདུན་བསུ་ལག་གཉིས་ཀྱིས། །བློ་དང་ལྡན་པས་བླང་བར་བྱ། །རྨུགས་མེད་དྲན་གསལ་རབ་བསྒྲིབས་ནས། །རང་གི་སྤྱོད་ལམ་འདའ་མི་བྱ། །བློ་གྲོས་ལྡན་པའི་ཉི་མ་དེས། །དམ་པ་ལྷ་ལྟར་མཆོད་བྱའི་ཕྱིར། །མཉེས་པར་བྱ་བའི་ཡོ་བྱད་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་དཀན་དང་། །ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །དམ་པས་བསྒོ་བ་བསླབ་པའི་མཐའ། །ཆུབ་པར་རྫོགས་པས་རྒྱུད་དགྲོལ་ཏེ། །ཤེས་བྱ་ཀུན་ལ་ཐོགས་མེད་འགྲོ། །རང་རྒྱུད་མདུད་པ་དགྲོལ་བ་ཡི། །ཤེས་རབ་མཁའ་ལ་བྱ་བཞིན་རྒྱུ། །མཐར་ཆིབ་རྒྱུད་དགྲོལ་ཡུལ་སྤངས་ཏེ། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཙེས་དང་ཡིད་འཐད་པའི། །ནོར་མཆོག་དམ་པ་དེ་ལ་དབུལ། །རང་གི་ལུས་ཀྱང་ཅི་རིགས་པར། །རིན་ཐང་གང་ཡིན་ནོར་གྱིས་བསླུ། །དེ་ནས་ཇི་བཞིན་གར་བདེ་བར། །རྣལ་འབྱོར་ཡང་དག་འཇོག་ལ་ཞུགས། །སྔོན་གྱི་དམ་པ་དམ་པ་རྣམས། །བདེ་བར་གཤེགས་པའི་རྗེས་སུ་འགྲོ། །སྔོན་གྱི་དམ་པ་བདེར་གཤེགས་རྣམས། །དེད་དཔོན་དམ་པ་མཉེས་བྱས་ནས། །ཀུན་སྤངས་དགོན་པའི་མཐར་གཤེགས་པས། །ཉིད་ལས་དམ་པ་མཉེས་པར་འགྱུར། །དེས་ན་དེད་དཔོན་དམ་པ་དང་། །ནམ་དུའང་འབྲལ་བ་མ་ཡིན་ཏེ། །ཇི་ལྟར་ལུས་དང་གྲིབ་མ་བཞིན། །བློ་གྲོས་དྲིས་ན་དམ་པར་འགྱུར། །ཇི་ལྟར་ཅང་ཤེས་ཀྱི་ལིང་དག །སྡོམ་བྱེད་སྒྲོག་གིས་བཅིངས་འགྱུར་བ། །བཀྲོལ་བྱས་བདེ་བླག་བྱུང་འགྱུར་ན། །ཅི་ལའང་ཐོགས་མེད་འགྲོ་བ་ལྟར། །སེམས་ཀྱི་ཅང་ཤེས་དབང་པོ་འདི། །མི་ཤེས་བཅིང་བས་བཅིངས་འགྱུར་བ། །དམ་པས་རྣམ་གྲོལ་སྒོ་ཕྱེ་བས། །ཤེས་རྒྱུད་ཀུན་འགྲོལ་ཐོགས་མེད་འགྲོ། །འདི་ནི་མི་ཤེས་རྒྱུད་འགྲོ་བའི། །མདུད་པའི་བཅིང་བ་འགྲོལ་བ་སྟེ། །རྒྱུད་རྣམས་གྲོལ་བའི་བསླབ་པ་རུ། །གོམས་པར་བྱ་བ་རབ་ཏུ་གཅེས། །ལང་ཀའི་བདག་པོ་དེ་དག་ནི་རྒྱུད་ཡོངས་སུ་དགྲོལ་བའི་བསླབ་པའི་མཐའ་ཡོངས་སུ་བགྲོས་བར་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་དཔག་ཏུ་མེད་པའི་སངས་རྒྱས་རྣམས་སློབ་དཔོན་དམ་པར་བསྒྲུན་པར་ཤེས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་བསྙེན་བཀུར་དམ་པ་མཆོག་གི་ལེའུ་སྟེ་དྲུག་ཅུ་བདུན་པའོ།། །།


previousབསྙེན་བཀུར་དམ་པ་མཆོག་གི་ལེའུ་སྟེ་དྲུག་ཅུ་བདུན་པ།next