Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ། འགྱུར་མེད་རྡོ་རྗེ།
   
   
   
   
   


 
previousཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ། འགྱུར་མེད་རྡོ་རྗེ།next

ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ། འགྱུར་མེད་རྡོ་རྗེ།

ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ། དཔལ་ལྡན་བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་དངོས་གཅིག་ཉིད་དུ་མའི་གར། །སྤྲོ་བསྡུའི་བྱེད་པོ་ཁྱབ་བདག་བླ་མ་ཀྱེ། །ཧེ་རུ་ཀ་དཔལ་སྙིང་རྗེའི་བདུད་རྩི་ཡིས། །བདག་གི་སྙིང་ལ་ཉེར་ཞུགས་དབུགས་དབྱུང་མཛོད། །ཚོགས་ཆེན་འདུས་པ་སྙིང་པོའི་དཀྱིལ་འཁོར་ཆེར། །ཡང་དག་ཐབས་ཀྱི་བདེ་བར་འཇུག་པའི་སྒོ། །ཟབ་རྒྱས་ལུང་དང་དམ་པའི་མན་ངག་བཞིན། །རབ་གསལ་དྲི་མེད་འོད་ཀྱི་ཕྲེང་བ་སྤེལ། །འདི་ལ་གསུམ་སྟེ། གང་སྒྲུབ་པའི་གཞི། གང་གི་སྒྲུབ་པའི་ཐབས། དེས་གྲུབ་པའི་འབྲས་བུའོ། །དང་པོ་ནི། ཇི་སྐད་དུ། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་ངོ་བོར་བཞུགས་པ་ནི་གཞིའི་རྒྱུད་ཅེས་བྱ་བ་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་ཉིད་དོ། །གཉིས་པ་ནི། གཞིའི་རྒྱུད་དེ་ཉིད་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པའི་སྦུབས་ལས་འགྲོལ་ཞིང་རྣམ་བྱང་གི་ཡོན་ཏན་མངོན་དུ་བྱེད་པ་ནི་ཐབས་ཀྱི་རྒྱུད་ཅེས་བྱ་བ་ལམ་གྱི་དངོས་པོས་བསྡུས་པ་སྟེ། རྩ་བའི་མདོར། ཡུལ་གསུམ་ངེས་པར་སྣང་བ་ནི། །ཐ་མ་འབྲིང་དང་རབ་ཏུ་སྣང་། །ཞེས་པས་ཡུལ་གདུལ་བྱའི་རིགས་གསུམ་སོ་སོའི་གཉེན་པོར། ཀུན་འབྱུང་འདྲེན་པ་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་འདུལ་བྱེད་ཐབས་ཀྱི་རིམ་པ་ཡང་སོ་སོར་སྟོན་པ་ལས། འདིར་གསུམ་པ་ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་གྱི་ལས་ལ་འཇུག་པ་སྟེ། དེ་ལ་ཡང་། སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་བྱ་བ་དང་གསུམ་དུ་གནས་པའོ། །སྦྱོར་བ་ལའང་བཞི་སྟེ། བསྙེན་པའི་ཆོ་ག་དང་། གཞི་བཟུང་བ་དང་། སའི་ཆོ་ག་དང་། སྟ་གོན་གྱི་ཆོ་གའོ། །དང་པོ་ལ། དབང་བསྐུར་ཙམ་གྱི་ཆེད་དུ་ཡིན་ན་་མོས་སློབ་ཀྱི་ཚུལ་གྱིས་མཚན་མ་དང་། དུས་དང་། གྲངས་ཀྱི་བསྙེན་པ་གསུམ་རབ་འབྲིང་ཐ་མའི་སྒོ་ནས་ཇི་ལྟར་ནུས་པ་སྔོན་དུ་འགྲོ་བ་གཞིར་བྱས་ནས་ཁྱད་པར་གྱི་དོན་དུ་བསྙེན་པ་ཁ་གསོ་ལ་འཇུག་ཅིང་། ཚོགས་སྒྲུབ་ལ་ནི་ལམ་ངེས་རྫོགས་ཀྱི་ཚུལ་གྱིས་ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷའི་རྣལ་འབྱོར་ལ་བརྟན་པ་ཐོབ་ཀྱི་བར་དེ་སྲིད་དུ་བྱ་བ་ཉིད་དོ། །གཉིས་པ་ལས་ཀྱི་གཞི་བཟུང་བ་ནི། བླ་མ་རྡོ་རྗེ་འཁོར་ལོ་རྒྱལ། །ཡོན་ཏན་མཆོག་གི་གཏེར་གྱུར་ཅིང་། །ཞེས་སོགས་ཀྱིས་མཚན་ཉིད་ཅན་གྱི་རྡོ་རྗེ་རྒྱལ་པོ་འཁོར་དང་བཅས་པས། གནས་དུས་ཡོ་བྱད་སོགས་ཕུན་སུམ་ཚོགས་པའི་ཆ་རྐྱེན་ཐམས་ཅད་ཚོགས་པར་བྱ་བའོ། །གསུམ་པ་སའི་ཆོ་ག་ལ། ས་བརྟག་པ། བསླང་བ། སྦྱང་བ། བཟུང་བ། བསྲུང་བ། བྱིན་གྱིས་རློབ་པའོ། །དང་པོ་ལ། ནམ་མཁའ་བརྟག་པ། ས་གཞི་བརྟག་པ། སྐྱོན་ཅན་སྤང་བ་དང་གསུམ་ལས། དང་པོ་ནི། ནམ་མཁའ་འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་ཟུར་བརྒྱད་པདྨའི་དབྱིབས། །རྒྱ་གྲམ་ལ་སོགས་འདྲ་བར་བརྟག །ཅེས་པས་ནམ་མཁའ་འཁོར་ལོ་ལ་སོགས་པ་ཕྱག་རྒྱ་ལྔའི་རྣམ་པར་མངོན་ཅིང་། བར་ཁ་དོག་ལྔ་མ་འདྲེས་པ་གསལ་བའོ། །གཉིས་པ་ནི། ས་གཞི་ཡང་ནི་དེ་བཞིན་ཏེ། །རི་བོ་བརྩེགས་དང་གཟུར་བ་དང་། །དེ་བཞིན་སྒྲེང་དང་གཏམས་པའི་ཚུལ། །ཞེས་པས་འཁོར་ལོ་བརྩེགས་པ་དང་། རིན་ཆེན་ཟུར་བརྒྱད་པ་དང་། རྡོ་རྗེ་སྒྲེང་བ་དང་། པདྨ་དང་རྒྱ་གྲམ་གཏམས་པ་འདྲ་བ་རྣམས་ལས་རིགས་དེ་དང་དེ་སྒྲུབ་པའི་གནས་སུ་ཤེས་པར་བྱའོ། །གསུམ་པ་ནི། སྐྱོན་གྱི་གནས་དག་སྤང་བ་ནི། །གཤིན་རྗེ་གདུག་པའི་མདུང་རྩེ་དང་། །ཞེས་སོགས་ཀྱི་སའི་དགྲ་རྣམས་དང་། མི་དང་མི་མ་ཡིན་གདུག་པ་ཅན་གྱིས་བདག་ཏུ་བཟུང་བ་སོགས་བར་ཆད་ཀྱི་རྐྱེན་དུ་འགྱུར་པའི་སྐྱོན་དང་ལྡན་པ་རྣམས་སོ། །གཉིས་པ་བསླང་བ་ལ། སྣང་བ་ལས་བསླང་བ་དང་། མི་སྣང་བ་ལས་བསླང་བའོ། །དང་པོ་ནི། བརྟགས་པས་རུང་བའི་ས་དེ་རྒྱལ་པོ་ལ་སོགས་པ་གཞན་དབང་བ་ཞིག་ན་རིན་དང་བདེན་པའི་ངག་གིས་བླངས་ཏེ་རང་དབང་དུ་བྱ་བའོ། །གཉིས་པ་ལ། སའི་བདག་པོ་ལ་བསླང་བ་དང་། སའི་དཔང་པོ་གསོལ་བའོ། །དང་པོ་ནི། གཞི་དེར་སའི་བདག་པོའི་མཆོད་གཏོར་གསེར་སྐྱེམས་དང་བཅས་པ་བཤམས་ལ། རྃ་ཡྃ་ཁྃ་གིས་བསང་སྦྱངས། ༀ་ཨཱཿཧཱུཾ་གིས་འདོད་ཡོན་བདུད་རྩིའི་ཕུང་པོར་བྱིན་གྱིས་རློབས་ལ། སྙིང་གའི་འོད་ཟེར་དང་། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས་པ་མཆོད་ནས། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ། ཧཱུཾ། དགོངས་ཀུན་ཤིག་ཐུགས་རྗེ་རྒྱལ་བའི་ལྷ། །ལྷ་ཀླུ་གནོད་སྦྱིན་སྡེ་དཔུང་བཅས། །གངས་རིའི་རྩེ་དང་རིན་ཆེན་རི། །ཀུན་དགའ་ལྡུམ་ར་སྐྱེད་མོས་ཚལ། །མཚོ་རྫིང་ལུ་མ་འབབ་ཆུར་གནས། །འཇིག་རྟེན་འཇིག་རྟེན་ཐམས་ཅད་ཀྱིས། །གང་དག་བདག་པོར་གྱུར་པ་རྣམས། །རྣལ་འབྱོར་དབང་ཕྱུག་བདག་ཉིད་ཀྱིས། །ས་འདི་ལྷུན་གྱིས་གྲུབ་བྱའི་ཕྱིར། །འཛམ་གླིང་གྲུབ་པའི་ས་སློང་ན། །འཁོར་དང་བཅས་པ་འདིར་འཁོད་ལ། །རིན་ཆེན་གཏེར་གྱི་ས་འདི་སྩོལ། །ཞེས་གསོལ་ཞིང་གསེར་སྐྱེམས་ཀྱང་ཕུལ་ལ་མཆོད་གཏོར་རྣམས་གཤེགས། གཉིས་པ་ནི། དཀྱིལ་འཁོར་གྱི་གནས་སུ་ས་ལྷའི་མཎྜལ་ཚོམ་བུ་ཅན་མཆོད་གཏོར་དང་བཅས་པ་བཤམས་ལ་སྔར་བཞིན་བྱིན་གྱིས་བརླབ། ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་ཡིག་བཀོད་དེ་ཐལ་མོས་ས་ལ་བསྣུན་པའི་སྒྲ་དང་། ཧཱུཾ་གི་འོད་ཀྱིས་བསྐུལ་བས་ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བྱོན་ཏེ། ཚོམ་བུའི་གནས་སུ་འཁོད་པ་ནི། སྐུ་མདོག་སེར་མོ་ཞི་ཞིང་འཛུམ་པའི་ཉམས་ཅན་དར་དང་རིན་པོ་ཆེས་བརྒྱན་པ་གསེར་གྱི་བུམ་པ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ་བཀའ་ནོད་པའི་ཚུལ་དུ་གནས་པ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་དང་། འབྲུ་གསུམ་གྱིས་ནང་མཆོད། ༀ་བ་སུ་དྷ་རཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་སོགས་བཏགས་པས་གཏོར་མ་ཕུལ་ལ། ཀུན་སྔོན་ཚེ་དཔལ་ཆེན་གར་དབང་གི། །ཐུགས་རྗེ་ས་ལ་གཤེགས་ནས་ཀྱང་། །རུ་དྲ་སྡེ་བཞི་བསྒྲལ་ནས་ནི། །གསང་བའི་བསྟན་པ་རྒྱས་མཛད་དེ། །འགྲོ་དྲུག་ཐུགས་རྗེས་བསྒྲལ་བ་ལྟར། །རྣལ་འབྱོར་ས་ལ་སྦྱོར་ཚེ་འདིར། །ལྷ་མིས་མཁྱེན་པར་མཛད་ནས་ཀྱང་། །བདེ་ཆེན་ས་ལ་བགྲོད་པའི་ཚེ། །རུ་དྲ་རྒོལ་བར་བྱུང་བ་ན། །སྤྱན་ལྡན་ཁྱོད་ཀྱིས་དཔང་མཛོད་ཅིག །ཅེས་གསོལ་བས་ལྷ་མོ་དགྱེས་པའི་མདངས་ཀྱིས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་བསམ་མོ། །འདིར་ས་ལྷ་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་དགུག་པ་སོགས་དང་མཐར་ནམ་མཁར་བཀོད་ནས་དཔང་གསོལ་བའང་འབྱུང་སྟེ། དོན་གྱི་གནད་གཅིག་པས་དེ་ཙམ་མོ། །གསུམ་པ་ས་སྦྱང་བ་ལ། རོ་ལྔ་བསལ་བ། གཏེར་གཞུག་པ། སྟེགས་བུ་བྱས་ཏེ་སྦྱང་བའོ། །དང་པོ་ནི་དཀྱིལ་འཁོར་གྱི་ས་གཞི་གསར་དུ་སྒྲུབ་ན། ས་བདག་ལྟོ་འཕྱེའི་དུས་ཚོད་ཤེས་པས། དེའི་ལྟོ་བ་ལས་ཅུང་ཟད་མདུན་གྱི་ཆ་ནས་དང་པོར་བརྐོ་ཞིང་། དེ་ནས་དཀྱིལ་འཁོར་ཉིས་འགྱུར་གྱི་རྒྱ་ཙམ་གཡས་བསྐོར་དུ་ཁྲུ་གང་ཁྲུ་དོ་སོགས་ཅི་རིགས་པར་བརྐོ་ཞིང་། གྱོ་མོ་དང་། རུས་པ་དང་། གསེག་མ་དང་། ཟུག་རྡོ་དང་། ཤིང་སོལ་ལ་སོགས་ཏེ་རོ་ལྔའི་སྐྱོན་མེད་ཅིང་། ས་སྣུམ་ལ་འཇམ་པ་ནོར་བུ་སོགས་དང་ལྡན་པར་མཐོང་ན་དགེ་བར་འགྱུར་ལ། གལ་ཏེ་ཟུག་རྔུ་དང་བཅས་པ་ཞིག་ན་སའི་སེལ་རྣམས་དག་པར་བསལ་ལ་ཞི་དྲག་གི་སྦྱིན་སྲེག་གིས་མཚན་མ་ངན་པ་དག་ཟིལ་གྱིས་མནན་པར་བྱའོ། །གཉིས་པ་ནི། བརྐོས་པའི་ཁུང་བུ་དེ་ཉིད་དུ་རིན་པོ་ཆེ་ལྔ་ལ་སོགས་པའི་སྙིང་པོ་ཅན་གྱི་བུམ་པ་ཨ་ལས་ཟླ་བའི་སྟེང་དུ་ཏྲཾ་ལས་རིན་པོ་ཆེའི་བུམ་པ་དགོས་འདོད་འབྱུང་བའི་གཏེར་དུ་དམིགས་ནས་གཞུག་པའོ། །གསུམ་པ་ལ། སྟེགས་བུ་རྩིག་པ་དང་། སྦྱང་བ་དངོས་གཉིས་ལས། དང་པོ་ནི། བརྐོས་པའི་ས་ཉིད་ཤེས་པའི་ས་བཟང་པོ་གཞན་དང་བཅས་པ་བདུད་རྩི་ལྔ་དང་སྤོས་ལྔ་ལ་སོགས་པའི་ཆུས་བྲན་ནས་འཐས་པར་བཅགས་པའི་སྟེགས་བུ་དཔངས་སུ་ཁྲུ་གང་དང་། རྒྱར་དཀྱིལ་འཁོར་ལས་ཉིས་འགྱུར་ཙམ་གྲུ་བཞི་སྙོམས་ཤིང་འཇམ་པ་རིམ་པ་ཅན་ནམ། རིམ་པ་མེད་པ་གང་གི་ཚེ་ཡང་ཅུང་ཟད་དབུས་མཐོ་ཞིང་དབང་ལྡན་གཞོལ་བ་ཅན་དུ་བྱ་ཞིང་། སྔོན་ནས་དུལ་བའི་གནས་ཡིན་ན་ནི་བརྐོ་བ་སོགས་མི་དགོས་སོ། །གཉིས་པ་ལ་སྔགས་རྒྱས་སྦྱང་བ་དང་། ཏིང་ངེ་འཛིན་གྱིས་སྦྱང་བ་གཉིས་ལས། དང་པོ་ནི། གཞི་དེར་བ་བྱུང་ལྔ་དང་། སྤོས་ལྔ་དང་། བདུད་རྩི་ལྔ་རྣམས་ཀྱིས་གཡོན་བསྐོར་དུ་ཁྱེམ་མེད་པར་བྱུགས་ལ། རང་ཉིད་ཁྲོ་བོ་བདུད་རྩི་འཁྱིལ་བར་གསལ་བའི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུཾ་ཡིག་མཐིང་ག་རེ་རེས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པར་བསམ་ལ། ༀ་བཛྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ས་ལ་ལན་གསུམ་དུ་བསྣུན་པས། རྡོ་རྗེ་དང་ཧཱུཾ་གི་འོད་ཀྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་ཡེ་ཤེས་རང་སྣང་གི་གཞིར་གྱུར་པར་བསམ་པའོ། །གཉིས་པ་ལ། མཚན་མེད་དང་། མཚན་བཅས་ཀྱི་ཏིང་ངེ་འཛིན་གྱིས་སྦྱང་བ་ལས། དང་པོ་ནི། ས་དང་སར་འཛིན་གྱི་འཁྲུལ་རྟོག་ཐམས་ཅད་སྟོང་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་སུ་རྣམ་པར་དག་པར་བསམ་ལ། ༀ་མ་ཧཱ་ཤཱུ་ཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྦྱང་ངོ་། །གཉིས་པ་ནི། ཧཱུཾ་གི་སྒྲ་རིང་པོར་བརྗོད་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་ཀྱི་སེམས་ཧཱུཾ་ཡིག་མཐིང་ནག་འབར་བའི་སྤྲིན་ལས་ཨེ་ཡཾ་ར་སུཾཾ་ཀེཾ་རཾ། ཞེས་ཆོ་འཕྲུལ་གྱི་རང་སྒྲར་གྲགས་པ་ལས་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་འབྱུང་བ་ལྔའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་གྱུར། སླར་ཡང་། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་བྷྲཱུཾ། ཞེས་པའི་སྒྲ་གདངས་ཀྱི་རྐྱེན་ལས་ནམ་མཁའ་ཐམས་ཅད་ཕོ་བྲང་གི་གཞལ་ཡས་ཁང་ཇི་ལྟར་འབྱུང་བར་འགྱུར་བ་བཞིན་དུ་བཀྲ་ལམ་གྱིས་གསལ་བར་གྱུར་པར་བསམ་མོ། །བཞི་པ་ས་བཟུང་བ་ནི། གནས་ཁང་མཛེས་པར་བརྒྱན་པའི་གཞི་ལ་དྲིས་བྱུགས་ཤིང་མེ་ཏོག་གི་སིལ་མ་བཀྲམ་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་སློབ་དཔོན་ཧེ་རུ་ཀའི་ཆས་སྣ་ཚོགས་ཀྱིས་བརྒྱན་ཏེ། རྡོ་རྗེ་དང་དྲིལ་བུ་འཛིན་པ་ཁ་ཤར་དུ་ཕྱོགས་ནས་འཁོད་པས། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཧཱུཾ་ཕཊ། ཅེས་བ རྗོད་པས་བདག་ཉིད་དཀྱིལ་འཁོར་གྱི་བདག་པོ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡུམ་དང་བཅས་པའི་སྐུར་བསྒོམས་ལ། འཁོར་གྱི་གསང་སྔགས་རྣམས་བརྗོད་པའི་རྐྱེན་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་བསྐྱེད་ལ། ༀ་བཛྲ་ས་མཱ་ཛཿ རུ་ལུ་རུ་ལུ་ཧཱུཾ། ཞེས་བསྐུལ་བས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བྱས་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་བྱའོ། །དེ་ནས་ཕྱོགས་བཞིར་གནས་པའི་སློབ་མ་གསང་བའི་ཡུམ་བཞིའི་ང་རྒྱལ་འཛིན་པ་བཞིས་གཙོ་བོ་ལ་རིམ་པ་བཞིན་མཆོད་པ་དང་བསྟོད་པ་སྔོན་དུ་འགྲོ་བས། ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བའི། །རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ལྷོ་ནས། ཡོན་ཏན་རིན་ཆེན་འབྱུང་བའི་གཙོ། །མ་ལུས་ཀུན་གྱི་རེ་སྐོང་བ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ནུབ་ནས། རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ཐམས་ཅད་ཀྱིས་ཐུན་མོང་དུ། ཐམས་ཅད་བདག་ཉིད་དགོངས་སུ་གསོལ། །འདུས་པ་ཆེན་པོའི་དཀྱིལ་འཁོར་འདི། །སངས་རྒྱས་ཀུན་བདག་གྲོང་ཁྱེར་ཉིད། །དེ་རིང་ཤིས་པར་སློབ་ཏུ་གསོལ། །ཞེས་གསོལ་བ་བཏབ་ཅིང་། བཞི་མེད་ན་གཅིག་གིས་ཀྱང་ཕྱོགས་དེ་དག་ཏུ་སོང་ནས་བྱ། དེ་ཡང་མེད་ན་བསྒོམ་པས་ཀྱང་རུང་དོ། །དེ་ནས། རང་གི་སྙིང་གའི་འོད་ཀྱིས་གདོད་ནས་ལྷུན་གྱིས་གྲུབ་པ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་རྗེས་སུ་བསྐུལ་ནས། ཧཱུཾ་བཞིས་རང་གི་ལུས་ལ་བསྡུས་ཏེ། སྙིང་གར་ཧཱུཾ་གི་ངོ་བོར་གནས་པ་ལས་མི་ཤིགས་པའི་འོད་ཟེར་གྱིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཁྱབ་ཅིང་བརྟན་པར་བྱས་ལ། སྐྱིལ་ཀྲུང་གཤིག་ནས་སྙེམས་པ་དང་བཅས་པས་ལང་སྟེ། འགྲོ་བ་རྣམས་ལ་སྙིང་རྗེས་བལྟས་ནས། སླར་ཡང་ཧཱུཾ་ཞེས་བརྗོད་པས་རང་ཉིད་ཞེ་སྡང་རྡོ་རྗེ་འཇིགས་ཤིང་རྔམས་པ་མི་བཟད་པའི་ཁྲོ་བོའི་སྤྲིན་སྤྲོ་བའི་སྐུར་གྱུར་པའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་མིག་འབྲས་ཧཱུཾ་ལས་བསྐལ་པའི་མེ་འབར་བས་ཀུན་ཏུ་བལྟ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་རྡོ་རྗེར་མི་ཕྱེད་པའི་ང་རྒྱལ་དང་ལྡན་པས། ཧཱུཾ། ང་ནི་སངས་རྒྱས་ཀུན་གྱི་བདག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །དབང་མཆོག་སྒྲུབ་པའི་ལས་བྱེད་ཀྱིས། །བགེགས་རྣམས་ཐམས་ཅད་གཞན་དུ་དེངས། །ཞེས་བརྗོད་པས་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོའི་སྤྲིན་མི་བཟད་པར་སྤྲོ་ཞིང་རྐང་མཐིལ་གཉིས་སུ་ཧཱུཾ་ལས་འབར་བའི་རྡོ་རྗེ་རེ་རེས་མཚན་པར་བསམ་ལ། རྡོ་རྗེ་གསོར་བ་དང་དྲིལ་བུ་འཁྲོལ་བཞིན་པར་ཧཱུཾ་བཞི་པའི་སྔགས་དྲག་ཏུ་བརྗོད། གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམས་དང་བཅས་པའི་རྡོ་རྗེའི་འགྲོས་ཀྱིས་གར་བྱེད་ཅིང་གཡས་སུ་བསྐོར་བའི་མཐར་ཁྲོོ་བོ་རང་རང་གི་སྔགས་རྣམས་བརྗོད་བཞིན་དུ་ཁྲོ་བཅུའི་སྟངས་སྟབས་དང་བཅས་པས་བགེགས་རྣམས་བསལ་བར་བྱའོ། །ལྔ་པ་ས་བསྲུང་བ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་པས་བདག་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་སོགས་ནས། མཚོན་ཆ་སྣ་ཚོགས་པའི་སྤྲིན་སྤྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་པའི་བར་སྒྲུབ་ཐབས་བཞིན་དང་། འདི་དང་འབྲེལ་བར་ཕུར་བུས་གདབ་པའི་ལས་བྱས་ཀྱང་སྐབས་སུ་བབ་པ་ཙམ་ཡིན་ཅིང་། གཞན་ཡང་འདི་དག་ཏུ་ཁྲོ་བོ་རོལ་པའི་སྟབས་དང་། མ་མོའི་མཆོངས་སྟབས་དང་། ཕྲ་མེན་གྱི་རྔམས་སྟབས་ལ་སོགས་པའི་འགྲོས་རྣམས་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར་ཞིང་འབར་བའི་མིག་གི་ལྟ་སྟངས་གཡོ་བ་དང་བཅས་པས་སྐུའི་ཕྱག་རྒྱ་རྣམས་བསྒྱུར་བ་ལས་ཁྲོ་བོའི་ཚོགས་ཀྱི་སྤྲིན་མཐའ་ཡས་པར་སྤྲོས་ནས་མཚོན་ཆའི་ཆར་མི་བཟད་པ་འབེབས་ཤིང་འབར་བ་མེའི་ཕྲེང་བ་དྲག་པོར་འཁྲུག་པས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད་ནས་ཕྱོགས་ཐམས་ཅད་དུ་རྡོ་རྗེ་བསྲུང་བའི་ར་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །དེ་ལྟར་ཆོས་ཐམས་ཅད་སེམས་ལས་ལོགས་སུ་མེད་ལ། སེམས་ཀྱང་སྟོང་ཉིད་ནམ་མཁའི་རང་བཞིན་དུ་གནས་པས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་དམིགས་སུ་མ་གྲུབ་པ་དེ་ཁོ་ན་ཉིད་དོ། །ཞེས་ངེས་པར་བྱས་ནས་བསྲུང་བའོ། །དེ་ཡང་ས་བསྲུང་བ་འདིའི་ཁོངས་སུ་ཕྱི་ནང་གི་མཚམས་གཅོད་པ་སོགས་འབྱུང་ཡང་དབང་རྐྱང་དང་སྒྲུབ་མཆོད་དཀྱུས་མ་ཙམ་ལ་དེ་དག་མེད་ཀྱང་ཆོ་ག་ཉམས་པར་མི་འགྱུར་ཏེ། འདི་ཙམ་གྱིས་དོན་གྱི་དགོས་པ་གྲུབ་པའི་ཕྱིར་དང་། སྐབས་འདིར་བསྲུང་བའི་དངོས་གཞི་ཁྲོ་བོ་བཅུའི་བསྲུང་འཁོར་ལ་བརྟེན་ནས། དེ་དང་འབྲེལ་བར་རོལ་པའི་མཚམས་སོགས་ལྷག་མ་གསུམ་པོ་ཡང་འབྲེལ་ཆགས་སུ་ཚང་བས་གཞུང་དངོས་བསྟན་གྱི་དོན་ལ་འབྱོར་བའོ། །དྲུག་པས་བྱིན་གྱིས་རློབ་པ་ནི། ལྷ་ལྷག་པར་གནས་པ་དང་དོན་གཅིག་པས་འོག་ཏུ་སྟོན་ནོ། །དེ་དག་ནི་སའི་ཆོ་ག་སྟེ་ནུབ་དང་པོའི་བྱ་བའོ། །བཞི་པ་སྟ་གོན་ནམ་ལྷག་པར་གནས་པའི་ཆོ་ག་ལ། ཡན་ལག་རབ་གནས་དང་། ཡན་ལག་ཅན་གྱི་རབ་གནས་སོ། །དང་པོ་ལ་ཤོམ་དང་ཆོ་ག་དངོས་གཉིས་ཀྱི། དང་པོ་ནི། རྩ་བའི་དཀྱིལ་འཁོར་གང་དུ་བྱ་བའི་དབང་ལྡན་གྱི་ཕྱོགས་སུ་ཁྲུ་དོ་པའི་མཎྜལ་དྲིས་བྱུགས་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རྡོ་རྗེའི་ར་བ་དང་བཅས་པ་བྲི། དེའི་དབུས་སུ་ལས་བུམ་ཆས་ལྡན་རྡོ་རྗེ་རྒྱ་གྲམ་གྱིས་མཚན་མ་ཅན་དགོད། ཤར་དུ་ཡེ་ཤེས་དང་ལས་ཀྱི་ཐིག་སྐུད། ལྷོར་རྡོ་རྗེ། ནུབ་ཏུ་ཐོད་ཆུ་བདུད་རྩི་ལྔ་དང་ལྡན་པ་དང་གོ་མ་ཡེའི་དམ་རྫས་ལྔའི་བྷནྡྷ། བྱང་དུ་དྲིལ་བུ། དབུས་དང་མཚམས་ཀྱི་པད་འདབ་བཞི་ལ་རྡུལ་ཚོན་ལྔ་མདོག་རིགས་སྡེབས་པ་དཔའ་བོ་འབྲུ་ལྔ་བཀོད་པ་དང་། དེ་དག་གི་མཐར་མཆོད་གཏོར་སྤྱི་དང་མཐུན་པར་བཤམ་མོ། །གཉིས་པ་ནི། སྔོན་འགྲོ་ནས་བཟུང་བདག་གི་རྣལ་འབྱོར་བཟླས་པའི་བར་སྔོན་དུ་འགྲོ་བས་ལས་བུམ་བསང་སྦྱངས། སྟོང་པའི་ངང་ལས་བུམ་པའི་གནས་སུ་བྷྲཱུཾ་ཞེས་བརྗོད་པས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཉི་མའི་གདན་ལ། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ཅེས་བརྗོད་པས་ཁྲོ་བོ་མི་འཆི་ཐབས་སྦྱོར་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པར་བསམ་ལ། ལས་རིགས་བདག་པོར་བྱས་པའི་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་རློབ། བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲས་བརྟན་པར་བྱས། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། རྡོ་རྗེ་རྩེ་གཅིག་པའི་རྒྱས་ལས་བུམ་ལ་རེག་སྟེ། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་མཐར། ལྷ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་ཞིང་། བུམ་ཆུ་འཐོར་ཡབ་ཀྱིས་བླངས་ཏེ། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨ་ཏཱ་བཛྲ་སིདྡྷི་ཧཱུཾ། ཞེས་བརྗོད་ཅིང་། བདག་གནས་ཡོ་བྱད་ཐམས་ཅད་ལ་གཏོར་བས་ཉེས་སྐྱོན་ཐམས་ཅད་དག་པར་བསམ་མོ། །དེ་ནི་ལྷག་གནས་ཐམས་ཅད་ལ་བསང་གཏོར་གྱི་ཕྱིར་སྔོན་དུ་འགྲོ་བའོ། །ཐིག་གི་ལྷག་གནས་ནི། རྒྱུ། གྲོགས། ཚད། གྲངས། རབ་གནས། གདབ་ཐབས། སྤྱོད་ལམ་དང་བདུན་ལས། རྒྱུ་དམ་ཚིག་གི་ཐིག་སྐུད་རོ་སྐྲའམ་པདྨའི་རྒྱུས་པ་དང་། ཡེ་ཐིག་གི་རྒྱུ་རྡོ་རྗེའི་རྒྱུན་ཐག་ཞེས་བ་སུ་ཏ་སྟེ། གཉིས་ཀའང་རས་བལ་གཙང་མ་དང་སྦྲེལ་བའོ། །གྲོགས་གཞོན་ནུ་མ་མཚན་ལྡན་ནམ་དེར་བཏགས་པའོ། །ཚད་སྲིད་དུ་མཎྜལ་འཁོར་ཁྱུད་ཅེས་པ་འགྲེལ་ཆུང་དུ་དཀྱིལ་འཁོར་ལས་ཉིས་འགྱུར་དུ་བཤད་པ་བཞིན་ཏེ། དེ་ཡང་འཇུར་མདུད་མེད་པའོ། །སྦོམས་སུ་སྒོའི་ཉི་ཤུ་ཆ་སྟེ་ཆ་ཆུང་གི་ལྔ་ཆའོ། །གྲངས་ནི་ཡེ་ཤེས་ཀྱི་ཐིག་སྐུད་ཚོན་སྣ་ལྔས་བསྒྱུར་བ་ལྔ་ཚན་ལྔའམ་ལྔ་ཚན་གཅིག་དང་། དམ་ཚིག་གི་ཐིག་སྐུད་དཀར་དམར་སྔོ་བ་གསུམ་མཚན་གསུམ་མམ་གསུམ་ཚན་གཅིག་གོ། །རབ་གནས་ནི། བདག་ཉིད་དཀྱིལ་འཁོར་གྱི་བདག་པོར་གསལ་བའི་གནས་ལྔར། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་དང་། ཐིག་གཡོག་རིགས་ཀྱི་ཡུམ་དུ་གསལ་བའི་གནས་ལྔར་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་སོ་སོའི་སྐུར་གྱུར་པའི་གཙོ་བོ་ཡབ་ཡུམ་གྱི་གནས་གསུམ་དུ་ༀ་ཨཱཿཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་རྗེས་སུ་བསྐུལ། སྐུ་གསུང་ཐུགས་ཀྱི་དབང་ཐོབ། སླར་ཡང་སྙིང་གའི་འོད་ཟེར་གྱིས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས། དེ་རྣམས་ཀྱིས་ཡེ་ཤེས་ལྔས་དབང་བསྐུར་ནས་འོད་དུ་ཞུ་བ་རང་ལ་བསྟིམ་ནས། ཡབ་ཀྱི་གསང་གནས་རྡོ་རྗེ་རྩེ་ལྔ་པའི་བུམ་པར་ཧཱུཾ་ཡིག་དང་། ཡུམ་གྱི་མཁའ་ལ་པདྨ་འདབ་མ་བརྒྱད་པའི་སྙིང་པོར་ཧྲཱིཿཡིག་འབར་བས་མཚན་པར་གྱུར་པ་ལ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་ཐིག་སྐུད་དང་རོ་གཅིག་པ་ཡེ་ཤེས་ལྔའི་ངོ་བོར་སྤྲོས་པ་ཡུམ་གྱི་མཁའ་ཀློང་དུ་འབྱུང་བར་འགྱུར་བའི་དཀྱིལ་འཁོར་དུ་ཤར་བར་བསམ་ལ། ས་བོན་བཅུ་པོ་བརྗོད་བཞིན་པར་ཡབ་ཀྱིས་སྙོད་ནས་ཡུམ་གྱིས་འཁེལ་བ་ནི་ཡེ་ཐིག་གི་སྐུད་པ་བྱིན་གྱིས་རློབ་པའོ། །དེ་བཞིན་དུ་བྱང་སེམས་སྲད་བུ་དང་རོ་གཅིག་པ་སྐུ་གསུང་ཐུགས་ཀྱི་ངོ་བོར་སྤྲོ་བ་དང་། འབྲུ་གསུམ་བརྗོད་བཞིན་པར་སྙོད་འཁེལ་བྱ་བ་ནི་ལས་ཐིག་གི་བྱིན་རླབས་སོ། །འདིར་ཐིག་སྐུད་བརླབ་པ་དང་གདབ་པའི་ཆོ་ག་དོན་གཅིག་ཏུ་འདུ་བའི་ཕྱིར་འོག་ཏུ་གདབ་པའི་སྐབས་དང་སྦྲེལ་ན་ལེགས་པར་འགྱུར་རོ། །གདབ་ཐབས་དང་སྤྱོད་ལམ་ནི་འོག་ཏུ་སྟོན་ནོ། །དེ་ནས་ཚོན་གྱི་ལྷག་གནས་ནི། དགོས་ཆེད། རྒྱུ། གྲངས། རབ་གནས། དགྱེ་ལུགས། ཉེས་སྤོངས་དང་དྲུག་ལས། དགོས་ཆེད་ནི། མཚོན་བྱ་ཡེ་ཤེས་ལྔ་མཚོན་བྱེད་རྡུལ་ཚོན་དུ་བསྟན་པ་སྟེ། མཚོན་༼ཀུན་༽ པ་འཁྲིད་པར་བྱེད་པ་ཡིས། །རྡུལ་ཚོན་འདུ་བྱས་རྒྱུ་རྣམས་ལས། །བརྙན་མ་ཡི་ནི་དཀྱིལ་འཁོར་དག །སོ་སོར་རྟོགས་ཏེ་བཤད་པར་བྱ། །ཞེས་པ་བཞིན་ནོ། །རྒྱུ་ནི། ར བ་རིན་པོ་ཆེ་ལྔའི་ཕྱེ་མ་དང་། འབྲིང་འབྲུའི་ཕྱེ་མ་ཁ་དོག་བསྒྱུར་བ་དང་། ཐ་མ་སོ་ཕག་ལ་སོགས་པའི་ཕྱེ་མ་ཚོན་སྣ་ལྔས་ཁ་བསྒྱུར་བའོ། །གང་ལྟར་ཡང་ཐལ་ཆེན་དང་ཅུང་ཟད་བསྲེས་པ་སྟེ། རིན་ཆེན་༼ཁུག་༽ལྔ་དང་འབྲས་ལྔ་དང་། །འབྱུང་ཁུངས་ལྔ་ལྡན་ཁ་དོག་ལ། །ཞེས་པ་བཞིན་ནོ། །གྲངས་ནི། ཚོན་སྣ་ལྔ་སོ་སོར་ལ་ལྔ་ཚན་དུ་ཕྱེ་བའམ། ལྔ་ཚན་གཅིག་གིས་ཀྱང་སྟེ། ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །ཞེས་པ་བཞིན་ནོ། །རབ་གནས་ནི། བསང་སྦྱངས། སྟོང་པའི་ངང་ལས་ཚོན་སྣ་ལྔ་སོ་སོའི་གནས་སུ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཞེས་བརྗོད་པས་དམ་ཚིག་གི་ཚོན་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གནས་པར་གྱུར་པ་རྣམས་གཙོ་བོའི་སྐུ་ལ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཚོན་རྩི་ལ་ཐིམ་པར་བསམ་ཞིང་། ས་བོན་བཅུ་པོ་དང་། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ། ཞེས་ཅི་ནུས་བཟླས་པའི་མཐར། ཧཱུཾ་ཞེས་བརྗོད་པས་རིན་པོ་ཆེའི་རྡུལ་ཕྲ་རབས་ཀྱི་རྡུལ་ཚོན་འབར་བར་བསམ་མོ། །དགྱེ་བ་དང་། ཉེས་སྤོང་ནི་འོག་ཏུ་སྟོན་ནོ། །དེ་ནས་རྡོ་རྗེ་དང་དྲིལ་བུའི་རབ་གནས་ནི། སྔར་བཞིན་བསང་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་ལྟེ་བ་ལ་དཔལ་ཆེན་པོ། ཡར་གྱི་རྭ་ལྔ་ལ་ཁྲག་འཐུང་རིགས་ལྔ། མར་གྱི་རྭ་ལྔ་ལ་རིགས་ཀྱི་ཡུམ་ལྔ། ཡས་མས་ཀྱི་པདྨའི་འདབ་མ་བརྒྱད་ལ་གནས་མ་བརྒྱད་དང་། ཡུམ་མ་བརྒྱད། དྲིལ་བུའི་ལྟེ་བ་དང་པདྨའི་འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་རིགས་ཀྱི་ཡུམ་ལྔ། མཚམས་བཞིར་གསང་བའི་ཡུམ་བཞི། ཞལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། རྩེ་མོའི་རྡོ་རྗེ་ཁྲག་འཐུང་རིགས་ལྔ་རྣམས་ཀྱི་སྐུར་བསྐྱེད། རྩེ་དགུ་པ་ལ་ནི། མཚམས་ཀྱི་རྭ་བཞི་ལ་ལུང་གི་ཁྲོ་བོ་ཡབ་ཡུམ་བསྒོམ་པ་ཙམ་ཁྱད་པར་རོ། །གང་ལྟར་ཡང་བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཧཱུཾ་ཨ་ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ། བཛྲ་གྷཎྜེ། ཞེས་བརྗོད་པས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་དང་། གཉིས་ཀའང་དོན་དམ་པར་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་པ་བརྟན་པར་བྱས་ལ། ཧཱུཾ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །འཁོར་དང་མྱ་ངན་འདས་པ་ཡིས། །ཆོས་ལ་དེ་བཞིན་དབང་བསྒྱུར་ཤོག །ཅེས་བརྗོད་ཅིང་རྡོ་རྗེ་གསོར། དྲིལ་བུ་དཀྲོལ་བར་བྱའོ། །ཐོད་ཆུའི་རབ་གནས་ནི། བསང་སྦྱངས། སྟོང་པའི་ངང་ལས་དམ་རྫས་ཀྱི་གནས་སུ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛཿ ཞེས་བརྗོད་པས་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་གསལ་བར་བསྐྱེད། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་ལ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ། ཞེས་ཅུང་ཟད་བཟླས་ལ། ཧཱུཾ་ཞེས་བརྗོད་པས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ་མོ། །གཉིས་པ་ཡན་ལག་ཅན་གྱི་རབ་གནས་ལ། ལྷ། བུམ་པ། སློབ་མ་ལྷག་པར་གནས་པ་དང་གསུམ་ལས། དང་པོ་ལྷ་ལྷག་པར་གནས་པ་ལ། གོ་མ་ཡེ་བཏང་བ། ཐིག་གདབ་པ། ལྷག་གནས་དངོས་དང་གསུམ་ལས། དང་པོ་ནི། སྔར་འདུ་བྱས་པའི་སྟེགས་བུ་འཇམ་ཞིང་ལྷམ་པ་ལ། དམ་རྫས་བདུད་རྩི་རྣམ་པ་ལྔས་ཆག་ཆག་འདེབས་བཞིན་པས། ཧཱུཾ། རང་བྱུང་རྣམ་དག་བྱིན་བརླབས་ཅན། །ཡེ་ཤེས་རང་བྱུང་གྲུབ་པའི་རྫས། །བཀའ་གསང་རྨད་བྱུང་ཕོ་བྲང་དུ། །དུར་ཁྲོད་རྫས་ལྔས་སྐྱང་ནུལ་བྱ། །པཉྩ་ཨ་མྲྀ་ཏ་མཎྜ་ལ་ཧཱུཾ། ཞེས་ཁྱེམ་མེད་པར་བྱུག་གོ། །གཉིས་པ་ཐིག་གདབ་པ་ལ། སྔོན་དུ་བྱ་བ་དང་། ཐིག་གདབ་པ་དངོས་ལས། དང་པོ་ནི། རྡོ་རྗེ་རྒྱལ་པོ་དང་། རྒྱལ་ཐེབས་སོ་སོའི་ཡུམ་དང་བཅས་པ་བཞིའམ། སློབ་དཔོན་ཐིག་གཡོག་དང་བཅས་པ་གཉིས་ཀྱིས་ཀྱང་སྟེ། རང་རང་གི་ཆས་སུ་ཞུགས་པའི་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་གྱི་སྐུ་ལ་བཀོད་པའི་རིགས་ལྔ་དང་བཅས་པ་གསལ་གདབ་ཅིང་། མཁའ་གསང་བརླབ་པ་རྣམས་སྔར་ཐིག་སྐུད་སྒྲུབ་པའི་སྐབས་བཞིན་བྱས་ནས་བགེགས་བསྐྲད་དོ། །སྟོང་གསུམ་གསང་བའི་དཀྱིལ་འཁོར་དུ། །རྨད་བྱུང་རྡོ་རྗེའི་ཐིག་འགྱེད་ན། །གསང་བའི་དམ་ལ་མི་གནས་པའི། །འབྱུང་པོ་སྐྱེ་བོ་གདོལ་པ་ཅན། །འདི་རུ་མ་འདུག་གཞན་དུ་དེངས། །ཞེས་བརྗོད་ཅིང་། ཤངས་ཀྱི་ཧཱུཾ་རིང་དང་བྱང་ཆུབ་ཀྱི་སེམས་སྤྲིན་ཁྲོ་བོ་དང་མཚོན་ཆའི་ཚོགས་སུ་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད་ནས་ཚུར་འདུས་པ་བསྲུང་བའི་གུར་དུ་འཁྲིགས་པར་བསམ་མོ། །དེ་ནས་ཐིག་གདབ་པའི་ལས་ཡུམ་ལ་བསྒོ་བ། ཤེས་རབ་ལྷ་མོ་གསང་བའི་ཡུམ། །འདོད་དགུར་སྒྱུར་བའི་འཕྲུལ་མོ་ཆེ། །ཆགས་པའི་ཚུལ་གྱི་ཐབས་ལ་འདུད། །གཡོན་དུ་འཁྲིལ་ཞིང་གཡས་སུ་འཁྱུད། །འཛུམ་པའི་མདངས་ཀྱིས་ཟླ་གམ་སྦྱོར། །གསང་བའི་བྱང་ཆུབ་སེམས་འདྲེན་མ། །ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས། །རང་བཞིན་ཆོས་ཀྱི་མཚན་ལྡན་མ། །རྡོ་རྗེ་ལས་ཀྱི་ཡུམ་ཡིན་གྱི། །གསང་བའི་ལས་རྣམས་ཀུན་བྱོས་ཤིག །ཅེས་བསྒོོ་བར་བྱའོ། །གཉིས་པ་ཐིག་གདབ་པ་དངོས་ལ། གནམ་ཐིག་གདབ་པ་དང་། ས་ཐིག་གདབ་པ་གཉིས་ལས། དང་པོ་ནི། ཡབ་ཡུམ་གཉིས་ཀྱི་ལག་པའི་འཁོར་ལོར་ཉི་ཟླ་ལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་རིགས་ལྔའི་ཡི་གེའི་ངོ་བོར་གནས་པར་བསམས་ཏེ། སློབ་དཔོན་ནུབ་ནས་ཤར་དུ་ཕྱོགས་པའི་གཡོན་པའི་ཁུ་ཚུར་གྱི་ཐིག་སྐུད་བཟུང་བའི་རྩེ་མོ་གཡས་པས་ཐིག་གཡོག་ཤར་ནས་ནུབ་ཏུ་ཕྱོགས་པ་ལ་གཏད་དེ། ལས་ཀྱི་རྡོ་རྗེ་འབར་བ་འདིས། །རྡོ་རྗེ་གར་གྱི་ཕྱག་རྒྱ་ཡིས། །བྱང་ཆུབ་སེམས་ཀྱི་ཐིག་འདི་དྲོངས། །རྡོ་རྗེ་གསང་བའི་ལས་འདི་གྱིས། །ཙནྡ་དྷ་ར་ཧྲཱིཿཞེས་གླུར་བླངས་ཏེ་གཏད་པ་ན་བྱང་ཆུབ་སེམས་ཀྱི་སྤྲིན་ཡེ་ཤེས་ལྔའི་རང་བཞིན་ཐིག་སྐུད་དང་རོ་གཅིག་པར་སྤྲོས་པས་ཕྱི་ནང་གསང་བ་རང་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་གསལ་ཞིང་མཚོན་པར་བསམ་ཏེ། ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་སུ། །མི་དམིགས་གདལ་བའི་མཎྜ་ལ། །ཡེ་ཤེས་ལྔ་ཡི་ཐིག་འཕྲོས་པས། །བདེ་ཆེན་རྣམ་པ་ཕྱག་རྒྱར་འབར། །ཞེས་པ་ཙམ་བརྗོད་ཅིང་གནམ་ཐིག་ཕྱོགས་བཞིར་རྒྱ་གྲམ་དུ་བྲི་བའམ། ཡང་ན་ནུབ་ནས་ཤར་ཏུ་བལྟ་བས་ཚངས་ཐིག་དང་པོ་དང་། ལྷོ་ནས་བྱང་དུ་བལྟ་བས་ཚངས་ཐིག་གཉིས་པ་ཙམ་བཏབ་པས་ཀྱང་རུང་ཞིང་། དེའི་སྟེང་དུ། མེ་ནས་རླུང་དུ་བལྟ་བས་ཟུར་ཐིག་དང་པོ། བདེན་བྲལ་ནས་དབང་ལྡན་དུ་བལྟ་བས་ཟུར་ཐིག་གཉིས་པ་དང་། མེ་ནས་བྱང་དུ་བལྟ་བས་ཤར་གྱི་རྩ་ཐིག །རླུང་ནས་ལྷོར་བལྟ་བས་ནུབ་ཀྱི་དང་། སླར་ཡང་རླུང་ནས་ཤར་དུ་བལྟ་བས་བྱང་གི་དང་། མེ་ནས་ནུབ་ཏུ་བལྟ་བས་ལྷོའི་རྩ་ཐིག་སྟེ། ཐིག་ཆེན་བརྒྱད་པོ་དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ་སེ་གོལ་གྱི་སྒྲ་དང་བཅས་པས་གདབ་ཅིང་། སྔགས་ནི་ཐམས་ཅད་ལ། ༀ་ཛྙཱ་ན་ཙཀྲ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་པ་ཁོ་ནའོ། །གཉིས་པ་ནི། དམ་ཚིག་གི་ཐིག་སྐུད་དྲི་ཞིམ་པོའི་ཐིག་ཆལ་ལས་ཕྱུངས་པ་རྡོ་རྗེ་གསུམ་གྱི་ང་རྒྱལ་དང་ལྡན་པས་གཏོང་ལེན་སྔར་བཞིན་བྱས་ནས་ཡེ་ཐིག་གདབ་པའི་རིམ་པ་དང་མཐུན་པར། དང་པོར་ཤར་ནུབ་ཚངས་ཐིག་གདབ། །དབུས་ནས་ཕྱོགས་བཞིར་མཚན་མ་བྱ། །ཤར་ནུབ་ཚད་ནས་གཉིས་པ་དང་། །ཕྱོགས་བཞི་ཚད་ནས་ཟུར་ཐིག་བཙལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་མཉམ་གསུམ་གསུམ་རན་པར་གདབ། །དང་པོ་ལྟེ་བ་འཁོར་ལོའི་ས། །ཕྱི་མ་གཉིས་པོ་ཆ་ལྔ་རུ། །བགོས་པའི་ནང་མ་བཞི་པོ་ཡང་། །ཕྱེད་ཕྱེད་བགོས་པ་ནང་སྒོ་བརྒྱད། །ཅེས་སམ། ཡང་ན་དབུས་ནས་རྟ་བབས་ཀྱི། །འཁོར་ལོའི་གདུགས་ཀྱི་ཏོག་རྩེའི་བར། །ཆ་མཉམ་བདུན་དུ་གཞལ་བ་ལས། །ཆ་གཅིག་ལྟེ་བ་འཁོར་ལོའི་ས། །དེ་ལྷག་ཆ་མཉམ་གཉིས་བཅད་པའི། །ནང་མ་བརྒྱད་གཏུབས་ནང་སྒོ་བརྒྱད། །ཅེས་པ་སྟེ། དཀྱིལ་འཁོར་ཆེན་པོ་བཞེངས་པ་ལ་ཕྱི་མ་འདི་ལེགས་ཤིང་། གང་ལྟར་ཀྱང་། ཕྱི་མ་ཕྱི་ཡི་སྒོ་ཡིན་ཏེ། །རེ་རེའང་ཆ་གསུམ་དག་ཏུ་བགོ། །དེ་ལྟར་བགོས་པའི་ནང་མ་རྣམས། །ཁྱམས་ཡིན་བར་མ་དབུས་དོར་མཐའ། །བཏབ་པའི་རྩིག་པ་འདོད་སྣམ་དང་། །ཕ་གུའི་གནས་ཡིན་ཕྱི་མ་ཉིད། །ཕྱེད་གདབ་ཕྱི་མ་བསིལ་བ་ནི། །མུན་པ་མདའ་ཡབ་ཤར་བུའི་གནས། །ནང་སྒོ་བརྒྱད་པོའི་གཡས་གཡོན་དུ། །ཚངས་པའི་ཐིག་ལས་རང་ཚད་ཀྱི། །ཆ་ཕྲན་ལྔ་གདབ་སྒོ་ཁྱུད་དང་། །རྩིག་པའི་གནས་སུ་འགྱུར་བ་ཡིན། །ཕྱི་མའི་སྒོ་ཡི་གཡས་གཡོན་དུ། །རང་ཚད་ཆ་ཆེན་གཉིས་གཉིས་དང་། །མདའ་ཐིག་ཕྱི་རུ་ཆ་ཆེན་གསུམ། །བཏབ་པའི་གཡས་གཡོན་ཆ་ཆེན་གྱི། །དང་པོ་ཕྱེད་གདབ་ཕྱི་མ་བསིལ། །གཉིས་པ་ཆ་བཞིར་བགོས་པ་རྣམས། །འགྲམ་ལོགས་རྩིག་པ་མུན་པ་དང་། །ཀ་བ་ཀ་རྒྱན་རྣམས་ཀྱི་ས། །ཕྱི་ཡི་ཆ་ཆེན་གསུམ་པོ་ལས། །ནང་མ་གཉིས་པོ་ཆ་བཞི་སྟེ། །རྟ་བབས་བརྒྱད་པོ་ཆ་མཉམ་ལས། །དང་པོ་ཀ་རྒྱན་མཐའ་དང་མཉམ། །གཉིས་གསུམ་དེ་ལས་གཅིག་ཕྱིར་དགྱེད། །བཞི་པ་གཉིས་བསྐུམ་ལྔ་པ་གཅིག །ཕྱིར་འཕྱར་དྲུག་པ་གཉིས་སུ་བསྐུམ། །བདུན་བརྒྱད་རིམ་བཞིན་རེ་རེ་འཕྱར། །རིམ་པར་རྟ་རྐང་ཆུ་སྐྱེས་དང་། །སྒྲོམ་དང་ཟ་ར་ཚགས་སྣ་མཆོད། །སྒྲིལ་འཕྱང་ཤར་བུ་ཁྱུང་མགོའོ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་ས་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱི་གླང་རྒྱབ་དབུས། །མུན་པའི་ཕྱི་ཐིག་ཚངས་གནས་ཀྱི། །གཡས་གཡོན་ཆ་ཕྲན་གཉིས་འདས་ནས། །སྔར་བཞིན་བསྐོར་བ་མུན་པའི་མཐོངས། །མུ་རན་ཆ་ཕྲན་གཅིག་གིས་བསྐོར། །འཁོར་ལོ་ཉིས་འབྱུང་པདྨ་དང་། །གདུགས་ནི་ཆ་ཕྲན་རེ་རེའོ། །སྣ་ཚོགས་རྡོ་རྗེའི་གཡས་གཡོན་རྭ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་གཉིས་ཕྱིན་འཛོམ་ས་ནས། །བཟུང་སྟེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་ཕྲེང་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །དབུས་རྭ་རྩ་བའི་རྒྱ་ཚད་དུ། །ཆ་ཆེན་གཅིག་ཡིན་མི་མཐོང་ཡང་། །རིམ་ཕྲ་རྩེ་མོ་ཆ་ཕྲན་གཉིས། །པད་འཁོར་གདུགས་ཀྱི་འོག་ཏུ་བྲི། །ལྟེ་བའི་སུམ་ཆ་ཟླུམ་པོར་བསྐོར། །དེ་མཐར་གསུམ་བསྐོར་ཆ་བྲན་རེ། །དེ་མཐར་གྲུ་ཐིག་ལ་རེག་པར། །བསྐོར་བའི་ནང་དུ་ཆ་བྲན་གཅིག །རིམ་པར་བསྐོར་བ་ལྟེ་བ་དང་། །མུ་ཁྱུད་རྩིབས་དང་རྩིབས་བརྟེན་ནོ། །ཕྱི་ཡི་མདའ་ཐིག་ཕྱི་རོལ་དུ། །ཆ་ཕྲན་གཉིས་གཉིས་ཆ་ཆེན་གཅིག །ཕྱེད་དང་གཅིག་ཏུ་བསྐོར་བ་ནི། །རིག་འཛིན་སྣམ་བུ་པདྨ་དང་། །དུར་ཁྲོད་རྡོ་ར་མེ་རིའི་ས། །སྟེང་ཁང་ཞི་བའི་དཀྱིལ་འཁོར་ནི། །ལྟེ་བ་ནས་བཟུང་མེ་རིའི་བར། །སྒྱུ་འཕྲུལ་ཞི་བ་དང་མཚུངས་ཕྱིར། །གཞན་དུ་བཤད་ལས་ཤེས་པ་སྟེ། །མཎྜལ་སོགས་ལ་འགོད་པ་ཡིན། །ཞེས་པ་བཞིན་ཤེས་པར་བྱ་བ་སྟེ། །མན་ངག་གིས་བཀྲལ་བའི་ལུགས་སོ། །རྒྱུད་ཀྱི་དངོས་བསྟན་ནི། །འདིར་ནི་རྡོ་རྗེའི་མུ་ཁྱུད་བདུན། །འབྱུང་བའི་རིམ་པ་དྲུག་བར་དུ། །འཁོར་ལོ་དྲུག་བརྩེགས་སྙིང་པོ་འབར། །ཞེས་སོགས་གསུངས་པ་བཞིན་ཏེ། གང་གི་ཚེ་ཡང་ཁྲོ་དཀྱིལ་གྱི་སྒོ་ནི་དགུ་བརྩེགས་ཁོ་ན་ཡིན་ཏེ། སྔར་གསལ་སྒོ་དགུ་ཤར་དུ་བརྩེགས། །ཞེས་གསུངས་པ་ཚད་ལྡན་གྱི་འགྲེལ་བྱེད་མཁན་པོ་ཐམས་ཅད་ཀྱི་སྒོ་དགུ་བརྩེགས་ཉིད་དུ་བཀྲལ་བའི་ཕྱིར། བཅུ་གཅིག་བརྩེགས་སུ་འདོད་པ་སོགས་ནི་སྤྲོས་འདོད་ཙམ་མོ། །དེ་ལྟར་ཐིག་འདེབས་པའི་དུས་ཐམས་ཅད་དུ་སློབ་དཔོན་ཐིག་གཡོག་དང་བཅས་པ་གཡས་བསྐོར་དུ་འགྲོ་ཞིང་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་བྱའོ། །ཐིག་གི་བྱ་བ་རྫོགས་པ་ན། ཐིག་སྐུད་སྔར་གྱི་སྣོད་དུ་བཞག་པ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་ཀྱིས་མཆོད་ནས། བཛྲ་མུཿ ཞེས་པས་ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་ནས། དབེན་པར་བཞག་གོ། །དེ་ནས་ཧྲཱིཿཞེས་པའི་སྒྲ་རིང་པོ་དང་འདེགས་པའི་རྒྱས་ཡེ་ཤེས་ཀྱི་ཐིག་བཏེག་ནས་ནང་དུ་ཞུགས། ཧི་ཧི་ཞེས་སྒོའི་རྩ་ཐིག་དབྱིའོ། །ཐིག་གི་སྤྱོད་ལམ་ནི། སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་པས་ནི་གཉ ིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །ཞེས་གཞན་དུ་འབྱུང་བ་བཞིན་འདིར་ཡང་ཤེས་པར་བྱའོ། །ཐིག་གི་བྱ་བ་འདིར་བཤད་པ་ཉིད་ལུགས་འདིའི་ཁྱད་པར་གྱི་དགོས་ཆོས་སུ་གསུངས་པའི་ཕྱིར་འདི་ཁོ་ན་ལྟར་བྱའོ། །གསུམ་པ་སྟ་གོན་དངོས་ནི། རྒྱུད་ཀྱི་དངོས་བསྟན་དུ་སྐབས་འདིར་གསལ་བར་མ་གསུངས་ཀྱང་རིགས་མཐུན་གྱི་རྒྱུད་ཧེ་རུ་ཀ་འདུས་པར། ཐིག་གདབ་ཆོ་ག་ཇི་བཞིན་བྱ། །དྲི་ཡི་ཐིག་ལེའི་མཚན་མ་དགོད། །ནམ་མཁའི་དཀྱིལ་འཁོར་ཕབ་ཅིང་མཆོད། །ཅེས་པ་དང་མཐུན་པར་གསང་བདག་སྒྲོ་ཕུག་པ་ཆེན་པོས་གནམ་སའི་ཐིག་ལེགས་པར་བཏབ། དེ་ནས་སྟ་གོན་བྱའོ། །ཞེས་གསུངས་པ་བཞིན་ཤེས་པར་བྱ་བ་ནི། ཐིག་གིས་མཚོན་པའི་ལྷ་གནས་སོ་སོར་དྲི་བཟང་དང་བདུད་རྩི་ལྔས་གཙོ་བོའི་གནས་སུ་གྲུ་བཞི། འཁོར་གྱི་གནས་སུ་ཟླུམ་པོར་བྱས་ལ། སོ་སོའི་སྔགས་ཀྱིས་མེ་ཏོག་གི་ཚོམ་བུ་འགོད། མཐའ་མཆོད་པའི་ཚོགས་ཀྱིས་བསྐོར་ཏེ། བསང་སྦྱངས་བྱིན་གྱིས་བརླབས་ནས། ས་ཆོག་སྔོན་དུ་འགྲོ་ན་ནམ་མཁའི་ལྷ་ཕབ་པ་ཙམ་གྱིས་ཆོག་ཀྱང་། ལག་ལེན་ལ་དམ་ཚིག་པའང་བསྐྱེད་པར་མཛད་པས། དེ་ལྟར་ན་བདག་ཉིད་དཀྱིལ་འཁོར་གྱི་བདག་པོའི་ང་རྒྱལ་དང་ལྡན་པའི་ཐུགས་ཀར་མི་ཤིགས་པའི་ཐིག་ལེ་ཧཱུཾ་གི་ངོ་བོར་གནས་པར་བསལ་ལ། ཨེ་ཡཾ་ར་སུཾ་ཀེཾ་རཾ། ཞེས་ཆོ་འཕྲུལ་གྱི་རང་སྒྲར་སྒྲོགས་པས་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་འབྱུང་བ་ལྔའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་གྱུར། སླར་ཡང་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་བྷྲཱུཾ། ཞེས་པས་སྒྲ་གདངས་ཀྱི་རྐྱེན་ལས་ཇི་ལྟར་འབྱུང་བར་འགྱུར་པའི་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བཏབ་ལ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བར་བསྐྱེད་ལ། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་ཅིང་བསྟོད་པ་རྣམས་བྱས་ལ། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་བཞིན་པས། མགོན་པོ་ཀུན་མཁྱེན་བདག་ཉིད་ཅན། །གཅིག་དང་དུ་མ་ཡོངས་བྲལ་ཕྱིར། །མ་ལུས་བདག་ཉིད་དགོངས་སུ་གསོལ། །ཁྱེད་རྣམས་མོས་ཤིང་མཆོད་པ་དང་། །ཁམས་གསུམ་ཡོངས་སུ་བཟུང་བྱ་ཞིང་། །རང་བཞིན་མཉམ་པར་སྦྱར་བའི་ཕྱིར། །རིག་པ་འཛིན་བདག་དཀྱིལ་འཁོར་གྱི། །ལས་རྣམས་ཡོངས་སུ་རྫོགས་པར་བགྱིད། །ཐུགས་རྗེ་ཉེ་བར་དགོངས་མཛད་དེ། །དཀྱིལ་འཁོར་བྱིན་གྱིས་བརླབས་ནས་ནི། །ས་གཞི་ཡོངས་སུ་བཟུང་བར་མཛོད། །ༀ་བཛྲ་ས་མ་ཡ་སྟྭཾ། ཞེས་ལན་གསུམ་དུ་གསོལ་བཏབ་པས་ལྷ་རྣམས་དགྱེས་པར་རོལ་པའི་གཟི་བྱིན་མཐའ་ཡས་པས་དེ་ཉིད་དུ་ཐིམ་པས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་མོ། །གཉིས་པ་བུམ་པའི་ལྷག་གནས་ལ། ཤོམས་དང་། ལྷག་གནས་དངོས་གཉིས་ལས། དང་པོ་ནི། རིན་པོ་ཆེ་ལ་སོགས་པའི་བུམ་པ་ལྟོ་བ་ཟླུམ་ཞིང་མགྲིན་པ་རིང་བ་མཆུ་འཕྱང་བ་སོགས་ཀྱིས་མཚན་ཉིད་དང་ལྡན་པ་ལྷ་གྲངས་སམ་རིགས་ཀྱི་གྲངས་དང་མཐུན་པ་སྟེ། བུམ་པ་ལྔའམ་བཅུ་ཡང་རུང་ཞེས་རིགས་ཀྱི་སྒོ་ནས་ལྔ་དང་དགུར་བྱས་པ་ལས། ལྷག་མ་བཅུ་པ་ནི། སྔར་བཤད་པའི་ལས་བུམ་ཉིད་དོ། །ཇི་ལྟར་འབྱོར་པའམ། གང་ལྟར་ཡང་གུ་གུལ་གྱིས་བདུག་ཅིང་། བགེགས་བསྐྲད། མགུལ་ཆིངས་ལ་སོགས་པའི་ཆས་སུ་གཞུག །རྫས་སོ་ལྔའི་བཅུད་ཀྱིས་འགེང་བ་སོགས་སྤྱི་དང་མཐུན་པར་བཤམ་ཞིང་། ཤིན་ཏུ་བསྡུ་ན། རྣམ་རྒྱལ་དང་། ལས་བུམ་གཉིས་ལས། རྣམ་རྒྱལ་ཡང་དབུས་ཀྱི་ཁྲོ་བོ་གསང་བུམ་ཁོ་ན་ལ་བརྟེན་ནས་འགྲུབ་སྟེ། ཡང་ན་བུམ་པའི་སྐྱིན་པ་རུ། །ཞེས་པ་ནས། གང་བའི་བྷནྡྷ་དེ་བཞིན་བཞག །ཞེས་གསུངས་པའི་ཚུལ་ནི། ཕོ་མོའི་ཐོད་པ་མཚན་ལྡན་ཆང་དང་རྫས་སོ་ལྔའི་བཅུད་ཀྱིས་བཀང་བ་དར་མཐིང་དམར་གྱིས་བཅིངས་ཤིང་ལྕང་ལོས་བརྒྱན་པ་སྟེ། དཀྱིལ་འཁོར་གྱི་ལྟེ་བ་ལ་སོགས་པའི་ལྷའི་གནས་རྣམས་སུ་རིགས་མ་འཆོལ་བར་བཞག །བུམ་པ་གཅིག་ལས་མེད་ན་གཙོ་བོའི་གནས་སུ་དགོད། མཐའ་མཆོད་པ་རྣམས་ཀྱིས་ཇི་ལྟར་མཛེས་པར་བསྐོར། ལས་བུམ་རང་གི་མདུན་སོགས་གང་བདེར་བསང་གཏོར་གྱི་དོན་དུ་བཞག །གཉིས་པ་ནི། བུམ་པ་རྣམས་བསང་། ཤཱུནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཞེས་བརྗོད་པས་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཅན་གྱི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་ནང་དུ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས་བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ལ་སོགས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་བཀྲ་ལམ་གྱིས་གསལ་བར་བསྐྱེད་ལ། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་བསྟོད་རྣམས་བྱས་ནས། གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་། ལྷ་སོ་སོའི་རྩ་སྔགས་གཙོ་འཁོར་གྱི་འགྲོས་སྦྱར་བ་ཅི་ནུས་སུ་བཟླ་ཞིང་། དེ་ཙམ་མི་ནུས་ན། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ། ཞེས་པ་ཙམ་བཟླས་པས་ཀྱང་འགྲུབ་ཅིང་། གང་ལྟར་ཡང་བཟླས་པ་རྫོགས་པའི་མཐར་གཙོ་བོའི་སྔགས་ཀྱིས་ཐོད་ཆུ་བུམ་ནང་དུ་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། བདུག་སྤོས་ཀྱིས་ཀྱང་བདུག་པར་བྱའོ། །བུམ་པ་མང་པོའི་ཚེ་ན་རིགས་ཀྱི་དབྱེ་བསྡུའི་བསྐྱེད་ཚུལ་ཤེས་དགོས་ཀྱང་རྣམ་རྒྱལ་གཅིག་ཉིད་ལ་བསྡུ་བའི་དབང་དུ་བྱས་ནས་འདིར་མ་སྤྲོས་སོ། །དབང་བསྐུར་རབ་གནས་བདག་འཇུག་སོགས་ལ་བུམ་པ་ངེས་པར་དགོས་ཀྱང་། སྒྲུབ་མཆོད་ཙམ་ལ་ནི་བུམ་པ་མ་འགྲུབ་ནའང་དགག་བྱ་ཆུང་ཞིང་། སྟ་གོན་གྱི་སྐབས་འདི་མ་གཏོགས་དངོས་གཞི་སྒྲུབ་པའི་སྐབས་སུ་ནི། བདག་མདུན་བུམ་གསུམ་དབྱེར་མེད་དུ་ཤེས་པའི་གནད་གོ་བར་བྱའོ། །གསུམ་པ་སློབ་མ་སྟ་གོན་གྱི་ཆོ་ག་ནི། སྐབས་འདིར་བྱ་བ་སྟེ། དབང་ཆོག་ལས་ཤེས་ཤིང་། ཆོག་ཁྲིགས་འགའ་ཞིག་ཏུ་ལྷ་སྟ་གོན་གྱི་རྗེས་སུ་སློབ་མ་སྟ་གོན་བྱས་ནས་སླར་བུམ་པའི་སྟ་གོན་མཛད་མོད། ཧེ་རུ་ཀ་འདུས་པར་འདིར་བསྟན་གྱི་རིམ་པ་བཞིན་འབྱུང་བ་ལྟར། ད་ལྟའི་ལག་ལེན་གྱི་རྒྱུན་ལ་ཡང་ཡོད་པ་བཞིན་བྱས་ཀྱིས། གང་ལྟར་བྱས་ཀྱང་འགལ་བའི་སྐྱོན་ཡོད་པར་ནི་མི་སེམས་སོ། །དེ་དག་ནི་སྟ་གོན་གྱི་ཆོ་ག་སྟེ་ནུབ་གཉིས་པའི་བྱ་བའོ། །སྤྱི་དོན་གཉིས་པ་དངོས་གཞིའི་ཆོ་ག་ལ། དཀྱིལ་འཁོོར་བྲི་བ། རྣམ་པ་དགོད་པ། རབ་གནས་བྱ་བ། དཀྱིལ་འཁོར་སྒྲུབ་པ། དབང་བསྐུར་བའོ། །དང་པོ་ནི། ནངས་པར་སྔ་བར་ལངས་ལ། བེ་གཱ་ཀྲ་མ་ཡཾ། ཞེས་འདེགས་པའི་རྒྱས་སྟ་གོན་གྱི་ལྷར་ནམ་མཁར་བཏེག །ཚོམ་བུ་རྣམས་གཞན་དུ་བསལ། སྔར་བསྒྲུབས་པའི་ཚོན་རྩི་རྣམས་ཉེ་བར་བསར་ལ། དཀྱིལ་འཁོར་གྱི་དབུས་སུ་ཕུར་བུ་དངོས་སུ་བཏབ་པ་ཡིན་ན་ཚོན་སྣ་ལྔ་འབྱུང་རིགས་སྡེབས་པ་སོ་སོའི་སྙིང་པོས་བཀང་བ་འབྱུང་བ་རིམ་བརྩེགས་སུ་གསལ་ལ། སླར་ཡང་གཡས་པའི་མཐེབ་སྲིན་གྱིས་ཚོན་སྣ་ལྔ་ཅུང་ཟད་བླངས་པ་གཡོན་པའི་ལག་མཐིལ་དུ་བཞག་ལ། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླས་ལ། གཡས་པའི་སོར་མོ་ལྔ་ལ་ཉི་མའི་སྟེང་དུ་ཡབ་ཀྱིི་འབྲུ་ལྔ། གཡོན་པའི་སོར་མོ་ལྔ་ལ་ཟླ་བའི་སྟེང་དུ་ཡུམ་གྱི་འབྲུ་ལྔ་བཀོད་ནས། གཡས་པའི་སོར་མོ་ལྔ་ཚོམས་ཀྱིས་གཡོན་པའི་ཚོན་རྩི་བླངས་པ་དཀྱིལ་འཁོར་གྱི་ཁུང་བུའི་སྟེང་དུ་བཀོད་ལ། དོན་ཡེ་ཤེས་རིན་པོ་ཆེའི་རང་བཞིན་རྟགས་ཀེང་རུས་ཆེན་པོའི་རི་རབ་ཏུ་གྱུར་པར་བསམ་མོ། །ཡང་ན་ཕུར་ཁུང་དུ་ལྷ་ཚང་བའི་སྔགས་ཀྱིས་ཡུངས་ཀར་བླུགས་པར་ཡང་བཤད་དེ། དེ་ལྟར་ན་ཐིག་བཏབ་པའི་རྗེས་འབྲེལ་ཁོ་ནར་བྱའོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་གནས་པས་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ། ཕྱི་ནས་ལྗང་དམར་སེར་དཀར་སྔོ་བའི་རིམ་པས་རྩིག་པ་ལྔ་མ་ཡོ་མ་འདྲེས་པར་དབང་ལྡན་གྱི་མཚམས་ནས་ཤར་དུ་སྒོ་ཚད་གཅིག་བྲིས་ལ། ཐོད་པས་བཀབ་ནས་ཕྱིས་རྩིག་པ་སྦྲེལ་རན་པ་ན་བཏེག་ནས་མཚན་མ་བརྟག་གོ། །དེ་ཡང་ཐིག་ཕྱི་ནས་གདབ་ཅིང་། ཚོན་ནང་ནས་དགྱེ་བ་ཡང་བཤད་དོ། །དང་པོར་སློབ་དཔོན་ནམ་རྒྱལ་ཐེབས་ཀྱིས་བྲི་སྟེ། མཐོ་ཞིང་དྲང་བར་བྱའོ། །དེ་ཡང་། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །ཞེས་སོགས་གསུངས་པའི་སྐྱོན་དང་བྲལ་བར་བྲི་ཞིང་། ཇི་བཞིན་མ་འགྲུབ་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྐྱོན་ཐམས་ཅད་སེལ་བ་ཡིན་ནོ། །དེ་ནས་སློབ་མ་རྣམས་ཀྱིས་ཀྱང་ལག་པ་བྱིན་རླབས་དང་ལྡན་པས་བྲི་བར་བྱ་སྟེ། དེ་ལྟར་ཡང་། སྟེང་ཁང་སྒྱུ་འཕྲུལ་ཞི་བ་བཞིན། །འོག་གཞི་དབུས་མཐིང་མུ་ཁྱུད་སྔོ། །རྩིབས་སེར་མཆན་དམར་མུ་ཁྱུད་མཐིང་། །གྲུ་ཆད་ལྗང་གུ་ཁྱམས་རིམ་དགུ། །ནང་ནས་སེར་དཀར་དམར་སེར་དམར། །དཀར་ནག་ཕྱོགས་མདོག་ལྗང་གུའོ། །གློ་འབུར་སྒོ་དང་ཀ་བ་དང་། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །ནང་རྩིག་བརྒྱད་པོ་ལྗང་ཁུ་ལ། །ཕྱི་མ་ལྔ་སྦྲག་འདོད་སྣམ་དམར། །ཕ་གུ་སེར་པོ་མུན་སྣམ་ནག །ཤར་བུ་སྔོ་ལ་མདའ་ཡབ་དཀར། །མུན་པ་གླང་རྒྱབ་ནག་པོ་ལ། །རྟ་རྐང་སྔོན་པོ་ཆུ་སྐྱེས་དམར། །སྒྲོམ་ལྗང་ཟ་ར་ཚགས་དཀར་པོ། །སྣ་འཕྱོང་སེར་པོ་སྒྲིལ་འཕྱང་ནག །ཤར་བུ་སྔོན་པོ་རྒྱ་ཕུབས་མཐིང་། །པདྨ་དམར་པོ་འཁོར་ལོ་སེར། །ས་གཞི་ལྗང་གུ་ཁོར་ཡུག་སེར། །པདྨ་སྣ་ཚོགས་དུར་ཁྲོད་དང་། །རྡོ་ར་གཞི་མཐིང་རྡོ་རྗེ་དཀར། །མེ་རི་སྣ་ལྡན་འབར་བའོ། །གཞན་ཡང་འོས་སུ་གྱུར་པ་ཡི། །རྒྱན་གྱི་ཁྱད་པར་ཇི་སྙེད་པ། །སྒྲུབ་ཐབས་ཉིད་དང་མཐོང་རྒྱུད་ལས། །འབྱུང་བ་ཉིད་དུ་ཤེས་པར་བྱ། །དེ་ལྟར་ཚོན་གྱིས་བྲི་བའི་ལས་རྣམས་རྫོགས་པའི་མཐར། ཚོན་ལྷག་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་སོགས་ཀྱིས་མཆོད་ནས། བཛྲ་མུཿཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་གཤེགས་ནས་དམན་པ་རྣམས་དབེན་པར་བཞག་གོ། །ཉེས་སྤོང་ནི་ཐིག་གི་སྐབས་བཞིན་འདིར་ཡང་ཤེས་པར་བྱའོ། །གཉིས་པ་རྣམ་པ་དགོད་པ་ལ། ཇི་ལྟར་འགོད་པ་དང་། འགོད་པའི་ཆོ་ག་གཉིས་ལས། དང་པོ་ལ། མཚན་མ་དངོས་དང་། རྒྱན་དགྲམ་པ་གཉིས་ཀྱི། དང་པོ་ནི། ཤིང་ཤུན་སོགས་ལ་བྲིས་པ་དང་། རྡོ་དང་ཤེལ་རྡོ་སོགས་ལ་བརྐོས་པ་དང་། གསེར་དངུལ་སོགས་ལ་ལུགས་སུ་བླུག་པ་སྟེ། དེ་ལ་སོགས་པ་རྒྱུ་རྣམས་ལ། ཡི་གེའམ་ཡང་ན་མཚན་རྟགས་སམ། །མིང་ངམ་ཐིག་ལེར་རྫས་ལ་བྲི། །ཞེས་པ་དང་། འགྲེལ་པར། གོང་མ་དག་གི་རྒྱུ་རྣམས་ལས། །ཙ་ཀ་ལི་ལ་སོགས་པ་དག །ཇི་ལྟར་འབྱོར་པ་དེ་ལྟར་བྲི། །ཞེས་གསུངས་པས་སྐུ་གཟུགས་ལ་སོགས་པའི་མཚན་མ་ཡོད་ན་ལོགས་སུ་བསར་ལ་འགོད་པའི་ཆོ་ག་འོག་ཏུ་འབྱུང་བ་བཞིན་དུ་འགོད་ཅིང་། མེད་ན་ཚོན་གྱིས་བྲི་བའི་རྗེས་འབྲེལ་ཉིད་དུ་སྐུ་གཟུགས་སམ། ཡིག་འབྲུའམ། ཕྱག་མཚན་ནམ། རང་མདོག་དང་མཚུངས་པའི་ཐིག་ལེའི་རྣམ་པ་ཅན་གྱི་བར་ཅི་ནུས་སུ་བྲིའོ། །གཉིས་པ་ནི། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་དང་རོལ་མོས་སྣ་དྲངས་ཏེ། དཀྱིལ་འཁོར་ལ་གཡས་སུ་བསྐོར་ནས་ལྷ་སོ་སོའི་གནས་སུ་མཉྫི་ལ་སོགས་པའི་སྟེགས་ལ་དགོད་ཅིང་། བུམ་པ་གཅིག་ཏུ་བསྡུས་པ་ལ་ནི། གསང་བུམ་དང་ལྷན་ཅིག་པར་དབུས་སུ་དགོད་ཅིང་བྷནྡྷ་དུམ་བུ་ཅིག་པ་ལ་ཡབ་ཡུམ་གྱི་སྙིང་པོ་བྲིས་པ་གཡས་གཡོན་ནས་རྡོ་རྗེ་དྲིལ་བུས་བརྟེན་པ་ཡང་རྣམ་རྒྱལ་དང་གོས་མཚུངས་པར་འཇོག་སྟེ། བྷནྡྷ་དཔལ་ལྡན་མཚན་ལྡན་ལ། །ཡབ་ཡུམ་སྙིང་པོ་བྲིས་པ་ནི། །དབུས་ཀྱི་ཕོ་བྲང་ཉིད་ལ་བཞག །ཐ་མ་རྡོ་རྗེ་དྲིལ་བུས་བརྟེན། །ཞེས་འབྱུང་བ་བཞིན་བཀོད། དཀྱིལ་འཁོར་གྱི་མཐར་དྲི་བཟང་གིས་བྱུག་ཅིང་། མེ་ཏོག་གི་སིལ་མ་དགྲམ། ཕྱོགས་ཀུན་ཏུ་བླ་རེ་དང་ཡོལ་བ་དང་གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་པས་བརྒྱན། ཕྱིའི་གྲྭ་རྣམས་སུ་དར་གྱིས་བརྒྱན་པའི་མདའ་དར ། རལ་གྲི་དང་། མེ་ལོང་དང་། ཚོན་སྣའི་དྲྭ་བ་ལ་སོགས་པས་བཀོད་ལེགས་སུ་བརྒྱན་པར་བྱ་ཞིང་། བདུག་སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་ལ་སོགས་པ་རྣམས་ལྷའི་གྲངས་མཐུན་ནམ་ཅི་འབྱོར་དང་། ཞབས་བསིལ་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྨན་གཏོར་ལ་སོགས་པ་ནང་གི་མཆོད་པ་རྣམས་དང་། ཞིང་གི་བཅད་དུམ་ལ་སོགས་པ་ཁྱད་པར་གྱི་རྫས་རྣམས་དང་། གཞན་ཡང་སྒྲུབ་པའི་དམ་རྫས་སུ་འོས་པའི་ཡོ་བྱད་ཐམས་ཅད་ཀྱང་ཚོགས་པར་བཤམ་སྟེ། ༼ཀུན་༽མཆོད་པའི་ཡོ་བྱད་ཐམས་ཅད་དང་། །རྨད་དུ་བྱུང་བའི་རྫས་མཆོག་དག །རྡོ་རྗེ་གསང་བའི་རིམ་གྱིས་དགོད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་འགོད་པའི་ཆོ་ག་ལ། བགེགས་བསྐྲད་པ། མཚན་མ་རློབ་པ། སྒོ་དབྱེ་བའོ། །དང་པོ་ནི། བདག་ཉིད་ཞེ་སྡང་རྡོ་རྗེར་གསལ་བས། ཕཊ་ཕཊ། བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ། ཧ་ལ་ཧ་ལ། ཞེས་སོགས་ཀྱིས་སྤྲུལ་པའི་ཁྲོ་བོ་དང་མཚོན་ཆའི་སྤྲིན་སྤྲོ་ཞིང་དྲག་པོའི་ཚམ་རྔམས་དང་བཅས་པས་བགེགས་བསྐྲད་ལ་བསྲུང་བའི་མཚམས་བཅིང་ངོ་། །གཉིས་པ་ནི། གཟུགས་བརྙན་གྱི་དཀྱིལ་འཁོར་རཾ་ཡཾ་ཁཾ་གིས་སྦྱངས་ཏེ། བདག་ཉིད་དཀྱིལ་འཁོར་གྱི་བདག་པོར་གནས་པའི་ཐུགས་ཀ་ནས་འབྱུང་ལྔ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པ་སྤྲོས། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཐིམ་པས་བསྲུང་འཁོར་གཞལ་ཡས་ཁང་གདན་དང་བཅས་པར་གྱུར། སླར་ཡང་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་ལས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་འཐོན་ཏེ། རང་རང་གི་མཚན་མ་རྣམས་ལ་ཐིམ་པས་ལྷ་དེ་དང་དེའི་རྣམ་པར་བཀྲ་ལམ་གྱིས་བཞུགས་པར་བསམ་ཞིང་། རིག་འཛིན་རྣམས་ནི། བཛྲ་ཡོ་གི་ཛཿས་སྤྱན་དྲངས་ནས་མཚན་མ་རྣམས་ལ་ཐིམ་པས་སོ་སོའི་སྐུར་བསྐྱེད། སྒྲུབ་རྫས་གཞན་རྣམས་ལ་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟི་བྱིན་ཧཱུཾ་ཞེས་བསྡུས་ནས་སྒྲུབ་རྫས་སོ་སོ་ལ་ཐིམ་པར་བསམ་པའོ། །གསུམ་པ་ནི། རྡོ་རྗེ་ནང་བསྡམས་ཕྱིར་འབྱེད་པ་སྒོ་དབྱེ་བའི་རྒྱས། ༀ་བཛྲ་ཙཀྲ་མཎྜལ་པྲ་ཝེ་ཤ་ཡ་ཕཊ། ཅེས་ཕྱོགས་བཞི་ནས་རེ་རེའམ་ཤར་ནས་ལན་བཞི་བརྗོད་པས། དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྒོ་རིམ་རྣམས་ཤག་གིས་ཕྱེ་བས་ལྷ་རྣམས་ཀྱི་ཞལ་མངོན་དུ་གྱུར་པར་བསམ་ལ། ཨ་ལ་ལ་ཧོཿཞེས་ཕྱག་ཀྱང་བྱའོ། །གསུམ་པ་རབ་གནས་བྱ་བ་ནི། ཆོ་ག་ཟུར་དུ་བཤད་པ་ལས་ཤེས་པར་བྱ་བ་སྟེ། དེ་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟ་གོན་གྱི་ལྷ་དང་བཅས་པ་སྒྲུབ་པའི་དཀྱིལ་འཁོར་ལ་ཕབ་ཅིང་བསྟིམ་ནས། དབང་པོའི་སྐྱོན་སྦྱང་བ་དང་། མཆོད་པ་དང་། མངའ་གསོལ་བ་རྣམས་བྱ་བ་ཡིན་ལ། རབ་གནས་སྔོན་སོང་གི་རས་བྲིས་ལ་བརྟེན་པའི་སྒྲུབ་མཆོད་རྐྱང་པ་ཙམ་ལ་ནི། དངོས་གཞིའི་སྐབས་རྣམ་པའི་དཀྱིལ་འ ཁོར་ལ་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་ཉིད་ཀྱིས་དོན་གྱི་གནད་འགྲུབ་པར་འགྱུར་རོ། །དེ་དག་ནི། རྡོ་རྗེ་གསང་སྒོ་ཕྱེ་ནས་ནི། །ཏིང་འཛིན་དཀྱིལ་འཁོར་ཀུན་རྫོགས་ནས། །རང་བཞིན་ཡུལ་ནས་ཕབ་ནས་ནི། །སྒྲུབ་པའི་དཀྱིལ་འཁོར་དེར་རྫོགས་བྱ། །ཞེས་གསུངས་པའི་དོན་ནོ། །བཞི་པ་དཀྱིལ་འཁོར་སྒྲུབ་པ་ལ། སྔོན་དུ་བྱ་བ་དང་། སྒྲུབ་པ་དངོས་ལས། དང་པོ་ནི། དེ་ནས་རྡོ་རྗེ་རྒྱལ་པོ་དང་། རྒྱལ་ཐེབ་དང་། ལས་ཀྱི་ཕྱག་རྒྱ་དང་། རྡོ་རྗེ་བརྡའ་སྦྱོར་བ་ལ་སོགས་པ་རྣམས་སོ་སོའི་བྱ་སྟེ་གོ་འཕང་དང་སྦྱར་བའི་གདན་བཤམས་པ་ལ་འཁོད་ནས་བློ་བཅོས་ཏེ། ལས་ཀྱི་དབུ་དྲང་བ་ནས་བཟུང་། མཆོད་རྫས་བྱིན་གྱིས་རློབ་པའི་བར་དཀྱུས་བཞིན་བྱ་བའོ། །གཉིས་པ་དངོས་གཞི་ལ། སྒྲུབ་གཞི་བདག་དང་གཟུགས་བརྙན་གྱི་དཀྱིལ་འཁོར་གཉིས་ཀ །སྒྲུབ་ཆོས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནས་བཟུང་། དཀྱིལ་འཁོར་གྱི་སྤྲིན་ཆེན་པོར་རྟག་ཏུ་སྣང་ཞིང་འབར་བར་བསམ་པའི་བར་གྱིས་དམ་ཚིག་གི་འཁོར་ལོ་བདག་མདུན་དབྱེར་མེད་དུ་གསལ་བཏབ་ལ། དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྙན་གསན་དབབ་པ་དང་། སྤྱན་དྲང་བ། བརྟན་པར་བཞུགས་སུ་གསོལ་བའི་བར་སྒྲུབ་ཐབས་བཞིན་ནོ། །དེ་ཡང་ཇི་ལྟར་སྒྲུབ་པའི་ཚུལ་ལ། བདག་མདུན་དབྱེར་མེད་དུ་བྱེད་པ་དང་། ཐ་དད་དུ་བྱེད་པའི་ལུགས་གཉིས་ཡོད་པ་ལས། དང་པོ་ཉིད་སྐབས་འདིའི་དོན་གྱི་དགོངས་པར་གྲུབ་སྟེ། དེ་༼རྔམ་༽ནས་སྔགས་པ་མཉམ་བཞག་སྟེ། ཏིང་འཛིན་དཀྱིལ་འཁོར་གསལ་བར་བསྒོམ། །གསལ་བ་གཉིས་མིན་དཀྱིལ་འཁོར་དུ། །རང་བཞིན་ཀུན་རྫོབ་སྤྱན་དྲངས་ཏེ། །དབབ་དང་གཞུག་དང་བརྟན་པའོ། །ཞེས་གསུངས་པ་ལྟར་རྣམ་པར་རྟོག་པ་སྣ་ཚོགས་པའི་གཉེན་པོར་ཡང་སྒོམ་པའི་རིམ་པ་འདི་ཁོ་ན་ཁྱབ་ཆེ་བ་དང་། མཚོན་བྱེད་གཟུགས་བརྙན་གྱི་དཀྱིལ་འཁོར་ཉིད་མཚོན་བྱ་ཀུན་རྫོབ་སྣང་ཆའི་དཀྱིལ་འཁོར་དུ་རྣལ་འབྱོར་པའི་སྒོམ་སྟོབས་ཀྱིས་རྒྱས་བཏབ་པས་མ་ཁྱབ་པའི་ཁྱབ་བྱ་དམིགས་སུ་གྲུབ་པ་མེད་པའི་ཕྱིར་འདི་ཁོ་ན་ལམ་འདིའི་སྒོམ་རིམ་ཟླ་མེད་པར་གྲུབ་ཅིང་། དེས་མཚོན་ནས་བུམ་པའི་སྒོམ་དོན་ཀྱང་དེ་དང་དབྱེར་མེད་དུ་བྱེད་པ་ཉིད་དོན་ལ་གནས་པ་སྟེ། དམིགས་པ་བརྟན་པའི་རྣལ་འབྱོར་པས་བདག་མདུན་དབྱེར་མེད་དུ་སྒོམ་ཞེས་པ་ཡང་རྒྱུད་སྡེ་གཟིགས་པའི་ཆེན་པོ་དག་ལ་གྲགས་པའི་གཏམ་ཡིན་ནོ། །གཞན་དུ་བདག་མདུན་ཐ་དད་དུ་བྱེད་པའི་ལུགས་ལ་ཡང་ཐོག་མར་བདག་བསྐྱེད་ཀྱི་རྣལ་འབྱོར་བསྒོམས་ནས་སླར་མདུན་བསྐྱེད་སྒྲུབ་པ་ལ་འཇུག་མོད། སྒོམ་པའི་བློ་ངོ་རུ་སྣོད་བཅུད་དཀྱིལ་འཁོར་གཅིག་ཏུ་འཆར་བ་ལས་མ་དམིགས་པའི་ཕྱིར། ཐ་མལ་པའི་སྣང་བ་རང་མཚན་པ་གཅིག་གི་གོ་ས་ན་དཀྱིལ་འཁོར་དེ་དག་ཕན་ཚུན་རྟེན་གྲལ་སྒྲིགས་པ་ལྟ་བུའི་དམིགས་རྣམས་འཛིན་པ་དག་གིས་ནི་བདག་མདུན་ཐ་དད་དུ་སྒྲུབ་པ་དང་། དབྱེར་མེད་དུ་སྒྲུབ་པའི་ཚུལ་གཉིས་ཀའི་དོན་སྤྱི་ཙམ་ཡང་མཚོན་པར་མི་ནུས་སོ། །གཉིས་པ་མཆོད་བསྟོད་སོགས་བྱ་བ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་རོ་མཉམ་པས་ལྷ་ལ་ལྷ་རོལ་པའི་ཚུལ་དུ་སྤྱོད་པ་སྟེ། ཕྱག་ནས་བཟུང་དངོས་གྲུབ་གསོལ་བའི་བར་སྒྲུབ་ཐབས་བཞིན་ཤེས་པར་བྱའོ། །གསུམ་པ་འཛབ་བཟླ་བ་ནི། ས་བཅད་ཀྱི་ཆིངས་སྒྲུབ་ཐབས་བཞིན་ལས་འཛབ་ཁང་དབྱེ་པའི་ཚེ་དབྱེ་གཞིའི་དཀྱིལ་འཁོར་གསལ་བ་ལས། བྷྲཱུཾ་བི་ཤྭ་སོགས་ཀྱིས་བདག་དམ་ཚིག་གི་འཁོར་ལོ་ལས་མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོའི་ངོ་བོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་མོས་པ་ཙམ་སྟེ། དམིགས་པའི་རྣམ་པ་ལ་དབྱེ་བ་མེད་ཀྱང་། དོན་གྱི་ངོ་བོ་ལས་དམིགས་རྣམ་ཕྱེད་པའི་གནད་ཤེས་པར་བྱས་ནས། དམ་ཡེ་འཕྲོ་འདུ་སྟེ་གསལ་བ་གསུམ་ལྡན་གྱི་ངང་ནས་ལྷ་སོ་སོའི་སྒོས་འཛབ་དང་། གཙོ་བོར་སྤྱི་འཛབ་ལ་སྦྲེལ་ནས་བཟླ་ཞིང་སོ་སོའི་སྒོས་འཛབ་བཟླ་བའི་ཚེ་སྤྲོ་ན་རང་རང་གི་འཛབ་བསྐུལ་ཀྱང་སྦྱོར་ཏེ་གཞན་ལས་ཤེས་པར་འགྱུར་ལ། གང་ལྟར་ཡང་གཙོ་འཁོར་གྱི་འགྲོས་སྦྱར་ནས་ཅི་ནུས་སུ་བཟླ་བ་དང་། ཁྱད་པར་གྱི་བཟླས་པ་དང་སྐབས་ཀྱི་མཇུག་བསྡུ་བའི་ལས་རིམ་རྣམ་པ་གསུམ་ཡང་སྒྲུབ་ཐབས་བཞིན་ནོ། །དེ་དག་ནི་སྒྲུབ་ཅིང་མཆོད་པའི་ཆོ་གའོ། །ལྔ་པ་དབང་བསྐུར་བ་ལ། བདག་ཉིད་འཇུག་པ་དང་། སློབ་མ་ལ་དབང་བསྐུར་བའོ། །དང་པོ་ནི། སློབ་མ་འཇུག་པ་ཇི་ལྟ་བ་བཞིན་དཀྱིལ་འཁོར་དུ་ཞུགས་ལ་དབང་བླང་བའམ། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མེད་པར་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་ཞུགས་པའང་ཡིན་ཅིང་། བླ་མ་བརྒྱུད་པའི་ཕྱག་ལེན་ཀྱང་འདི་ལ་མཛད་དོ། །གང་གི་ཚེ་ཡང་སློབ་མ་འཇུག་པར་གནང་བ་ནོད་པ་རྣམས་སོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། དབང་གི་ཆོ་ག་ལས་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་ལས། དང་པོ་ཚོགས་མཆོད་དང་། གཉིས་པ་བརྟན་མ་བསྐྱང་བ་རྣམས་ནི་སྒྲུབ་ཐབས་བཞིན་དང་། གསུམ་པ་ཉེར་བསྡུའི་ཚེ། གཏང་རག་གི་མཆོད་པ་བཤམས་ལ་བྱིན་གྱིས་བརླབས་ཏེ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟ་རྣམས་ཀྱིས་མཆོད། །བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། ཡིག་བརྒྱ་དང་བཟོད་གསོལ་རྣམས་བྱས་ལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་པ་བརྟན་བཞུགས་དང་། དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ་ལ། ཧཱུཾ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ་གོ་བགོ་ལུས་བསྲུང་སོགས་མཐའ་རྒྱས་རྣམས་སྒྲུབ་ཐབས་ལྟར་བྱ་ཞིང་། རྡུལ་མཚོན་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་མར་བྱེད་པའི་ཉིན་སྔ་མ་རྣམས་ལའང་དེ་བཞིན་ནོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གཤེགས་གསོལ་བྱེད་ན། བེ་གཱ་ཀྲ་མ་ཡཾ། ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཏེག་ནས། གཏང་རག་གི་མཆོད་བསྟོད་དང་། བཟོད་གསོལ་སྔར་བཞིན་བྱས་ནས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཛྙཱ་ན་མཎྜ་ལ་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་གི་འཁོར་ལོ་སྔར་བཞིན་བསྡུས་ནས། གོ་ཆ་བགོ་ཞིང་ལུས་བསྲུང་བ་བྱས་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་ཏེ། རོལ་མོའི་སྒྲ་དང་བཅས་པས་ཨ་ཀཱ་རོ་བཟླ་ཞིང་རྡོ་རྗེ་དང་བཅས་པའི་ལག་གིས་ཐོག་མར་ལྷ་མཚན་རྣམས་བསྡུས་ལ་ཅུང་ཟད་མགོ་བོར་བཀོད། ལྷག་མ་རྣམས་དབང་ལྡན་ནས་བརྩམས་ཏེ། གཙོ་བོའི་གནས་ཀྱི་བར་དུ་ཕྱགས་ལ་བུམ་པ་ལ་སོགས་པའི་སྣོད་བཟང་པོར་བླུག་ནས་མཆོད་པ་དང་བཀུར་སྟི་ཆེན་པོས་ཆུ་ཀླུང་དུ་དོར། སླར་ཡང་སྣོད་དེ་ཉིད་ཆུས་བཀང་ནས་ནང་དུ་འོངས་ཏེ། དཀྱིལ་འཁོར་ཁང་པ་རྣམས་བསང་གཏོར་བྱས། དེ་ནས་སྔར་ས་བསྲུང་དང་འབྲེལ་བར་ཕུར་བུ་དངོས་སུ་བཏབ་པ་ཡིན་ན་སྐབས་འདིར་རྡོ་རྗེ་སྐམ་པའི་རྒྱས་འོག་གི་ཕུར་བུ་ནས་བཟུང་ཁྲོ་བོ་བཅུའི་ཕུར་བུ་རྣམས་མས་རིམ་གྱིས་ཕྱུངས་ལ། སྤྱན་མའི་སྔགས་བཟླས་པའི་འོ་མས་ཕུར་རྩེ་དང་ཕུར་ཁུང་རྣམས་ལ་གཏོར་བས་བགེགས་རྣམས་བདེ་སྟོང་གི་ངོ་བོར་སངས་རྒྱས་པར་བསམ་མོ། །དེ་ན ས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་དང་། བཀྲ་ཤིས་བརྗོད་ཅིང་། དགའ་སྟོན་བྱ་བ་རྣམས་གསང་བ་སྤྱིའི་འགྲོས་བཞིན་མཐའ་རྒྱས་སུ་བྱའོ། །དེ་ལྟར་དབང་རྐྱང་དང་སྒྲུབ་མཆོད་ཀྱི་ཆོ་ག་དཀྱུས་མ་ཙམ་ལ་ཇི་ལྟར་མཁོ་བ་དག་སྙིང་པོར་དྲིལ་ནས་ལག་ཏུ་བླང་བདེ་བ་གཙོ་བོར་བྱས་ནས་སྨོས་ཀྱི། གཞན་དུ་སྨིན་སློབ་སྒྲུབ་ཆེན་གྱི་ལུགས་སུ་བྱེད་པ་ལ་ནི། བསྙེན་སྒྲུབ་རྣམ་པ་བཞིའི་ཆིངས་ཀྱིས་བསྡུས་པ་སྟེ། སོ་སོའི་རྩིས་འགོའི་སྡོམ་སྒྲུབ་བྱང་དུ་གསུངས་པ་ནི། བཤམ་དང་བརྟག་བསླང་སྦྱང་བ་དང་། །མནན་པ་བྱིན་རློབ་བསྐྱེད་པ་དང་། །མཚམས་དང་དམ་སྲི་སྒོ་བྱང་དང་། །ཚོགས་བསག་གཞལ་ཡས་ཁང་བསྐྱེད་པ། །བཅུ་དང་གཉིས་ཀྱིས་རྒྱས་པར་འགྱུར། །ཞེས་བསྙེན་པའི་ལས་དང་། གཉིས་པ་ཐིག་ཚོན་བྲི་བ་དང་། །གཏོར་མ་ཕྱི་མཚམས་རྫས་སྦྱང་དང་། །བསྐྱེད་དང་རྫས་རྣམས་དགོད་པ་དང་། །གླེང་གཞི་དབང་བསྐུར་བྱིན་དབབ་དང་། །བརྡ་སྒོ་བཤགས་དང་དམ་བཅའ་དང་། །བྱིན་དབབ་མ་ཊཱཾ་དམ་སྲི་མནན། །རྟག་གདབ་མཆོད་པ་བྱིན་རློབ་པ། །ལྔ་གཉིས་བདུན་གྱིས་རྫོགས་པར་འགྱུར། །ཞེས་ཉེ་བའི་བསྙེན་པ་དང་། གསུམ་པ་འཕྲིན་ལས་གཞུང་བསྲང་དང་། །འཛབ་རྫོགས་ལྷག་མ་མཚམས་སྦྲེལ་དང་། །སྦྱིན་སྲེག་བཟོད་གསོལ་རང་སྟན་རློབ། །ཏན་གན་སྐབས་སྦྱང་ཉུལ་ལེ་བཟློག །རྣམ་པ་བཅུ་ཡིས་སྒྲུབ་གཞུང་སྲོང་། །ཞེས་སྒྲུབ་པ་དང་། བཞི་པ་རྟགས་གདབ་སྦྱིན་སྲེག་དང་། །དངོས་གྲུབ་བླང་དང་དབང་བསྐུར་དང་། །བཀྲ་ཤིས་སྨོན་ལམ་གཏོར་མ་གཏེར། །བསྡུ་ལྡང་གནས་བསྲུང་ལྔ་གཉིས་གཅིག །ཅེས་སྒྲུབ་པ་ཆེན་པོའི་ལས་ཏེ། སྡོམས་སུ་བསྟན་པ་དེ་དག་ཟུངས་སུ་བཟུང་ནས། རྩ་བའི་མདོ་ཉིད་ལས་ཇི་ལྟར་འབྱུང་བ་རྣམས་གཞིར་བཞག་པ་ལ། ལྷག་མ་རྣམས་རྒྱ་བོད་ཀྱི་གཞུང་རྙིང་ཁུངས་མ་དག་ལས་ཐོབ་ཐང་ཇི་ལྟར་ཡོད་པ་ཙམ་གུང་སྡེབས་ན་ཟོར་ཡང་ཞིང་ལེགས་པ་ཞིག་ཀྱང་འབྱུང་མོད་ཀྱི། རེ་ཞིག་མ་བྲིས་སོ། །གྲགས་ཆེ་བའི་ཆོག་སྒྲིགས་ཀྱི་སྲོལ་ཁ་གཉིས་ཞེས་ད་ལྟ་ལག་ལེན་དུ་བྱེད་པ་རྣམས་སུ་ཡང་སྒྱུ་འཕྲུལ་སོགས་དང་མཐུན་རུང་དུ་སྦྱར་བ་ལས་ལུགས་འདིའི་རང་རྐང་ཚུགས་པའི་ངེས་པ་ཅན་དུ་མ་མཐོང་བ་ཡང་རྣམ་དཔྱོད་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་མཐོང་བར་འགྱུར་རོ། །སྤྱི་དོན་གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ལ། ཇི་ལྟར་བསྒྲུབས་པ་དང་། དེས་གྲུབ་པའི་ཚད་བསྟན་པ་སྟེ་སྒྲུབ་ཐབས་སུ་བཤད་པ་བཞིན་ཤེས་པར་བྱ་བ་ཡིན་ནོ། །ཟབ་ཡངས་རྒྱུད་དོན་རྒྱ་མཚོ་ཆེན་པོའི་འཇིང་། །བློ་རྨོངས་སྙིམ་པའི་སྐྱོགས་ཀྱིས་མཚོན་མིན་ཡང་། །རྙོག་བྲལ་ཆུ་ཡི་ཐིགས་པ་ཕྲ་མོས་ཀྱང་། །གདུང་སེལ་འདོད་སྟེར་བྱེད་པ་མངོན་སུམ་ཉིད། །དེ་ཕྱིར་དྲི་མེད་ལུང་སྟོན་བདུད་རྩི་ཡི། །ཆ་ཤས་ཀུན་ནས་གང་བའི་ངོ་མཚར་ནི། །སྐལ་བཟང་བདེ་འབྱུང་རལ་པའི་ཅོད་པན་དུ། །ཤར་རོ་དྲི་མེད་འོད་ཀྱི་ཕྲེང་བ་གསལ། །འདིས་ཐོབ་དགེ་བ་མཁའ་དང་མཉམ་གྱུར་ནས། །དབྱིངས་དང་ཡེ་ཤེས་གཉིས་མེད་བདེ་བ་ཆེ། །མདོད་མའི་མགོན་པོའི་ཆེ་མཆོག་ཧེ་རུ་ཀའི། །གོ་འཕང་ལུས་ཅན་ཡོངས་ཀྱིས་ཐོབ་ཕྱིར་བསྔོ། །ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ་འདི་ཡང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་རྩ་བའི་མདོ་དང་གཞུང་རྙིང་རྣམས་ཀྱི་ལེགས་བཤད་སྙིང་པོར་དྲིལ་ཏེ་རང་ལོ་ཞེ་བརྒྱད་པ་ལ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་ལོ་ཙཱ་བ་དྷརྨཱ་ཤྲཱིའོ།། །།སརྦ་མངྒ་ལཾ།།


previousཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ། འགྱུར་མེད་རྡོ་རྗེ།next