Nitartha Digital Library
Tibetan
 
previousའཕྲོས་དོན། དྷརྨཱ་ཤྲཱི།next

འཕྲོས་དོན། དྷརྨཱ་ཤྲཱི།

༈ སླར་ཡང་འཕྲོས་དོན་འགའ་ཞིག་བརྗོད་ན། བི་མ་ལའི་སྤྱན་འགྲེལ་དང་སྦྱིན་སྲེག་རྩ་བར་ཐབ་ཁུང་བང་རིམ་གསུམ་པ་ཞེས་གསུངས་པའི་དོན་ཀུན་མཁྱེན་ཆེན་པོས་སྙིང་ཊཱིཀ་ཏུ། ཁ་ཁྱེར་བང་རིམ་གསུམ་པ་ལ། ཞེས་པ་འཆད་བདེ་བར་སྣང་བས་འདིར་ཡང་དེ་བཞིན་དུ་བྱས་ལ། ཡང་སྦྱིན་སྲེག་རྩ་བར། གཟར་བུ་རིགས་ཀྱི་མཚན་བཅས་པས། །མཆོད་ཡོན་བདུད་རྩི་རྒྱས་པར་དབུལ། །ཞེས་དང་། གཡུང་སྟོན་ཆེན་པོས་ཀྱང་། ལས་དང་རྗེས་སུ་མཐུན་པའི་དགང་གཟར་བླུགས་གཟར་ཡང་སྟ་གོན་བྱ། ཞེས་གསུངས་ཀྱང་། འདིར་ལས་སོ་སོའི་དགང་བླུགས་ཀྱི་འགྲོས་མི་འཆད་པ་ནི། ད་ལྟའི་བཟོ་རྒྱུན་གྱི་དགང་བླུགས་འདིས་ལས་བཞི་ཀ་ལ་རུང་བར་བླ་མ་མཁས་པ་རྣམས་བཞེད་ཅིང་། ཐམས་ཅད་ཕྱག་ལེན་དུའང་འདི་ལྟར་མཛད་པའི་རྒྱུ་མཚན་གྱིས་ཡིན་ནོ། །འོ་ན་དེའི་དབྱིབས་ཇི་ལྟར་ཞེ་ན། གཟར་བུ་གཉིས་ཀའི་ཡུ་བ་ཁྲུ་གང་བ། སྦོམ་ཕྲ་ཆང་བར་བཟུང་དུ་རུང་བ། དགང་གཟར་གྱི་མགོ་བོ་སོར་བཞི་པ་གྲུ་བ ཞི། འོག་གི་མཐིལ་དུ་པད་འདབ་བརྒྱད་ཡོད་པའི་འདབ་མ་མཐིལ་ནས་ལོགས་སུ་ལངས་པའི་རྩེ་མཆུའི་ནང་གི་ངོས་ཐུག་སླེབ་པ། དེ་ནས་ཕྱིར་སོར་གཅིག་བསྐྱེད་པའི་མཆུ་ཅན་གྱི་རྩེ་མོའི་ངོས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབུས་རྭ་ནས་མར་ཁུ་འབབ་པའི་བུ་ག་གཏོད་ཅིང་། ནང་གི་པདྨའི་ལྟེ་བར་སོར་གཅིག་བརྐོས་པ་ལས་རྡོ་རྗེ་རྩེ་ལྔ་གྱེན་དུ་ལངས་པ། མཆུའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་སྟེ། ད་ལྟའི་བཟོ་རྒྱུན་རྣམས་ལ་དཀྱིལ་དུ་ལས་བཞིའི་མཚན་མ་བྱས་པའང་མང་ངོ་། །བླུགས་གཟར་མགོ་བོ་སོར་གཉིས་པ། ཟབས་སུ་སོར་གཅིག་པ། དབྱིབས་པད་འདབ་ལ་བམ་བ་ལང་གི་མིག་ལྟ་བུ་ལྟེ་བར་རྡོ་རྗེས་མཚན་པ། གཉིས་ཀའི་ཡུ་བའི་རྩ་བར་རྡོ་རྗེ་དང་ནོར་བུ་གཉིས་ཀའམ་གང་རུང་ཆུ་སྲིན་གྱི་ཁ་ནས་འཐོན་པ་དང་། ཡུ་བའི་མཐར་ཡང་རྡོ་རྗེས་མཚན་པའོ། །སྤྲོ་ཞིང་འབྱོར་པས་ལས་སོ་སོའི་གཟར་བུ་གཉིས་བྱ་ན་མཁས་པ་དག །ཁ་དོག་མཚན་མ་ཐབ་དང་འདྲ། ཞེས་ཚད་དབྱིབས་སྔར་འདྲའི་བཟོ་ཚུལ་བཤད་པའི་རྗེས་འབྲེལ་དུ་གསུངས་པ་ལྟར། རྒྱུ་དང་ཁ་དོག་མཚན་མ་གསུམ་གྱིས་དབྱེ་བར་བཞེད་པས། ཞི་བ་ལ་དངུལ་ལམ་བྱང་ཆུབ་ཀྱི་ཤིང་སོགས་ལས་བྱས་པ་ཁ་དོག་དཀར་ཞིང་འཁོར་ལོའི་མཚན་མ་ཅན། རྒྱས་པར་གསེར་རམ་བི་ཝ་སོགས་ལས་བྱས་པ་སེར་ཞིང་རིན་པོ་ཆེས་མཚན་པ། དབང་ལ་ཟངས་སམ་ཙནྡན་དམར་པོ་སོགས་ལས་བྱས་པ་དམར་ཞིང་པདྨ་མཚན་པ། དྲག་པོར་ལྕགས་སམ་ཚེར་ཅན་གྱི་ཤིང་སོགས་ལས་བྱས་པ་ནག་ཅིང་རྡོ་རྗེ་རྭ་གདེངས་པས་མཚན་པ་སྟེ། གཞན་ཡང་ཚད་དང་དབྱིབས་མི་འདྲ་ཙམ་རྒྱུན་རྣམས་ལས་གསུངས་པ་མང་ཞིང་། གལ་ཏེ་གཟར་བུ་གཉིས་མ་འབྱོར་ན། སོར་མོ་ལྔ་སྦྱར་བས་དགང་གཟར་དང་། སོར་མོ་གསུམ་སྦྱར་བས་བླུགས་གཟར་བྱེད་པར་བཤད་དོ། །ཡང་དཀྱུས་སུ་བཀོད་པའི་མེ་ཡོལ་གྱི་ཁུངས་ནི། གདན་གཞི་ལས། ཇི་བཞིན་བསྟན་པའི་གནས་སུ་ཡང་། །མཐེབ་སོར་བཅུ་གཉིས་དག་དང་ནི། །དཔངས་སུ་སྐྱེས་བུའི་ཕྱེད་ལྡན་པའི། །ཏི་སེའི་གངས་རི་མཛེས་པར་བཞག །ཅེས་པ་ལྟར་ཡིན་ལ། དཔངས་སུ་སྔགས་མཁན་གྱི་སྐེད་པ་ཙམ་སླེབ་པར་གསུངས་པའང་སྟན་མཐོ་དམའ་དང་འདུག་སྟངས་ཀྱི་ཁྱད་པར་ལས་མཐའ་གཅིག་ཏུ་ངེས་པ་འཆའ་བའང་དཀའོ། །དེ་ལྟར་བཞག་པའི་དགོས་པ་ནི། མེ་ལྷའི་རྗེས་འབྲང་གི་འབྱུང་པོའི་བར་ཆད་བསྲུང་བའི་ཆེད་ཡིན་ལ། གལ་ཏེ་མ་འབྱོར་ན་འཇིག་རྟེན་པའི་མེ་ལྷ་བཀུག་ཟིན་པའི་རྗེས་དེ་མ་ཐག་ཏུ་ཕྱིར་འབྲང་གི་བགེགས་སྐྲོད་བྱ་བར་བཤད་དོ། །ཞེས་པའང་ཞར་ལས་འཕྲོས་ཏེ་དྷརྨས་བརྗོད་པ་དགེ་ལེགས་འཕེལ།། །།


previousའཕྲོས་དོན། དྷརྨཱ་ཤྲཱི།next