Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐེ་ཚོམ་ཡོངས་སུ་གཅོད་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གཉིས་པ།
   
   
   


 
previousཐེ་ཚོམ་ཡོངས་སུ་གཅོད་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གཉིས་པ།next

ཐེ་ཚོམ་ཡོངས་སུ་གཅོད་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གཉིས་པ།

དེ་ནས་ཡང་གསང་བ་པའི་བདག་པོས་དམན་པ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་གང་གིས་གཅད་པར་བྱ་བ་ནི་འདི་ལྟ་སྟེ། དགོངས་པ་དམ་པ་དེ་ཁོ་ན་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་དེ་ཁོ་ན་ཉིད་གཅིག་བསླབས་པས་བསམ་གྱིས་མི་ཁྱབ་པའི་ཆོས་ལ་བསླབས་པའོ། །དེ་ཁོ་ན་ཉིད་གཅིག་ལ་མཁས་ན་བསམ་གྱིས་མི་ཁྱབ་པ་ལ་མཁས་པའོ། །དེ་ཁོ་ན་ཉིད་དེ་ལ་གོམས་ན་བསམ་གྱིས་མི་ཁྱབ་པ་ལ་སྒོམ་པའོ། །དེ་ཁོ་ན་ཉིད་དེ་ལས་མ་འདས་ན་བསམ་གྱིས་མི་ཁྱབ་པའི་དམ་པ་བསྲུངས་པའོ། །དེ་ཁོ་ན་ཉིད་དེ་ལ་ཞུགས་ན་བསམ་གྱིས་མི་ཁྱབ་པའི་སྒོར་ཞུགས་པའོ། །དེ་ཁོ་ན་ཉིད་དེ་ལ་སྤྱོད་ན་བསམ་གྱིས་མི་ཁྱབ་པའི་ཡོ་བྱད་ལ་སྤྱོད་པའོ། །དེ་ཁོ་ན་ཉིད་མངོན་དུ་བྱས་ན་བསམ་གྱིས་མི་ཁྱབ་པའི་རྒྱ་མཚོ་སྙེད་བྱས་པའོ། །དེ་ཁོ་ན་ཉིད་དེ་མ་ནོར་བར་བསྟན་ན་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་བསྟན་པའོ། །དེ་ཁོ་ན་ཉིད་དེ་ཕྱིན་ཅི་མ་ལོག་པར་ཐོས་ན་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྒོ་ཐོས་པའོ། །དེ་ཁོ་ན་ཉིད་དེ་མངོན་དུ་གྱུར་ན། དཔག་ཏུ་མེད་པའི་རྒྱལ་བ་མཐོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ཀྱི་བཅུད་དུ་བྱ་བའམ་སྙིང་པོར་བྱ་བ་ནི་དེ་ཁོ་ན་ཉིད་དེ་དེ་ལས་མེད་པའི་ཕྱིར་རོ། །གྲོགས་པོ་དག་དེ་བས་ན་འདི་ལྟར། །དེ་བཞིན་ཉིད་ཀྱི་དོན་མཐོང་ན། །མཐོང་བས་ཐམས་ཅད་སྒྱུ་མ་ཡིན། །དེ་ཉིད་གོ་འཕང་མཆོག་འཕགས་ན། །བླ་མེད་མཐོ་བཙུན་མཐའ་དག་བརྫུན། །དེ་བཞིན་ཉིད་དུ་ངེས་ཕན་ཆད། །གང་དམན་སྤ་གོང་ཞུམ་པ་མེད། །དེ་བཞིན་ཉིད་དུ་ཐག་ཆོད་ན། །འཇིག་རྟེན་གནས་ཀྱང་ཆོས་ཀྱི་སྐུ། །དམ་པར་ངེས་ཀྱང་འཇིག་རྟེན་འཇུག །འཁོར་བའི་མཐའ་ལའང་སྐྱོ་བ་མེད། །མུ་མཐའ་ཡས་ཀྱང་གཅིག་ཏུ་རྫོགས། །བདུད་ཀྱི་ཁམས་ལ་ཉམ་མི་ང་། །མི་བཟད་ཁམས་ལ་བག་མི་ཚ། །འདོད་པའི་དངོས་པོ་དབྱིངས་ལ་སྦྱོར། །ཅིག་ཅར་ངེས་པའི་དོན་མཐོང་ན། །རིམ་གྱིས་སྦྱོར་བ་སླུ་འདྲིད་འདྲ། །དེ་ལ་མོས་པ་ཙམ་གྱིས་ཀྱང་། །ཁམས་གསུམ་ཟིལ་གྱིས་གནོན་པར་འགྱུར། །ཀློང་དུ་གྱུར་པ་སྨོས་ཅི་དགོས། །དཔེར་ན་སེང་ཕྲུག་ཁྱུང་སྒོང་དག །མིག་མ་བྱེ་ཞིང་མར་བླངས་ཀྱང་། །ཀུན་སྐྲག་སྒོ་ངའམ་མཁར་འགྲོ་ལྟར། །དེ་ཉིད་ངེས་པར་གང་གྱུར་པ། །དེ་དག་འཇིག་རྟེན་གནས་འཇུག་ཀྱང་། །གོ་འཕང་དམ་པ་དེ་ཉིད་དུ། །ངེས་པ་ཅི་ལའང་བག་མི་ཚ། །རིམ་གྱིས་མཚན་མར་སྤྱོད་པ་དང་། །མེད་དང་དམིགས་དང་མི་དམིགས་དང་། །བསྒྲུབ་དང་བགྲོད་པར་བྱེད་པ་ཡི། །བྱེ་བྲག་མེད་པར་རྟོག་འཇུག་པ། །བླུན་པོ་དེ་དག་སྟོངས་པ་སྟེ། །དམ་པར་ངེས་པ་ག་ལ་ཡིན། །གཅན་གཟན་ཐ་མའི་ཕྲུ་གུ་འདྲ། །སྐྲག་ཅིང་དངང་བའི་རང་བཞིན་ནོ། །མཐའ་ཡས་ཇི་སྙེད་ཆོས་ཀུན་གྱི། །རང་བཞིན་ཇི་ལྟར་གནས་པ་བཞིན། །མ་བཅོས་ཕྱིན་ཅི་མ་ལོག་པ། །དེ་བཞིན་ཉིད་དུ་ཐག་ཆོད་པའོ། །ཇི་ལྟར་ཁྱུང་ཆེན་མཁའ་ལྡིང་བ། །འདབ་གཤོག་རྩལ་གྱིས་ནམ་འཕང་སྤྱོད། །རི་བྲག་ཆུ་ཀླུང་མཐའ་ཡས་ཀྱང་། །འཕུར་རླབས་འོག་ཏུ་ཀུན་ཆུད་ལྟར། །རྣལ་འབྱོར་ཆོས་ཉིད་མཁའ་འགྲོ་བ། །ཐེག་པའི་སྤྱོད་སྒོ་མཐའ་ཡས་ཀྱང་། །ཇི་བཞིན་མ་བཅོས་དོན་གྱིས་ན། །གོ་འཕང་རླབས་ཀྱིས་ཐག་བཅད་པ། །འདི་ནི་རེ་དང་དོགས་པ་ཡི། །ཐེ་ཚོམ་གཅོད་པའི་ངེས་པ་སྟེ། །དམ་པ་ཉིད་ལ་ལྟ་བ་ཡི། །གོ་འཕང་གཅོད་པ་ངེས་པར་གཅས། །གྲོགས་པོ་དག་དེ་དག་ནི་ས་ཡོངས་སུ་གཅོད་པར་བགྲོས་པར་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས། དམན་པ་རྣམས་རེ་དོགས་མེད་པར་ཐག་གཅོད་པའི་གོ་འཕང་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཐེ་ཚོམ་ཡོངས་སུ་གཅོད་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གཉིས་པའོ།། །།


previousཐེ་ཚོམ་ཡོངས་སུ་གཅོད་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གཉིས་པ།next