Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་གཅིག་པ།


   
   
  collapse section
   
   
སྔོན་འགྲོ་སྒོ་འབྱེད་ཀྱི་དབང་ཆོག་བཤད་པའི་སྐབས།
   
   
   
   
   


 
previousསྔོན་འགྲོ་སྒོ་འབྱེད་ཀྱི་དབང་ཆོག་བཤད་པའི་སྐབས།next

སྔོན་འགྲོ་སྒོ་འབྱེད་ཀྱི་དབང་ཆོག་བཤད་པའི་སྐབས།

༈ ༀ་སྭསྟི། ངན་སོང་ངན་འགྲོར་ལྟུང་འགྱུར་རྣམས། །དམིགས་མེད་ཐུགས་རྗེས་འདྲེན་མཛད་པ། །བླ་མ་རྡོ་རྗེ་འཛིན་པ་ལ། །ཕྱག་བྱས་སྒོ་འབྱེད་དབང་ཆོག་བཤད། །འདིར་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་བཤམ་སྒྲུབ་གཏོར་ཆོག་དང་བཅས་པ་སྒྲུབ་ཐབས་ལྟར་གྲུབ་ནས། སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་ཞུགས་ནས་དབང་ལེན་པའམ། བསྡུས་པ་ལ་དགའ་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་དཀྱིལ་འཁོར་དུ་ཞུགས་ཏེ་ལྷ་དང་སྐལ་པ་མཉམ་པར་བྱས་ལ། དེ་དང་སློབ་བུ་རྣམས་གཞུག་ཅིང་དབང་བསྐུར་བ་ནི། ཐོག་མར་ཁྲུས་བྱ་ཞིང་བགེགས་སྐྲོད་པ་དཀྱིལ་འཁོར་ཁང་པར་འཇུག་པའི་སྔ་རོལ་ཏུ་བྱ་བའམ། ཟོར་ཡང་བའི་དབང་དུ་བྱས་ན། ཕྱག་བྱས་ཏེ་གྲལ་དུ་འཁོད་ནས་ཀྱང་རུང་སྟེ། ལས་བུམ་གྱིས་ཁྲུས་བྱ། དེ་ནས་བགེགས་གཏོར་ལ་དྲི་ཆབ་དང་ལས་བུམ་གྱི་ཆུ་འཐོར་ཞིང་བིགྷྣཱཾ་དང་ཨ་མྲྀ་ཏས་བསང་། རཾ་ཡཾ་ཁཾ་གིས་སྦྱངས། སྟོང་པའི་ངང་ལ་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བར་བསམ་ལ། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ༀ་སརྦ་བིགྷྣཱཾ་ན་མཿསརྦ་ནས་ཁཾ་གྲིཧྞེ་དཾ་བ་ལིངྟ་སྭཱ་ཧཱ་གསུམ་གྱིས་གཏོར་མ་བསྐོར་ཞིང་བསྔོས་ལ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ནོད་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་བྱིན་པ་འདིས་ཚིམ་པར་གྱིས་ལ། དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །ཅེས་གུ་གུལ་གྱི་དུད་པས་བདུག །ཡུངས་ཐུན་གྱི་བྲབ། རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང་། སུམྦྷ་ལ་སོགས་པའི་དྲགས་སྔགས་བཟླས་པས་བགེགས་རྣམས་བསྐྲད། བཛྲ་པཉྩ་ར་ཛྭ་ལ་རཾ། ཞེས་བརྗོད་པས་རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བར་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །དེ་ནས་བློ་བཅོས་ཤིང་སྤྲོ་བ་བསྐྱེད་པའི་ཆེད་དུ་ཟབ་མོའི་ཆོས་དང་གླེང་གཞི་བཤད་པར་བྱ་སྟེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འདུས་པ་ཆེན་པོ་མདོ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་རིམ་གྱིས་ཞུགས་ཏེ་སྨིན་གྲོལ་གྱི་ལམ་ཟབ་ཅིང་རྒྱ་ཆེ་བ་མཉན་ནས་ཉམས་སུ་བླང་བར་བགྱིའོ་སྙམ་པ་རྙོག་པ་དང་བྲལ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་འདུན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་དང་། གཞན་ཡང་། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་པས་སྣོད་ཀྱི་སྐྱོན་རྣམས་སྤངས་ལ་སྒོ་གསུམ་ལེགས་པར་བསྡམས་ཏེ་གསན་འཚལ། དེ་ཡང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཅན་ཡིད་བཞིན་ནོར་བུ་འདུ། །ཞེས་གསུངས་པ་ལྟར། འོ་སྐོལ་རྣམས་ཀྱིས་ད་རེས་སྟེས་དབང་གིས་རྙེད་པའི་མི་ལུས་རིན་པོ་ཆེ་འདི་ནི་ཡང་ཡང་རྙེད་དཀའ་བ་ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ། སྐྱོན་མཐའ་དག་སྤོང་བ་དང་ཡོན་ཏན་མཐའ་དག་སྒྲུབ་ཏུ་རུང་བའི་རྟེན་ཡིན་པས་རྙེད་ན་དོན་ཆེ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། སྐྱོན་ཡོན་གྱི་ཆ་རྣམས་འདོར་ལེན་ནུས་པའི་རྟེན་འདི་ལས་གཞན་ལྷ་ཀླུ་གནོད་སྦྱིན་སོགས་གང་ལའང་མེད་པས་རྙེད་པའི་མཆོག་རབ་ཏུ་རྙེད་པ་ཡིན་པའི་ཕྱིར། དེ་ལྟར་ཡང་ཙནྡྲ་གོ་མིས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་བྱེད་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་ལ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཀུན་མཁྱེན་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པས་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་བཞིན་དུ་ཐར་ལམ་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་རྟེན་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར་འཁོར་བ་ལས་ངེས་པར་ཐར་པའི་བྱ་བ་དོན་ཡོད་པ་ལ་འབད་དགོས་ཏེ། སློབ་དཔོན་ཆེན་པོས། ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་སྐབས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད། །ཅེས་གསུངས་པ་ཡིན། དེ་ལྟར་རྟེན་བཟང་པོ་འདི་ཐོབ་ཏུ་ཟིན་ནའང་མི་རྟག་སྟེ། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་པའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱི་ལུས་འདི་ཆུ་བུར་དང་འདྲ་སྟེ། མི་བརྟན་པས་མྱུར་དུ་འཇིག་ཚེ་སྲོག་འདི་བར་སྣང་གི་གློག་འགྱུ་བ་དང་འདྲ་སྟེ་ནམ་འཆི་ཆ་མེད། གཟའ་གདོང་ཐུག་ལྟ་བུས་གློ་བུར་དུ་ཤི་པ་མང་པོ་ཞིག་མཐོང་བས། དེ་རིང་ཙམ་ཡང་མི་འཆི་སྙམ་པའི་བློ་གདེངས་མི་ཐུབ། དེས་ན་དོན་ཆེན་སྒྲུབ་པའི་བྱ་བ་ཕྱི་བཤོལ་དུ་མི་འཇོག་པར་ད་ལྟ་ཉིད་རང་ནས་དམ་པའི་ཆོས་ལ་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་འབད་དགོས་པ་ཡིན་ཏེ། སློབ་སྤྲིང་ལས། འདི་ནི་སང་བྱ་འདི་ནི་ཐང་གཅིག་འོག་ཏུ་བྱ། །འདི་ནི་དེ་རིང་བྱ་ཞེས་སྐྱེ་བོས་སེམས་བྱེད་ན། །གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་བལྟ་བ་ཡིས། །མིག་རྩ་དམར་ཁྲོས་མ་རངས་གད་མོ་རེ་སྙམ་འདེབས། །ཞེས་གསུངས། དེ་ལྟར་རྙེད་དཀའ་འཇིག་སླའི་རྟེན་ཐོབ་དུས་གཏན་བདེའི་འདུན་མ་དམ་པའི་ཆོས་མ་བསྒྲུབ་ན། ཚེ་འདི་ལྟོས་ཀྱི་བྱ་བ་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་སོགས་འབད་པས་བསྒྲུབ་ཀྱང་སྙིང་པོ་མེད་དེ། འཕྲལ་བདེ་བདེ་ལྟར་སྣང་བ་འདི་ཀུན་ཀྱང་གཉིད་ཐུམས་རེའི་རྨི་ལམ་བཟང་བ་དང་འདྲ་བས་འགྱུར་ཞིང་འགྲོ། ཚེ་འདིའི་བདེ་སྐྱིད་ཇི་ལྟར་ཆེ་ཡང་འཆི་བའི་ཚེ་རང་གི་རྗེས་སུ་མི་འབྲང་བས་ཕན་པ་སྤུ་ཙམ་ཡང་མེད་དེ། སྐྱེས་རབས་ལས། ལོངས་སྤྱོད་སྐད་ཅིག་ཁོ་ནས་འབྲལ་བའི་གཉེན། །འབྱོར་པ་རྨི་ལམ་བག་མ་ལེན་དང་མཚུངས། །བདེ་བའི་དཔལ་ནི་རླུང་བསྣུན་མར་མེའི་རྩེ། །སྲིད་པའི་སྤྱོད་ཚུལ་འདི་དག་སྨྱོན་པའི་གར། །ཞེས་གསུངས། འོན་ཀྱང་ཚེ་འདིའི་བདེ་སྐྱིད་ཀྱི་ཆེད་དུ་བསགས་པའི་ལས་དགེ་སྡིག་ནི་ནམ་ཡང་ཆུད་མི་ཟ་བར་ལུས་དང་གྲིབ་མ་ལྟར་ཤི་ནས་ཀྱང་རྗེས་སུ་འབྲང་སྟེ་འབྲལ་ཐབས་མེད། གལ་ཏེ་རང་གིས་སྡིག་པ་བྱས་ཟིན་པ་ནི་མི་འདོད་ཀྱང་བསྐྱུར་དབང་མེད། དགེ་བ་རང་གིས་མ་བྱས་པར་ཁྱེར་རྒྱུ་ནི་མེད། ལས་ཀྱི་དབང་གིས་འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་། མགོན་པོ་བྱམས་པས། མི་གཙང་འདམ་ན་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས་པ་ལྟར་སྡུག་བསྔལ་གྱི་ཡོ་ལང་ལས་མ་འདས་པས། ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་དང་འདྲ་སྟེ། བདེ་བའི་གོ་སྐབས་མེད། དེའི་ནང་ནས་ཀྱང་ངན་སོང་གསུམ་དུ་སྐྱེས་ན་ཅི་ཙུག་བྱེད། མི་སྐྱེ་བའི་གདེངས་ནི་མེད། དེས་ན་ལས་ཅི་ལ་ཐུག་ཀྱང་དགེ་སྡིག་ལ་བླང་དོར་མ་ནོར་བར་བྱ་དགོས་ཏེ། སློབ་དཔོན་ཆེན་པོས། ཚེ་རབས་མང་པོར་སྡུག་བསྔལ་རྒྱུར་འགྱུར་བའི། །སྡིག་པས་ཚེ་འདིར་བདེ་བས་ཅི་ཞིག་བྱ། །ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན། །འཇིག་རྟེན་ཕྱི་མར་ཚད་བཟུང་མེད་པའི་ཕྱིར། །སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང་། །བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ། །ཞེས་གསུངས་པ་ཡིན། དེ་ལྟར་ན་ལས་རྒྱུ་འབྲས་བསླུ་མེད་དུ་ཡིད་ཆེས་བསྐྱེད། དེས་ཀུན་ནས་བསླངས་ཏེ་སྲོག་ལ་བབས་ཀྱང་དགེ་སྡིག་ལ་བླང་དོར་མ་ནོར་བར་བྱེད་པའི་ཞེ་དམ་འཆའ། འདི་ཕྱི་འཁོར་བའི་བདེ་འབྱོར་ལ་སྙིང་པོ་མེད་པས་མངོན་མཐོའི་གོ་འཕང་ལ་མི་སྨོན་ཞིང་། འཁོར་བ་མཐའ་དག་སྡུག་བསྔལ་གྱི་ཕུང་པོ་ཆེན་པོར་ངེས་པ་གཏིང་ཚུགས་པས། ནག་ཅན་བཙོན་དོང་ནས་འབྲོས་པ་ལྟ་བུའི་འདུ་ཤེས་ཀྱིས། ད་རེས་འཁོར་བ་ལས་ངེས་པས་ཐར་པ་ཞིག་བྱ་སྙམ་དུ་ངེས་འབྱུང་གི་བསམ་པ་བརྟན་པོ་བསྐྱེད་འཚལ། དེ་ཡང་རང་གཅིག་པུ་འཁོར་བ་ལས་ཐར་འདོད་ཀྱི་བློ་ཙམ་གྱིས་ནི་ཆོག་པ་མ་ཡིན་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུ་མཐོང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་བདག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པ་ལྟར། ཚེ་འཕོས་པས་ངོ་མ་ཤེས་པ་མ་གཏོགས། རང་ཅག་སེམས་ཅན་ཐམས་ཅད་ཕན་ཚུན་མ་བུ་ཁྱོ་ཤུགས་སོགས་ལན་གྲངས་དཔག་ཏུ་མེད་པ་བྱས་ནས། ཕན་བཏགས་པ་ལ་ཚད་མེད་པས་དྲིན་ཅན་ཤ་སྟག་ཡིན་པ་ལ། འདི་ཐམས་ཅད་སྡུག་བསྔལ་གྱི་ཁུར་ཆེན་པོས་ནི་ནོན། བདེ་བའི་ཐབས་ནི་མི་ཤེས། བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཁོ་ན་བསྒྲུབ་པས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུ་འདི་རྣམས་ཡལ་བར་བོར་ནས། རང་ཉིད་གཅིག་པུ་ཞི་བདེར་གཞོལ་འདོད་ཀྱི་བློ་ནི་ཤིན་ཏུ་ཐ་ཆད་པ་ཡིན་པས་དུག་བཞིན་དུ་སྤངས་ནས། དོན་དམ་པར་སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པས། འཁོར་བ་མེད་སྣང་སྒྱུ་མ་ལྟ་བུའི་ཆོས་ཡིན་ཀྱང་། དེ་ལྟར་མ་རྟོགས་པས་རྨི་ལམ་གྱི་རྒྱུ་འབྲས་ལྟར། གཏིང་མཐའ་མེད་པའི་འཁོར་བའི་རྒྱ་མཚོར་ནི་ལྷུངས། འཇིགས་སུ་རུང་བའི་སྡུག་བསྔལ་གྱི་རྦ་ཀློང་དྲག་པོས་ནི་གཡེངས་ཏེ། ཤིན་ཏུ་ཉམས་ཐག་པར་གྱུར་པའི་མཁའ་ཁྱབ་ཀྱི་སེམས་ཅན་ལ། བཅོས་མིན་གྱི་སྙིང་རྗེས་ཀུན་ནས་བསླངས་ཏེ། ཉན་རང་གི་བྱང་ཆུབ་དོན་གཉེར་གྱི་བློ་སྤངས་ནས། ཐེག་པ་ཆེན་པོའི་བློ་མཆོག་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པ་སྒྲུབ་པ་ལ་རྩེ་གཅིག་ཏུ་འབད་དགོས་པ་ཡིན་ཏེ། ཐེག་བསྡུས་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱ་ཞིང་། །ཐུབ་རྒྱལ་རྒྱ་ཆེ་སྙིང་པོའི་ཐེག་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་ལ་འཇུག །ཅེས་གསུངས། ཐེག་པ་ཆེན་པོ་དེ་ལའང་། རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་ཡོད་པའི། །འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས། ལམ་མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པའི་ཁྱད་པར་གྱིས་མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་ལམ་གྱི་གཞི་མངོན་པར་དབང་བསྐུར་བ་ཟབ་མོ་མཉན་དུ་ཡོད་པ་འདི་ནི་རྙེད་པའི་མཆོག་རབ་ཏུ་བརྙེད་པ་ཡིན་པས། དགའ་ཞིང་སྤྲོ་བའི་བློ་གཟེངས་བསྟོད་པར་མཛད་འཚལ། དེ་ཡང་ཁྱད་པར་ཅན་གྱི་དབང་ཟབ་མོ་འདི་ནི་འབྲེལ་བ་བཞི་དང་ལྡན་པ་ཡིན་ཏེ། རྒྱུད་དབང་དང་འབྲེལ། དབང་གདམས་ངག་དང་འབྲེལ། གདམས་ངག་ཕྱག་བཞེས་དང་འབྲེལ། ཕྱག་བཞེས་བྱིན་རླབས་དང་འབྲེལ་བའོ། །དེ་ལ་རྒྱུད་དབང་དང་འབྲེལ་ཏེ། རྩ་བའི་རྒྱུད་ཀུན་འདུས་རིག་པ་དང་། བཤད་རྒྱུད་དགོངས་པ་འདུས་པའི་མདོ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ། །ཧེ་རུ་ཀ་འདུས་པ་ལ་སོགས་པ། རྒྱབ་བརྟེན་གྱི་རྒྱུད་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ། དབང་བསྐུར་རྒྱལ་པོའི་རྒྱུད་རྣམས་དང་འབྲེལ་ལོ། །དབང་གདམས་ངག་དང་འབྲེལ་ཏེ། གནུབས་ཆེན་གྱིས་གཏད་རྒྱའི་རྩ་བར། དང་པོ་གབ་པའི་དབང་ལེ་དྲུག །སྤྱི་དབང་ཆེན་པོའི་གླེང་གཞི་དང་། །འདྲེན་པའི་ལས་བྱང་ཆེ་ལེ་དང་། །འདྲེན་པའི་ལས་བྱང་ཆུང་ལེ་དང་། ཡོངས་སུ་གྲུབ་པའི་དབང་ལེ་དང་། །ལྟ་བ་ཡེ་འབྱམས་དབང་ལེ་དང་། །ཀུན་བཟང་ཐུགས་ཀྱི་གདམས་ལེ་སྟེ། །རྣམ་པ་དྲུག་ཏུ་ལུང་ཉེར་བསྡུས། །བར་དུ་དགོས་པའི་སྒྲུབ་ཐབས་དྲུག །དབང་དོན་བསྡུས་དང་དབང་དོན་འབྱེད། །དབང་དོན་རྒྱ་ཆེར་འབྱེད་པ་དང་། ལས་ཐོ་རབ་གནས་བཤད་པ་དང་། །ན་རག་དོང་སྤྲུགས་བཤད་པ་སྟེ། །དྲུག་གིས་སྒྲུབ་པའི་དོན་རྣམས་བཤད། །ཐ་མར་དགོས་པའི་ཆ་རྐྱེན་དྲུག །སྦྱིན་སྲེག་ལྷག་ཆོག་དཀྱིལ་འཁོར་ཐིག །ཕྱི་ནང་གཉིས་ཀྱི་ཙ་ཀ་ལི། །རྒྱུད་ཁུངས་གཏད་རྒྱའི་གླེང་གཞི་དྲུག །དྲུག་གསུམ་བཅོ་བརྒྱད་ཡི་གེ་འདི། །སངས་རྒྱས་ཡེ་ཤེས་བདག་གིས་རྙེད། །སྣོད་ལྡན་རྣམས་དང་འཕྲད་པར་ཤོག །ཅེས་གསུངས་པ་ལྟར་དྲུག་གསུམ་བཅོ་བརྒྱད་མན་ངག་དང་འབྲེལ་ལོ། །གདམས་ངག་ཕྱག་བཞེས་དང་འབྲེལ་ཏེ། །བླ་མ་གོང་མ་ཚད་མའི་སྐྱེས་བུ་དབང་དུ་གྱུར་པ་རྣམས་ཀྱི་ལས་ཐོ་ཁྱད་པར་ཅན་རྣམས་ལས་གཞན་དུ་མ་བཅོས་མ་བསླད་པའི་རྣམ་དག་ལེགས་པའི་ཕྱག་ལེན་གྱི་སྲོལ་བཟང་པོ་དང་འབྲེལ་ལོ། །ཕྱག་བཞེས་བྱིན་རླབས་དང་འབྲེལ་ཏེ། །བརྒྱུད་པའི་བླ་མ་ཐམས་ཅད་གྲུབ་བརྙེས་རིག་པ་འཛིན་པའི་སྐྱེས་ཆེན་ཤ་སྟག་བཟང་ཟ་ར་ཚགས་སུ་བྱིན་པས་བྱིན་རླབས་ཀྱི་བཀའ་བབས་འགྲན་ཟླ་མེད་པ་དང་འབྲེལ་བ་ཡིན་ནོ། །དེ་ལྟར་འབྲེལ་བ་བཞི་དང་ལྡན་པའི་དབང་འདི་ཉིད་ཡུལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་དགོས་ཏེ། དེ་ལ་གནས་ཕུན་སུམ་ཚོགས་པ་ནི། མཚན་ཉིད་དང་ལྡན་པའི་གནས་ཁང་། །ཡེ་ཤེས་ཀྱི་གཞལ་ཡས་ཁང་། ཐར་པ་ཆེན་པོའི་གྲོང་མཆོག །དགེ་ལེགས་ཀྱི་གཏན་ཁང་། དངོས་གྲུབ་འབྱུང་བའི་གནས་ཆེན་པོ་ལགས་པས་ཐ་མལ་གྱི་ཁང་པའི་འདུ་ཤེས་སྤངས་ཏེ། ཡེ་ཤེས་རང་སྣང་གི་ཕོ་བྲང་དུ་བལྟ་བ་གལ་ཆེ། སྟོན་པ་ཕུན་སུམ་ཚོགས་པ་ནི། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཏེ། དེ་ལ་དགེ་བའི་བཤེས་གཉེན་ཕལ་པར་བལྟ་བའི་འདུ་ཤེས་སྤངས་ནས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཤེས་པ། རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་སྦྱིན་པའི་བཀའ་དྲིན་དྲན་པ། གདུང་ཤུགས་དྲག་པོས་ཐ་མལ་གྱི་སྣང་བ་འགོག་ནུས་པ། ཡང་ཡང་མ་བརྗེད་པར་དྲན་པས་རིག་པ་བསྒྱུར་ཐུབ་པ་སྟེ། ཁྱད་པར་བཞི་དང་ལྡན་པའི་མོས་གུས་ཡོད་ན། བྱིན་རླབས་འཕྲལ་དུ་འཇུག །ཡེ་ཤེས་སྐད་ཅིག་ལ་ཕེབས། མཆོག་དང་ཐུན་མོང་གི་འདོད་དོན་དཀའ་བ་མེད་པར་འགྲུབ་པར་འགྱུར་བ་ཡིན་པས། དེ་ལྟར་བསྐྱེད་འཚལ། འཁོར་ཕུན་སུམ་ཚོགས་པ་ནི། སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ། །རྒྱུད་བརྟན་ཞིང་དུལ་ལ། དད་བརྩོན་ཤེས་རབ་དང་ལྡན་པའི་སློབ་མ་ཞིག་དགོས་ན། མཚན་ཉིད་དང་ལྡན་པར་ལགས་པས། འདིར་ཚོགས་ཀྱི་མཆེད་ལྕམ་ཐམས་ཅད་ཕན་ཚུན་མིག་གི་འབྲས་བུ་ལྟར་གཅེས་པའི་བརྩེ་གདུངས་རྒྱུན་མི་ཆད་ཅིང་། ཐམས་ཅད་དག་པའི་སྣང་བ་ལྷ་དང་ལྷ་མོའི་རོལ་པར་བལྟ་འཚལ་ལོ། །ཡོ་བྱད་ཕུན་སུམ་ཚོགས་པ་ནི། སྒྲུབ་མཆོད་དང་དབང་གི་རྫས་སོགས་གང་དགོས་ཐམས་ཅད་མངོན་དུ་ཚོགས་པའི་ཡོ་བྱད་ཀྱི་རྣམ་པ་ཁྱད་པར་ཅན་འདི་དག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཐག་ཆོད་པར་མཛོད་ཅིག །དུས་ཕུན་སུམ་ཚོགས་པ་ནི། དེ་ལྟར་སྟོན་པ། འཁོར་གནས། ཡོ་བྱད་རྣམས་ལེགས་པར་འཛོམ་པའི་དུས་འདི་ཉིད་ཡིན་ཞིང་། ཁྱད་པར་དུའང་ངེས་འབྱེད་ལས། དང་པོ་སེམས་བསྐྱེད་འཇུག་དུས་སུ། །རྫས་ཀྱི་དབང་བཅུ་རྫོགས་པར་སྦྱིན། །ཞེས་པ་བསྙེན་པ་རྫོགས་ནས་ལྷག་པའི་སེམས་སྐྱེས་པ་ནི་དབང་བསྐུར་བའི་དུས་སུ་གསུངས་པ་ལྟར། སྐབས་སུ་བབས་པ་འདུས་པ་མདོའི་དབང་བསྐུར་བའི་བཀའ་སྲོལ་བཟང་པོ་འདིར་འཇུག་པའི་སྒོར། གནུབས་ཆེན་གྱིས། སྤྱི་དབང་ཆེན་པོའི་གླེང་གཞི་དང་། །ཞེས་གསུངས་པའི་དོན་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་ལས་བཀོལ་བའི་གླེང་གཞི་རྒྱུད་ཚིག་ཇི་ལྟ་བ་བཞིན་ལས། དབང་སོ་སོའི་ཕན་ཡོན་རྣམས་སྐབས་དེ་དང་དེར་འབྱུང་བས་ན། འདིར་ཚིག་སྦྱོར་ཅུང་ཟད་བསྡུས་ཏེ་འཆད་པར་བྱེད་པས་ལེགས་པར་གསན་འཚལ། དེ་ཡང་ཇི་སྐད་དུ། འདོད་ཁམས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་གྱོན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ལ། སློབ་མ་རྒྱལ་པོའི་ཕྲུ་གུ་ཞིག་ཡོད་པས། །བྲམ་ཟེས་སློབ་སྦྱངས་ལ་སོགས་པ་ཡོན་ཏན་མང་པོ་བསླབས་པ་ལས། རྒྱལ་བུ་ང་རྒྱལ་སྐྱེས་ཏེ་བསམ་པས། འདི་ན་ངའི་གོང་ན་སུ་ཡང་ཤེས་རབ་སྙེམས་ཅན་མེད་དེ་གོང་དུ་མི་འཆོར་ན། བྲམ་ཟེ་འདི་གོང་དུ་མི་བཏང་སྙམ་ནས། །བྲམ་ཟེ་བོས་ཏེ། རྒུན་ཆང་མང་དུ་བླུད་ནས་བཟི་རུ་བཅུག་སྟེ་མྱོས་པ་དང་། མིག་ཁབ་ཀྱིས་བཙགས། ལྕེ་ལྕགས་ཀྱུས་དྲངས་ཏེ་སྤུ་གྲིས་བཅད། ལུས་ལ་རུས་སྦལ་གྱི་ཁྲག་གིས་བྱུགས། བུད་མེད་མང་པོའི་ཞབས་མས་གྲིལ་ཅིང་མནན། སྒྱིད་པ་སྤུ་གྲིས་བྲེགས་ཏེ་བཞག་པ་དང་། བྲམ་ཟེ་དེ་མྱོས་པ་སངས་ནས། དྲུང་ན་སུ་འདུག་འབོད་པར་བརྩམས་པ་ན་ལྕེ་མེད་པས་སྨྲ་མ་ཤེས། བུད་མེད་མང་པོའི་ཞབས་མས་བསྟུམས་ཤིང་བྲིལ་བས་དྲན་པའང་ཆེར་ཉམས། ལྡང་བར་བསམ་པས་སྒྱིད་པས་ལྡང་མ་ནུས། སུ་འདུག་བལྟ་བར་མིག་གི་མ་མཐོང་། ལུས་རུས་སྦལ་གྱི་ཁྲག་གིས་བྱུགས་པས་ཆུ་བུར་དང་རྐོང་པོས་གང་བར་གྱུར་ཏེ། སྡུག་བསྔལ་ཞིང་ཉམ་ཐག་ནས། བྲམ་ཟེས་བསམ་པ། ང་ཁོ་ན་འདི་འདྲ་བར་གྱུར་པ། ཚེ་རབས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཞིག་ཡིན་ནམ། འོན་ཏེ་གོང་དུ་ཤོར་དོགས་པའི་ཕྲག་དོག་གིས་འདི་ལྟར་བྱས་སམ་སྙམ་ནས་ཡིད་ལ་བསམས་པ་དང་། རྒྱལ་བུ་སློབ་མས་གོང་དུ་ཤོར་གྱིས་དོགས་ནས་སྡུག་བསྔལ་གྱི་རྣམ་པ་དེ་དག་བྱས་པར་བྲམ་ཟེས་མངོན་ཤེས་ཀྱིས་རིག་ནས། བྲམ་ཟེས་དམོད་བོར་བ། འོ་རྒྱལ་པོའི་ཕྲུ་གུ་ཁྱོད་ལ། ངས་ལོ་ཟླ་དེ་སྙེད་ཅིག་ཏུ་སློབ་སྦྱོངས་བྱས་པས། ང་ལ་འདི་འདྲ་བའི་ལས་བྱེད་པ། ཁྱོད་ཀྱང་ཚེ་ལུས་འདི་ཉིད་ལ། ལུས་ལ་ནད་རྣམས་པ་དྲུག་གི་ཐེབས་ཤིང་། ཤ་ཟ་མོ་སྟོང་གི་ཚང་བཅའ་བར་གྱུར་ཅིག །མིག་ལོང་བར་ཤོག་ཅིག །ལྕེ་ལྐུགས་པར་ཤོག་ཅིག །རྐང་པས་འགྲོ་མི་ནུས་པར་ཤོག་ཅིག །ཚེ་འཕོས་ནས་ཀྱང་དམྱལ་བའི་གནས་སུ་ཡུན་རིང་དུ་སྐྱེས་ནས། ངན་སོང་གསུམ་གྱི་གནས་བརྒྱུད་པར་ཤོག་ཅིག །ཚེ་རབས་གྲངས་མེད་པར། འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་ཞིང་། བྱང་ཆུབ་ཀྱི་མྱུ་གུ་གཏན་ནས་སྐམས་པར་གྱུར་ཅིག་ཅེས་དམོད་པ་བོར་ཏེ། བྲམ་ཟེ་ཚེ་ལས་འདས་སོ། །དེ་ནས་རྒྱལ་བུ་དེ་རང་གི་ཉེས་བྱས་ཀྱི་རྣམ་སྨིན་དང་། བྲམ་ཟེའི་དམོད་པ་བོར་བ་འདོམ་ནས། ཚེ་དེ་ཉིད་ལ་ལུས་ལ་ནད་རྣམ་པ་དྲུག་གིས་ཕྱི་ནང་དུ་ཐེབས་ཏེ། ཤ་ཟ་མོ་སྟོང་གིས་ཚང་བཅས་ནས་འཇིབ། མིག་ནི་ལོང་། ལྕེ་ནི་ལྐུགས། རྐང་པ་ནི་ཞ། ལག་པ་ཡང་འཁུམས། ལུས་ཀྱང་འགུལ་མི་ནུས། སེམས་བྱང་ཆུབ་ཀྱི་མྱུ་གུའང་སྔོ་སྐམས་སུ་འགྱུར་བ་ལ་ཐུག །དེ་ནས་ཚེ་ལས་འདས་ཤིང་འཕོས་ནས་ཀྱང་དམྱལ་ཁམས་བཅུ་དྲུག་ཁ་བརྒྱུད་པ་སོགས་ངན་སོང་གསུམ་བརྒྱུད་དེ། བསྐལ་པ་གྲངས་མེད་པའི་བར་དུ་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མཐོང་བའི་སྐབས་མེད་དོ། །དེ་རྣམས་འཕོས་ནས་སེམས་ཅན་ཀྱི་ནང་ན་ལུས་སྲུལ་པོ་གཅེར་བུ་ཞེས་བྱ་བར་སྐྱེས་ནས། ཡང་ལུས་ལ་ནད་རྣམ་པ་དྲུག་གིས་ཐེབས་ཏེ་སྡུག་བསྔལ་བ་ལ། བཅོམ་ལྡན་འདས་རྣམ་པ་སྣང་མཛད་ཀྱི་ཐུགས་རྗེས་གཟིགས་ནས། དཔལ་ཕྱག་ན་རྡོ་རྗེ་ཐུགས་ཀ་ནས་ཕྱུངས་སོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེ་མདུན་དྲང་པོར་འདུག་སྟེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གྱི་ནང་ན་ལུས་སྲུལ་པོ་གཅེར་བུ་བ་དུཿཁ་སྣ་ཚོགས་ཀྱིས་ཉེན་པ་འདི་ལྟ་བུ་གདའ་བ། རྒྱུ་དང་རྐྱེན་ཇི་ལྟ་བུ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ལུས་སྲུལ་པོ་གཅེར་བུ་འདི་ནི་སྔོན་བསྐལ་པ་གྲངས་མེད་པའི་གོང་དུ་རྒྱལ་བུ་ཞིག་ཏུ་སྐྱེས་པ་ལ། སློབ་དཔོན་བྲམ་ཟེ་ཞིག་གི་ལུས་ལ་ངན་སྣ་ཚོགས་བྱས་པའི་རྣམ་སྨིན་དང་། བྲམ་ཟེའི་དམོད་པ་འདོམ་པའི་དབང་གིས། ད་ལྟར་ཡང་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་ལ་ཐུག །ལུས་ཀྱི་རྒྱུད་ནི་ཤིན་ཏུ་ཉོན་མོངས་ཤིང་སྡུག་བསྔལ། དེ་ལས་འདས་ནས་དམྱལ་ཁམས་ཀྱི་ཁ་བརྒྱུད་དེ་ཐར་པའི་དུས་མེད་པར་གྱུར་ཏོ། །དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ཉོན་མོངས་པའི་སེམས་ཅན་འདི་ཐུགས་རྗེས་བཟུང་དུ་གསོལ། ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་སོང་ལ། ཁྱོད་ཀྱིས་སེམས་ཅན་ཉམ་ཐག་པ་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་དབང་དམ་པ་ཐོབ་པར་བྱེད་པ་འདི་རྣམས་ཀྱིས་སྲུངས་ལ་སྡུག་བསྔལ་གྱི་ནད་རྣམས་བསལ་བ་དང་། ངན་སོང་དམྱལ་ཁམས་སུ་སྐྱེ་བ་ལ་སླར་བཟློག་པར་བྱ་བ་དང་། མཐོ་རིས་ཀྱི་གནས་སུ་སྐྱེ་བར་འགྱུར་བའི་ཐབས་དབང་འདི་དག་བསྐུར་བའི་ལས་བྱོས་ཤིག །ཅེས་བཀའ་སྩལ་པ་དང་། ལག་ན་རྡོ་རྗེ་རྗེས་སུ་ཡི་རང་ནས། སླར་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དབང་ཐམས་ཅད་ཀྱི་རང་བཞིན་བཤད་དུ་གསོལ། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་རིགས་བཙུན་པར་སྐྱེས་པའི་ཚེ། །རྒྱལ་སྲིད་འབངས་ཀྱིས་ཕུལ་བ་ན། །ཚིག་བཙན་ཡུལ་ལ་དབང་བསྒྱུར་བའི། །ས་བདག་རྒྱལ་པོར་གནས་པ་བཞིན། །བཅོམ་ལྡན་བྱང་ཆུབ་སྤྱོད་པའི་ཚེ། །བདེ་གཤེགས་ལྷ་ཀླུ་འཁོར་བཅས་ཀྱིས། །དབང་བསྐུར་རྫས་ཀྱིས་མངའ་གསོལ་བས། །དེ་ནས་བྱང་ཆུབ་མངོན་སངས་རྒྱས། །དེ་བཞིན་ཕྱག་རྒྱས་གནས་བསྲུང་སྟེ། །གསང་དབང་བུམ་པས་སྡིག་པ་བཀྲུ། །འཕྲེང་བ་ཚུལ་ཁྲིམས་ཅོད་པན་དང་། །རྣམ་ལྔའི་ཐུར་མས་བག་ཆགས་བསལ། །མེ་ལོང་འཁོར་ལོའི་སྟེགས་བཙུགས་ཏེ། །ཆོས་དུང་རྡོ་རྗེ་རྒྱ་གྲམ་དང་། །རིན་ཆེན་སྣ་བདུན་དགོས་པ་སྐོང་། །རལ་གྲིས་ཤེས་རབ་སེངྒེ་སྒྲ། །ཉི་ཟླ་ཐབས་དང་ཤེས་རབ་དང་། །མདའ་གཞུ་ཞི་གནས་ལྷག་མཐོང་དང་། །འབྲས་བུ་བཀྲ་ཤིས་རྫས་བརྒྱད་སྦྱིན། །བདེན་པའི་བཀའ་བརྗོད་བདེན་བརྡར་ནས། །ཏིང་འཛིན་ཚངས་པའི་གླུ་དབྱངས་དང་། །རྟེན་འབྲེལ་རྫས་རྣམས་ཚོགས་བྱས་ནས། །དབང་ཆོག་དེས་ནི་དབང་བསྐུར་རོ། །ཞེས་འབྱུང་སྟེ། ཕྱག་རྒྱའི་དབང་དང་། གསང་བའི་དབང་དང་། བུམ་པའི་དབང་དང་། ཕྲེང་བའི་དབང་དང་། ཅོད་པན་གྱི་དབང་དང་། ཐུར་མའི་དབང་དང་། མེ་ལོང་གི་དབང་དང་། འཁོར་ལོའི་དབང་དང་། དུང་གི་དབང་དང་། རྡོ་རྗེ་རྒྱ་གྲམ་གྱི་དབང་དང་། རིན་ཆེན་སྣ་བདུན་གྱི་དབང་དང་། རལ་གྲིའི་དབང་དང་། སེང་གེའི་དབང་དང་། ཉི་ཟླའི་དབང་དང་། མདའ་གཞུའི་དབང་དང་། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་དང་བཅུ་དྲུག་གོ། །དེ་ནས་ལག་ན་རྡོ་རྗེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པར་དག་པའི་ཕྱག་རྒྱ་བཅིངས་ཏེ། སེམས་ཅན་ལུས་སྲུལ་པོ་དེའི་གནས་ལྔར་གཏུགས་ཤིང་བསྐྲད་པས་ཤ་ཟ་མོ་སྟོང་ཡོད་པ་བྱེར་ཏོ། །དེ་ནས་འདུ་འབྲལ་མེད་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་མྱུ་གུ་སོས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱི་བརླབས་སོ། །དེ་ནས་དེ་བཞིན་གཤེགས་པའི་ཐུགས་རྗེས་བྱིན་གྱིས་བརླབས་པའི་བདུད་རྩིའི་བུམ་པའི་དབང་བསྐུར་བས་ལུས་མི་བདེ་བའི་ནད་རྣམས་དག་ཅིང་བྱང་བར་གྱུར་ཏོ། །མེ་ཏོག་གི་ཕྲེང་བས་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕྲེང་བ་ཞིག་རལ་ཡོངས་སུ་རྫོགས་ནས་ངན་སོང་གསུམ་དུ་ལྟུང་བ་ལས་ལྡོག་པའི་དབང་ཐོབ་པར་གྱུར་ཏོ། །ཅོད་པན་གྱི་དབང་བསྐུར་བས་ཁམས་གསུམ་ན་གནས་ཀྱང་སྦྱོར་བ་ངན་པའི་བག་ཆགས་དང་བྲལ་བར་གྱུར་ཏོ། །ཐུར་མའི་དབང་བསྐུར་བས་མ་རིག་པའི་ལིང་ཐོག་འཐིབས་པོ་བྱང་ནས་གསལ་བར་གྱུར་ཏོ། །མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་ངོ་། །འཁོར་ལོའི་དབང་བསྐུར་བས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཏེ་ཁམས་གསུམ་གྱི་གནས་ཐམས་ཅད་དུ་འགྲོ་ནུས་པར་གྱུར་ཏོ། །དུང་གི་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པར་གྱུར་ཏོ། །རྒྱ་གྲམ་གྱིས་ཕྱོགས་བཅུ་ནས་སྔགས་འཆང་རྣམས་ཀྱིས་བསྲུང་བར་གྱུར་ཏོ། །དེ་ནས་རིན་པོ་ཆེ་སྣ་བདུན་ནམ་མཁའ་ལས་བརྒྱུད་མར་བྱུང་སྟེ་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཆོག་སྤྲིན་ཕུང་ཞེས་བྱ་བར་གྱུར་ཏོ། །དེ་ནས་ཡེ་ཤེས་ཀྱི་རལ་གྲིས་དབང་བསྐུར་བས་དུག་གསུམ་གཟུང་འཛིན་གྱི་འཁྲུལ་པ་རྒྱུན་ཆད་དེ་བག་ཆགས་ཐམས་ཅད་བྱང་ཞིང་དག་པའི་ཤེས་རབ་དང་ལྡན་པར་གྱུར་ཏོ། །དེ་ནས་བརྗིད་པའི་སེང་གེ་མྱུར་བའི་གཟུགས་ཞིག་ལག་ཏུ་བྱིན་ཏེ་དབང་བསྐུར་བས་གསུང་རབ་རྒྱ་མཚོའི་སྒྲས་ལོག་པའི་ཕྱོགས་ཟིལ་གྱིས་མནན་ནས་སྐད་ཅིག་མ་གཅིག་གིས་སྟོང་སྤྱི་ཕུད་ཀྱི་སྟེང་དུ་མངོན་པར་སངས་རྒྱས་ཏེ། ལུས་སྲུལ་པོའི་དེའི་མཚན་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ལེགས་སོ་ཞེས་བྱ་བས་བསྟོད་དོ། །དེ་ནས་ཉི་ཟླ་ཕྱག་ཏུ་གཏད་དེ་དབང་བསྐུར་བས། དེ་མ་ཐག་ཏུ་ཉི་མས་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་མཐའ་མེད་པར་ཤར་བས་དྲོ་ཞིང་འཇམ་པར་གྱུར་ཏོ། །ཟླ་བས་སྟོང་གསུམ་གྱི་མུན་པ་ཐམས་ཅད་དུས་གཅིག་ཏུ་བསལ་ནས་དུས་དང་རྣམ་པར་ཐམས་ཅད་དུ་བསིལ་ཞིང་སྣང་བར་གྱུར་ཏེ། དེས་ཐམས་ཅད་མཁྱེན་པའི་གོ་འཕང་ཆེན་པོ་རྫོགས་པར་གྱུར་ཏོ། །དེ་ནས་མདའ་གཞུ་ཕྱག་ཏུ་ཕུལ་བས་ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་བའི་ཡེ་ཤེས་དག་པའི་རྩེ་མོ་ལ་གནས་པར་གྱུར་ཏོ། །དེ་ནས་ཐམས་ཅད་དུ་བཀྲ་ཤིས་ཤིང་གྲུབ་པའི་རྫས་སུ་གསུངས་པ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འོག་མིན་གྱི་ལྷ་དང་། འདོད་ཁམས་ཀྱི་ལྷ་དང་། ས་བདག་དང་། རིགས་ཀྱི་བྲམ་ཟེ་དང་། གང་ཟག་དད་པས་བསམ་ཞིང་རིག་པའི་གླང་པོ་དང་། མཁྱེན་པའི་དཔལ་ལ་སོགས་ཏེ་ལེགས་པའི་སྦྱིན་གནས་སུ་བསྐྱེད་པའི་ཕྱིར་བཀྲ་ཤིས་ཀྱིས་མངའ་གསོལ་ནས། འགྲོ་བ་གཞན་ལ་ཕན་པའི་དོན་དུ་ཚིགས་སུ་བཅད་པས་བསྟོད་པ། དེ་བཞིན་གཤེགས་པ་དགྱེས་པ་དགྱེས་པ་ཀྱེ། །རྡོ་རྗེ་བདག་ཡོངས་གཏན་དུ་མ་བཏང་ཞིག །ཡུངས་ཀར་དངོས་གྲུབ་བགེགས་ཀྱི་སྦྱོར་བ་རྣམ་འཇོམས་དང་། །ཞོ་ཡིས་རྒྱས་བྱེད་ཏིང་འཛིན་བཅུད་ཀྱིས་འཚོ་བ་དང་། །དུརྦས་དགེ་བའི་རྩ་བ་དཔག་མེད་ཚོགས་ལྡན་དང་། །ལི་ཁྲིས་ལྷ་མོ་མང་པོ་དབང་དུ་སྡུད་པ་དང་། །མེ་ལོང་གིས་ནི་ཆོས་ཀུན་གཟུགས་བརྙན་ལྟར་རྟོགས་དང་། །དུང་གིས་འཇིག་རྟེན་གསུམ་དུ་གྲགས་པ་ཐོབ་པ་དང་། །གིའུ་ཝཾ་དུག་གསུམ་ཞི་བྱེད་ཆོས་སྲོག་འཚོ་བ་དང་། །བིལྦས་བླ་མེད་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །ཅེས་གསུངས་པ་ལྟར། དེ་སྐད་བརྗོད་ནས་བཀྲ་ཤིས་པའི་རྫས་ཀྱིས་མངའ་གསོལ་བས་སོ་སོའི་ཡོན་ཏན་ཇི་སྐད་གསུངས་པ་བཞིན་བཀྲ་ཤིས་པར་གྱུར་ཏོ། །དེ་ལྟ་བས་ན་རང་གཞན་གྱི་རྒྱུད་ཀྱི་སྡིག་པ་མཚམས་མེད་པ་ལྔ་དང་། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རྣམས་འདག་པ་ལྟ་ཅི་སྨོས། བླ་མ་ལ་བརྙས་པ་ལ་སོགས་ཏེ་འདའ་དཀའ་རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་པའི་རྣམ་སྨིན་རྣམས་ཀྱང་དབང་བསྐུར་བའི་ཕྲིན་ལས་ཁྱད་པར་ཅན་འདིས་འབྱང་ཞིང་འདག་པར་འགྱུར་བ་ནི་རྨད་དུ་བྱུང་བའི་ཕྲིན་ལས་ཏེ། དོན་ཆེན་པོ་དང་ལྡན་པར་གདའ་བས་དགའ་བ་དང་སྤྲོ་བ་ཡང་དག་པར་མཛོད། དེས་གླེང་གཞི་བཤད་པའི་རིམ་པ་སོང་ནས། །ད་ནི་དབང་དེ་དག་བསྐུར་ཡང་མི་ཆགས་པའི་གེགས་བརྒྱད་བཤད་པར་བྱ་སྟེ། སངས་རྒྱས་ཀུན་གྱི་དངོས་གྲུབ་མཆོག །དབང་དང་བྱིན་རླབས་འབྱུང་བ་ནི། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །ཉི་ཟླའི་གཟུགས་བརྙན་འབྱུང་འགྱུར་གྱི། །རྙོག་པའི་ཆུ་ལ་འགག་འགྱུར་བཞིན། །བྱིན་རླབས་དབང་མཆོག་འབྱུང་བའི་གེགས། །རྣམ་པ་བརྒྱད་དུ་འབྱུང་བར་བཤད། །སྔོན་འབྱུང་སྟོན་པ་སློབ་དཔོན་ལ། །བཀའ་ཅོག་བརྙས་པ་བྱེད་པ་ནི། །དབང་དང་དངོས་གྲུབ་དང་པོའི་གེགས། །བླ་མེད་འགྲོ་བའི་རྡོ་རྗེ་སྤུན། །འཁུ་ལྡོག་གདུང་བའི་སེམས་མེད་ན། །དབང་དང་དངོས་གྲུབ་གཉིས་པའི་གེགས། །བྱང་ཆུབ་སེམས་ལ་འདུད་མེད་ཅིང་། །ཐར་ལམ་འདྲེན་པའི་ལྷ་སྤོང་བ། །དངོས་གྲུབ་འབྱུང་བའི་གེགས་གསུམ་པ། །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་གེགས་བཞི་པ། །གསང་སྔགས་གསང་བའི་ལྟ་སྤྱོད་རྣམས། །ཡོངས་ལ་སྦྱིན་པ་ལྔ་པའི་གེགས། །ཐར་ལམ་སྟོན་ལ་འདུད་མེད་ཅིང་། །སེར་སྣས་བཅིངས་པ་དྲུག་པའི་གེགས། །གཟུ་ལུམ་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གེགས་བདུན་པ། །འདོད་པ་ཁེ་གྲགས་ལྷུར་ལེན་ཅིང་། །གསང་བའི་དམ་ཚིག་སྤོང་བ་ནི། །འདི་ནི་བརྒྱད་པའི་གེགས་སུ་བསྟན། །ཉམས་པ་འདི་དག་སུས་སྤོང་བ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །ཅེས་སྒྲག་ཅིང་དོན་བཤད། འདིར་རྨི་ལམ་བརྟག་པའི་རྐང་པ་གསུམ་སྦྲེལ་བ་ནི་སློབ་མ་སྟ་གོན་གྱི་ཤན་ཤོར་བར་སྣང་བས་མི་དགོས་སོ། །དེ་ལྟར་དབང་མི་ཆགས་པའི་རྒྱུ་གེགས་བརྒྱད་ལས་ལྡོག་པར་གདམས་ནས། སྔར་བཤད་པ་བཞིན་ཕན་ཡོན་ཁྱད་པར་ཅན་གྱི་གླེང་གཞི་དང་འབྲེལ་བར་མཚམས་མེད་ལྔ་སྦྱོངས་ཀྱི་ཕྲིན་ལས་རྨད་དུ་བྱུང་བ་སྟེ། དེའང་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་དུ་རིམ་གྱིས་འཇུག་པའི་ཐོག་མར་རྒྱུད་སྦྱོང་བའི་སྤྱི་ཁྲུས་སྒོ་འབྱེད་དུ་གྲགས་པ་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། སློབ་མའི་བྱ་བ་བླ་མ་དང་གསང་བདག་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་དུ་འཇུག་ཅིང་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། གསོལ་བ་གདབ་པ་ནི། གསང་བདག་གཙོ་བོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཅེས་ལན་གསུམ། དེ་ནས་བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ཐ་མི་དད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སད་པར་མོས་ལ་རྒྱུན་བཤགས་ཡན་ལག་བརྒྱད་པ་ནི། ཐལ་མོ་སྦྱར་ཏེ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དེ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་གྱིས་རྒྱུད་དག་པར་བྱའོ། །འདིར་ཕྱག་དང་སྐྱབས་སེམས་ལེན་ཆོག་སྤྱི་བྱེ་བྲག་མང་པོ་མཛད་པའི་སྲོལ་སྣང་ཡང་ཡིག་རྙིང་རྣམས་སུ་མི་འབྱུང་ཞིང་། འདི་ལ་མ་ཚང་བའང་མེད་པས་དེ་ཙམ་མོ། དེ་ནས་སྦྱོར་བ་ངན་སོང་གི་ལས་སྒྲིབ་སྦྱང་བའི་སྒོ་ནས་དཀྱིལ་འཁོར་དུ་དྲང་བ་ནི། བུས་ཐལ་མོ་སྦྱར་ཏེ། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ལན་གསུམ། གནང་བ་བྱིན་པ་ནི་རུས། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ངན་སོང་གསུམ་དུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་ཆོག་སྦྱིན་པར་བྱ། །ཞེས་ལས་ཀྱི་རྡོ་རྗེས་ནང་དུ་དྲངས་ཏེ་དབང་སྟེགས་ལ་བཀོད། དེ་ནས་ཉེས་བྱས་ལ་བཤགས་སྡོམས་ཀྱི་བསམ་པ་དྲག་པོས། ཀྱེ་མ་ཀྱེ་ཧུད་བདག་འདྲ་བས། །ལས་ངན་རྣམ་སྨིན་མྱོང་འགྱུར་ན། །ཉེས་བྱས་འགྱོད་པས་མཐོལ་ལོ་བཤགས། །མགོན་པོའི་ཐུགས་རྗེས་བདག་སྒྲོལ་ཅིག །དེ་ནས་སློབ་བུས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུ། ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམ་པར་གནས་པ་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ་གསུམ་གནས་པར་བསམ་ཞིང་། སློབ་དཔོན་གསང་བདག་ཏུ་གསལ་བའི་ལག་པ་གཡས་གཡོན་གྱི་སོར་མོ་ལྔ་ལ་ས་བོན་འབྲུ་ལྔ་ལས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པ་རྗེས་ཆགས་ཀྱིས་སྦྱོར་བར་བསམ་ཞིང་། ༀ་སུ་ར་ཏ་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བནྡྷ་བཾ་གྱིས་བསྡམས་ནས། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་ལས་ཀྱིས་དམྱལ་བར་སྐྱེ་འགྱུར་གྱིི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ན་ར་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་ཕྱག་རྒྱ་བཀྲོལ་ནས་སྤྲུག་ཅིང་། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་སྔར་བསྔགས་པའི་བྱེ་མའམ་ཡུངས་ཐུན་གྱིས་བྲབས་པས་དུ་ཡིག་ཉམས་སྨད་པར་བསམ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་དུ་ཡིག །རཾ་ཡཾ་ཁཾ་ཞེས་སྦྱངས། ཨ་ཞེས་བརྗོད་པས་དུ་ཡིག་མི་དམིགས་པ་སྟོང་པ་ཉིད་དུ་ཐིམ་པས་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་པར་བྱས་པ་ཡིན་ནོ། །དེ་ནས་སོར་མོའི་རིགས་ལྔ་གསལ་བཏབ་ལ། ༀ་སུ་རུ་ཏ་སྟྭཾ། བཛྲ་ཨཉྫ་ལི། བཛྲ་བནྡྷ་བཾ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། །རིགས་ཀྱི་བུ་འདིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ལས་ཀྱིས་ཡི་དྭགས་སུ་སྐྱེ་འགྱུར་གྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །པྲེ་ཏ་ཀ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་རྒྱ་སྤྲུག །ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་ཐུན་བྲབ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྙིང་གའི་པྲེ་ཡིག །རཾ་ཡཾ་ཁཾ་ཞེས་སྦྱངས། ཨ་ཞེས་པྲེ་ཡིག་མི་དམིགས་པས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་པར་བྱས་པ་ཡིན་ནོ། །དེ་ནས་སྔར་ལྟར། ༀ་སུ་ར་ཏ་སྟྭཾ། བཛྲ་ཨཉྫ་ལི། བཛྲ་བནྡྷ་བཾ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་རིགས་ཀྱི་བུ་འདིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་ལས་ཀྱིས་དུད་འགྲོར་སྐྱེ་འགྱུར་གྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཏིརྻ་ཀ་ག་ཏི་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་རྒྱ་སྤྲུག །ༀ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏི་ཧེ་ཏཾ་ཧཱུཾ་ཕཊ། ཅེས་ཐུན་བྲབ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ལྟེ་བའི་ཏྲི་ཡིག །རཾ་ཡཾ་ཁཾ་ཞེས་སྦྱངས། ཨ་ཞེས་ཏྲི་མི་དམིགས་པར་ཐིམ་པས་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་པར་བྱས་པ་ཡིན་ནོ། །ཞར་བྱུང་ང་རྒྱལ་དང་ཕྲག་དོག་སོགས་ཀྱི་ལས་སྒྲིབ་སྦྱང་བའི་ཕྱིར། ཐུན་བྲབ་ཅིང་། ངན་འགྲོ་སྤྱི་གཅོད་དུ། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛྭ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ན་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ནང་སེམས་མི་འཁྲུག་ཅིང་ཞིང་རྣམ་པར་དག་པར་སྐྱེ་བའི་ཕྱིར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ། རིགས་ཀྱི་བུ་འདིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད། དེ་ནས་སློབ་བུ་ཕྱག་ན་རྡོ་རྗེའི་རྣམ་པས་འཁོད་པ་ཉིད་ཀྱིས་དངོས་གཞི་མཆོག་དབང་བཅུ་དྲུག་ཞུ་བའི་སླད་དུ། ཐལ་མོ་སྦྱར་ཏེ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བས་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་འོག་མིན་གྱི་ཞིང་དུ་སོང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་དམ་བསྐུལ་བས། ཐུགས་ཀ་ནས་དབང་གི་ལྷ་གསང་བདག་ཕྱག་ན་རྡོ་རྗེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲིན་ཕུང་མཐའ་ཡས་པར་འཕྲོ་བ་འཐོན་ཏེ་མདུན་གྱི་ནམ་མཁར་བྱོན། དེ་ཉིད་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་རྣམས་རིམ་པར་བསྐུར་བའི་མོས་པ་བྱེད་དུ་བཅུག་ལ། དང་པོ་ཕྱག་རྒྱའི་དབང་ནི། རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རབ་རྫོགས་ཏེ། །ཡེ་ཤེས་ལྔ་པོ་མྱུར་དུ་རྟོགས་པར་ཤོག །རྡོ་རྗེ་བསྡམས་པ་ལས་རིགས་སོ་སོའི་སོར་མོ་གཤིབས་ཏེ་སྒྲེང་བ་མགོ་བོའི་གནས་ལྔར་བཞག་སྟེ། ༀ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ༀ་བུདྡྷ༴ ༀ། ༀ་རཏྣ༴ ཏྲཾ། ༀ་པདྨ༴ ཧྲཱིཿ ༀ་ཀརྨ༴ ཨཱཿ ཞེས་དང་། རིན་པོ་ཆེའི་དབུ་རྒྱན་སྤྱི་བོར་བསྐོན་ཏེ། ཡེ་ཤེས་རིན་ཆེན་དབུ་རྒྱན་འདིས། །རྒྱལ་བ་སངས་རྒྱས་ཀུན་འདུས་པ། །གཟི་བརྗིད་རིག་སྔགས་རྒྱལ་བའི་དབུ། །བུ་ཁྱོད་གཙུག་ན་ནོར་བུ་འབར། །ༀ་རཏྣ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པར་དག་པའི་ཕྱག་རྒྱ་བཅིངས་ཏེ། སེམས་ཅན་ལུས་སྲུལ་པོ་དེའི་གནས་ལྔར་གཏུགས་ཏེ་བསྐྲད་པས་ཤ་ཟ་མོ་སྟོང་ཡོད་པ་བྱེར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་ཕྱག་རྒྱ་དབུ་རྒྱན་གྱི་དབང་བསྐུར་བས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་གསང་དབང་ནི། གསང་བདག་གི་སྐུ་རྟེན་སྤྱི་བོ། ཐུགས་རྟེན་རྡོ་རྗེ་ལག་གཡས། གསུང་རྟེན་དྲིལ་བུ་གཡོན་དུ་གཏད་དེ། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །སྐུ་གསུང་ཐུགས་དང་ལྡན་པ་དང་། །གསང་བ་གསང་ཆེན་ཡང་གསང་གི། །བདག་པོར་ཁྱོད་ནི་དབང་བསྐུར་རོ། །ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ། བུདྡྷ་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་འདུ་འབྲལ་མེད་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་སོས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་གསང་བ་རྡོ་རྗེ་གསུམ་གྱི་རྟེན་བྱིན་ཏེ་དབང་བསྐུར་བས། རིགས་ཀྱི་ནུས་པ་གསོས་ཐེབས་ནས་སྒོ་གསུམ་གསང་བདག་གི་སྐུ་གསུང་ཐུགས་རྡོ་རྗེར་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་སྟེ། རིན་ཆེན་སྣ་ཚོགས་རྒྱུ་ལས་བྱུང་། ཁ་དོག་དབྱིབས་དང་ལྡན་པ་ཡི། །ཤེས་རབ་ཡུམ་གྱི་བུམ་པ་འདིས། །འགྲོ་དོན་མཆོག་ཏུ་དབང་བསྐུར་རོ། །ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། ཞེས་བུམ་ཆུ་གཏིགས་ཤིང་ཁྲུས་བྱ། སྔོན་གསང་བདག་གི་དེ་བཞིན་གཤེགས་པའི་ཐུགས་རྗེས་བྱིན་གྱིས་བརླབས་པའི་བདུད་རྩི་བུམ་པའི་དབང་བསྐུར་བས་ལུས་མི་བདེ་བའི་ནད་རྣམས་བཀྲུས་ཏེ་དག་ཅིང་བྱང་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་བུམ་ཆུའི་དབང་བསྐུར་བས་ནད་རྣམས་བྱང་ནས་རང་སེམས་སྤྲོས་བྲལ་ཡེ་ཤེས་ལྔ་དང་ལྡན་པས་འགྲོ་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་མེ་ཏོག་ཕྲེང་བ་མགོར་བཅིངས་ཏེ། བྱང་ཆུབ་ཡན་ལག་མེ་ཏོག་ཐོད། ཁམས་གསུམ་བཙུན་པའི་བདག་པོ་སྟེ། །བདེ་གཤེགས་མཆོད་པ་ཐོབ་པར་དང་། །འགྲོ་དོན་བྱེད་པར་དབང་བསྐུར་རོ། །ༀ་རཏྣ་པུཥྤ་མཱ་ལེ་ཨ་བྷི་ཥཉྩི་ཏྲཱཾ། སྔོན་གསང་བདག་གིས་མེ་ཏོག་ཕྲེང་བའི་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕྲེང་བ་ཡོངས་སུ་རྫོགས་ནས་ངན་སོང་དུ། ལྟུང་བ་ལས་ལྡོག་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་མེ་ཏོག་ཐོད་ཀྱི་དབང་བསྐུར་བས་ཚུལ་ཁྲིམས་རྫོགས་ཤིང་སྒྲིབ་གཉིས་བྱང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་དར་སྣ་ཚོགས་པའི་ཅོད་པན་བཅིངས་ཏེ། ཡེ་ཤེས་བདག་ཉིད་ཅོད་པན་འདིས། །ཀླུ་གདུག་གནོད་པས་མི་བརྫི་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །རྒྱན་མཆོག་དམ་པས་དབང་བསྐུར་རོ། །ༀ་བཛྲ་སཏྭ་ཨ་བྷི་མཾ་ས་ན་ཨ་བྷི་ཥིཉྩ་ཧྲཱིཿ སྔོན་གསང་བདག་གིས་ཅོད་པན་གྱི་དབང་བསྐུར་བས་ཁམས་གསུམ་ན་གནས་ཀྱང་སྦྱོར་བ་ངན་པའི་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་ཅོད་པན་གྱི་དབང་བསྐུར་བས་ཁམས་གསུམ་དུ་གནས་ཀྱང་སྲིད་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །དྲུག་པ་ཐུར་མ་ཐོགས་ཏེ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མིག་གི་རབ་རིབ་བསལ་བ་བཞིན། །བུ་ཁྱོད་མ་རིག་འཐིབས་པོ་ཡི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་ཙཀྵུ་ཙཀྵུ་ཛྙཱ་ན་ཙཀྵུ་སྭཱཧཱ། སྔོན་གསང་བདག་གིས་ཐུར་མའི་དབང་བསྐུར་བས་མ་རིག་པའི་ལིང་ཐོག་འཐིབས་པོ་བྱང་ནས་གསལ་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་ཐུར་མ་རྣམ་པ་ལྔའི་དབང་བསྐུར་བས་མ་རིག་པའི་ལིང་ཐོག་བསལ་ཏེ་སྤྱན་ལྔ་དང་ལྡན་པར་གྱུར་ཅིག །བདུན་པ་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པ་ཡི། །དོན་དམ་ཆོས་ཉིད་རྟོགས་པར་འགྱུར། །ༀ་བཛྲ་ཨཱ་དཪྴ་ཨ་བྷི་ཥིཉྩ་ཧཱུྃ། སྔོན་གསང་བདག་གིས་མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་ངོ་། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་འཁོར་ལོ་རྐང་འོག་ཏུ་བྱིན་ཏེ། འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗིད་པའི་གདན་གྱི་འབྲུ་བཀོད་ནས། །གཞན་དོན་འདི་ལ་ཕན་བྱའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་མཛོད། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བདག་གིས་འཁོར་ལོའི་དབང་བསྐུར་བས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཏེ་ཁམས་གསུམ་གྱི་གནས་ཐམས་ཅད་དུ་འགྲོ་ནུས་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་འཁོར་ལོའི་དབང་བསྐུར་བས་ཁམས་གསུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དམ་པ་ཐོབ་གྱུར་ཅིག །དགུ་པ་དུང་གཏད་དེ། ཆོས་དུང་རྒྱས་པར་བུས་ནས་ནི། །འཇིག་རྟེན་སེམས་ཅན་སྐལ་ལྡན་ལ། །རྣ་བསལ་སྡིག་སྦྱངས་ཆོས་ཐོས་པའི། །སྐྱོབ་པ་མགོན་པའི་ཚངས་སྐད་སྒྲོགས། །ༀ་བྷྲ་མ་ཝཱ་ཀ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བདག་གིས་དུང་གི་དབང་བསྐུར་བས་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་དུང་གི་དབང་བསྐུར་བས་ཚངས་པའ་ིསྐད་ཀྱིས་ཆོས་སྟོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་པ་རྒྱ་གྲམ་སྤྱི་བོར་བཞག་སྟེ། དོགས་དང་སོམ་ཉི་གཉིས་མེད་ལ། །གཙུག་ཏུ་རྒྱ་གྲམ་དབང་བསྐུར་བས། །རྡོ་རྗེ་འཛིན་པ་རྣམས་ཀྱིས་ཀྱང་། །དེ་ལ་བསྲུང་བ་ཉིད་དུ་འགྱུར། །ༀ་བི་ཤྭ་བཛྲ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བདག་གིས་རྒྱ་གྲམ་གྱི་དབང་བསྐུར་བས་ཕྱོགས་བཅུ་ནས་སྔགས་འཆང་རྣམས་ཀྱིས་བསྲུང་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་རྡོ་རྗེ་རྒྱ་གྲམ་གྱི་དབང་བསྐུར་བས་ཕྱོགས་བཅུ་དུས་གསུམ་གྱི་རིགས་སྔགས་འཆང་རྣམས་ཀྱིས་བསྲུང་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་རྡོ་རྗེ་རྒྱ་གྲམ་གྱི་དབང་བསྐུར་བས་ཕྱོགས་བཅུ་དུས་གསུམ་གྱི་རིགས་སྔགས་འཆང་གྲུབ་པ་རྣམས་ཀྱིས་རྟག་ཏུ་བསྲུང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་གཅིག་པ་ནི། སྔོན་གསང་བདག་གིས་དབང་བསྐུར་བའི་དུས་ན། རིན་པོ་ཆེ་སྣ་བདུན་ནམ་མཁའ་ལས་བརྒྱུད་མར་བྱུང་སྟེ། འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ཞིག་ལག་ཏུ་བབས་པས་དེ་མ་ཐག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་སྡོམས་པའི་མཐུ་དང་ལྡན་པར་གྱུར་ནས་སངས་རྒྱས་ཀྱིས་ས་ལ་ངེས་པར་ལུང་བསྟན་ཏོ། །དེ་ནས་གླང་པོ་རིན་པོ་ཆེ་ཐལ་ཀར་འདུག་པ་ཡན་ལག་བདུན་དང་ལྡན་པ་ཞིག་མདུན་དུ་བབས་ནས་སྣས་བླངས་ཏེ་སྟེང་དུ་བཞག་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་མཐོང་ཐོས་ཀྱི་གནས་སུ་ངེས་པར་འདེགས་ནུས་པའི་ཐབས་དང་ལྡན་པ་ཞིག་ཏུ་གྱུར་ཏོ། །དེ་ནས་རྟ་རིན་པོ་ཆེ་སྤྲིན་གྱི་ཤུགས་འཆང་གཙུག་ན་རིན་པོ་ཆེ་ཅན་ཞིག་ལག་ཏུ་བབས་པས་མི་གནས་པའི་དབྱིངས་སུ་ཐོགས་པ་མེད་པར་གྱུར་ཏོ། །དེ་ནས་ནོར་བུ་རིན་པོ་ཆེ་འོད་འབར་བ་ཞིག་སྤྱི་བོའི་གཙུག་ཏུ་བབས་པས་ཕྱི་ནང་ཐམས་ཅད་ཀྱི་མུན་པ་བསལ་ཏེ་བསམ་པ་ཡིད་བཞིན་དུ་འབྱུང་བའི་ཡོན་ཏན་དང་ལྡན་པར་གྱུར་ཏོ། །དེ་ནས་དམག་དཔོན་རིན་པོ་ཆེ་ལུས་ལ་འོད་འབར་བ་ཕྱག་ན་མཚོན་ཆ་ཐོགས་པ་འཇིགས་པ་ཞིག་དཔྲལ་བར་བབས་པས་ཕྱོགས་བཅུ་ཐམས་ཅད་ནས་བདོ་ཞིང་རྒོལ་བ་རྣམས་ཤིན་ཏུ་ཟིལ་གྱིས་ནོན་ཅིང་སྤ་བཀོང་པར་གྱུར་ཏོ། །དེ་ནས་བཙུན་མོ་རིན་པོ་ཆེ་འོད་འབར་བ་ཆགས་པའི་སྤྱན་གསུམ་དང་ལྡན་པ་ཞིག་ལག་གཡོན་པར་བབས་པས་དེ་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་དུ་འབྲེལ་ཏེ། བདེན་པ་མ་ནོར་བའི་དོན་ལ་ཆགས་པ་མི་གཏོང་བར་བྱེད་པའི་གཟུངས་དང་ལྡན་པར་གྱུར་ཏོ། །དེ་ནས་བློན་པོ་རིན་པོ་ཆེ་འོད་འབར་བ་ཤེས་པ་གསལ་བ་གཞན་གྱིས་བལྟར་མི་མངོན་པ་ཞིག་ལག་གཡས་པར་བབས་པས་བློ་དང་བརྩོན་འགྲུས་ལྡན་པས་བདེ་སྐྱིད་ཚངས་པ་བཀོད་པའི་བཤེས་གཉེན་དང་ལྡན་པར་གྱུར་ཏོ། །ཞེས་ཕན་ཡོན་ཇི་སྐད་གསུངས་པའི་རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར་བ་ནི། རིན་ཆེན་བདུན་གྱི་གཟུགས་གཏད་དེ། བསོད་ནམས་དཔལ་ལས་ལེགས་གྲུབ་པའི། །རྒྱལ་སྲིད་རིན་ཆེན་སྣ་བདུན་འདི། །འགྲོ་བའི་བདེ་ལེགས་འབྱུང་བའི་གནས། །ཕྱོགས་བཅུར་དགེ་བཅུ་བསྐོར་བར་གྱིས། །ༀ་ཙཀྲ་རཏྣ། ཧསྟི་རཏྣ། ཏུ་རུངྒ་རཏྣ། མ་ཎི་རཏྣ། ཁངྒ་རཏྣ། ཝ་ཏི་རཏྣ། མ་ཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བདག་གིས་རིན་པོ་ཆེ་སྣ་བདུན་ལུས་ལ་རྫོགས་པར་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཆོག་སྤྲིན་ཕུང་ཞེས་བྱ་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོས་སྒྱུར་བའི་དབང་ཕྱུག་དམ་པ་ཐོབ་པར་གྱུར་ཅིག །བཅུ་གཉིས་པ་རལ་གྲི་གཏད་དེ། དུག་གསུམ་གཅོད་པས་འཁོར་བ་སྟོང་། །འཛིན་འཁྲུལ་དག་པས་སྡུག་བསྔལ་ཞི། །བག་ཆགས་མ་ལུས་དག་བྱེད་པའི། །ཤེས་རབ་རལ་གྲིའི་དབང་བསྐུར་རོ། །ༀ་ཁངྒ་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་ཡེ་ཤེས་ཀྱི་རལ་གྲི་ལག་ཏུ་བྱིན་ནས་དབང་བསྐུར་བས་དུག་གསུམ་གཟུང་འཛིན་འཁྲུལ་པའི་རྒྱུན་ཆད་དེ་བག་ཆགས་ཐམས་ཅད་བྱང་ཞིང་ཡང་དག་པའི་ཤེས་རབ་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་རལ་གྲིའི་དབང་བསྐུར་བས་གཟུང་འཛིན་གྱིས་འཁྲུལ་པ་བག་ཆགས་དང་བཅས་པ་དག་པར་གྱུར་ཅིག །བཅུ་གསུམ་པ་སེང་གེ་གཏད་དེ། བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བ་ཡི། །གཟུགས་ཅན་མཆོག་འདི་ལག་ཏུ་བྱིན་པ་ཡིས། །གསུང་རབ་རྒྱ་མཚོ་ཀུན་གྱི་སྒྲ་བསྒྲགས་པས། །ལོག་པའི་ཕྱོགས་ཀུན་ཟིལ་གྱིས་གནོན་པར་ཤོག །ༀ་བཛྲ་སིདྷ་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བའི་གཟུགས་ཅན་ཞིག་ལག་ཏུ་བྱིན་ཏེ་དབང་བསྐུར་བས་གསུང་རབ་རྒྱ་མཚོའི་སྒྲས་ལོག་པའི་ཕྱོགས་ཟིལ་གྱིས་མནན་ནས་སྐད་ཅིག་མ་གཅིག་གིས་སྟོང་སྤྱི་ཕུད་ཀྱི་སྟེང་དུ་མངོན་པར་སངས་རྒྱས་ཏེ་ལུས་སྲུལ་པོ་དེའི་མཚན་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་སེང་གེའི་གཟུགས་ཀྱིས་དབང་བསྐུར་བས་ཆོས་སྒྲས་ལོག་ཕྱོགས་ཟིལ་གྱིས་གནོན་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །བཅུ་བཞི་པ་ཉི་ཟླ་གཏད་དེ། སྟེང་ཕྱོགས་མངའ་མཛད་ཐུགས་རྗེའི་ཉི་མ་བརྡལ། །བརྩེ་བས་མུན་སེལ་ཐུགས་རྗེ་ཟླ་བའི་འོད། །སྟོང་གསུམ་མུན་པ་དུས་གཅིག་བསལ་ནས་ནི། །འཇིག་རྟེན་ཀུན་ཏུ་སྣང་བ་བསྐྱེད་པར་ཤོག །ༀ་སཱུརྻ་ཙནྡྲ་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་དབང་བསྐུར་བས་ལུས་སྲུལ་པོ་དེ་ཉིད་མངོན་པར་སངས་རྒྱས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ལེགས་སོ་ཞེས་བྱ་བས་བསྟོད་ནས། ཉི་ཟླ་ཕྱག་ཏུ་ཕུལ་ཏེ་དབང་བསྐུར་བས། དེ་མ་ཐག་ཏུ་ཉི་མས་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་མཐའ་མེད་པར་ཤར་བས་དྲོ་ཞིང་འཇམ་པར་གྱུར་ཏོ། །ཟླ་བས་སྟོང་གསུམ་གྱི་མུན་པ་ཐམས་ཅད་དུས་གཅིག་ཏུ་བསལ་ནས། དུས་དང་རྣམ་པ་ཐམས་ཅད་དུ་བསིལ་ཞིང་སྣང་བར་གྱུར་ཏོ། །དེས་ཐམས་ཅད་མཁྱེན་པའི་གོ་འཕང་ཆེན་པོ་རྫོགས་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་ཉི་ཟླའི་དབང་བསྐུར་བས་འགྲོ་བའི་རྒྱུད་ཀྱི་སྒྲིབ་གཉིས་མུན་པ་ཐམས་ཅད་སྐད་ཅིག་ལ་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅོ་ལྔ་པ་མདའ་གཞུ་གཏད་དེ། ཐབས་ཀྱི་གཞུ་ནི་ཡེ་ཤེས་གསལ། །ཤེས་རབ་མདའ་ནི་དབྱིངས་སུ་མྱུར། །ཟུང་དུ་འབྲེལ་བའི་ཡེ་ཤེས་མཆོག །དག་པའི་རྩེ་མོར་གནས་པར་ཤོག །ༀ་དྷ་ནུ་ཤ་ར་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་མདའ་གཞུ་ཕྱག་ཏུ་ཕུལ་ཏེ་དབང་བསྐུར་བས། ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་བའི་ཡེ་ཤེས་དག་པའི་རྩེ་མོ་ལ་གནས་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་མདའ་གཞུའི་དབང་བསྐུར་བས་ཟུང་འཇུག་གི་ཡེ་ཤེས་རྩེ་མོར་ཕྱིན་པར་གྱུར་ཅིག །བཅུ་དྲུག་པ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བ་ནི། ཡུངས་ཀར་གཏད་དེ། སྔོན་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུབ་པའི་རྫས་གསུམ་བྱིན་གྱིས་བརླབས་ཤིང་། །ཤིས་པའི་ཡུངས་ཀར་ཕྱག་ཏུ་ཕུལ་བས། བགེགས་ཀྱི་རིགས་སྟོང་ཕྲག་བརྒྱད་ཅུའི་རྟོག་པ་རྣམས་ཀྱི་བསམ་སྦྱོར་ངན་པ་ཀུན་གཅོད་པར་མཛད་དོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཡུངས་ཀར་གྱི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །གསང་བའི་བསྟན་པ་རྒྱས་པ་ནི། །ཡུན་རིང་གནས་པར་གྱུར་པ་ཡི། །བཀྲ་ཤིས་རྫས་ཀྱི་དབང་མཆོག་ཀྱང་། །གནང་བ་ཆེན་པོ་སྦྱིན་པར་བྱ། །ཡུངས་ཀར་རྡོ་རྗེས་བགེགས་ཚོགས་འདུལ། །བགེགས་རྣམས་འཇོམས་པའི་མཐུ་སྟོབས་ལྡན། །དགྲ་བགེགས་ཀུན་ལས་རྒྱལ་བ་ཡི། །བྱིན་རླབས་མཆོག་གི་དབང་ཐོབ་ཤོག །ཞོ་གཏད་དེ། སྔོན་བཅོམ་ལྡན་འདས་ལ་ཁྱིམ་བདག་བཟང་སྐྱོང་གིས་ཞོ་ཕུལ་བས་ཀུན་གྱི་དབང་པོའི་བཅུད་ཡོངས་སུ་ཚིམ་པར་བྱེད་པ་འདོད་འཇོའི་བ་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཞོའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཤིང་། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དུརྦ་གཏད་དེ། སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་ཀུཎྜ་ལིས་རྩ་དུརྦ་ཕུལ་བས། དུརྦ་ལོ་འདབ་རྒྱས་ཤིང་འཕེལ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་འཕེལ་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་དུརྦའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །དུརྦས་ཚེ་འདི་འཕེལ་བར་བྱེད་པ་སྟེ། །འཆི་མེད་རྡོ་རྗེའི་ཚེ་ནི་རབ་གྲུབ་པས། །སྡུག་བསྔལ་སྐྱེ་ཤིའི་རྩ་བ་རྒྱུན་བཅད་དེ། །བཀྲ་ཤིས་དེས་ཀྱང་ཚེ་ནི་བརྟན་གྱུར་ཅིག །ལི་ཁྲི་གཏད་དེ། སྔོན་བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས། ལི་ཁྲི་ཆགས་ཤིང་ཞེན་པ་བཞིན་དུ་ཐུགས་རྗེ་ཆེན་པོའི་དབང་གིས་ཉོན་མོངས་པའི་སེམས་ཅན་མི་གཏོང་བར་ཐུགས་དམ་དུ་བཞེས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལི་ཁྲིའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཅན། །ཆོས་རྣམས་མ་ལུས་དབང་དུ་གྱུར་པ་ཡི། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །གིའུ་ཝཾ་གཏད་དེ། སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་སྲུངས་ཀྱི་བུས་གིའུ་ཝཾ་ཕྱག་ཏུ་ཕུལ་བ་བདུད་རྩི་སྨན་གྱི་མཆོག་ཏུ་གྱུར་ཏེ་ནད་བཞི་བརྒྱ་རྩ་བཞིའི་གཉེན་པོས་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་གིའུ་ཝཾ་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །གིའུ་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །དུང་གཏད་དེ། སྔོན་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་གཡས་སུ་འཁྱིལ་བ་བཅུ་དྲུག་པ་ཞིག་ཕྱག་ཏུ་ཕུལ་བས། སུམ་ཅུ་རྩ་གསུམ་གྱི་གནས་མན་ཆད་ནས་འཇིག་རྟེན་སོ་སོའི་རིས་སུ་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པས་ཆོས་ཀྱི་སྒྲ་ཆེན་པོ་ཡོངས་སུ་རྫོགས་པར་མཛད་དོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་དུང་དཀར་གྱི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡོན་ཏན་རྒྱ་མཚོ་མཆོག་ཏུ་དག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་ཚིག་གི་དབང་ཐོབ་ཤོག །མེ་ལོང་གཏད་དེ། སྔོན་བཅོམ་ལྡན་འདས་ལ་སའི་ལྷ་མོ་གཟུགས་བརྙན་སྟོན་གྱིས་མེ་ལོང་ཕུལ་བས་མེ་ལོང་གཡའ་དག་པ་ལ་གཟུགས་ཀྱི་དངོས་པོ་སྣང་ལ་སྟོང་པ་བཞིན་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་འཕང་རྫོགས་པར་སྟོང་ཞིང་སྣང་བར་མཛད་དོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་མེ་ལོང་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱས་དོན་གྱི་དབང་ཐོབ་ཤོག །བིལྦ་གཏད་དེ། སྔོན་བཅོམ་ལྡན་འདས་ལ་ཤིང་གི་ལྷ་མོ་འོད་འཆང་གིས་ཤིང་ཏོག་བིལ་བ་ཕྱག་ཏུ་ཕུལ་བས། བིལྦ་ཇི་ལྟར་སྨིན་ཞིང་འབྲས་བུ་རྒྱས་པས་གང་བར་གྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་བདེ་བ་ཆེན་པོའི་དབྱིངས་སུ་རྫོགས་པར་སངས་རྒྱས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་བིལ་བའི་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེ་ནི་འགྲོ་བས་ཐོབ་པར་ཤོག །ཅེས་དབང་བསྐུར་ཞིང་། རྣམ་བུམ་གྱི་ཆུས་བཀྲུ་ཞིང་འཐུང་དུའང་གཞུག་གོ། །དེ་ལྟར་མཆོག་དབང་བཅུ་དྲུག་ལེགས་པར་བསྐུར་བས་སྔོན་བྱུང་གི་དབང་དང་རིགས་འགྲེའི་རང་སྐལ་གྱི་དྲི་མ་སྦྱངས་ཤིང་དགེ་བའི་ས་བོན་གསོས་ཐེབས་པ་ནི་རྒྱུད་འགྱུར་བའི་ཁྱད་པར་ཏེ། དབང་ཐོབ་པའམ་རྒྱུད་སྨིན་པར་བྱས་པ་ཡིན་པས། དེ་ལྟར་ངེས་ཤེས་བསྐྱེད་འཚལ་ལོ། །རྗེས་ཀྱི་བྱ་བ་དབང་ཐོབ་པའི་ལམ་ཁྱེར་ལ་བཞི་ལས། དང་པོ་སྐྱབས་འགྲོའི་བསླབ་བྱ་ལམ་དུ་ཁྱེར་བ་ནི། དོན་དམ་པར་བདག་དང་། སེམས་ཅན་དང་། སྡུག་བསྔལ་གསུམ་རང་བཞིན་གྱིས་མ་དམིགས་ནའང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་འཁོར་བ་འདིར་སྡུག་བསྔལ་གྱིས་མནར་ཞིང་། སྐྱབས་མེད་མགོན་མེད་ཡིན། དེ་རྣམས་ཀྱི་སྡུག་བསྔལ་བླ་མ་དཀོན་མཆོག་གིས་སྐྱོབས་ནུས་པར་ངེས་ཤེས་ཁྱད་པར་ཅན་བསྐྱེད་ནས། དེའི་ཕན་ཡོན་དྲན་པས་རྟག་ཏུ་རང་ཉིད་སྐྱབས་འགྲོར་འབད་ཅིང་། སྙིང་རྗེ་ཆེན་པོས་སྐྱེ་བོ་གཞན་རྣམས་སྐྱབས་སུ་འགྲོར་གཞུག །བླ་མ་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པས་དད་པ་བསྒོམ་ཞིང་གསོལ་བ་འདེབས། བཀའ་དྲིན་དྲན་པས་ཕྱག་མཆོད་དང་བསྟོད་པ་བྱ། ཉེས་དམིགས་དྲན་པས་སྲོག་ལ་བབས་ཀྱང་སྐྱབས་ཡུལ་མ་སྤོང་། ཡིད་ཆེས་དྲན་པས་བདེ་སྡུག་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་ལ་མི་འཁང་ཞིང་གཞན་ལ་བློ་མི་གཏོད། དཀོན་མཆོག་གསུམ་གྱི་རྟེན་ལའང་དཀོན་མཆོག་དངོས་སུ་འདུ་ཤེས་པས་ཕྱག་མཆོད་འབུལ་ཞིང་། འོ་བརྒྱལ་སར་མི་འཇོག །གཏའ་མར་འཇོག་པ་དང་བཙོངས་ཏེ་གླུད་ཟ་བ་སོགས་མ་གུས་པའི་ལས་ཐམས་ཅད་སྤང་བར་བྱ་སྟེ། དགག་སྒྲུབ་ཀྱི་བསླབ་བྱ་རྒྱས་པར་གཞན་ལས་ཤེས་དགོས་ཤིང་། འདིར་ནི་ལས་དང་པོ་བ་ལ་ཉེ་བར་མཁོ་བ་རགས་པ་ཙམ་ཞིག་བསྡུས་པ་ཡིན་ནོ། །གཉིས་པ་དབང་གི་དམ་ཚིག་ལམ་དུ་ཁྱེར་བ་ནི། སྔར་གདམས་པའི་དབང་གི་གེགས་བརྒྱད་པོ་དེ་ཤེས་པར་བྱས་ནས་འབད་པས་བསྲུང་བའོ། །གསུམ་པ་ལྷ་ལམ་དུ་ཁྱེར་བ་ནི། རང་ཉིད་གསང་བདག་གི་སྐུའི་རྣམ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར། སྣང་ལ་འཛིན་པ་མེད་པའི་ལྷ་སྐུ་གསལ་སྟོང་དུ་ལམ་དུ་ཁྱེར་རོ། །བཞི་པ་སྙིང་པོ་ལམ་དུ་ཁྱེར་བ་ནི། ངག་ཏུ་ༀ་ནཱི་ལཾ་ཝ་ར་དྷ་ར་སོགས་ཅི་ནུས་བཟླ་ཞིང་། དེ་ཡང་སྔགས་ཀྱི་སྒྲ་གདངས་གྲགས་སྟོང་དུ་ལམ་དུ་ཁྱེར་བ་སྟེ། དེ་ལྟར་ཚུལ་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་ཁས་བླང་། དབང་རྫོགས་པར་ཐོབ་པར་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་བརྗོད་དུ་གཞུག །དེས་རང་གཞན་གྱི་དོན་རྒྱ་ཆེན་པོ་གྲུབ་པ་ཡིན་པས་དགེ་བ་བླ་ན་མེད་པའི་བྱང་ཆུབ་དུ་བསྔོ་བའི་འདུན་པས། བསོད་ནམས་འདི་ཡིས་སོགས་ཀྱིས་བསྔོས་ཏེ། སློབ་མ་རྣམས་རང་གནས་སུ་བཏང་ནས། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །གླེང་གཞིའི་མན་ངག་དང་འབྲེལ་བར། །སྒོ་འབྱེད་གསང་བདག་དབང་བསྐུར་ཁྲིགས། །ཆོས་འདིར་མོས་པའི་བློ་གསལ་ལ། །ཕན་ཕྱིར་གོ་བདེའི་དཔལ་འདི་བསྐྲུན། །འདུས་པ་མདོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ལས། སྔོན་འགྲོ་སྒོ་འབྱེད་ཀྱི་དབང་ཆོག་བཤད་པའི་སྐབས་ཏེ་གཉིས་པའོ།། །།


previousསྔོན་འགྲོ་སྒོ་འབྱེད་ཀྱི་དབང་ཆོག་བཤད་པའི་སྐབས།next