Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་དབང་སྒྱུར་གྱི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གསུམ་པ།
   
   


 
previousརྣལ་འབྱོར་དབང་སྒྱུར་གྱི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གསུམ་པ།next

རྣལ་འབྱོར་དབང་སྒྱུར་གྱི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གསུམ་པ།

དེ་ནས་ཡང་གསང་བ་པའི་བདག་པོས་དམན་པ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་གང་ཉམས་རྙེད་པར་བྱ་བ་ནི་འདི་ལྟ་སྟེ། དགོངས་པ་དམ་པ་ཀུན་འདུས་ལ། །འཇུག་པའི་གཙོར་ནི་བསམ་གཏན་ཏེ། །འཁོར་ལོས་དབང་སྒྱུར་ཇི་བཞིན་དུ། །ཆོས་ཀུན་དབང་སྒྱུར་བསམ་གཏན་ཡིན། །རྣལ་འབྱོར་བསམ་གཏན་ཆེན་པོ་འདི། །དུག་དང་མུན་པ་གསེར་འགྱུར་བཞིན། །ཐམས་ཅད་དབང་སྒྱུར་བསམ་གཏན་ཡིན། །དེས་ན་དམ་པའི་བསམ་གཏན་བྱ། །གལ་ཏེ་བསམ་གཏན་འདི་མེད་ན། །རྒྱ་མཚོ་མཇིང་གི་ཕ་བོང་ལྟར། །དཔག་ཏུ་མེད་པའི་སྒོ་བཅད་ཀྱང་། །དོན་མེད་སྙིང་པོ་སྐམས་པ་ཡིན། །རྣལ་འབྱོར་ཆེར་པོ་བསམ་གཏན་ནི། །ཇི་བཞིན་པ་ཡི་དེ་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །མ་ཡེངས་སྐྱེ་འགག་མེད་པའོ། །རྣལ་འབྱོར་དམ་པ་ཇི་བཞིན་པ། །སེམས་ཀྱི་ཆོས་ཉིད་དེ་ཉིད་དོ། །དེ་བཞིན་ཉིད་ཅེས་མི་དམིགས་པ། །རྩ་བའི་ཀུན་ཤེས་ཀུན་གཞི་ཉིད། །ཅི་ཕྱིར་མ་བྱས་མ་བཅོས་པ། །རང་འབྱུང་དེ་བཞིན་ཉིད་ཅེས་བཤད། །ཐམས་ཅད་ཀུན་དུ་སྣང་བ་ནི། །འཇུག་པའི་རྣམ་ཤེས་ཡུད་ཙམ་ཉིད། །ཅི་ཕྱིར་ཀུན་དུ་སྣང་འཇུག་པས། །ཕྱི་ནང་ཀུན་དུ་སྣང་བར་བཤད། །རྒྱུ་ཡི་རྣམ་པར་བཀོད་པ་ནི། །འཇུག་པའི་རྣམ་ཤེས་སྒོ་ལྔ་ཉིད། །ཐམས་ཅད་གང་གི་རྒྱུར་བཀོད་པས། །ཐམས་ཅད་འབྱུང་བའི་རྒྱུ་ཞེས་བཤད། །གང་གི་དགོངས་པ་དམ་པ་ནི། །སྟོང་པ་མ་ཡིན་ཐེར་ཟུག་མེད། །དབུ་མར་མི་དམིགས་ཀུན་རིག་གསལ། །ཡོད་མིན་མེད་མིན་ལས་ཀྱང་འདས། །གང་འདིར་ཚོར་འགྲོ་མ་རབས་དང་། །གང་འགོག་བྱིས་པའི་སྤྱོད་ཡུལ་དང་། །འདི་གང་ཉམས་པའི་ལོག་སྲེད་ཅན། །ཡལ་བ་ཕྱལ་བ་དམིགས་པ་གཅིག །གང་འདིར་ལྟ་བས་མདོངས་པ་དག །བདག་ལ་བརྟེན་ནས་མཐའ་སྒྲུབ་སྟེ། །མེད་མོས་དེས་འགྲོ་མེད་སྙམ་ནས། །དེ་མ་ཐག་ཏུ་ངན་འགྲོ་འགྲོ། །མོས་པ་ཆུང་ངུ་ཐམས་ཅད་ནི། །གང་ལ་བདག་མེད་རྟེན་བཞིན་མཐོང་། །གང་བཀག་རྟོག་ཡོད་དཔྱོད་མེད་པ། །བསམ་གཏན་དང་པོ་ཁོ་ནའོ། །ཀུན་སྟོང་ཕྲ་བའི་སྟོང་པ་ལས། །གནས་རྟོག་མེད་ལ་དཔྱོད་པ་གཉིས། །སྟོང་པ་ཉིད་ལ་ངེས་བཞག་སྟེ། །དགའ་བ་བསྐྱོད་པ་གསུམ་པའོ། །བདག་གམ་གཞན་གྱི་མཐའ་བསྟན་ཏེ། །སྐྱོན་མེད་མི་གཡོ་གནས་བཞི་བ། །གང་ཡོད་མཐར་ཡང་འགྱུར་སྲིད་ཀྱི། །གང་མེད་གནས་མེད་མཐར་མི་འགྱུར། །གང་མེད་མི་མཐོང་མི་ཤེས་བཞིན། །བཙལ་བས་རྙེད་པར་མི་འགྱུར་ཡང་། །དེ་ཉིད་མེད་པར་མི་འགྱུར་བས། །རྒྱུ་འབྲས་མེད་ཀྱང་དོན་མེད་མིན། །དཔེར་ན་ལྕགས་བསྲེགས་དཔལ་མེད་བཞིན། །ཆེན་པོ་བཞི་མེད་སྟོངས་འགྱུར་ཀྱང་། །དེ་དང་ནམ་མཁའ་མེད་མིན་བཞིན། །དེ་ཉིད་མི་རླག་མེད་མིན་འགྱུར། །དྲུག་གི་སྤྱོད་ཡུལ་མཚན་མ་སྟེ། །མཚན་མ་དངོས་པོར་སྣང་བས་ན། །ཅི་དགར་བཞག་པས་དེ་བཟློག་མེད། །དེ་སྟོང་སྤང་ཞིང་བཟློག་ཏུ་མེད། །ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ། །ཚིག་མེད་ལྟ་བས་ཐག་ཆོད་ན། །མ་བཅོས་མ་ཡེངས་ཡེངས་ཐུབ་སྙོམས། །རྩོལ་སྒྲུབ་རེ་དོགས་ག་ལ་ཡོད། །མི་མཐུན་གཉེན་པོ་སྒོམ་མི་དགོས། །སྐྱོན་ཡོན་སྤོང་ལེན་བྱིང་རྒོད་རྣམས། །གང་འདིར་དབྱེར་མེད་ཟུང་འབྲེལ་ན། །ཞི་གནས་ལྷག་མཐོང་སེམས་ལས་བྱུང་། །ཞིག་པས་ནམ་མཁའ་མེད་མི་འགྱུར། །འཁྱམས་པས་བྱང་ཆུབ་སེམས་མི་སྟོར། །སྤངས་པས་མི་སྤོང་མཐའ་ཡས་ཆོས། །བཀྲུས་པས་མི་འདག་སྟོང་ཉིད་དབྱིངས། །གང་སྟོང་ཡོད་པས་ཆད་རྟག་པས། །ཐམས་ཅད་རིག་པས་སྟོང་མ་ཡིན། །དངོས་པོ་མེད་པས་རྟག་མ་ཡིན། །ཅི་ཡང་མེད་པས་སྤྱད་དུ་མེད། །བྱ་བ་ཐམས་ཅད་ཡོངས་བཏང་ན། །ཡེ་ནས་མ་བཅོས་དེར་བཞག་ན། །དེ་མེད་པས་ན་དེ་ཡང་མེད། །དེ་ནི་དམ་པའི་ཉམས་རྙེད་པའི། །འདིར་ནི་ཐེག་ཆེན་དམ་པ་ཡི། །ནད་ནི་རིམ་གྱིས་འཐོབ་མ་ཡིན། །རིམ་གྱིས་པ་ཡི་དུག་རྒོད་ནི། །ཅིག་ཅར་འཆར་བའི་དེ་ཁོ་ནའོ། །དེས་ན་གང་དག་གང་དག་གིས། །ཇི་ལྟར་གོ་དང་མོས་བཞིན་དུ། །བསྟན་པ་གང་དང་གང་དག་ལ། །སོ་སོ་ཡིད་བརྟན་ཡུལ་དུ་བྱ། །དེ་བས་སྒྲོན་མ་དཔག་མེད་ཀྱིས། །དམ་པ་ཇི་སྙེད་གསུངས་པ་རྣམས། །གཅིག་ཏུ་ཆད་དམ་ངེས་མེད་དེ། །ཇི་ལྟར་འབྱུང་བ་དེ་ལྟར་ངེས། །འདི་ལ་གང་འཇུག་པར་གཅོད་པ། །ལེ་ལོ་བྱ་མང་རྒོད་པ་དང་། །གཡེང་དང་རྨུགས་དང་འདོད་པ་དང་། །གཉིད་དང་རེ་དོགས་ཐེ་ཙོམ་དང་། །འདུ་འཕྲོ་སྤྱོད་དང་དགའ་བའོ། །དེ་ཡང་རང་བཞིན་དེ་བཞིན་ཉིད། །དུག་ལྔ་ལ་སོགས་ཀུན་འབྱུང་ཉིད། །རང་འབྱུང་རང་ཞི་དེ་བཞིན་ཉིད། །དམ་པའི་དོན་ལ་གང་སྒྲིབ་པ། །མི་གཡོ་གསལ་བདེ་སྡུག་བསྔལ་དང་། །སྐྱེ་བ་གསལ་བ་འབྱིན་པ་དང་། །དེས་དང་ཁྱད་སྙེམས་འབྱུང་ཞི་ཉིད། །བསམ་གཏན་ཆེན་པོར་དེས་སྣང་བ། །ཀུན་དུ་མི་ཉམས་རེ་དོགས་མེད། །དང་བ་མི་སྐྱེ་མི་གཡོ་དང་། །མ་ཆགས་མི་འཆད་ལེན་པ་མེད། །འཁྲུག་པ་མེད་ན་རང་བཞིན་ཉིད། །རྣལ་འབྱོར་བདུད་ཀྱི་སྤྱོད་ཡུལ་ནི། །དམ་པར་འདུན་མཐོང་དམ་པར་སྨྲ། །སྤྲུལ་པ་གྲངས་མེད་འགྱེད་མཐོང་དང་། །དམ་པས་སྨྲས་ཀུན་གསལ་མཐོང་དང་། །དུས་ཀུན་ཤེས་གསལ་མཐོང་བ་དང་། །རྒྱུད་དྲུག་ལམ་ནས་ཀུན་སྣང་དང་། །དེ་ལ་གདུང་བའི་ཤུགས་འབྱུང་དང་། །ཀུན་སྣང་གསལ་བར་མཐོང་བ་དང་། །ཅི་ལའང་ཐོགས་མེད་འགྲོ་བ་དང་། །མཁའ་ལ་བྱ་བཞིན་འགྲོ་འདུག་དང་། །དམ་པའི་ཕྱག་རྒྱ་ལུང་སྟོན་དང་། །ཀུན་གྱི་སྐད་དུ་ཆོས་སྨྲ་དང་། །དངོས་པོ་བསྟན་གཡོ་བསྟི་གནས་མཐོང་། །ཐམས་ཅད་མཉམ་པར་བཀོད་པ་དང་། །དེ་ཉིད་རང་བཞིན་གསལ་སྣང་དང་། །ལས་སུ་རུང་བ་ཐོགས་མེད་དང་། །དམ་པའི་དོན་ལ་བསྒོ་བ་དང་། །འཇིག་རྟེན་གཙོ་བོས་མཆོང་པ་དག །རང་བཞིན་ཤེས་ན་དམ་པའི་རྟགས། །གང་མི་ཤེས་པ་ལོག་པའི་བདུད། །སྒོ་དྲུག་མཚན་མ་ཅི་སྐྱེས་དང་། །རང་འབྱུང་རང་ཞི་ཅི་དགར་གཞག །མ་སྐྱེས་པས་ན་བཟློག་ཏུ་མེད། །དེ་ཡང་དེ་བཞིན་དེ་ཉིད་དོ། །འདས་དང་མ་འོངས་ད་ལྟར་གྱི། །ཉེས་དང་ལེགས་པ་གང་ལ་ཡང་། །དགལ་དང་འགྱོད་པའི་རྟོག་པ་མེད། །རང་འབྱུང་རང་ཞི་དེ་ཉིད་དོ། །འདིར་ནི་དམ་པ་གང་ངེས་པ། །རྣལ་འབྱོར་མཚན་མའི་སྔ་ལྟས་ཡིན། །ཆུ་ཀླུང་མེ་གསེར་ག་ན་བར། །འདུ་འཕྲོ་འབྱུང་རྩི་ངེས་པ་བཞིན། །དམ་པར་ངེས་ན་དམ་པར་འབྱུང་། །དམ་པར་མ་ངེས་ཐམས་ཅད་བདུད། །དམ་པར་ངེས་ན་ཆུང་ངུ་ཙམ། །གང་འབྱུང་དམ་པའི་སྔ་ལྟས་སོ། །གང་གི་དམ་པ་ཉིད་ཐོས་ན། །མི་སྐྲག་མི་དངངས་དགའ་བ་སྐྱེ། །གང་ཞིག་དམ་པ་ཉིད་ལྟ་བ། །ཐམས་ཅད་དམ་པ་ཉིད་དུ་མཐོང་། །དམ་པའི་ཀློང་དུ་གང་གྱུར་པ། །རྣམ་གྲངས་མང་པོ་དམ་པར་སྡུད། །དམ་པ་ངེས་པ་མཐོང་བ་ན། །ཚིག་ལམ་རྗེས་སུ་དེ་མི་འགྲོ། །དེ་མཐོང་ཐམས་ཅད་དམ་པར་གསལ། །སྣང་བ་མེད་པའི་དམ་པ་ནི། །སྣང་བ་མེད་པ་མཐོང་བར་འགྱུར། །དེ་ཉིད་ཀུན་གྱི་རྒྱུ་ཡིན་ཏེ། །ཆོ་འཕྲུལ་རྒྱུ་བ་ཐམས་ཅད་འབྱུང་། །གཡོ་དང་དྲོད་ཐོབ་བརྟན་པ་དང་། གསལ་དང་རྟགས་ཐོབ་བརྟན་པ་དང་། །ཉི་ཟེར་རྡུལ་ཕྲན་སྨིག་རྒྱུ་དང་། །མཚོ་རླབས་རླུང་དང་ཆར་གྱི་རྒྱུན། །སྤྲིན་ལྡིང་ཏ་ལ་གང་འཕར་འགྲོ། །ས་གཡོ་འབྱུང་བའི་སྐྱེ་མཆེད་སྣང་། །འབྱུང་རྒྱུན་ཟུག་རྔུ་ལ་སོགས་པ། །གང་གིས་ཡོངས་སུ་ནད་ཞི་བ། །མུན་པའི་སྐྱེ་མཆེད་ཆོམས་པ་དང་། །ལུས་ཀྱི་བཟོད་པ་ཐོབ་པ་དང་། །ཀུན་ལ་བདེ་བླག་ཇི་བཞིན་པའོ། །གང་མིན་གང་དུ་སྒྱུར་བ་དང་། །གང་མེད་པ་ལས་གང་འབྱིན་པའོ། །ཡིད་འོང་འདོད་གྲུབ་རྫས་མཆོག་རྙེད། །ཀུན་དགའ་ཀུན་འདུད་ཀུན་ཡིད་དང་། །ཀུན་ལ་དབང་སྒྱུར་མཆོག་འགྲུབ་ལྟས། །ཡུད་ལས་སྔོན་དུ་འབྱུང་བའི་ལྟས། །སྒྲེན་མོར་བྱུང་དང་རྟག་པར་འཁྲུ། །རྣམ་དག་ཆུ་བོར་འབོགས་དང་རྐྱལ། །ཆར་རྒྱུན་བུམ་ཆུ་འབྱུང་བ་དང་། །གསེག་དང་གཡེང་དང་རྣམ་པར་འཐོར། །འདི་གང་སྦྱོང་བ་དག་པའི་ལྟས། །གང་འདིར་འཇིགས་དང་བྲལ་བ་ཡང་། །གཡུལ་འགྱེད་ཞི་དང་ཟུག་རྔུ་བྱང་། །ཐ་མར་གྲོལ་དང་གཤེད་ལས་ཐར། །གདུག་པའི་ཚོགས་བྲལ་དུག་ནད་ཞི། །བཅིང་གྲོལ་བཙད་ལྟས་བཟང་པོ་ཡིན། །ཁྱད་པར་དམ་པའི་སྔོན་བྱུང་བ། །ཁྲི་རྐང་ཤིང་དང་ལྗོན་ཤིང་སྐས། །འཛེག་དང་གྱེན་དུ་འགྲོ་བ་དང་། །རི་རྩེའི་མཆོད་རྟེན་ནམ་མཁའི་སྐས། །གོང་ནས་གོང་དུ་འཕར་བའི་ལྟས། །གང་ལ་གནས་དང་ནོན་པ་ཡང་། །ཁྲི་མཐོན་ལ་འདུག་གླང་ཆེན་ཞོན། །སེང་ཆེན་ཁྱུང་ལྡིང་འདབ་ཆགས་དང་། །མཆོད་རྟེན་རྩེ་དང་རི་བོའི་སྤོ། །ནམ་མཁའི་དབྱིངས་ན་འདུག་པ་དང་། །ལུས་ལས་སྤྲིན་བྱུང་ཉི་ཟླ་ལ། །འདུག་པ་གང་ལ་གནས་པའི་རྟགས། །དམ་པ་རིགས་ཀྱི་སྔོན་བྱུང་བ། །བཀའ་རྟགས་དབང་པོར་དབང་སྒྱུར་བྱེད། །འཇིག་རྟེན་སྐས་ལ་འབེབས་པ་དང་། །དབང་སྡུད་གཡུལ་རྒྱལ་རྒྱལ་བར་འགྱུར། །མགོ་ལ་མེ་ཏོག་ཐོད་སྐྱེས་པའོ། །ཆོས་གང་དབང་སྒྱུར་སྔོན་བྱུང་བ། །གླེགས་བམ་རྙེད་དང་འདྲི་སྤྱོད་དང་། །གཞན་ལ་སྟོན་དང་གཏན་ལ་འབེབས། །མེ་ལོང་བུམ་གང་ལྟ་རྟོག་འཐུང་། །ནོར་བུ་ཐུ་དང་འཁོར་ལོ་བབས། །ཉི་ཟླ་ཟིན་དང་རི་རབ་སྐོར། །གང་ལ་སྒྲ་བརྒྱས་སྟོང་གསུམ་གང་། །དངོས་པོ་མཐའ་དག་ཡི་གེར་མཐོང་། །གྲགས་པས་ངོ་མཚར་ཀུན་སྐྱེད་དང་། །མཁའ་ལས་མེ་ཏོག་ཆར་འབབ་པའོ། །དམ་པ་མཐོང་བ་སྔོན་བྱུང་བ། །སྔོན་མ་མཐོང་བ་ཡུལ་མཐོང་དང་། །སྟོང་གསུམ་མཐོང་ཞིང་གླིང་རྣམས་བགྲོད། །རི་རབ་རྩེར་ཕྱིན་ཐམས་ཅད་མཐོང་། །ནམ་མཁའ་མཐའ་ཡས་མཐོང་བ་དང་། །རྒྱ་མཚོ་གཏིང་དུ་ཕྱིན་པ་དང་། །སྒྲོན་མེ་ཐོགས་དང་སྣང་སྲིད་དཔྱོད། །ཉི་མའི་སྙིང་པོ་ལྟ་བུའོ། །ལུང་ཆེན་ཐོབ་པ་སྔོན་བྱུང་བ། །རོལ་མོ་འབྲུག་སྒྲ་སེང་གེ་དང་། །ཆོས་ཀྱི་བགྲོ་བ་ཐོས་པ་དང་། །གཟུགས་བརྙན་ཞལ་འཛུམ་འོད་འབྱུང་དང་། །དམ་པའི་གསུང་ཐོས་སྐུ་མི་མཐོང་། །ལྷ་མོ་གླུ་དབྱངས་སྒྲོགས་པ་དང་། །གཞལ་ཡས་དག་ལ་སྒྲ་འབྱུང་དང་། །གྲོགས་པོ་དམ་པ་ཞེས་འབྱུང་ཞིང་། །དེ་ཉིད་འགྲོ་བར་བྱེད་པའོ། །རིག་འཛིན་དམ་པའི་ལྟས་ཤར་ན། །བྱིན་བརླབས་མཐུ་ཡི་ཆོ་འཕྲུལ་ཡང་། །ཉི་ཟླ་ཞོན་ནས་འགྲོ་བ་དང་། །རི་རབ་རྐེད་ནས་གསོར་བ་དང་། །འཇིག་རྟེན་རྒྱང་མར་འཕང་བ་དང་། །སྲེག་པའི་བསྐལ་པ་གཞིལ་བ་ལ། །སོགས་པའི་ཆོ་འཕྲུལ་ཐམས་ཅད་ཀྱང་། །ཁྱད་པར་རྩལ་གྱིས་སྟོན་པར་ནུས། །འདུལ་བའི་འགྲོ་བ་ཐམས་ཅད་ལ། །སོ་སོ་སྐད་དུ་ཆོས་མཐུན་པར། །འདུལ་བའི་སྒོ་ནི་སྣ་ཚོགས་སུ། །གང་ལ་དེ་ལྟར་སྟོན་པར་ནུས། །རྣལ་འབྱོར་རྩལ་གྱི་ཁྱད་པར་གྱིས། །འཇིག་རྟེན་ཁམས་ཀུན་གཡོས་ནས་ཀྱང་། །ཐམས་ཅད་ངོ་མཚར་ཆེར་འགྱུར་ཏེ། །དགའ་མགུ་རངས་པའི་རོ་མྱོང་འགྱུར། །གཡེང་བའི་ཡི་གེ་ཕྲེང་བ་ལས། །རྫུ་འཕྲུལ་ཆོས་ཀྱི་སྒྲ་བསྒྲགས་པས། །ཡིད་མཐོང་རྣམ་གྲངས་ཆོས་རྣམས་ཀུན། །སྔགས་སྣང་སྔགས་སུ་མ་གྱུར་མེད། །རྣལ་འབྱོར་ཆེ་ཆུང་རིམ་པ་དག །རྩལ་གྱི་ཁྱད་པར་དག་ལས་བྱུང་། །རིམ་གྱིས་འཇུག་དང་ཅིག་ཅར་བ། །དབུགས་ཀྱི་ཡུལ་དང་ཚོར་བ་དང་། །ཐོས་དང་མཐོང་བ་ལ་སོགས་ཏེ། །སེམས་ཀྱི་ཡུལ་དང་ནམ་མཁའི་དབྱིངས། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར། །རང་བཞིན་ཡི་གེ་བསྒྱུར་ཡི་གེ། །ཡན་ལག་ཡི་གེ་སོ་སོ་ཡི། །རྩ་བ་ལ་སོགས་གཞི་གཅིག་བཅས། །འཕྲོ་འདུའི་ཚད་དང་ཕྱག་རྒྱའི་ཁྱོན། །ཚོམ་བུའི་གྲངས་ཀྱང་དེ་བཞིན་ནོ། །འདི་ནི་དང་པོའི་འཇུག་རིམས་ཏེ། །མཐར་གྱིས་འདྲིས་ཤིང་གོམས་བྱེད་པའོ། །ཡི་གེ་ཡེ་ཤེས་ལས་བསྐྲུན་ཏེ། །དོན་བྱེད་པའང་ཕྱག་རྒྱར་འབྱུང་། །རྒྱ་མཚོ་གནོན་དང་ནམ་མཁའི་སྐས། །རླུང་འཆིང་བ་དང་རྒྱུན་བཟློག་པ། །སྲེག་པའི་བསྐལ་པ་གཞིལ་བ་དང་། །ཉི་ཟླ་ཞོན་ནས་འཇིག་རྟེན་འཕང་། །ས་ལ་འཛུལ་དང་རི་རབ་འདེགས། །སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དང་། །གཞིག་དང་སྤར་བ་ལ་སོགས་ཏེ། །བསམ་བྱ་བསམ་གྱིས་མི་ཁྱབ་པ། །གོམས་པས་ལས་སུ་རུང་བ་ཡི། །རྣལ་འབྱོར་རྩལ་ཆེན་སྦྱོང་བར་ཟད། །བཟླས་པ་མཐར་ཕྱིན་གྲུབ་པ་དང་། །བཅིང་བ་ཡོངས་སུ་རྫོགས་པ་དང་། །བསམ་པ་ལས་སུ་རུང་བ་དང་། །དོན་མཐོང་བ་དང་ཚིག་གྲུབ་པ། །བྱ་བ་ཡོངས་སུ་དག་པ་དག །དོན་གཅིག་ཡུལ་ལ་སོ་སོར་སྣང་། །དེས་ན་ཏིང་འཛིན་ཁྱད་པར་ཡང་། །དེ་ཉིད་གཅིག་ལ་སྒོམ་མོད་ཀྱི། །རྣལ་འབྱོར་རྩལ་གྱི་ཁྱད་པར་ནི། །བསམ་པའི་ཡུལ་ནི་སྣ་ཚོགས་ཏེ། །དང་པོ་ས་ལ་གནས་པ་ཡི། །བཙལ་བ་ལས་ནི་རྣལ་འབྱོར་པ། །འདུན་པའི་སེམས་པའི་རྣལ་འབྱོར་ལ། །སོགས་པའི་རྣལ་འབྱོར་རྣམ་དྲུག་པོ། །ཤེས་རབ་རྩལ་གྱི་འཕང་དམས་པས། །ཏིང་འཛིན་རྩལ་ཡང་ཆུང་བ་སྟེ། །དེ་ཉིད་མཐོང་བར་མི་འགྱུར་བས། །རང་གི་མོས་པ་གང་དམིགས་ན། །དེ་ཡི་ས་བོན་གང་ཡིན་པ། །ཁ་དོག་དབྱིབས་ཀྱིས་ཕྱེ་ནས་ནི། །སྣ་ཡི་དབུགས་ལ་རྒྱུ་བྱས་ཏེ། །དེ་ཡི་ཡུལ་དུ་གྱུར་ཚད་དུ། །འོད་ཟེར་འབར་འཕྲོ་གསལ་བ་ལས། །འཕྲོ་འདུ་གནས་སུ་བསྐྱེད་པར་བྱ། །རང་གི་ཆག་ཚད་དང་སྦྱར་བའི། །སྐུ་ཡི་ཁྱོན་ཡང་དེ་ཙམ་མོ། །གཉིས་པའི་ས་ལ་གནས་པ་ཡི། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་ལ། །སོགས་པའི་རྣལ་འབྱོར་རྣམ་བཞི་པོ། །ཏིང་འཛིན་རྩལ་གྱི་ཁྱད་པར་གྱིས། །ས་བོན་རང་བཞིན་ཡི་གེ་ལ། །འོད་ཟེར་འབར་བ་བཅས་པ་དེ། །དྲི་འབྱུང་སྒོ་ནི་ཚུན་ཆད་དུ། །འཕྲོ་འདུ་གསལ་བར་བསྐྱེད་པ་ལས། །རང་གི་ཆག་ཚད་གཉིས་བསྒྱུར་བའི། །སྐུ་ཡི་ཁྱོན་ཡང་དེ་ཙམ་མོ། །གསུམ་པའི་ས་ལ་གནས་པ་ཡི། །རྣལ་འབྱོར་ལུང་གི་བཀའ་སྒོ་ལ། །སོགས་པའི་རྣལ་འབྱོར་རྣམ་གསུམ་པོ། །དམིགས་པའི་ཏིང་འཛིན་འདི་ལྟར་འདོད། །ལྷ་ཡི་ས་བོན་གང་ཡིན་པ། །རང་བཞིན་ཡི་གེར་བསྒྱུར་བྱས་ཏེ། །འོད་ཟེར་འབར་དང་བཅས་པ་ཡིས། །ཐོས་པའི་ཡུལ་ནི་ཚུན་ཆད་དུ། །འཕྲོ་འདུ་གསལ་བར་བྱས་པ་ལས། །རང་གི་ཆག་ཚད་བཞི་འགྱུར་ཙམ། །སྐུ་ཡི་ཁྱོན་ཡང་དེ་ཙམ་མོ། །དེ་བཞིན་རྣལ་འབྱོར་རིམ་པ་བཞིན། །ལྷ་ཡི་ཁྱད་པར་གང་ཡིན་པ། །ཡི་གེའི་རིམ་པ་བཞིན་སྦྱར་ནས། །འཕྲོ་འདུ་ཚད་ཀྱང་དེ་བཞིན་ཏེ། །རིམ་པ་ཇི་བཞིན་སྦྱར་ནས་ཀྱང་། །འཕྲོ་འདུ་གསལ་བར་གྱུར་པ་དང་། །སེམས་ཀྱི་ཡུལ་ནི་ཇི་ཙམ་དུ། །སྐུ་ཡི་ཁྱོན་གྱི་ཁྱད་པར་ཡང་། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པས། །སྐུ་ཡི་ཁྱོན་གྱིས་གང་བའོ། །ཇི་ལྟར་གསེར་སྦྱངས་འཚེར་བ་བཞིན། །སེམས་ཉིད་སྦྱངས་པས་དེ་ཉིད་གསལ། །འཕྲོ་འདུ་སྦྱོར་བའི་ཏིང་འཛིན་འདི། །རིམ་གྱིས་སྦྱོང་ལ་ཅིག་ཅར་དྲོད། །ལང་ཀའི་བདག་པོ་འདི་ལྟ་སྟེ། །ཆོས་རྒྱུན་ཆེན་པོ་འདི་འཛིན་འདི། །སེམས་དཔའ་རྡོ་རྗེ་དམ་པས་བཤད། །འདི་ཀུན་འཕྲོ་འདུའི་རྒྱུན་ཞེས་བྱ། །ནམ་མཁའ་དོན་གྱི་གླེགས་བམ་ལ། །སྣ་ཚོགས་རིག་པའི་ཡི་གེ་བྲིས། །འབྱུང་ཆེན་བཞི་ཡི་སྒྲ་བསྒྲགས་པས། །ཐེག་ཆེན་གསང་སྔགས་རྒྱུན་མི་འཆད། །ཆོས་སོ་ཅོག་གི་རང་བཞིན་ནི། །དེ་བཞིན་ཉིད་ལས་མ་གཡོས་པས། །ཐམས་ཅད་བདུད་རྩིར་རྒྱུན་མི་འཆད། །འཁོར་བ་རྒྱ་མཚོ་ཡོ་བྱད་རྣམས། །མཆོད་པ་རྒྱ་མཚོའི་རང་བཞིན་ཏེ། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་རྒྱུན་མི་འཆད། །ཀུན་གྱི་དེ་བཞིན་ཉིད་དབྱིངས་ལས། །སེམས་ཅན་སངས་རྒྱས་སྙིང་པོར་ཤར། །འགྲོ་གང་བསམ་གྱིས་མི་ཁྱབ་པ། །རང་འབྱུང་སངས་རྒྱས་རྒྱུན་མི་འཆད། །དངོས་པོ་བརྟན་གཡོ་ལ་སོགས་པའི། །སྒྲ་སྐད་བསམ་གྱིས་མི་ཁྱབ་པའི། །ཀུན་ཀྱང་གསང་སྔགས་གསང་བའི་ཚིག །བཟླས་པ་རྒྱ་མཚོ་རྒྱུན་མི་འཆད། །དེ་དང་དེ་ཡི་དབྱིངས་ཉིད་ལ། །གང་དང་གང་གི་ཐབས་སྦྱོར་བ། །ཡེ་ནས་འདུ་འབྲལ་མེད་པས་ན། །སྦྱོར་བ་ཆེན་པོ་རྒྱུན་མི་འཆད། །སྲིད་གསུམ་བསྒྲལ་བའི་ཞིང་འདི་དག །སྟོང་པའི་མཚོན་ཆའི་རྒྱལ་པོ་ཡིས། །དངོས་པོ་མེད་པར་བསད་པས་ན། །ཡེ་སྒྲོལ་ཆེན་པོ་རྒྱུན་མི་འཆད། །སྣང་སྲིད་དག་པའི་གཞལ་ཡས་སུ། །ཀུན་གཞི་དཔལ་གྱི་མཎྜལ་ལ། །རྣམ་ཤེས་ཐིག་ཆེན་སྲད་བུ་བརྒྱད། །ཡེ་བཏབ་དཀྱིལ་འཁོར་རྒྱུན་མི་འཆད། །འདོད་ཁམས་རྨང་གི་རི་རབ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་བརྟན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །གདུང་ཆེན་ཆོས་སྐུ་རྒྱུན་མི་འཆད། །ནམ་མཁའ་མེ་ཆུ་ས་རླུང་རྣམས། །རྨང་གཞི་རི་རབ་རྟེན་དུ་སྣང་། །བང་རིམ་རི་བདུན་བཅས་པ་རྣམས། །དེ་ཉིད་བང་རིམ་ཁྲི་འཕང་བརྟེན། །རི་བོ་བུམ་རྟེན་བུམ་པར་བཅས། །འདི་ཡང་གདུང་ཆེན་རྒྱུན་མི་འཆད། །འཛུགས་པའི་ཡན་ལག་གཞི་རྨང་རྟེན། །འཁོར་ལོ་ཚིགས་ཆེན་ཁྲི་འཕང་བརྟན། །ཡན་ལག་དང་པོ་བུམ་རྟེན་བཅས། །ལྕང་ལོ་ཅོད་པན་ཕྲེང་བས་བཀླུབས། །དེ་བཞིན་ཉིད་ཀྱི་ས་གཞི་ལ། །ཇི་བཞིན་པ་ཡི་གཞལ་ཡས་ཁང་། །མ་ནོར་མ་བཅོས་རྨང་ཆེན་བརྟན། །བྱང་ཆུབ་སེམས་ཀྱི་རྩིག་ཆེན་གཏམས། །ཡེ་ཤེས་ལྔ་ཡི་སྐར་མཐོངས་གསལ། །བསྡུ་བ་ཚད་མེད་རྣམ་ཐར་སྒོ། །དྲན་པ་ཡང་དག་ཐེམ་སྐས་བརྒྱད། །རྫུ་འཕྲུལ་རྟ་བབས་དག་གིས་བརྒྱན། །མི་འཇིགས་རིག་པའི་གདུང་ཆེན་ལ། །ཡང་དག་བརྒྱད་ཀྱི་ཀ་བས་མཛེས། །རང་འབྱུང་ཡེ་ཤེས་དབུ་རྩེ་འཕགས། །བདེན་གཉིས་ཁྱམས་ཀྱིས་ངེས་པར་མཛེས། །ཡེ་ཤེས་ཐུགས་རྗེ་ཡོན་ཏན་ལས། །བྱིན་བརླབས་རྒྱན་གྱིས་མཛེས་པར་བརྒྱན། །ཆོས་ཉིད་རླབས་ཀྱི་བླ་རེ་བྲེས། །སིལ་སྙན་སྒྲ་སྒྲོགས་ཐེག་ཆེན་སྔགས། །ཇི་བཞིན་ཆོས་ཀྱི་ཕོ་བྲང་འདིར། །རྒྱལ་བ་བཞུགས་པ་འདི་ལྟར་རིམ། །ཀུན་བཟང་སེམས་ཀྱི་ཆོས་ཉིད་ལས། །ཀུན་གཞི་མ་འདྲེས་ཡོངས་རྫོགས་ཆོས། །སེམས་དཔའ་ཡུད་ཀྱིས་ངེས་ཐོབ་པས། །བསྟན་པ་རྒྱ་མཚོ་རྒྱུན་མི་འཆད། །རྡོ་རྗེ་ནམ་མཁའི་སྐས་བགྲོད་ནས། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །སྣང་སྲིད་མཐའ་ཐུག་མེད་ལ་ལྟ། །དེས་ནི་དེ་ཡུལ་ཡངས་པར་འགྱུར། །རྒྱ་མཚོ་རྡོ་རྗེས་གཏམས་བྱས་ཏེ། །དེ་ལ་གནས་པའི་སེམས་ཅན་ལ། །རྡོ་རྗེ་སེམས་དཔའ་བརྟན་བྱས་ཏེ། །ཐམས་ཅད་དམ་པའི་རྡོ་རྗེར་བྱས། །ནམ་མཁའ་དབྱིངས་ཀྱི་ལིང་ག་ལ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །མྱུར་མགྱོགས་ཆུ་ཟླའི་འཕེན་ཤུགས་ཀྱིས། །ཞིང་ཁམས་ཀུན་དུ་བགྲོད་པར་བྱ། །ནམ་མཁའི་དབྱིངས་ཀྱི་ལིང་ག་ལ། །ཉི་མའི་དཀྱིལ་འཁོར་དབུས་གནས་པའི། །ཤིན་ཏུ་ངེས་པར་གྱུར་པ་དང་། །མུན་པའི་གནས་རྣམས་ཐམས་ཅད་གསལ། །རྣལ་འབྱོར་སྡིགས་མཛུབ་རྩེ་མོ་ལ། །ཟླ་བའི་དཀྱིལ་འཁོར་འོད་གསལ་འབར། །ཤིན་ཏུ་བརྟན་པར་རེད་པ་དང་། །ཆུ་དེས་སྲེག་པའི་བསྐལ་པ་གཞིལ། །རྣལ་འབྱོར་ལག་གི་དཀྱིལ་འཁོར་དུ། །སྟོང་གསུམ་འཇིག་རྟེན་ཁོར་ཡུག་བཅས། །ནམ་མཁའི་དབྱིངས་སུ་འཕངས་ནས་ནི། །ས་ནས་སར་ནི་སྤར་བར་བྱ། །རྣལ་འབྱོར་སྡིགས་པའི་མཛུབ་མོ་ལ། །ཉི་མའི་དཀྱིལ་འཁོར་གསལ་བ་ལས། །ཟེར་ལས་ཉི་མ་འབུམ་འཕྲོས་པས། །ཕྱི་ནང་མུན་པ་ཐམས་ཅད་བསལ། །རྣལ་འབྱོར་ལག་གི་དཀྱིལ་འཁོར་ལས། །ཆུ་ཟླའི་དཀྱིལ་འཁོར་རབ་གསལ་བས། །མདུད་རྩི་ཆུ་བོའི་རྒྱུན་བྱུང་བས། །སྲེག་པའི་དམྱལ་བའི་མེ་ཆེན་བསད། །གཞན་ཡང་ལང་ཀའི་བདག་པོ་ཏིང་ངེ་འཛིན་གྱི་མདོ་ནི་འདི་ཁོ་ནར་འདུས་པར་གསུངས་པས། འདི་ཁོ་ན་ལྟར་ཤེས་པར་བྱའོ། །སེམས་ནི་སྒྱུ་མའི་རང་བཞིན་ཏེ། །ཇི་ལྟར་བརྟགས་པ་དེ་ལྟར་སྣང་། །དེ་མ་ཐག་པར་མ་གྱུར་ཀྱང་། །དེ་ཉིད་གང་བརྟགས་དེ་ལྟར་སྣང་། །གདོས་བཅས་ཡུལ་ན་མི་སྣང་ཡང་། །ཡིད་གཟུགས་མངོན་ཤེས་ཀུན་མཁྱེན་སྣང་། །གང་བརྟགས་དེ་ལྟར་དེ་ལྟས་ནས། །མངོན་སུམ་གསལ་པོར་རེད་པར་འགྱུར། །ཡོད་མེད་ལེགས་ཉེས་རང་བཞིན་རྣམས། །ཆུ་ཁམས་རྟས་པ་ལྟ་བུར་ཟད། །ཐམས་ཅད་འདི་ཡིས་བྱེད་པར་འགྱུར། །དེས་ན་ཏིང་འཛིན་སེམས་ཉིད་གཙོ། །དཔེར་ན་རྒྱ་མཚོ་ནོར་ལེན་མི། །སྦྲུལ་དང་ཆུ་སྲིན་སྦྲང་མ་ལ། །སོགས་པ་གདུག་པའི་སྡུག་བསྔལ་ཀུན། །དཀའ་བས་ཉམས་སུ་བླངས་པ་འགྲུབ། །དེ་བཞིན་རྣལ་འབྱོར་རྣལ་ཚོལ་བ། །རྣམ་རྟོག་བྱིང་རྨུགས་འཕྱར་གཡེང་དགྲ། །གཞོམ་པར་དཀའ་པའི་ལས་འདི་དག །ཉམས་སུ་བླངས་ན་བདེ་ཐོབ་རྙེད། །འདི་ནི་ཏིང་འཛིན་དམ་པ་ཡིན། །ཉམས་སུ་བླངས་པའི་བསླབ་པ་སྟེ། །སེམས་ཉིད་གོམས་པར་བྱ་བ་ལས། །འདྲིས་པར་བྱེད་པ་རབ་ཏུ་གཅེས། །གྲོགས་པོ་དག་དེ་དག་ནི་ཉམས་རྙེད་པ་ཉིད་དུ་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས། དམན་པ་རྣམས་གང་གི་དགོངས་པ་དམ་པའི་ཉམས་དྲོད་རྙེད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྣལ་འབྱོར་དབང་སྒྱུར་གྱི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གསུམ་པའོ།། །།


previousརྣལ་འབྱོར་དབང་སྒྱུར་གྱི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གསུམ་པ།next