Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་ལྔ་པ།


 
previousསངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་ལྔ་པ།no next

སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་ལྔ་པ།

དེ་ནས་ཡང་གསང་བ་པའི་བདག་པོ་དེས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་ཤིན་ཏུ་རྔོམ་བརྗིད་ཚུལ་དུ་བོས་ཏེ་སྨྲས་པ། ཀྱེ་གྲོགས་པོ་དག་མདོ་གཅིག་ཏུ་བསྡུས་པ་ནི་གང་ཞེ་ན་འདི་ལྟ་སྟེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ངོ་བོ་ཉིད་དག་པར་དེ་བཞིན་གཤེགས་པ་ཐམས་ཅད་གྱུར་པར་འདུས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ་གཅིག་ཏུ་འདུས་པར་བཤད་པ། ཆོས་ཉིད་རྣམ་པར་དག་པས་ན། །ཆོས་ཀུན་རང་བཞིན་རྣམ་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིག་མཆོག་རབ་ཉིད་དོ། །ཞེས་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་ལས་དེ་སྐད་ཅེས་འབྱུང་བའོ། །དེ་ལྟར་ན་ཡང་འདི་ལྟ་སྟེ། །མི་ཕྱེད་རྡོ་རྗེ་དམ་ཚིག་ནི། །རྡོ་རྗེ་དེ་བཞིན་ཉིད་ལས་བྱུང་། །ཆོས་ཉིད་རྡོ་རྗེ་དམ་ཚིག་ནི། །གྲུབ་ན་འཇིག་པའི་དུས་མེད་དོ། །གྲོགས་པོ་དག་བཅོམ་ལྡན་འདས་རྣམ་པར་དག་པའི་ངོ་བོ་ཉིད་ལས་དེ་སྐད་ཅེས་གསུངས་སོ། །གྲོགས་པོ་དག་ཡང་འདི་ལྟ་སྟེ། རྒྱལ་བ་ཀུན་གྱི་ཐུགས་དམ་ནི། །ཐམས་ཅད་དམ་པ་དེ་ཉིད་ལས། །མི་གཞན་གཞན་མེད་ཡོད་མ་ཡིན། །དེ་ལས་གང་ཡང་འདའ་མི་འགྱུར། །བཅོམ་ལྡན་འདས་རྫོགས་ལོངས་སྤྱོད་པ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཡང་གྲོགས་པོ་དག་འདི་ལྟ་སྟེ། །དམ་པ་རྣམས་ཀྱིས་གསུངས་པའི་ཚིག །རྡོ་རྗེ་གོ་ཆ་དམ་བཅས་པ། །ཤིན་ཏུ་དམ་པའི་ཐ་ཚིག་འདི། །གལ་ཏེ་འདས་ན་ཚིག་པར་འགྱུར། །བཅོམ་ལྡན་འདས་གསང་བའི་སྐུ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཡང་གྲོགས་པོ་དག་འདི་ལྟ་སྟེ། རྒྱལ་བ་རྣམས་ཀྱི་དམ་པ་འདི། །གསུངས་པས་དམ་ཚིག་མཐའ་ཡས་ཀུན། །ཐམས་ཅད་ཐམས་ཅད་བསྲུངས་པ་སྟེ། །བསྲུང་བ་འདི་ནི་རྙེད་པར་དཀའོ། །བཅོམ་ལྡན་འདས་རྒྱུན་གྱི་འབྱུང་བ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཀྱེ་གྲོགས་པོ་དག་འདི་ལྟ་སྟེ། ཞེ་སྡང་ངོ་བོ་ཐ་དད་པ། །བྱང་ཆུབ་སེམས་སུ་མཉམ་པས་ན། །དེ་བཞིན་ཉིད་ལས་གཞན་པ་ཡིན། །མ་སྤངས་མ་དག་རྡོ་རྗེ་དམ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །གྲོགས་པོ་དག་འདི་ལྟ་སྟེ། འདོད་དང་ཆགས་པའི་ཡུལ་ཉིད་ནི། །རང་བཞིན་གང་ཡིན་དེ་བཞིན་ཉིད། །ལོངས་སྤྱོད་མྱོང་ཚོར་རྣམ་པར་དག །སྤྱོད་ལ་མ་ཆགས་རྡོ་རྗེ་དམ། །བཅོམ་ལྡན་འདས་འོད་མཐའ་ཡས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཡང་འདི་ལྟ་སྟེ། ཐམས་ཅད་དེ་བཞིན་དེར་མཚུངས་པས། །ཁྱད་པར་བྱེ་བྲག་དབྱེར་མེད་པའི། །རྡོ་རྗེ་ནམ་མཁའ་འོད་གསལ་བས། །རྨོངས་པའི་མུན་ནག་རྣམ་དག་གསལ། །བཅོམ་ལྡན་འདས་སྣང་མཛད་ངོ་བོ་ཉིད་དག་པས་འདི་སྐད་ཅེས་གསུངས་སོ། །ཡང་འདི་ལྟ་སྟེ། རྣམ་དག་ཐུག་མཐའ་མུ་མེད་པས། །ཡངས་དོག་ཚིག་གི་མཐའ་དང་བྲལ། །ཀུན་བཟང་ཡངས་པའི་ལམ་དུ་གཅིག །བདེ་ཆེན་ཀློང་ཡང་རྡོ་རྗེ་དམ། །བཅོམ་ལྡན་འདས་ཐམས་ཅད་གྲུབ་པས་དེ་སྐད་ཅེས་གསུངས་སོ། །ཡང་འདི་ལྟ་སྟེ། དེ་བཞིན་ཉིད་ལས་མེད་པས་ན། །ཡིན་དང་མ་ཡིན་གཉིས་ལས་འདས། །བདག་མེད་རྡོ་རྗེ་དེ་བཞིན་ཉིད། །ང་མེད་མི་འགྱུར་རྡོ་རྗེ་དམ། །བཅོམ་ལྡན་འདས་ཡོན་ཏན་ཀུན་གྱི་འབྱུང་གནས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །གྲོགས་པོ་དག་གཞན་ཡང་འདི་ལྟ་སྟེ། ཡོད་མཐོང་སྣང་གྲགས་ཆོས་སོ་ཅོག །ཐ་དད་སྣ་ཚོགས་མཐའ་ཡས་ཀྱང་། །རང་བཞིན་མ་བཅོས་དེ་བཞིན་ཉིད། །མ་བསྒྲིབས་འོད་གསལ་རྣམ་དག་ཞིང་། །བཅོམ་ལྡན་འདས་དྲི་མེད་སྒྲ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །དེ་བཞིན་དུ་འདི་ལྟ་སྟེ། ཀུན་དུ་བཟང་པོའི་ཡེ་ཤེས་འདི། །སུས་ཀྱང་མ་བྱས་རང་འབྱུང་སྟེ། །ཐམས་ཅད་འབྱུང་བའི་རྩ་བས་ན། །རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས། །བཅོམ་ལྡན་འདས་དཀོན་མཆོག་སྤྲིན་ངོ་བོ་ཉིད་དག་པས་འདི་སྐད་ཅེས་གསུངས་སོ། །གཞན་ཡང་དགོངས་པ་རྣམ་པར་བཤད་པ་ནི་འདི་ལྟ་སྟེ། ཡེ་ནས་མ་བཅོས་ཇི་བཞིན་པ། །ཆོས་སོ་ཅོག་གི་སྙིང་པོ་སྟེ། །མེད་པ་ལས་བྱུང་སྣ་ཚོགས་སྣང་། །སྣང་མེད་དེ་བཞིན་དཀྱིལ་འཁོར་རྫོགས། །བཅོམ་ལྡན་འདས་བཀོད་པའི་འབྱུང་གནས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །གཞན་ཡང་འདི་ལྟ་སྟེ། རང་འབྱུང་རིག་པའི་སེམས་ཉིད་ཀྱིས། །མ་བཅོས་ཆོས་ཉིད་དབྱིངས་ཀྱི་དོན། །ལྷུན་གྲུབ་ཐབས་དང་ཤེས་རབ་ལས། །ཡང་དག་རང་བཞིན་དཀྱིལ་འཁོར་གསལ། །བཅོམ་ལྡན་འདས་སེང་གེ་སྒྲ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །གཞན་ཡང་བཅོམ་ལྡན་འདས་མཛེས་པའི་ཏོག་ངོ་བོ་ཉིད་དག་པས་གསུངས་པ། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བདེ་དང་མི་བདེ་རྣམ་པ་ཀུན། །དེ་བཞིན་ཉིད་དུ་རོ་གཅིག་པས། །ཚོར་བ་བདེ་སྡུག་གང་ཡང་མེད། །ཅེས་གསུངས་སོ། །གཞན་ཡང་བཅོམ་ལྡན་འདས་མཛེས་པའི་རྒྱན་ངོ་བོ་ཉིད་དག་པས་འདི་སྐད་དུ། དེ་བཞིན་ཉིད་དུ་དོན་བསྟན་དུ། །དེ་བཞིན་ཉིད་དུ་ཀུན་གཅིག་པས། །གང་གིས་གང་ལ་གང་ཞིག་བསྟན། །ཉིད་ལ་ཉིད་གླེང་ཁོ་ནར་ཟད། །ཅེས་གསུངས་སོ། །གཞན་ཡང་བཅོམ་ལྡན་འདས་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །དུས་གསུམ་དུས་བཞིར་མི་རིགས་ཏེ། །ཡེ་ཤེས་རིག་པའི་ཁྱད་པར་ལས། །སྐད་ཅིག་བསྐལ་པ་དེ་སྐད་ཅིག །ཅེས་གསུངས་སོ། །གཞན་ཡང་བཅོམ་ལྡན་འདས་སྙིང་རྗེའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། འཁོར་བ་མྱ་ངན་འདས་རྟག་པ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དུ། །ཡེ་ནས་མྱ་ངན་འདས་པས་ན། །རང་བཞིན་ལྷུན་གྲུབ་ཚོགས་གཉིས་རྫོགས། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ངོ་བོ་ཉིད་དག་པས་འདི་སྐད་དུ། ཆོས་སོ་ཅོག་གི་རང་བཞིན་ནི། །མ་སྐྱེས་པ་ལས་ཐམས་ཅད་སྐྱེ། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །རིགས་མཆོག་རྡོ་རྗེ་སྐྱེ་གནས་དམ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཡོངས་སུ་དགོངས་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། དེ་བཞིན་ཉིད་དུ་ཀུན་རིག་ན། །དེས་ཁྱབ་གར་གནས་སངས་རྒྱས་ཞིང་། །ཡོན་ཏན་རིན་ཆེན་སྤྲིན་བཀོད་པ། །དགོད་པར་བྱ་བ་ཅི་ཡང་མེད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་གསེར་གྱི་འོད་ཟེར་ངོ་བོ་ཉིད་དག་པས་འདི་སྐད་དུ། དཔག་ཏུ་མེད་པའི་རྒྱལ་བ་རྣམས། །ཇི་བཞིན་དེ་བཞིན་ཉིད་ལ་བཞུགས། །དེ་བཞིན་ཉིད་དང་ཐམས་ཅད་ཀྱང་། །གཉིས་མེད་དེ་བཞིན་དེ་ཉིད་དོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་འོད་ཀྱི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། འཁོར་བ་དང་ནི་མྱ་ངན་འདས། །སོ་སོར་སྣང་བ་མ་ཡིན་ཏེ། །ཇི་བཞིན་དེ་བཞིན་ཉིད་དེས་ན། །དེ་ལ་འཁོར་བའི་རང་བཞིན་མེད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཞི་བའི་དབང་པོ་ངོ་བོ་ཉིད་དག་པས་འདི་བཞིན་དུ། །དེ་བཞིན་ཉིད་ཀྱི་དེ་ཉིད་ནི། །དཔག་ཅིང་གཞལ་བར་མཐའ་ཡས་པས། །དཔག་མེད་རྒྱལ་པོའི་ཕོ་བྲང་ཡིན། །དེ་ནས་ཀུན་བཀོད་དེར་གཅིག་ནས། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་སྤྲིན་གྱི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། ཐམས་ཅད་འབྱུང་བའི་ཆོ་འཕྲུལ་ཡང་། །ཅིར་ཡང་འགྱུར་བའི་ཡེ་ཤེས་ཏེ། །གདོས་པར་གྱུར་པའི་ཆོས་མེད་པས། །ཇི་ལྟར་དམིགས་པ་བཞིན་དུ་འབྱུང་། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཡིད་འོང་དབྱངས་ངོ་བོ་ཉིད་དག་པས་འདི་སྐད་དུ། འཇིག་རྟེན་འཁོར་བའི་ཁ་བརྒྱུད་པས། །མ་རིག་ངོ་བོ་དེ་བཞིན་ང་། །གཞི་རྩ་མེད་པའི་སྐད་ཅིག་མ། །དེ་ཉིད་རིག་ན་བདེ་ཆེན་གནས། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་མེ་ལོང་འོད་སྣང་ངོ་བོ་ཉིད་དག་པས་འདི་སྐད་དུ། ཉོན་མོངས་ཡེ་ཤེས་ལྔར་རྟོག་པ། །ཇི་བཞིན་དེ་ལ་གཉིས་ཀ་སྒྲིབ། །རྟོག་དང་མི་རྟོག་གཉིས་མེད་དེ། །རྟོག་པ་དེ་ཉིད་ཡང་དག་ལམ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཟླ་འོད་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། ཐེག་པ་དཔག་མེད་བསྟན་པ་ཡང་། །ཇི་ལྟར་མོས་པ་ཐ་དད་པ། །ཁྲིད་པ་བྱ་བའི་ཐབས་སུ་ཟད། །རྡོ་རྗེ་ཐེག་པ་ཉིད་ལས་མེད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཉི་མའི་སྙིང་པོ་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། གང་གིས་དེ་མཐོང་མཐོང་མ་ཐག །མི་ཤེས་ཆོད་པའི་དྲ་བ་ཆོད། །ཁྱུང་དང་སེང་གེ་ཇི་བཞིན་དུ། །མངལ་ལྟར་ལུས་ཀྱི་མངལ་གྱིས་བསྒྲིབས། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་སྤོས་ཀྱི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། དབང་སྒྱུར་ཐབས་ཀྱི་ཡེ་ཤེས་ཀྱིས། །སྒྱུ་མའི་ཆོས་ལ་དབང་ཐོབ་པས། །མུན་ལ་སྣང་འབྱུང་ཇི་བཞིན་དུ། །ཐམས་ཅད་དབང་སྒྱུར་རང་རིག་ཡིན། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་སྔོན་སྤྲོ་བའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། རྣམ་དག་ཡེ་ཤེས་སྒྱུ་མ་དང་། །ལོག་རྟོག་མཚན་མའི་སྒྱུ་མ་གཉིས། །རང་བཞིན་དེ་ཉིད་དག་པས་ན། །གཉིས་སུ་ཤེས་པ་ཉིད་ཚོགས་རྫོགས། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་རིན་ཆེན་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། བསམ་གྱིས་མི་ཁྱབ་ཆོས་འདི་རྣམས། །དེ་བཞིན་ཉིད་དུ་གཅིག་པས་ན། །གང་གི་དེ་བཞིན་དེ་ཤེས་པ། །ཀུན་ལ་དབང་སྒྱུར་ཐོབ་པ་ཡིན། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་འོད་ཟེར་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། སངས་རྒྱས་རྣམས་ཀྱི་དགོངས་པ་འདི། །ཤེས་ནས་དེ་ལ་གང་གནས་པ། །རང་རིག་ཉིད་ལ་དབང་ཐོབ་པའི། །དེ་བཞིན་རིག་པ་འཛིན་པ་ཉིད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་དཀའ་ཐུབ་རྒྱལ་པོའི་ངོ་བོ་ཉིད་དག་པས་འདི་སྐད་དུ། དེ་ཉིད་ཇི་བཞིན་མངོན་གྱུར་ན། །མེད་ལ་མི་ཟད་འབྱུང་བ་ཡི། །ཆེ་བའི་ཡོན་ཏན་རྒྱུན་མི་འཆད། །ཅིར་སྣང་ཀུན་འབྱུང་རིན་ཆེན་གཏེར། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་གཙུག་ཏོར་སྙིང་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། ཇི་བཞིན་མ་བཅོས་དེ་ཉིད་ལ། །དེ་བཞིན་པ་ཡི་བློ་གནས་པ། །དེ་བཞིན་དེ་ཉིད་མ་ཡིན་པའི། །སྒྲུབ་དང་བསྒྲུབ་པ་ག་ལ་ཡོད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་ངེས་པར་གཤེགས་པའི་ངོ་བོ་ཉིད་དག་པས་འདི་སྐད་དུ། མཁའ་ལ་གློ་བུར་སྤྲིན་འཐིབས་ལྟར། །དེ་བཞིན་གློ་བུར་རྟོག་པས་བསྒྲིབས། །མཁའ་དག་ནང་དུ་སྤྲིན་སངས་ལྟར། །རྣམ་རྟོག་སངས་པས་ངང་གིས་སངས། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ངེས་པར་གསུངས་པའི་ངོ་བོ་ཉིད་དག་པས་འདི་སྐད་དུ། ཇི་སྙེད་དག་པའི་གསུང་བརྗོད་ཀྱང་། །རྡོ་རྗེ་གསུང་ལ་སྤྲོས་པ་མེད། །སྤྲོས་མེད་གསུང་ཉིད་ཀུན་གསལ་ཁྱབ། །མ་གསུངས་པ་ཉིད་རྒྱ་ཆེར་བཤད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་ངོ་བོ་ཉིད་དག་པས་འདི་སྐད་དུ། ཐམས་ཅད་ཡུལ་ལ་འཇུག་པ་ཡི། །ཐོགས་མེད་མ་ཆགས་དེ་བཞིན་བློས། །ཇི་སྙེད་ཇི་བཞིན་ཉིད་དུ་བསྒྱུར། །ཟད་མེད་གཏེར་ལྡན་རིན་ཆེན་འབྱུང་། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་མེ་ཏོག་དབང་པོ་དབྱངས་ངོ་བོ་ཉིད་དག་པས་འདི་སྐད་དུ། ཇི་བཞིན་ཉིད་ལ་བཞུགས་པས་ན། །འདི་ཞེས་ཚིག་ཏུ་མ་གསུངས་ཀྱང་། །ཁྱབ་པས་གཅིག་པའི་བྱིན་བརླབས་ཀྱིས། །ཇི་ལྟར་འདོད་པ་སོ་སོར་མཇལ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་གྲགས་པའི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། སངས་རྒྱས་སེམས་ཅན་ལ་སོགས་པ། །ཐམས་ཅད་མ་ལུས་ལུས་པ་མེད། །རང་རིག་མ་རིག་རྟོག་པ་ཉིད། །ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་སྤྲུལ་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། ཡི་གེ་ཕྱག་རྒྱ་ཡེ་ཤེས་ཀྱང་། །ཚིག་ལས་འབྱུང་བའི་གཞི་ཡིན་ཏེ། །དེ་ཉིད་དག་པས་ཐམས་ཅད་དག །གསུང་ལ་གསུང་ཉིད་མི་གནས་པའོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་སྒྲ་དབྱངས་མི་ཟད་པ་ཉིད་དག་པས་འདི་སྐད་དུ། དེ་བཞིན་ཉིད་ཀྱང་རང་བཞིན་དུ། །ལྔ་ཕུང་ཉོན་མོངས་རྣམ་པར་དག །རྣམ་རྟོག་རྡུལ་བྲལ་སྐྱེ་འགག་མེད། །ཐམས་ཅད་ངོ་བོ་ཉིད་དུ་བཅོམ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་སྨན་གྱི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། དཔག་མེད་འཇིག་རྟེན་རྡུལ་སྙེད་ན། །འགྲོ་བ་རྡུལ་ཕྲན་བསམ་ཡས་ལ། །ཁྱད་པར་དེ་བཞིན་ཉིད་སྣང་བས། །ཏིལ་འབྲུ་མར་གྱིས་ཁྱབ་ལྟར་གནས། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་གསེར་གྱི་འོད་འཕྲོ་ངོ་བོ་ཉིད་དག་པས་འདི་སྐད་དུ། རྡུལ་ཕྲན་གཅིག་ཙམ་གང་ཟག་ལ། །དགོངས་ཏེ་མདུན་དུ་གསུང་བརྗོད་པ། །དཔག་མེད་མཐའ་ཡས་རྡུལ་སྙེད་ཙམ། །དེ་སྙེད་ཀུན་དུ་ཐོས་པར་གྲོལ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་བཀོད་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། གསུང་གཅིག་མི་ཟད་མཐའ་ཡས་གསུང་། །མཐའ་དང་དབུས་མེད་ཀུན་དུ་ཁྱབ། །ཁྱབ་དང་ཁྱབ་མེད་རྡོ་རྗེ་གསུང་། །སྣ་ཚོགས་དངོས་མེད་དེ་བཞིན་ཉིད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་གསེར་གྱི་གསུང་ངོ་བོ་ཉིད་དག་པས་འདི་སྐད་དུ། གང་ཡང་མ་བཅོས་དེ་ཉིད་ལ། །ཕྱོགས་དང་སྔ་ཕྱི་དུས་མེད་དེ། །ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ཉིད་རང་རིག་རང་ཉིད་དོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་དཔལ་གྱི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། དེ་ཉིད་དེ་སྙེད་རང་བཞིན་ཏེ། །དེ་སྙེད་དེ་ཉིད་ཡིན་པ་ལ། །བྱིས་པ་རྣམས་ཀྱིས་གཉིས་སུ་བཟུང་། །དེ་ལ་གཉིས་སུ་དབྱེ་བྱར་མེད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་སྣང་བ་བརྩེགས་པའི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། སྟོང་ཉིད་ནམ་མཁའི་རང་བཞིན་དུ། །མི་མཐུན་པ་དང་གཉེན་པོ་གཉིས། །ཡེ་ནས་དབྱེར་མེད་གཅིག་པས་ན། །གནོད་པས་འཇིགས་པ་ག་ལ་ཡོད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་ངོ་བོ་ཉིད་དག་པའི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། མི་འགྱུར་ནམ་མཁའི་རང་བཞིན་ཏེ། །དག་པ་དག་ལ་དག་པ་ཉིད། །རྟོག་པ་དག་ལ་རྟོག་པར་སྣང་། །ཅིས་འདུལ་དེར་སྣང་ཅི་ཡང་མེད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་དགའ་མཆོག་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། རང་བཞིན་རང་གིས་མ་བཅོས་པ། །ཡང་གིས་འོད་གསལ་དེ་བཞིན་ཉིད། །ཀུན་གྱི་སྙིང་པོ་དེ་ཉིད་པས། །ཅིས་ཀྱང་མ་བསྒྲིབས་ནམ་མཁའ་ཆེ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་གཟི་བརྗིད་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། ཇི་བཞིན་པ་ཉིད་ས་མཆོག་སྟེ། །དེ་རིག་ཡེ་ཤེས་བླ་མ་ཡིས། །ཡེ་ནས་དེ་བཞིན་ཉིད་ལ་གནས། །ད་གདོད་བགྲོད་དུ་ག་ལ་ཡོད། །ཅེས་གསུངས་སོ། །ཡང་བཅོམ་ལྡན་འདས་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ངོ་བོ་ཉིད་དག་པས་འདི་སྐད་དུ། སྟོང་པ་ཉིད་ཀྱི་སྙིང་པོ་ལ། །སྣ་ཚོགས་སྣང་བའི་འཁོར་གྱིས་བསྐོར། །སུས་ཀྱང་མ་བྱས་རང་འབྱུང་བ། །ཇི་བཞིན་པ་ཡི་དཀྱིལ་འཁོར་ཉིད། །ཅེས་གསང་བའི་ཚིག་ཏུའོ། །ཡང་བཅོམ་ལྡན་འདས་ངན་སོང་ཐམས་ཅད་སྦྱོང་བའི་ངོ་བོ་ཉིད་དག་པ་གསང་བས་འདི་སྐད་དུ། ཟད་མེད་ཡེ་ཤེས་དངོས་གྲུབ་ནི། །དེ་བཞིན་ཉིད་དུ་དངོས་གྲུབ་པས། །ཟད་པ་མེད་ཅིང་འཕེལ་བ་མེད། །ད་གདོད་བསྒྲུབ་ཏུ་ག་ལ་ཡོད། །ཅེས་གསང་བའི་ཚིག་ཏུའོ། །ཡང་བཅོམ་ལྡན་འདས་འཇིག་རྟེན་ཀུན་གྱི་ངོ་བོ་ཉིད་དག་པས་འདི་སྐད་དུ། ཆོས་ཀུན་རང་བཞིན་མེད་པ་ཉིད། །མྱ་ངན་འདས་ཞེས་དེ་ལ་བྱ། །སྟོང་ཉིད་རང་བཞིན་རྣམ་དག་ལ། །དེ་ཉིད་མི་གནས་བྱང་ཆུབ་སེམས། །ཞེས་གསང་བའི་ཚིག་ཏུའོ། །ཡང་བཅོམ་ལྡན་འདས་རྣམ་པར་རྒྱལ་བ་ཉིད་དག་པས་འདི་སྐད་དུ། རྣམ་རྟོག་ཆུ་བོའི་རྐ་མགོ་སྟེ། །སྟོང་ཉིད་ཞིང་དུ་མ་བསྒྱུར་ན། །འཁོར་བའི་རྒྱ་མཚོ་གཡེང་འགྱུར་བ། །དེ་མི་ཤེས་ལ་དེ་ལྟར་སྣང་། །ཞེས་གསང་བའི་ཚིག་ཏུའོ། །ཡང་བཅོམ་ལྡན་འདས་མེ་ཏོག་བཀོད་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། ཇི་བཞིན་པ་ཡི་དེ་བཞིན་ཉིད། །ཐམས་ཅད་འབྱུང་བའི་མ་ཡིན་པས། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན། །སེམས་ཅན་སངས་རྒྱས་ཀུན་གྱི་གནས། །ཞེས་གསང་བའི་ཚིག་ཏུའོ། །ཡང་བཅོམ་ལྡན་འདས་ཐམས་ཅད་སྣང་བ་ངོ་བོ་ཉིད་དག་པས་འདི་སྐད་དུ། སྟུག་པོ་བཀོད་པའི་སངས་རྒྱས་དང་། །སེམས་ཅན་རྣམ་པ་ཐམས་ཅད་དག །དངོས་པོ་བརྟན་གཡོ་ལ་སོགས་པ། །དེ་ཉིད་ལས་བྱུང་དངོས་མེད་སྐུ། །ཞེས་གསང་བའི་ཚིག་ཏུའོ། །ཡང་བཅོམ་ལྡན་འདས་ཡིད་དང་ངོ་བོ་ཉིད་དག་པས་འདི་སྐད་དུ། རང་འབྱུང་ཡེ་ཤེས་རྩ་བ་ནི། །བྱང་ཆུབ་སེམས་ཉིད་ཡིན་པས་ན། །དེ་ཡི་རྩ་བ་སྙིང་རྗེ་སྟེ། །ཕ་རོལ་ཕྱིན་པར་ཐབས་ཀྱིས་སོ། །ཞེས་གསང་བའི་ཚིག་ཏུའོ། །ཡང་བཅོམ་ལྡན་འདས་སེང་གེ་འབུམ་གཟུགས་ངོ་བོ་ཉིད་དག་པས་འདི་སྐད་དུ། ཇི་སྙེད་ཇི་བཞིན་ཉིད་ཀྱི་དོན། །ཡི་གེ་མིང་ཚོགས་སྒྲ་མཚོན་པ། །མིང་ཚོགས་སྒྲ་ལ་མ་བརྟེན་པར། །ཉམས་དྲོད་བློ་ཡིས་རིག་པ་མེད། །ཅེས་གསང་བའི་ཚིག་ཏུའོ། །ཡང་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། ཆོས་ཀུན་ཆོས་ཀྱི་རང་བཞིན་ནི། །དེ་བཞིན་ཉིད་ལས་མི་གཞན་པས། །དེ་ཉིད་བྱང་ཆུབ་ལམ་ཉིད་དེས། །ལམ་དེ་སྟུག་པོ་བཀོད་པའི་གནས། །ཞེས་གསང་བའི་ཚིག་ཏུའོ། །ཀྱེ་གྲོགས་པོ་དག་གཞན་ཡང་དེ་དག་ལ་སོགས་པ། རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྒྲོན་མ་བྱེ་བ་ས་ཡ་སྙེད་ངོ་བོ་ཉིད་དག་པ་དང་། ཆོས་ཀྱི་ཕོ་བྲང་ན་བཞུགས་པ་མཐའ་ཐུག་པ་མེད་པའི་ངོ་བོ་ཉིད་དག་པས་གསང་བའི་ཚིག་འདི་སྐད་དུ། ལ་ལ་ནི་འདི་ལྟར། རྟོག་མེད་རང་རིག་སྐད་ཅིག་མ། །སེམས་ཅན་སངས་རྒྱས་གཉིས་ཀྱི་དབྱིངས། །རིག་དང་མ་རིག་གཉིས་ཁོ་ན། །དག་དང་མ་དག་གཉིས་སུ་སྣང་། །ཞེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དེ་ཉིད་སྨྲ་བརྗོད་མེད་པ་ལས། །དེ་མཚོན་ཕྱིར་ན་ཐ་དད་བརྗོད། །གང་བརྗོད་པ་ཉིད་དེ་བཞིན་ཉིད། །དེ་ཉིད་སྤྲོས་མེད་རྡོ་རྗེ་དོན། །ཞེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དེ་ཉིད་ཅིར་ཡང་མི་སྣང་ན། །གློ་བུར་རྣམ་རྟོག་ཐ་དད་པའི། །རྣམ་རྟོག་དེ་ཉིད་སྣང་བར་ཟད། །སྣང་བ་ཉིད་ན་སྣང་བ་མེད། །ཅེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཇི་བཞིན་པ་ཡི་དེ་ཁོ་ན། །སངས་རྒྱས་ཀྱིས་ཀྱང་བྱར་མེད་ན། །གང་གིས་བཅོས་ཏེ་སུ་ཡིས་བྱས། །བྱས་པ་པོ་ཞིག་ག་ལ་ཡོད། །ཅེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ནི། །དེ་བཞིན་དེ་ཉིད་ཡིན་པས་ན། །དེ་ཁྱབ་གང་གི་ཆོས་རྣམས་ཀུན། །རང་བཞིན་དག་ལས་བསྒྲིབས་པ་མེད། །ཅེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དེ་ཉིད་མཚན་ཉིད་མེད་པ་ལས། །མཚན་ཉིད་སྣ་ཚོགས་པར་སྣང་བས། །ཀུན་འབྱུང་དབྱིངས་ཀྱི་རང་བཞིན་པས། །མེད་ལ་ཟད་མི་ཤེས་པར་མཛོད། །ཅེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། སྣ་ཚོགས་ཐེག་པའི་ལྟ་བ་དང་། །སྡོམ་པ་སྲུང་བའི་བྱ་བ་ཀུན། །སྤྱད་པར་བྱ་བ་མ་ཡིན་ཡང་། །ཀུན་ཀྱང་མ་འདྲེས་ཡོངས་སུ་རྫོགས། །ཞེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དེ་ལ་ཕྱོགས་དང་དུས་མེད་པར། །གང་གིས་ཕྱོགས་དང་དུས་བརྟགས་པའི། །དེ་ཉིད་དེ་ལ་རྣམ་པར་སྣང་། །སངས་རྒྱས་ཀྱིས་ནི་དེ་མི་མཁྱེན། །ཞེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། བསམ་གྱིས་མི་ཁྱབ་ཀུན་ཤེས་ནས། །བསམ་དུ་མེད་པར་དེ་བཞག་ན། །དཔག་ཏུ་མེད་པའི་ཡོན་ཏན་འབྱུང་། །རྣམ་པ་ཐམས་ཅད་མཁྱེན་པ་ཡིན། །ཞེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། བསམ་གྱིས་མི་ཁྱབ་མི་ཤེས་པར། །བསམ་མེད་ངང་དུ་གང་འཇོག་པ། །བྱིས་པ་དེ་ནི་བླུན་པ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །ཞེས་ཀུན་ནས་བརྩེ་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། བསམ་མེད་བསམ་གྱིས་མི་ཁྱབ་ཆོས། །ལྷག་པར་མཐོང་ནས་ཞི་གནས་པ། །རྣམ་རྟོག་སྤོང་ལེན་གང་བྱེད་པ། །དེ་དག་སྒྲིབ་པ་མུ་མཐའ་ཡས། །ཞེས་བཤེས་གཉེན་དམ་པ་ཉིད་དུ་གདམས་སོ། །ལ་ལ་ནི་འདི་སྐད་དུ། སྣ་ཚོགས་སོ་སོ་ཀུན་རིག་ཀྱང་། །ཀུན་གྲོལ་རྣམ་དག་ལམ་མེད་ན། །དམ་པ་ཉིད་ལས་ཤིན་ཏུ་གོལ། །ནམ་ཡང་ངེས་པ་རྙེད་པ་མིན། །ཞེས་བཀའ་དམ་པར་གདམས་སོ། །ལ་ལ་ནི་འདི་སྐད་དུ། སྣ་ཚོགས་རིམ་གྱིས་འཇུག་པ་དང་། །བསམ་སྤྱོད་བློ་ཡི་ནང་དུ་འགྱུར། །བསམ་མེད་ཡོངས་སུ་རྫོགས་པའི་དོན། །རིམ་གྱིས་པ་ཡི་དུག་ཆེན་ཡིན། །ཞེས་ཁྱད་པར་དམ་པར་གདམས་སོ། །ལ་ལ་ནི་འདི་སྐད་དུ། སྣ་ཚོགས་སོ་སོར་མ་རིག་པར། །དེ་བཞིན་ཉིད་དུ་ངེས་མི་རྙེད། །དེ་ཉིད་ངེས་པ་མ་རྙེད་ན། །སྣ་ཚོགས་སྨྲ་བ་རུང་མ་ཡིན། །ཞེས་ནན་ཏན་དམ་པར་གདམས་སོ། །ལ་ལ་ནི་འདི་སྐད་དུ། མཁའ་ལ་འཇའ་སྣང་ཇི་བཞིན་དུ། །བསམ་ཡས་བསམ་སྣང་དེ་བཞིན་ནོ། །གཅིག་ཏུ་ངེས་པ་མེད་པའི་གསུང་། །ཇི་ལྟར་འབྱུང་བ་དེ་ལྟར་ཡིན། །ཞེས་དཔག་དཀའ་བ་དམ་པར་གསུངས་སོ། །ལ་ལ་ནི་འདི་སྐད་དུ། ཀུན་གྱི་རྩ་བ་འདིར་བཤད་པས། །འདི་དོན་གང་རིག་ཐོས་པའི་མཆོག །ཐམས་ཅད་འདི་ལས་འབྱུང་བས་ན། །འདི་ཤེས་ཀུན་ཤེས་ཤེས་རབ་མཆོག །ཅེས་ཤེས་རབ་མཆོག་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། གསང་བའི་ནང་ན་གསང་ཆེན་འདི། །ཉིད་ཀྱིས་ཉིད་ཀྱང་མི་མཐོང་བར། །གཞན་གྱིས་མཐོང་བར་ག་ལ་འགྱུར། །དེ་ཉིད་དམ་པ་རྣམས་ཀྱིས་བསྔགས། །ཞེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཆོས་རྣམས་ཀུན་གྱི་སྙིང་པོ་འདི། །གསེར་དང་མཁའ་བཞིན་མི་འགྱུར་བས། །མི་ནུབ་སྟོང་བྲལ་མེད་པའི་ཕྱིར། །ཆོས་ཀྱི་དམ་པ་དོན་པོ་མཆོག །ཅེས་དམ་པ་ཆེན་པོར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཐོག་མ་མེད་ནས་བསགས་པ་ཡི། །རྣམ་རྟོག་སྤྲིན་ཕུང་དཔག་མེད་པ། །སྟོང་ཉིད་ཅིག་ཅར་རིག་པ་ཡིས། །དེ་བཞིན་ཉིད་དུ་རྣམ་པར་སྒྲོལ། །ཞེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཇི་སྙེད་བསམ་གྱིས་མི་ཁྱབ་པའི། །ཆོས་ཀུན་སྟོང་པར་རིག་ངེས་ན། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །རྣལ་འབྱོར་ཆེན་པོའི་བསམ་གཏན་ཡིན། །ཞེས་རྣལ་འབྱོར་དམ་པར་གདམས་སོ། །ལ་ལ་ནི་འདི་སྐད་དུ། འཁོར་བ་ཇི་སྲིད་ཡོད་བར་དུ། །བསྟན་པའི་སྙིང་པོ་ཉི་མ་ཤར། །རང་བཞིན་ཆོས་ཉིད་འཁོར་ལོ་འདི། །མི་ནུབ་རྒྱུན་མི་འཆད་པར་བསྐོར། །ཞེས་གསང་བ་དམ་པའི་ཐེག་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། མི་འགྱུར་མི་འཇིག་རྡོ་རྗེ་དོན། །སྣ་ཚོགས་ཀུན་འབྱུང་རིན་པོ་ཆེ། །མ་ཆགས་རྣམ་དག་པདྨོ་ཉིད། །ཐམས་ཅད་ལྷུན་གྲུབ་མཛད་པ་ཆེ། །མ་ནོར་མ་བཅོས་དེ་བཞིན་ཉིད། །ཅེས་ཡང་ངེས་པ་དམ་པར་བསྟན་ཏོ། །ལ་ལ་ནི་འདི་སྐད་དུ། སྟོང་ཉིད་གཟུགས་མེད་ཆོས་ཀྱི་སྐུ། །སྨོན་མེད་ཡིད་ལས་འདས་པའི་གསུང་། །མཚན་མེད་རྟོག་ལས་འདས་པའི་ཐུགས། །རྟོག་མེད་རེ་སྐོང་ཡོན་ཏན་མཛོད། །ཐབས་ཀྱི་གར་ཐབས་ཕྲིན་ལས་མཛད། །ཅེས་ཆོ་འཕྲུལ་སྣ་ཚོགས་འབྱུང་བར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། མི་རྟོག་ཆོས་ཀྱི་མེ་ལོང་གསལ། །གཉིས་སུ་མེད་པས་ཐམས་ཅད་མཉམ། །སྣ་ཚོགས་མཚན་ཉིད་མ་འདྲེས་མཁྱེན། །ནན་ཏན་ཆེན་པོ་ཁྱབ་གྲུབ་མཛད། །ཡེ་ཉིད་ཀུན་གྱི་རང་བཞིན་མཁྱེན། །ཞེས་ཡེ་ཤེས་རྒྱུན་དུ་འཆར་བར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། སྣང་སྟོང་གོ་འབྱེད་ཀུན་ཁྱབ་མཁའ། །ཐེག་དབྱིངས་ལ་ནི་ཀུན་གནས་ས། །ཞི་གནས་རྣམ་དག་ཆུ་ཆེན་པོ། །ལྷག་མཐོང་ཡེ་ཤེས་འོད་འབར་མེ། །ཤེས་བྱ་ཐོགས་མེད་འཐོར་བའི་རླུང་། །ཞེས་ཐམས་ཅད་འབྱུང་བར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། མ་འདྲེས་ཡོངས་རྫོགས་གསལ་སྟོང་གཟུགས། །ཁྱབ་གསལ་རང་བཞིན་འགྲོ་བའི་སྒྲ། །དང་བས་སིམ་བྱེད་ཆོས་ཀྱི་དྲི། །དོན་བཅུ་ཉམས་སུ་མྱོང་བའི་རོ། །བདེ་མཆོག་དོན་ལ་རེག་པ་ཉིད། །ཅེས་ཡོན་ཏན་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། །ཅི་ཡང་མི་སེམས་གཏི་མུག་ལ། །དངོས་པོ་ཀུན་བཅོམ་ཞེ་སྡང་ཉིད། །ཡེ་འབྱམ་ང་རྒྱལ་བདག་ཉིད་ཆེ། །བདེ་ཆེན་རང་བཞིན་རྗེས་ཆགས་པ། །གང་དུ་མ་འགྱུར་གཞན་ཕྲག་དོག །ཅེས་བླང་དོར་མེད་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཀུན་གྱི་རང་བཞིན་གཅིག་ཤེས་པས། །དེ་ཉིད་དབང་དུ་ཐམས་ཅད་འདུས། །ཀུན་ལ་དབང་སྒྱུར་ཐོས་པས་ན། །ཡེ་དབང་ཆེན་པོ་རྫོགས་པའོ། །ཞེས་དབང་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཐམས་ཅད་ཀུན་འདུས་རིག་པའི་མདོ། །ཀུན་ལ་ཁྱབ་གནས་བརྟག་དཀའ་བ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ཡིན། །རྡོ་རྗེ་ཀུན་བཀོད་རྣལ་འབྱོར་ལུང་། །ཞེས་བཀའ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དེ་ཉིད་དེར་ནི་ཀུན་གཅིག་པས། །བདག་དང་གཞན་དུ་སྣང་བ་མེད། །སྟོང་ཉིད་རྣམ་དག་ནམ་མཁའ་ལ། །གཙང་སྨེར་དབྱེ་བ་རྡུལ་ཡང་མེད། །ཅེས་བདུད་རྩི་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། བྱང་ཆུབ་སྙིང་པོ་དམ་པ་ལ། །རྣམ་རྟོག་རྡུལ་གྱིས་ག་ལ་འགོ། །དེ་ཉིད་ཆེན་པོར་འུབ་ཆུང་བས། །ཅིས་ཀྱང་མི་བསྐྱོད་ཉམ་མི་ང་། །ཞེས་རེ་དོགས་མེད་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། རྣམ་རྟོག་མཚན་མའི་རི་བོ་འདི། །སེང་གེའི་ཁོག་པ་རང་ཞིག་ལྟར། །སྟོང་ཉིད་རང་ཉིད་མ་ཞིག་ན། །གཞན་གྱིས་འཇིག་པར་ག་ལ་འགྱུར། །ཞེས་རང་བཞིན་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། བདེ་ཆེན་རྣམ་དག་རྟོག་བྱེད་པས། །ལེགས་ཉེས་གཉིས་ཀ་རྣམ་པར་རྟོག །བདེ་ཆེན་ངེས་པའི་རླུང་ཞུགས་ན། །གང་འདིར་རྣམ་པར་རྟོག་པ་མེད། །ཅེས་ཡོངས་སུ་རྟོག་པ་ལས་འདས་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དེ་ཉིད་ཕྱིན་ཅི་མ་ལོག་པར། །བསྲུང་བྱ་མི་རྟོག་མི་གནས་པ། །ལེ་ལོ་གཡེང་བའི་དགྲ་བསྲུང་སྟེ། །དེ་བཞིན་དེ་ལས་འདའ་མི་བྱ། །ཞེས་དམ་ཚིག་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དཔག་ཏུ་མེད་པའི་འཇིག་རྟེན་དུ། །སྒྲོན་མ་བསམ་གྱིས་མི་ཁྱབ་པས། །ཇི་སྙེད་པ་ཡི་ཆོས་བསྟན་པ། །མཐའ་ཡས་དོན་ནི་གཅིག་ཏུ་འདུས། །ཞེས་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དེ་ཉིད་དེ་ལས་མ་ཉམས་ན། །དྲན་བསམ་སྒྱུ་མ་མེད་པ་ཡི། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཉིད། །བསླབ་པ་རྣམ་གསུམ་ཡོངས་སུ་རྫོགས། །ཞེས་བསླབ་པ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དེ་ཉིད་ལས་མཐའ་ཞི་གནས་དང་། །ལྷག་པའི་དོན་མཐོང་འདྲེས་པ་ཡི། །སྡེ་གསུམ་ངེས་པར་རྫོགས་པ་ན། །འབུམ་ཕྲག་མཐའ་ཡས་བརྗོད་མི་ལང་། །ཞེས་བཀྲི་དྲང་བརྒྱུད་པ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཚིག་ལ་དབང་བས་ཚིག་བསྒྱུར་ན། །ཚིག་མཐའ་ཡས་པས་བསྡུས་ན་འདུས། །ཚིག་གཅིག་རྣམ་པར་སྤྲོས་གྱུར་ན། །བརྗོད་པས་དེ་ནི་ཟད་མི་འགྱུར། །ཞེས་གསུང་མི་ཟད་པ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། སྨྲ་བརྗོད་ཚིག་ལ་གང་དག་པས། །གང་གིས་དགོངས་པ་དཔོག་མི་ནུས། །ཚིག་ཚོགས་རྒྱ་མཚོ་ཐོས་པ་མིན། །ཚིག་གཅིག་ཐོས་པ་ཐོས་པའི་མཆོག །ཅེས་ཐོས་པ་རྒྱ་མཚོའི་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཁྱབ་དང་མི་གནས་རྣམ་མི་རྟོག །མ་བྲལ་མི་གཡོ་མ་ཆགས་པ། །དེ་ཉིད་ལས་ནི་གཞན་མེད་དེ། །ཕ་རོལ་ཕྱིན་པ་དེ་ཁོ་ན། །ཞེས་མཐར་སོན་པ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། འདོན་བརྗོད་འདྲི་ཀློག་དོན་བྱེད་པ། །དམུས་ལོང་དམུ་རྒོད་རྒྱུག་པ་འདྲ། །དབྱིངས་ཀྱིས་དབྱིངས་ལ་བྲིས་པའི་དོན། །གང་རིག་འདོན་བརྗོད་འདྲི་ཀློག་མཆོག །ཅེས་སྤྱོད་པ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། མཚན་མར་བྱས་དང་སྣང་བའི་མཆོག །མ་འདྲེས་ཡོངས་སུ་རྫོགས་པ་ཡི། །མཁའ་དང་འཇའ་ལྟར་རྣམ་རིག་པ། །བསྔོ་བ་བླ་མེད་བྱང་ཆུབ་ཉིད། །ཅེས་བསྔོ་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཆོས་གང་སེམས་ཀྱི་དེ་ཉིད་ལ། །གཉིས་དང་མཐའ་རུ་གང་ལྟ་བ། །མ་རིག་འཁྲུལ་པས་ཕྱིན་ཅི་ལོག །ཐེག་ཆེན་གསང་སྔགས་ལམ་ལས་ལོག །ཅེས་གདམས་ངག་དམ་པར་གསུངས་སོ། །ལ་ལ་ནི་འདི་སྐད་དུ། རྒྱུ་རྐྱེན་རྟེན་འབྲེལ་རིམ་གྱིས་པ། །བློ་ཆུང་རྨོངས་པས་ཁྲིད་པའི་ཐབས། །མ་བཅོས་དེ་བཞིན་ཉིད་འདི་ལ། །རྟེན་འབྲེལ་རྒྱུ་འབྲས་རིམ་གྱིས་མེད། །ཅེས་ངེས་པར་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། མ་བཅོས་དེ་བཞིན་ཉིད་འདི་ལ། །ཡིད་བཞིན་ཅིར་ཡང་འབྱུང་བ་ཡི། །ཆོ་འཕྲུལ་འབྱུང་བས་སེམས་ཅན་རྣམས། །ཇི་ལྟར་འདུལ་བ་མཐོང་ཐོས་སྣང་། །ཞེས་ཐམས་ཅད་རྒྱུ་མེད་པ་ལ་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །གསང་བའི་དབྱིངས་ན་གནས་པ་ཡི། །ཐམས་ཅད་གསང་བའི་སྙིང་པོ་ཉིད། །མཐོང་བས་འགྲོ་དོན་རྒྱ་མཚོར་རྫོགས། །ཞེས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དངོས་པོ་མེད་པའི་ངོ་བོ་ཉིད། །དེ་མཐོང་ངོ་བོ་ཉིད་མི་དམིགས། །དྲན་མེད་བྱ་དང་བྱེད་མེད་པ། །གནས་གསུམ་མཉམ་ཉིད་རྗེས་སུ་དྲན། །ཞེས་ཏིང་ངེ་འཛིན་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། གནས་གསུམ་དམིགས་པའི་འདུ་ཤེས་མེད། །མིང་མེད་ཚིག་གི་ལམ་དང་བྲལ། །བླ་མེད་འདུས་མ་བྱས་པ་ཡི། །མཆོད་པ་ཡང་དག་མཆོག་ཏུ་བཤད། །ཅེས་མཆོད་པ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། བསྐལ་པ་བྱེ་བ་དཔག་མེད་དུ། །ལོག་ཅིང་ཞེན་པའི་མུན་པ་གསུམ། །དེ་ཉིད་ཚུལ་བཞིན་སྐད་ཅིག་མ། །ཀུན་གསལ་གཅིག་གིས་ཡོངས་སུ་སངས། །ཞེས་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། མུན་པས་འཐིབས་པ་དེ་དག་གིས། །མི་གཡོ་མི་རྟོག་དེ་ཉིད་བལྟ། །དེ་མཐོང་མུན་པ་རྣམ་དག་སངས། །འགྱོད་སངས་ཀུན་གྱི་མཆོག་ཏུ་བཤད། །ཅེས་ཚངས་པ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། མི་མཐུན་གཉེན་པོ་མི་དམིགས་པ། །སྟོང་པ་ཉིད་ཀྱི་ཆོས་ཉིད་ལ། །གནས་པ་གང་ཡིན་དེ་དག་གིས། །གཉེན་པོ་བསྟན་དུ་ཅི་ཡང་མེད། །ཅེས་ལ་གཅད་པ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཐམས་ཅད་རང་བཞིན་མ་བཅོས་པ། །ཇི་བཞིན་པ་ཡི་དེ་བཞིན་དུ། །རང་རིག་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །ཞེས་སེམས་བསྐྱེད་པ་རྣམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཅི་ཡང་མི་སེམས་མི་གཡོ་ཞིང་། །མི་རྟོག་རྣམ་པར་མི་གཡེང་བ། །ཀུན་ལ་ཁྱབ་པར་བདལ་བའི་དབྱིངས། །ཀུན་ཤོང་བྱ་མེད་ཐེག་ཆེན་མཆོག །ཅེས་ཐེག་པ་ཆེན་པོའི་གསང་བ་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཐེག་ཆེན་གསང་བའི་སྙིང་པོ་འདི། །དབུ་མར་མི་དམིགས་མཐའ་ལས་འདས། །གང་འདིར་དབུ་མར་འདོད་པ་དག །མཐའ་ལས་འདས་པར་ག་ལ་འགྱུར། །ཞེས་དབུས་མཐར་མི་དམིགས་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཆོས་ཀུན་མི་མཐོང་ཆོས་ཉིད་ཀྱང་། །མི་མཐོང་སེམས་ཅན་སེམས་མི་མཐོང་། །སངས་རྒྱས་མི་མཐོང་གང་མཐོང་བ། །དེ་ཡི་དོན་དམ་ཡང་དག་མཐོང་། །ཞེས་མཐོང་བ་ཡོངས་སུ་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། ཡེ་ནས་མ་བཅོས་ཇི་བཞིན་པ། །མི་སྐྱེ་མི་འགག་རྣམ་ཀུན་མཁྱེན། །སུས་ཀྱང་མ་བྱས་རང་བྱུང་བ། །རྣམ་པར་རྟོག་པའི་གློ་བུར་ཡིན། །ཞེས་མ་བསླད་པར་དམ་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། དེ་ཉིད་དེ་དང་གང་ལྡན་པ། །དམན་པའི་ལུས་ལ་སངས་རྒྱས་ཡིན། །དེ་ལ་མ་གཏོགས་གང་ཞིག་ན། །སངས་རྒྱས་བྱ་བ་ག་ལ་ཡོད། །ཅེས་ཡེ་ནས་སངས་རྒྱས་པར་བསྔགས་སོ། །ལ་ལ་ནི་འདི་སྐད་དུ། བརྟན་གཡོ་དཀྱིལ་འཁོར་ཕྱག་རྒྱ་རྫོགས། །རྟོག་འཛིན་སྒྲ་མཐའ་ཏིང་འཛིན་བསྔགས། །མེད་རྒྱུ་རྟགས་ཆགས་མཚོན་པའི་ཚིག །བསྒྲུབ་འགྲུབ་བལྟས་སྣང་འབྲས་བུའོ། །ཞེས་གསང་སྔགས་དམ་པའི་ཚིག་གོ། །གྲོགས་པོ་དག་དེ་ལྟར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དམ་པ་དེ་ཁོ་ན་ཉིད་ལས་འདི་སྐད་དུ། ཐམས་ཅད་ཐམས་ཅད་ཇི་སྙེད་པ། །ཚིག་གི་ཐ་སྙད་ཙམ་དག་ལས། །འདི་ལ་བྱ་བ་ཅི་ཡང་མེད། །རང་བཞིན་དེ་ཉིད་ཡེ་སངས་རྒྱས། །ཨ་ཧོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ལས་འདས་ཏེ་བདེ་བ་ཆེན་པོ་ལྷུན་དང་བར་གྱུར་ཏོ། །དེ་ནས་གསང་བའི་བདག་པོ་ཉིད་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། དཔེར་ན་ཀུན་དུ་རྒྱུ་བའི་མི། །འདོད་པའི་ཡུལ་དུ་གང་འགྲོ་བ། །ཡུལ་གྱི་རྣམ་པ་མཐའ་ཡས་ཀྱང་། །བགྲོད་ཡུལ་ལས་གནས་གཅིག་ལས་མེད། །དེ་བཞིན་བསམ་གྱིས་མི་ཁྱབ་པའི། །རྣམ་གྲངས་ཆོས་སྒོ་ཇི་སྙེད་ཀྱང་། །བཀྲིད་པས་དྲང་བའི་ཚིག་ཡིན་ཏེ། །བསམ་པའི་ཡུལ་ནི་གཅིག་པའོ། །དོན་རྣམས་གཅིག་ཏུ་བསྡུས་པ་ཡི། །བསླབ་པར་བྱ་བ་དམ་པ་སྟེ། །ངེས་པར་གཅིག་ལས་མེད་པའི་ཕྱིར། །ཀུན་འདུས་དམ་པའི་བསླབ་པར་གཅེས། །དམ་པ་འདིར་འདུས་ཀུན་ཤེས་ན། །དེ་ཡི་ཡེ་ཤེས་མཐའ་ཡས་ཏེ། །རྣམ་པ་ཐམས་ཅད་མཁྱེན་ཉིད་པས། །མདོ་དོན་གཅིག་ཏུ་བསྡུས་པར་གསུངས། །གྲོགས་པོ་དག་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་དེ་ཁོ་ན་ཉིད་གཅིག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་བཤད་པ་སྟེ། ཐམས་ཅད་ཀྱི་མདོ་དེ་ཁོ་ན་ཉིད་དུ་འདུས་པར་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས། དམན་པ་རྣམས་གཅིག་ཏུ་ངེས་པ་དམ་པ་རྙེད་པར་གྱུར་ཏོ། །དེ་ནས་གསང་བ་པའི་བདག་པོ་ཉིད་ལ་དམན་པ་རྣམས་ཡི་རངས་ཏེ། མངོན་པར་བསྟོད་པ། ཨེ་མ་ཧོ་སྐྱེས་ཆེན་གསང་བའི་བདག །རྩལ་ཆེན་སྨྲ་བ་སེང་གེའི་སྒྲ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །སངས་རྒྱས་ཀུན་སྔོན་ཡེ་ནས་བྱུང་། །ཁྱོད་ནི་སངས་རྒྱས་ཀུན་གྱི་མེས། །ཆེ་མཆོག་རྗེ་བཙུན་དམ་པའི་སྐུ། །བདེ་གཤེགས་ཀུན་གྱི་བཤེས་གཉེན་མཆོག །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཀུན་གྱི་འབྱུང་གནས་མེ་ལོང་གསལ། །ཕྱོགས་ཀུན་གསལ་འགྲེལ་ངེས་པའི་མདོ། །ཐེག་ཆེན་རྨད་གྲགས་ངོ་མཚར་ཆེ། །གསང་ཆེན་བྱུང་ཚུལ་ངོ་མཚར་ཆེ། །ཨ་ཧོ་ཞེས་ངེས་པ་དམ་པར་མངོན་པར་བསྟོད། །དེ་ནས་ཅང་མི་དམིགས་པར་གྱུར་ཏེ། གང་དུ་ངེས་པར་བགྲོས་པའི་གསང་བ་དམ་པ་དག་ལྷ་དང་མིའི་འཇིག་རྟེན་དུ་རྒྱ་ཆེར་གྲགས་ཤིང་ཡོངས་སུ་གྲགས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་ལྔ་པའོ།། །།ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་གང་གི་དགོངས་པ་རྣམ་པར་བགྲོས་པ་ན་ཡང་བྱུང་བའི་གཏམ་རྒྱུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ། བྱུང་ཚུལ་བསྟན་པའི་བཅུ་གཉིས་པའི་ཐ་མའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཐམས་ཅད་ཀྱི་མེ་ལོང་། བཀའ་ཐམས་ཅད་ཀྱི་འགྲེལ་པ། དེ་བཞིན་གཤེགས་པ་ཀུན་གྱི་དགོངས་པ་དམ་པ་གསང་བ། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་དྲག་ཤུལ་ཅན་གྱི་རི་མ་ལ་ཡའི་རྩེར་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་རྒྱ་ཆེར་ཡོངས་སུ་བགྲོས་པ། རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང་། རིང་ལུགས་ཆེན་པོ་དཱ་ན་རཀྵི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་བྲུ་ཤའི་ཡུལ་གྱི་ཁྲོམ་དུ་བསྒྱུར་ཅིང་གཏན་ལ་ཕབ་པ། བཀའ་འདི་ལ་དབུ་ཞབས་སུ་བྱུང་ཚུལ་བཅུ་གཉིས་པ། ལེའུ་བདུན་ཅུ་རྩ་ལྔ་པ། བམ་པོ་བཅུ་དང་། ཤ་ལོ་ཀ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་སོ། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དད ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ།། །།


previousསངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་ལྔ་པ།no next