Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
འདུས་པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། དྷརྨ་ཤྲཱི།
   
   
   
   


 
previousའདུས་པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། དྷརྨ་ཤྲཱི།next

འདུས་པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། དྷརྨ་ཤྲཱི།

འདུས་པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ་ཞེས་བྱ་བ་བཞུགས་སོ། །འདུས་པ་མདོའི་སྒྲུབ་ཁོག་བསྙེན་སྒྲུབ་ཡན་ལག་བཞིའི་དོན་གསལ་བར་བྱེད་པ་རིན་ཆེན་འོད་ཀྱི་སྣང་བ་ཞེས་བྱ་བ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་ལྷན་སྐྱེས་བདེ་ཆེན་ཉིད། །སྒྲིབ་བྲལ་བླ་མེད་ཡོན་ཏན་ཀུན་རྫོགས་པས། །རིགས་བརྒྱའི་འཁོར་ལོར་དབང་སྒྱུར་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་གཏེར་ཆེན་བླ་མར་འདུད། །གང་ཞིག་བསྟེན་ན་མཆོག་ཐུན་དངོས་གྲུབ་ཀུན། །ཚེ་འདི་ཉིད་ལ་ཐོབ་བྱེད་འདུས་པ་མདོའི། །བསྙེན་སྒྲུབ་ཡན་ལག་རྣམ་བཞིའི་དོན་གསལ་བྱེད། །རིན་ཆེན་འབར་བའི་འོད་ཀྱི་སྣང་བ་སྤྲོ། །འདི་ལ་གསུམ་སྡེ། གང་ལ་དམིགས་པའི་ཡུལ་བསྒྲུབ་བྱ། གང་གིས་སྒྲུབ་བྱེད་ཐབས། གང་གྲུབ་པ་འབྲས་བུའོ། །དང་པོ་ནི། ལམ་རྐྱེན་དང་འཕྲད་ན་འབྲས་བུའི་ཡོན་ཏན་རྣམས་འབྱུང་རུང་དུ་ངེས་པས་བྲོད་པ་བསྐྱེད་དེ། ཐོབ་བྱའི་དངོས་གྲུབ་དོན་གཉིས་ཕུན་སུམ་ཚོགས་པ་དེ་ཉིད་དམིགས་ཡུལ་དུ་བྱས་ནས། སྒྲུབ་བྱེད་ལམ་ལ་འབད་པས་གཞིའི་སྟེང་དུ་དྲི་མ་སྦྱོང་དགོས་པའི་ཕྱིར། དམིགས་ཡུལ་ནི་སྦྱངས་འབྲས་དངོས་གྲུབ་བོ། །དེ་ལྟ་མོད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་གནད་སྒྲུབ་གཞི་ངེས་པ་ལ་རག་ལས་པས་ན། སྒྲུབ་གཞིའམ་སྦྱང་གཞི་ནི། ཆོས་ཐམས་ཅད་ཀྱི་གཤིས་ལུགས་སེམས་ཉིད་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་སྟེ། སྤྱི་མདོ་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། ༈ །གཉིས་པ་གང་གིས་སྒྲུབ་བྱེད་ཐབས་ལ་སྤྱི་དོན་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ་དང་འདྲེལ་བར་ཆུ་བོ་བཞིའི་དབང་བསྐུར་བ། རྗེས་དོན་བརྒྱད་ཀྱིས་མཇུག་བསྡུ་བའོ། །སྤྱི་དོན་དང་པོ་ནི། སློབ་དཔོན་བདེ་བ་གསལ་མཛད་ཀྱི་ལས་ཐོ་ལས། དང་པོ་ཕུན་སུམ་ཚོགས་ལྡན་ཏེ། །ཚད་ཕྱིན་རབ་འབྱམས་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་འཁོར་བསྡུས་ནས། །གཞུང་དང་མཐུན་པའི་གནས་དག་ཏུ། །ས་ཆོག་རྫོགས་བྱས་གནས་ཁང་ལྡན། །དགོས་པ་ཚང་བའི་ཡོ་བྱད་རྫོགས། །དུས་ཆ་བཞི་ཡི་དང་པོ་ལ། །ཉི་ཟླ་གཟའ་སྐར་ཚེས་གྲངས་བརྟག །ཅེས་པ་ལྟར་ཕུན་སུམ་ཚོགས་པ་ལྔ་ལས། དང་པོ་གང་གིས་སྒྲུབ་ཅིང་སྟོན་པའི་སློབ་དཔོན་ནི། ལྟ་དགོངས་སྤྱོད་པ་རྣམ་པར་དག་པའི་ཡོན་ཏན་གྱི་གཏེར་དུ་གྱུར་ཅིང་། མཁྱེན་པ་ཟད་མི་ཤེས་པ། ཁུངས་ཀྱི་དབང་ལུང་མན་ངག་རྫོགས་ཤིང་དམ་ཚིག་དང་ལྡན་པ། བཤད་སྒྲུབ་རྐྱེན་ཁར་མི་གཏོང་བས་གཞན་རྗེས་སུ་འཛིན་པའི་ཐབས་མཁས་ཐུགས་རྗེར་ལྡན་པ་སོགས་གསང་སྔགས་ཀྱི་ལས་རབ་འབྱམས་ལ་དབང་འབྱོར་བས་སློབ་དཔོན་གྱི་ཡོན་ཏན་རྣམས་ཚད་དུ་ཕྱིན་པ་སྟེ། རྩ་རྒྱུད་ལས། བླ་མ་རྡོ་རྗེ་འཁོར་ལོ་རྒྱལ། །ཡོན་ཏན་མཆོག་གི་གཏེར་གྱུར་ཅིང་། །སྲིད་པར་ཞུས་ཀྱང་ཟད་མི་ཤེས། །རྐྱེན་ཐུབ་དབང་ལུང་རྫོགས་པ་བཟུང་། །ཞེས་སོ། ༈ །གཉིས་པ་གང་དང་ལྷན་ཅིག་སྒྲུབ་པ་དང་ཉན་པའི་འཁོར་ནི། སྤྱིར་བརྟན་ཞིང་དུལ་ལ་དད་བརྩོན་ཤེས་རབ་ཆེ་བ་དམ་ཚིག་དང་སྡོམ་པ་ལ་ཡིད་རྟོན་པའི་འཁོར་དང་། བྱེ་བྲག་ཏུ་སློབ་དཔོན་དང་དགོངས་པ་ཆ་འདྲ་ཞིང་འཆད་མཁས་པའི་རྡོ་རྗེ་རྒྱལ་ཐེབ། སྦྱོར་བའི་སྒྱུ་རྩལ་ཤེས་ཤིང་བརྩེ་གདུང་ཆེ་བའི་གཟུངས་མ། དཔའ་བརྟུལ་ཆེ་བའི་རྡོ་རྗེ་ཀིངྐ་ར། དྲོད་འཛིན་པའི་རྡོ་རྗེ་བྱ་རོག །མཐོང་བཟློག་ནུས་པའི་རྡོ་རྗེ་སྤྱན་པ། སྐད་སྙན་ཞིང་ཕྲིན་ལས་ཀྱི་གོ་རིམ་མཁས་པའི་ལས་མཁན། གཡོས་མཁས་ཤིང་ཁ་སྐ་བའི་རྡོ་རྗེ་བྱན་པོ། ཕྱི་ནང་བརྡ་སྦྱོར་མཁས་པའི་རྡུལ་ཕྱག་སྐྱེས་བུ་ལ་སོགས་པ་ཚོམ་བུར་འབྲེལ་བའི་འཁོར་རྣམས་ཏེ། རྩ་རྒྱུད་ལས། རྡོ་རྗེ་ཅན་གྱི་གཟུངས་འཛིན་མ། །ཞེས་པ་ནས། ལས་ཀྱི་ཕྲེང་བ་རྫོགས་བྱེད་པའོ། །ཞེས་པའི་བར་གྱིས་བསྟན་ནོ། ༈ །གསུམ་པ་གང་དུ་སྒྲུབ་པའི་གནས་ནི། ཡི་དྭགས་གདུག་པ་ཅན་གྱི་འགྱུ་སྲང་དང་གཅན་གཟན་དགྲ་རྐུན་སོགས་ཀྱི་གནོད་པ་མེད་ཅིང་། རྒྱལ་བས་ཞབས་ཀྱིས་བཅགས་པས་བྱིན་ཆེ་བ། གོང་མས་གྲུབ་པ་བརྙེས་པས་བཀྲ་ཤིས་པ། གནམ་ས་བར་སྣང་གི་དཔྱད་ལེགས་པས་ཡིད་དུ་འོང་ཞིང་། ཁྱད་པར་གཞུང་དང་མཐུན་པས་སྒྲུབ་ཐག་ཉེ་བ་སོགས་གནས་ཀྱི་མཚན་ཉིད་རྣམས་ལེགས་པར་ཚང་བ་སྟེ། བཤད་རྒྱུད་རྔམ་གློག་ལས། རི་བོ་འདུས་པའི་རྩེ་རྣམས་དང་། །ཙནྡན་ནགས་ཚལ་མེ་ཏོག་ཚལ། །ཡིད་འོང་བཀྲ་ཤིས་ཉམས་དགའ་བའི། །གནས་སུ་དཀྱིལ་འཁོར་བྲི་བར་བྱ། །གནམ་དང་ས་དང་བར་སྣང་རྣམས། །ལེགས་པར་བརྟགས་ཏེ་ལས་རྣམས་བྱ། །ཞེས་གསུངས། དེ་ལྟ་བུའི་བཀྲ་ཤིས་དགེ་མཚན་དང་ལྡན་པའི་གནས་དེར་ས་ཆོག་སྔོན་དུ་འགྲོ་བས་ཚོམ་བུའི་གྲངས་དང་འཚམས་པའི་གནས་ཁང་མཚན་ཉིད་དང་ལྡན་པ་འདུ་བྱ་བའོ། ༈ །བཞི་པ་གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད་ནི། རྩ་རྒྱུད་ལས། དེར་ནི་ཡོ་བྱད་ཕུན་སུམ་ཚོགས། །ཞེས་སོགས་གསུངས་པ་ལྟར་ལྷ་སྒྲུབ་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་གནས་ཅན་དང་། དངོས་གྲུབ་སྒྲུབ་པའི་རྫས་ཐུན་མོང་མ་ཡིན་པ་རྣམས་དང་། རྨད་དུ་བྱུང་བའི་དམ་རྫས་བམ་གཙང་མ་སོགས་ཏེ་སྒྲུབ་རྫས་གསང་བའི་ཡོ་བྱད། དཀྱིལ་འཁོར་གྱི་རྒྱན་དང་སྨན་གཏོར་རཀྟ་སོགས་ཕྱི་ནང་གི་མཆོད་པ་རོལ་མོའི་བྱེ་བྲག་སོགས་ཏེ་མཆོད་རྫས་དག་པའི་ཡོ་བྱད། ནད་སེལ་བའི་སྨན་དང་སྨན་པ། དགྲ་བཟློག་གི་གོ་མཚོན། བགེགས་བཟློག་གི་ཉུལ་ལེ་བསྐྲད་པའི་ཆས་སོགས་ཏེ་བར་ཆད་རྐྱེན་བཟློག་གི་ཡོ་བྱད། བཟའ་བཏུང་གོས་སྟན་སོགས་འཚོ་བ་ཉེར་མཁོའི་ཡོ་བྱད། གཞན་ལས་སྒྲུབ་ཆོས་ཕུན་སུམ་ཚོགས་པ་ཞེས་བཤད་པ་ལྟར་ཉམས་ལེན་ལ་ཐེ་ཚོམ་གཅོད་པའི་ཡོ་བྱད་སྤྱི་དང་བྱེ་བྲག་གི་རྒྱུད་ལུང་མན་ངག་རྣམས་ཏེ་དགོས་པ་མཆོག་གི་ཡོ་བྱད་རྣམས་ཀྱང་འདུ་བྱ་བའོ། ༈ །ལྔ་པ་གང་གི་ཚེ་སྒྲུབ་པའི་དུས་ནི། སྤྱིར་རྩ་རྒྱུད་ལས། དཔྱིད་དབྱར་སྟོན་དགུན་ཏེ་དུས་བཞིར་ཕྱེ་བ་རེ་རེ་ལའང་རབ་འབྲིང་ཐ་གསུམ་གྱི་དང་པོ་རབ་བཞི་པོ་ཕྲིན་ལས་བཞིའི་དུས་ལ་དགེ་བར་གསུངས་ཤིང་། ཁྱད་པར་སྒྲུབ་པ་འགོ་རྩོམ་པའི་དུས་ཀྱང་དེ་བཞི་བཟང་བར་ལས་ཐོ་ལས་བཤད་པ་ལྟར། བདེ་འདུས་དབང་བྱང་ལས་ཀྱང་། དུས་ནི་དབྱར་དགུན་སྟོན་དཔྱིད་ཀྱི། །ར་བ་དག་ལ་རབ་ཏུ་ཤིས། །བརྒྱད་ནས་ཉ་ཡི་བར་ལ་གཏད། །བཀྲ་ཤིས་གཟའ་སྐར་ཤིས་པ་བླང་། །ཞེས་པས་དུས་ཆ་བཞིའི་དང་པོ་སྟེ་ར་བ་བཞི་དང་། དེའི་ནང་ནས་ཀྱང་ཉི་མ་འཕེལ་བའི་དུས་བྱང་བགྲོད། ཟླ་བ་འཕེལ་བའི་དུས་ཡར་ངོ་། །དེ་ལས་ཚེས་གྲངས་བརྒྱད་ནས་བཅོ་ལྔའི་བར་དགེ་བ་ལ་རྒྱལ་ཕུར་འཛོམ་པ་ལྟ་བུའི་གཟའ་སྐར་བཟང་པོ་ནས་འགོ་བརྩམ་སྟེ། རྩ་རྒྱུད་ལས། འདི་ལྟར་སྦྱར་བའི་དུས་ཆེན་ཡང་། །ངེས་པར་བརྟགས་ཏེ་མདོ་བཟུང་ལ། །རིག་བྱེད་དག་གི་ཡན་ལག་ལས། །ཤེས་པར་བྱ་སྟེ་ལེགས་སྦྱར་བ། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚིགས་བཟང་པོ་རྣམས། །འཇིག་རྟེན་མཚན་མའི་རྟོག་པ་སྟེ། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་སོ། །ཡང་སྒྲུབ་པ་ཇི་ཙམ་བྱེད་པའི་དུས་ནི། སྨིན་སློབ་ཀྱི་དབང་དུ་བྱས་ན་ལོའམ་ཟླ་བ་དྲུག་ལ་སོགས་པ་དངོས་གྲུབ་ཀྱི་མཚན་མ་གཏན་ལ་མ་ཕེབས་ཀྱི་བར་དེ་སྲིད་དུ་སྒྲུབ་ཅིང་། མ་གྲུབ་ན་སྤོགས་ཆོག་དང་བཅས་པས་མཐའ་གཅིག་ཏུ་མ་ངེས་ལ། མོས་སློབ་ལ་ནི་ཞག་ཉི་ཤུ་རྩ་གཅིག་གམ། ཞག་བཅུ་གཅིག་ལྟ་བུ་ལ་བསྙེན་སྒྲུབ་བཞི་ཚང་བར་ཉམས་སུ་ལེན་པའོ། །བྱེ་བྲག་དབང་བསྐུར་བའི་དུས་ནི། བསྙེན་པ་རྫོགས་ནས་ལྷག་པའི་སེམས་བསྐྱེད་པའི་དུས་ཏེ། ངེས་འབྱེད་ལས། དང་པོ་སེམས་བསྐྱེད་འདུག་དུས་སུ། །རྫས་ཀྱི་དབང་བཅུ་རྫོགས་པར་བྱིན། །ཞེས་གསུངས་སོ། ༈ །སྤྱི་དོན་གཉིས་པ་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་ཞིང་དབང་བསྐུར་བ་ལའང་གཉིས་ཏེ། རྒྱུད་དང་མན་ངག་གི་ལུགས་གཉིས་ཕྱེད་པའི་ཆེད་དུ་སོ་སོའི་ཐོ་བྱང་སྨོས་པ་དང་། དེ་གཉིས་ད་ལྟའི་དུས་ཀྱི་ཕྱག་ལེན་ལྟར་གཅིག་ཏུ་དྲིལ་ནས་སྒྲུབ་པའི་ཆོ་ག་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱུད་ལུགས་མདོ་རྩ་བའི་དཀྱིལ་འཁོར་ལ་བརྟེན་པ་དང་། མན་ངག་གི་ལུགས་ཡན་ལག་དང་ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་སོ་སོར་ཕྱེ་བ་མདོ་ཡོངས་རྫོགས་ལ་བརྟེན་པའོ། །དང་པོ་ནི། རྗེ་བླ་མ་དམ་པས་དཀྱིལ་ཆོག་དྲི་མེད་འོད་ཕྲེང་གི་མཇུག་ཏུ་དྲང་བར་མཛད་པའི་སྒྲུབ་བྱང་གི་སྡམས་ཀྱིས་བསྡུས་པ་སྟེ། དེ་ལ་བསྙེན་སྒྲུབ་ཡན་ལག་བཞིའི། དང་པོ་བསྙེན་པ་ལའང་གཉིས་ལས། སྔོན་དུ་བྱ་བའི་བསྙེན་པ་ནི། རྩ་རྒྱུད་ཀྱི་ལེའུ་དགུ་པ་དང་། སྤྱིའི་ཆོ་གས་ཞི་ཁྲོ་གཉིས་ཀྱི་བསྙེན་པ་བྱ་བའོ། །བྱ་བ་ལས་ཀྱི་བསྙེན་པ་ནི། བཤམས་པ་ནས་གཞལ་ཡས་ཁང་བསྐྱེད་པའི་བར་དོན་བཅུ་གཉིས་ཀྱིས་བསྡུས་པ་རིམ་པ་ཤོམས་དང་འབྲེལ་བ་སྟེ། རྩ་བའི་སྒྲུབ་བྱང་ལས། ཧེ་རུ་ཀ་ཡི་སྒྲུབ་ཐབས་ལ། །བསྙེན་སྒྲུབ་རྣམ་བཞི་གསུངས་པ་ལས། །རིམ་པ་ཤོམས་ཀྱིས་འབྲེལ་བའི་ཕྱིར། །བསྙེན་པ་ཞེས་སུ་བཤད་པ་ཡིན། །ཞེས་གསུངས། དེ་ལ་དོན་བཅུ་གཉིས་ཏེ། རྫས་བསག་ཅིང་བཤམ་པ། ས་བརྟག་པ། ས་བསླང་བ། རོ་བསལ་ཞིང་གཏེར་བཅུག་ལ་སྟེགས་བུ་རྩིག་པའི་སྒོ་ནས་སྦྱང་པ། དེའི་ཚེ་ངན་ན་སྔགས་རྒྱ་ཏིང་ངེ་འཛིན་ནམ་སྦྱིན་སྲེག་གིས་མཚན་མ་ཟིལ་གྱིས་མནན་པ། འཁྲུགས་སྡེབས་ཀྱི་རིམ་པས་དེར་དཀྱིལ་འཁོར་བསྐྱེད་ནས་གསོལ་གདབ་བགེགས་བསྐྲད་སོགས་ཀྱིས་ས་བཟུང་ཞིང་བསྲུང་བ་སྟེ་ནུབ་དང་པོ་སའི་ཆོ་གའོ། །ནང་པར་བྱིན་གྱིས་བརླབ་པ་ནི་ཡན་ལག་དང་ཡན་ལག་ཅན་གྱི་ལྷག་གནས་སོ། །དེ་ནས་ཕྱི་མཚམས་རྒྱལ་ཐོ་དང་ནང་མཚམས་འབར་བ་ལྟ་བའི་མཚམས་སོགས་བཞི་བཅད། བར་མཚམས་དམ་སྲི་མནན་པ་དང་ཡེ་ཤེས་ལྷའི་སྒོ་བྱང་གདགས། བསོད་ནམས་ཀྱི་དཔུང་བསྐྱེད་ཕྱིར་སྐབས་འདི་དང་སྒྲུབ་པ་ཐོག་མར་འགོ་འཛུགས་པའི་དུས་སུ་ཚོགས་བསག་ཅི་ནུས་བྱ། དབང་བསྒྱུར་གྱི་ཏིང་ངེ་འཛིན་གྱིས་དེར་གཞལ་ཡས་ཁང་བསྐྱེད་པས་གནས་བྱིན་གྱིས་བརླབ་ཅིང་། དེ་དང་རྗེས་འབྲེལ་དུ་ཕྱག་རྒྱ་དང་ཚོགས་ཆེན་འདུས་པའི་ཏིང་འཛིན་གྱིས་འཁོར་དང་ཡོ་བྱད་བརླབ་པ་རྣམས་སོ། །གཉིས་པ་ཉེ་བསྙེན་ནི། ཐིག་ཚོན་གྱིས་བྲི་བ་ནས་མཆོད་པ་བྱིན་རླབས་ཀྱི་བར་དོན་བཅུ་བདུན་གྱིས་བསྡུས་པ་སྟེ། དེ་ལས། ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུ། །གསང་སྒོར་ཞུགས་ནས་བྱིན་ལྡན་ཕྱིར། །ཉེ་བའི་བསྙེན་པར་དེ་བརྗོད་དོ། །ཞེས་གསུངས། དེ་ལ་དོན་བཅུ་བདུན་ཏེ། དམིགས་རྟེན་གྱི་དཀྱིལ་འཁོར་ཐིག་ཚོན་གྱིས་བྲིས་ལ། ཕྱིར་ཆ་གསུམ་གཏོར་མ་བཏང་། ཕྱི་མཚམས་གསོས་ལ། ནང་དུ་དཀྱིལ་འཁོར་དང་རྫས་རྣམས་སྦྱང་ཞིང་། བསྐྱེད་པས་བྱིན་གྱིས་བརླབས་ཏེ། རྣམ་པ་དང་རྒྱན་རྫས་རྣམས་དགོད། །དེ་ནས་འཁྲུགས་སྡེབས་ཀྱི་རིམ་པས་དཀྱིལ་འཁོར་བྱིན་དབབ། གླེང་གཞི་བཤད་པ་སྤྲོ་བ་བསྐྱེད་ནས། བསྙེན་པར་གནང་བའི་དབང་བསྐུར། བརྡ་སྒོ་ཕྱེ་སྡེ་བརྡ་ཕྱག་བཙལ་ལ། བཤགས་པ་བྱ། དམ་བཅའ། བྱིན་དབབ། མ་ཊཱཾ་དང་། དམ་སྲི་མནན། རྟགས་གདབ། མཆོད་པ་བྱིན་གྱིས་བརླབ་པ་རྣམས་སོ། །གསུམ་པ་སྒྲུབ་པ་ནི། སྒྲུབ་གཞུང་བསྲང་བ་སོགས་དོན་བཅུས་སྨིན་སློབ་ལ་དངོས་གྲུབ་ཀྱི་མཚན་མ་གཏན་ལ་མ་ཕེབས་ཀྱི་བར་དང་། མོས་སློབ་ལ་དུས་ཇི་ལྟར་རིགས་ཀྱི་བར་དུ་སྒྲུབ་པ་སྟེ། དེ་ལས། རྡོ་རྗེ་རིགས་ཀྱི་སྒྲུབ་པ་ལ། །གང་ཡང་བར་ཆད་མི་གཡེང་ཕྱིར། །དམ་པའི་གཞུང་ཉིད་འཛིན་པས་ན། །སྒྲུབ་པ་ཞེས་བྱར་དེ་བརྗོད་དོ། །ཞེས་གསུངས། དེ་ལ་དོན་བཅུ་སྟེ། རྩ་བའི་དཀྱིལ་འཁོར་ཐུན་མོང་དང་ཐུན་མིན་གང་བྱེད་སྐབས་བབས་ཀྱིས་དུས་དྲུག་ཏུ་ཞི་ཁྲོའི་གཞུང་བསྲང་། གསལ་བ་གསུམ་གྱི་ཛཔ྄་བྱ། ཚོགས་རློབ་ཅིང་དབུལ། གཏོར་མ་གསར་རྙིང་མཚམས་སྦྱར་ལ་ལྷག་མ་བཏང་། ལས་གང་ལ་དམིགས་པ་དེའང་སྤྱི་ཙམ་དུ་རྒྱས་པའི་སྦྱིན་སྲེག་བྱ། བསྐང་བཤགས་ཀྱིས་བཟོད་པར་གསོལ། འདུག་པའི་ཚེ་རང་གི་སྟན་བྱིན་གྱིས་རློབ་ཅིང་འགྲོ་ན་ཕྲེང་བས་བསྲུང་དུ་གཞུག །གནས་ཀྱི་ཏིང་ངེ་འཛིན་གྱིས་ཏ་ན་སྒྲོལ་བ་དང་། ག་ན་སྦྱོར་བ་བྱིན་གྱིས་བརླབ་ཅིང་སྐབས་དང་སྦྱར་ཏེ་མཆོད། དུས་དྲུག་ཏུ་ཉུལ་ལེ་བཟློག་པ་རྣམས་སོ། །བཞི་པ་སྒྲུབ་ཆེན་ནི། རྟགས་ནས་གནས་བསྲུང་བའི་བར་དོན་བཅུ་གཅིག་གིས་བསྡུས་པ་ནུབ་ཐ་མ་དངོས་གྲུབ་ལེན་ཅིང་དབང་བསྐུར་བའི་ཆོ་ག་སྟེ། དེ་ལས། ཁྲག་འཐུང་ལས་ཀྱི་རིམ་པ་ལས། །རྣལ་འབྱོར་དྲོད་ཀྱི་རྩལ་འཆང་བས། །དོན་མཆོག་མངོན་དུ་བྱ་བའི་ཕྱིར། །སྒྲུབ་པ་ཆེན་པོ་ཞེས་སུ་བརྗོད། །ཞེས་གསུངས། དེ་ལ་དོན་བཅུ་གཅིག་སྟེ། གྲུབ་པའི་རྟགས་མཚན་གཏན་ལ་ཕེབས་པ་དང་། ནུབ་ཐ་མ་དངོས་གྲུབ་ཀྱི་རྫས་བཤམ། དབང་གི་སྦྱིན་སྲེག་བྱ། རང་དོན་དུ་དངོས་གྲུབ་བླང་ཞིང་། གཞན་དོན་སློབ་མ་ལ་རྒྱུད་ལུགས་ཀྱི་དབང་ཆུ་བོ་བཞིས་བསྡུས་པའི་སུམ་ཅུ་རྩ་དྲུག་སྐལ་བ་དང་འཚམས་པར་བསྐུར་ལ། བཀྲ་ཤིས་དང་། མར་མེ་སྨོན་ལམ་གདབ། གཏོར་མ་ཆ་གསུམ་དུ་བགོས་ལ་ཞི་བའི་སྲེགས་བླུགས་དང་ཕྱི་རོལ་དུ་གཏོར་སྐྱོང་བྱ། ཆ་གཅིག་གཏེར་དུ་སྦ། མཚམས་དགྲོལ་བ་སོགས་དཀྱིལ་འཁོར་བསྡུ་བའི་རིམ་པ་རྣམས་བྱས་ཏེ། ཞག་གཅིག་གནས་བསྲུང་བ་རྣམས་སོ། ༈ །གཉིས་པ་མན་ངག་གི་ལུགས་ཡན་ལག་དང་ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་སོ་སོར་ཕྱེ་བ་མདོ་ཡོངས་རྫོགས་ལ་བརྟེན་པ་ནི། སློབ་དཔོན་བདེ་བ་གསལ་མཛད་ཀྱི་ལས་ཐོའི་དགོངས་པ་སྟེ། སྨིན་མོས་ཀྱི་ཁྱད་པར་ནི། འདིར་ཉེ་བསྙེན་དང་སྒྲུབ་པ་གཉིས་ལ་ཞག་བདུན་ཕྲག་རེའི་ཞལ་གསལ་ཡོད་པས་མོས་སློབ་གཙོ་ཆེ་ཞིང་། དེ་གཉིས་ཞག་གྲངས་མཉམ་པར་མཛད་པ་སྒྱུ་འཕྲུལ་བའི་ལུགས་དང་འདྲ་ནའང་། འདིར་དེ་དང་དེ་རྒྱུད་དང་ལུང་གི་དཀྱིལ་འཁོར་སོ་སོ་བ་ཡིན་པའི་ཕྱིར་ཁྱད་ཆེ་བས་མ་འདྲེས་པར་བྱའོ། །དེ་ལ་ཐོག་མར་རྡོ་རྗེ་སློབ་དཔོན་གཞིའི་བསྙེན་པ་ཁ་སྐོངས་དང་བཅས་པ་སྔོན་དུ་ཐེམ་པས། སློབ་མ་བཟུང་ཞིང་རང་གི་བསྙེན་པ་ཁ་གསོས་ནས། གདོད་བསྙེན་སྒྲུབ་ལ་འཇུག་སྟེ། དེ་ལ་བསྙེན་སྒྲུབ་ཡན་ལག་བཞི་ལས། དང་པོ་བསྙེན་པའི་ཡན་ལག་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བསྐུར་བའི་རིམ་པ་ནི། སྔར་གནས་བཤད་པའི་ཚེ། ས་ཆོག་རྫོགས་བྱས། ཞེས་གསུངས་པ་ལྟར། ས་བརྟག །བསླང་། སྦྱང་། བཟུང་། བསྲུང་བ་རྣམས་དཀྱིལ་ཆོག་ལྟར་ལས། དཀྱིལ་འཁོར་ཁང་པ་གསར་རྙིང་གི་ཁྱད་ཀྱི་འདོར་ལེན་ཤེས་པར་བྱས་རྗེས། དང་པོ་ཕྱི་དབང་རྒྱུད་ཆུ་བོ། །མཚན་ཉིད་སྡེ་གསུམ་ལུགས་དག་ཏུ། །ཞེས་པ་ནས། སཱཙྪ་དཔང་སྐོང་དཀྱིལ་འཁོར་མཆོད། །ཅེས་པའི་བར་གསུངས་པ་ལྟར་བསོད་ནམས་ཀྱི་དཔུང་བསྐྱེད་པའི་ཕྱིར་ཉེའུ་འདོན་པ་ནས་དཔང་སྐོང་གི་བར་ཚོགས་གསོག་ཅི་འགྲུབ་དང་། དཀྱིལ་འཁོར་མཆོད། ཅེས་པས། ཆ་གསུམ་དང་མ་མོ་གླིང་བཞིའི་མདོས་ཀྱི་དཀྱིལ་འཁོར་བཤམ་མཆོད་ཀྱིས་ཐུགས་དམ་བསྐང་། ཕྱག་རྡོར་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་དུ་སྤྱི་དབང་ཆེན་པོའི་གླེང་གཞི་དང་འབྲེལ་བར་མཆོག་དབང་བཅུ་དྲུག་གིས་རྒྱུད་སྦྱངས་ཏེ་སྣོད་རུང་དུ་བསྒྲུབས་པས་སྒོ་དབྱེ་བ་རྣམས་ནི་ནུབ་དང་པོའི་བྱ་བའོ། །དེ་ནས་ནུབ་གཉིས་པ་ནས་བཟུང་ཕྱི་དབང་རྣམས་ཀྱི་ཞག་གྲངས་རྒྱས་བསྡུས་སྐབས་དང་སྦྱར་ཏེ། ཕྱི་དབང་གི་དཀྱིལ་འཁོར་དྲུག་ལས། ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས་བཞི་ནི་སྔར་དྲངས་པའི། དཀྱིལ་འཁོར་མཆོད། །ཅེས་པ་བར་གྱི་གསལ་བྱེད་ཡིན་པས་འདིར་ཡང་སྦྱར་ཏེ། དེ་བཞིའི་དཀྱིལ་འཁོར་བཤམ་སྒྲུབ་སོང་བ་དང་། ལས་དང་པོ་པ་རྣམས་རང་རང་གི་ངེས་པར་འབྱུང་བའི་ཚུལ་བཞིས་སོ་སོའི་སྡོམ་པ་ཕོག་པས་དཀྱིལ་འཁོར་དུ་བཅུག་ཅིང་། ཀྲི་ཡོག་གཉིས་ལ་རང་རང་གི་སྟ་གོན་སྔོན་དུ་འགྲོ་བས། ཀྲི་ཡ་རྩ་བའི་ལྷ་རིགས་གསུམ་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་དང་། ཡོ་ག་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སོ་སོའི་ལུགས་ལྟར་བཞེངས་སྒྲུབ་དེར་འཇུག་པ་རྣམས་བྱས་རྗེས། ཕྱི་དབང་རྩ་བ་བཅུ་ལ་ཡན་ལག་རགས་པ་བརྒྱ་རྩ་བརྒྱད་དུ་ཕྱེ་ནས་སོ་སོའི་དབང་འདོར་ལེན་གྱི་གནད་ཀྱིས་བསྐུར་བར་བྱ་བ་ཡིན་ནོ། །གཉིས་པ་ཉེ་བསྙེན་གྱི་ཡན་ལག་ནང་དབང་འབྱུང་བའི་ཆུ་བོ་བསྐུར་བའི་རིམ་པ་ནི། དཔང་སྐོང་བཀླག །ཞི་གཞུང་བསྲངས་ལ་ཚོགས་དང་སྦྱིན་སྲེག་དབུལ། ཡན་ལག་དང་ཡན་ལག་ཅན་གྱི་རབ་གནས་རྣམས་བྱ། སང་ནངས་པར་ཆ་གསུམ་དང་གསེར་སྐྱེམས་བཏང་། རྒྱལ་ཆེན་དང་ཕྱོགས་སྐྱོང་གི་ཐོས་ཕྱི་མཚམས། ཁྲོ་བཅུའི་མཚམས་དང་དམ་སྲི་མནན་པས་བར་མཚམས། ལྟ་བའི་མཚམས་སོགས་བཞིས་ནང་མཚམས་བཅད། ཏིང་འཛིན་གསུམ་གྱིས་གནས་འཁོར་ཡོ་བྱད་བརླབ། སྟེགས་བུ་ལ་གོ་མ་ཡེ་བཏང་། གཟུངས་མ་བརླབས་ཏེ་ཐིག་གདབ་པ་དང་། ཚོན་བཀྱེ་བས་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་འདྲེན་པའི་ལས་བྱང་ཆེ་ལེ་ལྟར་བྲིས་ལ། ཕྱག་རྒྱའི་རྣམ་པ་དང་མཆོད་རྫས་སྒྲུབ་རྫས་སོགས་རྒྱན་བཀོད་བྱས་ནས། དུས་དྲུག་ཏུ་ཞི་ཁྲོའི་ལས་གཞུང་བསྲང་ཞིང་། བཟླས་བསྙེན་ཚོགས་གཏོར། སྦྱིན་སྲེག་རྣམས་བྱ། ཚུལ་དེས་ཞག་བདུན་རྫོགས་པའི་ཐ་མ་ལ་སློབ་དཔོན་བདག་ཉིད་དཀྱིལ་འཁོར་དུ་རིག་པས་ཞུགས་རྗེས། སློབ་མ་བཅུག་སྟེ། ནང་དབང་རྩ་བ་བཅུ་གཅིག་ལ་ཡན་ལག་དྲུག་བརྒྱ་དང་དྲུག་ཏུ་ཕྱེ་ནས་བསྐུར་རོ། །གསུམ་པ་སྒྲུབ་པའི་ཡན་ལག་སྒྲུབ་དབང་གྲགས་པའི་ཆུ་བོ་བསྐུར་བའི་རིམ་པ་ནི། ཕྱི་ནང་བར་གསུམ་གྱི་མཚམས་སྔར་ལྟར་བཅད། ཁྱད་པར་བར་མཚམས་ལ་གཤིན་རྗེ་གཤེད་ཀྱི་སྒོ་བྱང་གདགས། གནས་ཡོ་འཁོར་གསུམ་རློབ། སྟེགས་བུར་གོ་མ་ཡེ་བཏང་། ཐིག་གཡོག་བརླབས་ཏེ་རང་བཞིན་ཏིང་འཛིན་གྱི་གནམ་ཐིག་དང་། གཟུགས་བརྙན་ལས་ཀྱི་ས་ཐིག་གདབ་ཅིང་། ཚོན་བཀྱེ་བས་རྩ་རྒྱུད་ཀྱི་ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ཀྱི་ལེའུ་ལྟར། དཀྱིལ་འཁོར་དུར་ཁྲོད་གསང་བའི་ལུགས་སུ་བཞེངས་པ་ལ། ཕྱག་རྒྱའི་རྣམ་པ་སྒྲུབ་རྟེན་མར་མེ། མཆོད་རྫས་དང་དཀྱིལ་འཁོར་གྱི་རྒྱན་རྣམས་དགོད། དེ་ནས་བརྡ་སྒོ་ཕྱེ་ལ། བརྡ་ཕྱག་འཚལ། རྟགས་གདབ། གོས་རྒྱན་བསྟར། བྱིན་དབབ། ཕྱག་འཚལ། དམ་བཅའ། དངོས་གྲུབ་གསོལ་བ། བསྐང་བཤགས་ཏེ་ལས་ཀྱི་ཕྲེང་བ་རྫོགས་པར་བྱས་ལ། དཀྱིལ་འཁོར་བསྐྱེད་དྲངས་མཆོད་བཟླས་ཏེ་ལས་རྣམ་བཞིས་བསྙེན་སྒྲུབ་ཀྱི་གཞུང་བསྲང་། ལྷའི་རྐང་འདོན་དུ་སྟོང་ཚིགས་ཀྱིས་མཆོད་ཅིང་བསྟོད། ཚོགས་མཆོད། བསྐང་བཤགས། ཉུལ་ལེ་བཟློག་པ་རྣམས་དུས་དྲུག་ཏུ་བྱ། ཚུལ་དེས་ཞག་བདུན་རྫོགས་པའི་ཐ་མ་ལ། སློབ་དཔོན་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ། ལྷ་དང་རྫས་ལས་དངོས་གྲུབ་བླངས་རྗེས། སློབ་བུ་དཀྱིལ་འཁོར་དུ་བཅུག་སྟེ། སྒྲུབ་དབང་རྩ་བ་བཅུ་གསུམ་ལ་ཡན་ལག་བརྒྱ་དང་བཅོ་ལྔར་ཕྱེ་ནས་བསྐུར་རོ། །བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་རིམ་པ་ནི། འདི་དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལས་བླང་བ་ཉིད་ཡིན་པས་སྒྲུབ་ཆེན་ཏེ། དེ་ལ་བརྡའི་དཀྱིལ་འཁོར་བཤམ་སྒྲུབ་བྱས་ལ། ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་ནས། གསང་དབང་རྫོགས་པའི་ཆུ་བོ་རྣམ་པ་གཉིས་བསྐུར་བ་ཡིན་ནོ། །རྒྱུད་དང་མན་ངག་གི་ལུགས་གཉིས་སོ་སོའི་ཐོ་བྱང་མདོ་ཙམ་བཤད་ཟིན་ཏོ།། །།


previousའདུས་པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། དྷརྨ་ཤྲཱི།next