Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་གཅིག་པ།


   
   
  collapse section
   
   
   
   
   
ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་དབང་ཆོག་བཤད་པའི་སྐབས།
   
   


 
previousཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་དབང་ཆོག་བཤད་པའི་སྐབས།next

ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་དབང་ཆོག་བཤད་པའི་སྐབས།

༈ ༀ་སྭ་སྟི། ཞུ་བདེའི་འགྱུར་རྩིས་ཀུན་རྟོགས་ལྕགས། །འཕོ་མེད་གསེར་ཁམས་རྡོ་རྗེར་བསྒྱུར། །དེར་བཏུད་ཀུན་རྫོབ་བྱང་སེམས་ཀྱི། །གསང་དབང་ལུས་ལ་བསྐུར་ཐབས་བསྟན། །ད་ནི་ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། མཚོན་བྱ་ལུས་དཀྱིལ་དང་། མཚོན་བྱེད་ཀྱི་བརྡ་མེ་ལོང་གི་མཁའ་དཀྱིལ། གསང་རྫས་བདུད་རྩི་སྒྲུབ་པ་ཚོགས་གཏོར་དང་བཅས་པ་རྣམས་སྒྲུབ་ཐབས་ལྟར་བྱ་ཞིང་། དེ་ནས་འཇུག་པ་ལ་གཉིས་ལས། དང་པོ་སློབ་དཔོན་འཇུག་པ་ནི། རུ་བདག་ཉིད་རང་གི་རྩ་བའི་བླ་མ་ཡབ་ཡུམ་ལྷག་པའི་ལྷར་གསལ་བའི་ལུས་དཀྱིལ་དུ་ཞུགས་ནས་གསང་དབང་དང། ཕྱག་རྒྱ་མ་འཁོར་ལོའི་གཙོ་མོར་གསལ་བའི་མཁའ་དཀྱིལ་དུ་ཞུགས་ནས་ཤེར་དབང་དང་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་བླང་པའོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་གཉིས་ལས། དང་པོ་གསང་དབང་ནི། ལས་རྒྱ་དངོས་ཡོད་ན་མཚན་མོ་དབེན་པའི་གནས་སུ་ཡོལ་བས་སྒྲིབས་ཏེ་སློབ་མ་རྣམས་དྲི་ཆུ་ལ་སོགས་པས་ཁྲུས་དང་། བགེགས་བསྐྲད་ཅིང་བསྲུང་བ་བྱས་ལ། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གངས་གསན་པར་བྱ་བའི་ཆོས་ན། ཞེས་པ་ནས། མདོ་ཡོངས་རྫོགས་ཀྱི་ལུགས་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བ་ལས། ཞེས་པའི་བར་སྤྲོ་བསྡུ་ཇི་ལྟར་རིགས་པས་མཚམས་སྦྱར་རྗེས། འདིར་མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་གསང་དབང་རྫོགས་པའི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར་དང་པོར་ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་ལ་བསྐུར་བའི་སྐབས་ཡིན། དེ་ལ་ཐོག་མར་གསང་དབང་ཞུ་བའི་སླད་དུ་བླ་མ་རིགས་འདུས་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་ལ་ཕྱག་སྔོན་དུ་འགྲོ་བས། འདོད་ཡོན་ལྔའི་མཆོད་པ་དང་རྒྱུད་སྦྱངས་པའི་ལས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ཕུལ་བར་མོས་ནས་མཎྜལ་ཕུལ་མཛོད། དེ་ནས་བླ་མ་རིགས་འདུས་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པའི་གནས་ལྔར་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ། ཡན་ལག་བཞིར་སྒོ་བ་བཞི་རྣམས་གསལ་བ་ལས། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་རེག་པས། ཕུལ་བའི་ལས་རྒྱ་དེའི་སེམས་ཀྱི་རྟོག་པ་དང་། དེ་ལས་བྱུང་བའི་ལུས་ངག་གི་སྒྲིབ་པ་སྦྱངས་ཏེ་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་སྐད་ཅིག་གིས་ཡུམ་རྡོ་རྗེ་དབྱིངས་ཕྱུག་མར་གྱུར་པའི་གནས་ལྔར་རིགས་ཀྱི་ཡུམ་ལྔ། ལག་གཡས་གཡོན་གཉིས། ཞལ་དང་བྷ་གའི་སྒོར་གསང་ཡུམ་བཞི་རྣམས་གསལ་བར་མོས་ལ། ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ རྡོརྗེ་སློབ་དཔོན་ཡབ་ཡུམ་དགོངས། །འདོད་པ་འབྱུང་བའི་རིན་ཆེན་གཏེར། །དགྱེས་པ་ཆེན་པོའི་ཐབས་ལམ་གྱིས། །ཆུ་བོ་བཞི་ལས་བདག་སྒྲོལ་མཛོད། །ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་སློབ་དཔོན་རིག་མ་དང་བཅས་པ་རྡོར་སེམས་ཡབ་ཡུམ་དུ་གསལ་བས། བུ་ཁྱོད་སྨྲོས་དང་ཐབས་ལམ་འདི། །རྒྱལ་བ་ཡོངས་ཀྱིས་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་འདིར། །གཙང་རྨེའི་འཆིང་བ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་རྣམས་བཟའ་བཏུང་དང་། །ཕྱག་རྒྱའི་བྷ་གའི་ཡེ་ཤེས་བཞི། །འོ་དང་གཞིབ་དང་དྲང་བ་དང་། །སེམས་ཆུ་འཐུང་བར་ཁྱོད་ནུས་སམ། །ཞེས་དྲིས་པའི་ལན་དུ་ནུས་སྙམ་པའི་འདིའི༴ ཨེ་མའོ་ཐབས་ལམ་ཡེ་ཤེས་ཕྱིར། །བདག་ནི་ཅི་ལའང་མི་ནུས་མེད། །དེ་དག་བདག་གིས་སྤྱད་པར་བགྱི། །ཇི་ལྟར་སད་ཕྱིར་བདག་ལ་སྩོལ། །ཞེས་ཞུས་ནས། གསང་བའི་དཀྱིལ་འཁོར་མ་མཐོང་བའི་བརྡར་ༀ་ཨཱཿཧཱུཾ་གིས་གདོང་གཡོགས་བཅིངས་ལ། དེ་ནས་བླ་མ་ཡབ་ཡུམ་ལྷར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ། རྩེ་མོར་ༀ། བུ་གར་ཨཱཿཡིག་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་ཟེའུ་འབྲུར་ཧྲཱིཿཡིག་དམར་པོ་འོད་ཟེར་འབར་བས་མཚན་པའི་ནང་དུ་རྩ་དགུའི་ངོ་བོ་རྩིབས་བརྒྱད་ལྟེ་བ་དང་བཅས་པར་ཟླ་གམ་དགུ་ལ་གནས་པའི་བྱང་སེམས་བདེ་བའི་ཡེ་ཤེས་ཀྱི་ངོ་བོ་ཧེ་རུ་ཀ་ཡབ་ཡུམ་ག་རཱི་མ་བརྒྱད་ཀྱིས་བསྐོར་བར་མོས་ལ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཞི་ཁྲོ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས་ཏེ། སྟོང་གསུམ་འགེངས་པ་ཙམ་གྱིས་འདོད་ཆགས་ཆེན་པོས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་ནས་རང་ལ་ཐིམ་པས། ལུས་དཀྱིལ་གྱི་ལྷ་རྣམས་ཀྱང་རྗེས་ཆགས་ཀྱི་མེས་ཞུ་བ་དང་ལྷན་ཅིག་དྷཱུ་ཏི་ནས་སོང་སྟེ། རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་དགའ་བ་བརྟན་པར་བྱས་ལ། ཕཊ་ཅེས་སྤྲོས་པས་ཡུམ་གྱི་པདྨའི་དཀྱིལ་འཁོར་པ་རྣམས་མཉེས་པར་བྱས། དེ་ལས་ཀྱང་སྤྲོས་པའི་སེམས་སྤྲིན་གྱིས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ནས་ཚུར་འདུས་ཏེ། མཁའ་གསང་གི་དཀྱིལ་འཁོར་པ་རྣམས་ཀྱང་བདེ་བ་ཆེན་པོར་ཞུ་བ་དང་ལྷན་ཅིག་ཏུ་མཁའ་ལ་ལྟེམས་པའི་བྱང་ཆུབ་སེམས་ཀྱི་རྡུལ་ཕྲ་རབ་རེ་རེ་བཞིན་ཡང་རྡོ་རྗེ་སེམས་དཔའི་ངོ་བོ་ཧཱུཾ་ཡིག་གི་རྣམ་པར་གྱུར་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩེ་ནས་བ་དང་བེའུའི་ཚུལ་དུ་ལེན་པ་ཐབས་ཀྱི་གསང་དབང་། ཡུམ་གྱི་མཁའ་ལས་མེ་ཏོག་དང་བུང་བའི་ཚུལ་དུ་ལེན་པ་ཤེས་རབ་ཀྱི་གསང་དབང་། ཡུམ་གྱི་མཁའ་ལས་ཡབ་ཀྱི་ལྕེའམ་མཐེབ་སྲིན་གྱིས་བླངས་པ་བྱ་དང་བྱིའུའི་ཚུལ་དུ་བྱིན་པ་ཐབས་ཤེས་གཉིས་མེད་ཀྱི་གསང་དབང་སྟེ། རིམ་པ་ཇི་ལྟ་བ་དེ་ལྟར་རང་གི་ལྕེས་བླངས་པའི་མོས་པ་མཛོད། ཧཱུཾ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་ཁྱོད་ཀྱི་ལྕེ་ལ་བཞག །རྡོ་རྗེ་ཉི་ཟླ་རྡུལ་ཕྲན་གྲངས། །རྡོ་རྗེ་སེམས་དཔའ་མངོན་གསལ་བ། །ཐབས་དང་ཤེས་རབ་གཉིས་མེད་པས། རྩེ་ནས་རྩེ་རུ་ཐིམ་པ་ལས། །གནས་ངན་ལེན་པ་ཀུན་སྦྱངས་ནས། །འཁོར་ལོ་འོད་ཀྱིས་གང་བ་ཡིས། །རྡོ་རྗེ་ཐིག་ལེ་འོད་དུ་འབར། །ཧཱུཾ་བཛྲ་སཏྭ་ཤྲཱི་མ་ཧཱ་སུ་ཁ་བོ་དྷི་བཛྲ་ཧཱུཾ་ཧོཿཨཾ། ཞེས་ལྕེ་ལ་བདུད་རྩི་ལན་གསུམ་སྦྱིན་ཞིང་། དེས་ཀྱང་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་རྡོ་རྗེ་སེམས་དཔའི་ངོ་བོར་མོས་ཏེ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་མྱང་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་སྙིང་གར་བབས་པས་རྩ་ཆེན་བཞི་ལ་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས། ལས་ཉོན་བག་ཆགས་ཀྱི་རྟོག་པ་ཐམས་ཅད་མི་དམིགས་པའི་དབྱིངས་སུ་གྲོལ་ཏེ། སེམས་གསལ་སྟོང་རྣམ་པར་མི་རྟོག་པའི་རང་བཞིན་དོན་དམ་སྤྲོས་མེད་ཀྱི་ཡེ་ཤེས་ནམ་མཁའ་དང་མཉམ་པ་རྒྱུད་ལ་སྐྱེས་པའི་མོས་པ་བྱེད་དུ་བཅུག་ལ། དབང་དེ་ཐོབ་པའི་བརྡར་འབྲུ་གསུམ་གྱིས་གདོང་གཡོགས་བསལ་བས། ཡུམ་གྱི་བྷ་ག་མཐོང་བའི་རྐྱེན་གྱིས་བྱང་སེམས་ཆེར་གཡོས་ནས་འདོད་ཆགས་ཆེན་པོས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་སྟེ། ཤེས་པ་ཧཱུཾ་ཡིག་ཤེལ་ལྟར་དྭངས་པ་ལས་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་ཐོད་ཁྲག་བསྣམས་པ། དེའི་ཐུགས་ཀར་གུ་ཧྱ་ཧེ་རུ་ཀ་སྔོན་པོ་རྡོར་དྲིལ། དེའི་ཐུགས་ཀར་ས་ནུ་ཧེ་རུ་ཀ་དཀར་པོ་ཕྱག་གཉིས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ཅན་གསལ་བཏབ་སྟེ། རྡོ་རྗེ་དང་དྲིལ་བུ་ལྷན་ཅིག་སྙིང་གར་བཟུང་ལ་བདེན་པ་བརྗོད་པ་ནི། ༀ། མི་འགྱུར་བ་ཡི་ཡེ་ཤེས་གནས། །མ་བཙལ་ཕྱིན་པ་བདེ་བའི་མཆོག །མཁའ་ལྟར་དག་པའི་ཡེ་ཤེས་སྤྱན། །གོང་ན་མེད་པས་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གུ་ཧྱ་བྷྲཱུཾ་ཛྙཱ་ན་མཎྜ་ལ་ཛྙཱ་ན་གུ་ཧྱ་སིདྡྷི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་དབུགས་དབྱུང་བ་ནི། བུ་ཁྱོད་མཚན་མའི་རྟོག་བྲལ་ཞིང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཀུན་ལ་སྤྱོད་པའི་དབང་ཐོབ་ནས། །སློབ་མ་བདེ་ལ་འགོད་བྱེད་པའི། །དབང་ཕྱུག་ཆེན་པོར་དེང་གྱུར་ཏོ། །ཞེས་བརྗོད་དོ། །དེས་གསང་བའི་དབང་ཐོབ། གཙོ་བོར་ཉོན་སྒྲིབ་དང་ངག་གི་ཐིག་ལེའི་དྲི་མ་དག །ལམ་བཟླས་པ་དང་གཏུམ་མོ་རླུང་གི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དེས་བླ་མ་ཡབ་ཡུམ་གྱི་ཉི་ཟླ་བྱང་ཆུབ་ཀྱི་སེམས་སློབ་བུའི་ལྕེ་ལ་བཞག་སྟེ་གསང་བའི་དབང་བསྐུར་བ་སོང་ནས། ད་སློབ་བུ་ཤེས་རབ་མ་དང་བཅས་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་གསང་རྩ་ཕན་ཚུར་དུ་ལྟེམས་པ་ཐབས་ཀྱི་གསང་བ་རྡོ་རྗེའི་ལྕེ་ལ་བཞག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས། དེ་ཞུ་བའི་སླད་དུ་བླ་མ་རིགས་འདུས་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་ལ་ཕྱག་སྔོན་དུ་འགྲོ་བས། རྒྱུད་སྦྱངས་པའི་རིགས་མ་མཚན་ལྡན་ཕུལ་བར་མོས་ལ་མཎྜལ་ཕུལ་མཛོད། དེ་ནས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ རྡོརྗེ་དགའ་མ་བདག་ལ་དགོངས། །འདོད་པ་འབྱུང་བའི་རིན་ཆེན་གཏེར། །དགྱེས་པ་ཆེན་པོའི་ཐབས་ལམ་གྱིས། །ཆུ་བོ་བཞི་ལས་བདག་སྒྲོལ་མཛོད། །ཅེས་ལན་གསུམ། དེ་ལྟར་གསོལ་བའི་ལན་དུ་ཕྱག་རྒྱ་མས། བུ་ཁྱོད་སྨྲོས་དང་ཐབས་ལམ་འདི། །རྒྱལ་བ་ཡོངས་ཀྱིས་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་འདིར། །གཙང་རྨེའི་འཆིང་བ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་རྣམས་བཟའ་བཏུང་དང་། །ང་ཡི་བྷ་གའི་ཡེ་ཤེས་བཞི། །འོ་དང་གཞིབ་དང་དྲང་བ་དང་། །སེམས་ཆུ་འཐུང་བར་ཁྱོད་ནུས་སམ། །ཞེས་དྲིས་པའི་ལན་དུ་ནུས་སྙམ་པས་འདིའི༴ ཨེ་མའོ་ཐབས་ལམ་ཡེ་ཤེས་ཕྱིར། །བདག་ནི་ཅི་ལའང་མི་ནུས་མེད། །དེ་དག་བདག་གིས་སྤྱད་པར་བགྱི། །ཇི་ལྟར་སད་ཕྱིར་བདག་ལ་སྩོལ། །ཞེས་ལན་བཏབ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་ༀ་ཨཱཿཧཱུཾ་ཞེས་མིག་དར་བཅིངས་ནས། སློབ་དཔོན་རྡོ་རྗེ་སེམས་དཔར་གསལ་བས་རིག་མའི་སྲིན་ལག་གཡས་པ་རིན་པོ་ཆེའི་ཕྲེང་བས་བཅིངས་པ་དེ་ལག་གཡོན་པས་བཟུང་ལ། ཁྱེར་ཅིག་ཁྱེར་ཅིག་བདེ་བ་ཅན། །ཤེས་རབ་དམ་པ་འདི་ཡིན་ནོ། །ཁྱོད་ཀྱི་ཡེ་ཤེས་བསྐྱེད་པར་བྱེད། །འདི་ལ་རྟག་ཏུ་རོལ་མོ་གྱིས། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་སྟེར་འདི་མ་སྤོངས་ཤིག །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱིས། །རྫོགས་པའི་སགས་རྒྱས་འདི་ལས་བྱུང་། །སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྡམ་པ་མ་ཤེས་ན། །རྡོ་རྗེ་བསྐལ་པ་མཐའ་ཀླས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་བརྗོད་ཅིང་སློབ་བུའི་ལག་གཡོན་པར་གཏད། དེས་ཀྱང་ལུས་དྲི་ཞིམ་པོས་བྱུགས། གོས་དང་བྲལ་བས་རང་གི་ཆུ་སྐྱེས་སྟོན་བཞིན་དུ་འདི་སྐད་ཅེས། རྨད་བྱུང་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་འདི་ལས་བསྐྱེད། །བདེ་བར་གཤེགས་པ་ཐམས་ཅད་ཀུན། །རྟག་ཏུ་འདི་དང་མི་འབྲལ་ལོ། །པདྨ་འདི་ནི་ཆོས་ཀྱི་དབྱིངས། །སངས་རྒྱས་ཐམས་ཅད་འདི་ལས་བྱུང་། །སེམས་ཅན་ཐམས་ཅད་འདི་རུ་བྱུང་། །ནང་གི་རྩ་ཡི་འཁོར་ལོ་ནི། །བདེ་བ་ཆེན་པོའི་ཕོ་བྲང་ཡིན། །ཐིག་ལེ་རང་བྱུང་ཡེ་ཤེས་ཏེ། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །སྒོམ་པའི་ལམ་ཞེས་བྱ་བ་སྟེ། །ས་བཅུ་ལ་ནི་གནས་པ་ཡིན། །བྷཉྫ་མོཀྵ་ཧོཿ ཞེས་ཐབས་ཀྱི་པང་དུ་བྱོན་པར་བསམ། དེས་ཤེས་རབ་མ་བྱིན་པའི་དབང་སོང་ནས། དེ་ལས་ཡེ་ཤེས་བསྐྱེད་པའི་དབང་ལ་གཉིས་ལས། དང་པོ་ཡས་འབབ་ཀྱི་དགའ་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའི་དབང་ནི། སློབ་མ་རིགས་འདུས་རྡོ་རྗེ་སེམས་དཔར་གསལ་བའི་གནས་ལྔར་རིགས་ཀྱི་ཡབ་ལྔ། ཡན་ལག་བཞི་ལ་སྒོ་བ་བཞི། རིག་མ་རྡོ་རྗེ་དབྱིངས་ཕྱུག་མར་གསལ་བའི་གནས་ལྔར་རིགས་ཀྱི་ཡུམ་ལྔ། ལག་པ་གཉིས། ཞལ་དང་། བྷ་ག་རྣམས་ལ་གསང་བའི་ཡུམ་བཞི། གཉིས་ཀའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ། རྩེ་མོར་ༀ། བུ་གར་ཨཱཿཡིག་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པས། ཡུམ་གྱི་མཁའ་ཨཱཿལས་པདྨ་ཟེའུ་འབྲུར་ཧྲཱིཿ དམར་པོ་འབར་བས་མཚན་པའི་ནང་དུ་རྩིབས་བརྒྱད་ལྟེ་བ་དང་བཅས་པའི་སྟེང་ཟླ་གམ་དགུ་ལ་ཧེ་རུ་ཀ་ཡབ་ཡུམ་ག་རཱི་མ་བརྒྱད་ཀྱིས་བསྐོར་བ་གསལ་བཏབ། དེ་ལྟར་ཡབ་ཡུམ་ལྷར་བསྐྱེད་པ་ལྷའི་འདུ་ཤེས། མཁའ་གསང་བྱིན་གྱིས་རློབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་དང་མ་བྲལ་བའི་སྒོ་ནས། ཕན་ཚུན་གཟུགས་ལ་བལྟ་བ་དང་། བརྡ་བཞིས་བསྣོལ་མར་བསྐུལ་བ་ལ་སོགས་པས་སྒྲ་ཉན་པ་དང་། སྟེང་འོག་གི་དྲི་ཞིམ་སྣོམ་པ་དང་། ལྕེ་མཆུ་འཇིབ་པའི་རོ་མྱང་བ་དང་། བཟུང་འཁྱུད་བསྡམས་པས་མཉེས་པའི་རེག་བདེས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས། འདོད་ཆགས་ཆེན་པོས་ཞུ་བ་བདག་ཉིད་རིག་མར་བཅས་པ་ལ་ཐིམ། ཡབ་ཡུམ་རོལ་པའི་རྗེས་ཆགས་ཀྱི་རྐྱེན་གྱིས་རླུང་བསྐྱོད་པ་དེས་གཏུམ་མོ་འབར་བས་ཁམས་ཞུ་བ་ཡས་འབབ་དགའ་བཞིའི་འགྲོས་ཀྱིས་ཕྱིན་པ་གསང་བའི་ལྕེ་ཡབ་ཡུམ་གྱི་གསང་རྩ་ཕན་ཚུན་དུ་བཞག་སྟེ། ཕྱེད་ཤོར་ཕྱེད་མ་ཤོར་གྱིས་ཉི་ཟླ་རོ་མཉམ་པ་དེ་ཉིད་འཛག་མེད་དུ་བཟུང་བས། སྣང་བ་གསུམ་ཐིམ་ནས་སེམས་ཉིད་འོད་གསལ་དུ་དྭངས་པའི་རྟགས་སྣང་ལྷག་པ་ཀུན་རྫོབ་ཀྱི་རོལ་པར་འགག་མེད་དུ་ཤར་བས་དངོས་པོ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བར་བྱས་པའོ། །གཉིས་པ་ལུགས་ལྡོག་མས་བརྟན་གྱི་དགའ་བས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པའི་དབང་ནི། ཡས་འབབ་ཀྱི་མཐར་ཉི་ཟླ་གསང་རྩ་ཕན་ཚུན་དུ་བཞག་ཅིང་རྡོ་རྗེ་ནོར་བུ་བྱང་སེམས་ཀྱིས་གང་བར་བཟུང་བ་ལས། ཉི་ཟླ་གཉིས་འདྲེས་ཡུམ་གྱི་མཁར་འཁྱིལ་བ་དེ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་ཁྱོད་ཀྱི་ལྕེ་ལ་བཞག །ཅེས་པས་ཡུམ་གྱི་རྩ་ཁ་ག་མུ་ཁའི་རྩེ་ནས་ཡབ་ཀྱི་གསང་བའི་ལྕེ་རྡོ་རྗེ་ནོར་བུར་བསྟིམ་ཞིང་བཞག་པ་ཉིད། ཧཱུཾ་ཞེས་གྱེན་དུ་དྲངས་པས་ལུགས་ལྡོག་མས་བརྟན་གྱི་དགའ་བཞིའི་འགྲོས་ཀྱིས་འོངས་ཤིང་། རྩ་གནས་ཀུན་ཏུ་ཁྱབ་པས། མི་ཤིགས་པའི་དྭངས་མས་ལུས་ཐམས་ཅད་མངོན་པར་གང་བའི་ངང་ནས། བསམ་གྱིས་མི་ཁྱབ་པ་རང་བཞིན་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་བདག་ཉིད་མངོན་དུ་གྱུར་པའི་མོས་པ་བྱའོ། །དེ་ཡང་ཡས་འབབ་མས་བརྟན་གྱི་དགའ་བ་བཞི་རེ་རེ་ལའང་དགའ་བའི་དགའ་བ་སོགས་དགའ་ཆུང་བཞི་བཞི་སྦྱར་བས་བཅུ་དྲུག་ལས། དང་པོ་བཞི་ཚོགས་ལམ། དེ་ནས་རེ་རེ་སྦྱོར་ལམ་དང་མཐོང་ལམ། དེ་ནས་དགུ་སྒོམ་ལམ་ས་དགུ། དེ་ནས་གཅིག་མི་སློབ་ལམ་སྟེ། ཡས་འབབ་རྣམས་རྒྱུའི་ས་ལམ་དང་། མས་བརྟན་རྣམས་འབྲས་བུའི་ས་ལམ་དང་སྦྱར་ཞིང་། ཁྱད་པར་མས་བརྟན་གྱི་མཐའི་ལྷན་སྐྱེས་ཀྱི་ལྷན་ཅིག་སྐྱེས་དགའ་ནི། སྣང་སྟོང་གི་མཐས་མ་སྒྲིབས་པར་རང་གསལ་བས་ཀུན་ཏུ་འོད་དང་། མི་ཤིགས་པའི་དྭངས་མ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་ཅན་དང་། ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་སུ་སྣང་བས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མངོན་དུ་བྱས། དེའི་ཚེ་ཐབས་ཤེས་ཀྱི་དགའ་བ་བཅུ་དྲུག་ཕྲག་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། ཐབས་ཀྱི་དགའ་བ་བཅུ་དྲུག་པོ་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་ཉམས་དང་ལྡན་པས་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་ཞིང་། མངོན་པར་ཤེས་པ་དྲུག་ཀྱང་ཤར་བར་གྱུར་ཏོ་སྙམ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ཏེ། རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་ཆེན་དེ་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་པ་ནི། ཧཱུཾ། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེན་པ་རང་ལ་བྱུང་། །ༀ་བཛྲ་ཛྙཱ་ན་བོ་དྷི་ཙིཏྟ་ཨ་བི་ཥིཉྩ་ཧཱུཾ། དབང་དེ་ཐོབ་པའི་བརྡར་འབྲུ་གསུམ་གྱིས་མིག་དར་བསལ། དེ་ནས་རྡོར་དྲིལ་སློབ་བུའི་སྙིང་གར་བཟུང་སྟེ་བདེན་པ་བརྗོད་པ་ནི། ༀ། མི་འགྱུར་བ་ཡི་ཡེ་ཤེས་གནས། །མ་བཙལ་ཕྱིན་པ་བདེ་བའི་མཆོག །མཁའ་ལྟར་དག་པའི་ཡེ་ཤེས་སྤྱན། །གོང་ན་མེད་པས་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གུ་ཧྱ་བྷྲཱུཾ་པྲཛྙཱ་ཛྙཱ་ན་མཎྜ་ལ་ཛྙཱ་ན་གུ་ཧྱ་སིདྡྷི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་དབུགས་དབྱུང་བ་ནི། གཉིས་ཀའི་ལག་ནས་བཟུང་སྟེ། བུ་ཁྱོད་འཁོར་བའི་རྒྱ་མཚོ་ལས། །གྲོལ་ཞིང་ཐར་ནས་སྐད་ཅིག་གིས། །རྡོ་རྗེ་ནམ་མཁའི་ཡེ་ཤེས་ཆེ། །བླ་མ་ཆེན་པོའི་ས་གནས་སུ། །ཐམས་ཅད་རིགས་ཀྱི་བདག་པོར་གྱུར། །སྤྱི་དཔལ་བཅུ་ཡིས་མངའ་བརྙེས་ནས། །བརྡལ་ཁྱབ་ཆེན་པོའི་ཕྲིན་ལས་ལྔས། ཁམས་གསུམ་སྲས་སུ་བཟུང་བར་བྱོས། །ཞེས་བརྗོད། དེ་ནས་གསང་གཉེར་གཏད་པ་ནི། གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་ལ་བསྟན་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་ཚིག་པར་འགྱུར། ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །བསྐལ་པར་ངན་སོང་མྱོང་བར་འགྱུར། །དེ་བས་ཤིན་ཏུ་གསང་བར་བྱ། །ཞེས་བསྒྲག །འདི་ནི་གསང་དབང་ཤེར་དབང་གཉིས་ནུབ་སོ་སོར་བཅད་ནས་བསྐུར་བའི་ཚེ་གསང་དབང་གི་རྗེས་སུའང་སྒྲོག་དགོས་སོ། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཙོ་བོར་ཤེས་སྒྲིབ་དང་། ཡིད་ཀྱི་ཐིག་ལེའི་དྲི་མ་དག །ལམ་དངོས་སམ་ཡེ་ཤེས་ཀྱི་རིག་མ་བརྟེན་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དོན་དམ་བྱང་སེམས་ཀྱི་དབང་སྐབས་འདི་ཉིད་དུ་སྦྲེལ་ནས་མི་བསྐུར་ན་འདི་སྐད་ཅེས། དེ་ལྟར་ཀུན་རྫོབ་བྱང་སེམས་ཀྱི་དབང་བསྐུར་བའི་རིམ་པ་དེ་གྲུབ་པ་ཡིན་པས། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བྱའོ་སྙམ་པས། གཙོ་བོའི་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་དབུལ། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དང་། དགེ་བ་བསྔོ་བ་རྣམས་བྱ་ཞིང་། གང་ལྟར་ཡང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །སྒྱུ་དྲྭའི་མན་ངག་བཤུས་བཀབ་ལ། །མདོ་ཡི་དབང་ཆོག་ཡིན་ནོ་ལོ། །རང་སྐད་གཙང་དག་ཆོས་ཚུལ་འདི། །དཔྱོད་ལྡན་དཔལ་དུ་འགྱུར་མིན་ནམ། །ཀུན་རྫོབ་བྱང་སེམས་ཀྱི་གསང་དབང་བསྐུར་བའི་དབང་ཆོག་ལེ་ཚན་ནོ།། །།
༈ ༀ་སྭ་སྟི། རྣམ་འགྱུར་ཆོས་ཀུན་དབྱིངས་ཡེ་ཤེས། །གཉིས་མེད་རྡོ་རྗེའི་ཀློང་གྲོལ་བ། །དེར་བཏུད་དོན་དམ་བྱང་སེམས་ཀྱི། །གསང་དབང་སེམས་ལ་བསྐུར་ཐབས་བཤད། །ད་ནི་ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་དོན་དམ་བྱང་སེམས་ཀྱི་དབང་བསྐུར་བ་ནི། མཚོན་བྱེད་བརྡའི་དཀྱིལ་འཁོར་བཤམ་ཞིང་། མཚོན་བྱ་ཆོས་ཐམས་ཅད་ཡེ་ནས་དབྱིངས་རིག་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་པ་ལ་ཡིན་པར་གསལ་འདེབས་པའི་ཕྲིན་ལས་སྒྲུབ་ཐབས་ལྟར་བྱས་རྗེས། དེར་འཇུག་པ་ལ་གཉིས་ཀྱི། དང་པོ་སློབ་དཔོན་འཇུག་པ་ནི། ཡེ་ཇི་བཞིན་པའི་མཁའ་ཀློང་དུ། རིག་པ་ཡེ་ཤེས་ཀྱི་རྩལ་སྣང་མ་འགགས་པས། དཀྱིལ་འཁོར་གསུམ་མ་འདྲེས་ཡོངས་རྫོགས་སུ་རྟོགས་པའི་ཤེས་རབ་ཀྱིས་བྱ་རྩོལ་མེད་པར་འཇུག་པ་ཡིན་པས། དེའི་དགོངས་པ་བསྐྱང་བའོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། བུ་རྣམས་ཁྲུས་བྱས། བགེགས་བསྐྲད་ཅིང་། སྲུང་བ་བྱས་ལ། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གང་གསན་པར་བྱ་བའི་ཆོས་ནི། ཞེས་པ་ནས། མདོ་ཡོངས་རྫོགས་ཀྱི་ལུགས་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བ་ལས། ཞེས་པའི་བར་རྣམས་སྐབས་བབས་ཀྱི་སྤྲོ་བསྡུས་མཚམས་སྦྱོར་རྗེས། འདིར་མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་གསང་དབང་རྫོགས་པའི་ཆུ་བོ་ཡན་ལག་གི་དཀྱིལ་འཁོར་གཉིས་པར། དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་བའི་སྐབས་ཡིན་པས། བླ་མ་ཉིད་དབྱིངས་དང་ཡེ་ཤེས་གཉིས་མེད་ཀུན་བཟང་ཡབ་ཡུམ་གྱི་ངོ་བོར་བཞུགས་པ་ལ་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་བར་མོས་པས་མཎྜལ་འབུལ་དུ་བཅུག་ནས། དེ་ཡང་རྒྱུད་མ་དག་ན་དབང་མི་ཐོབ་པས་ཉམས་ཆག་སྐོང་བའི་ཕྱིར། བླ་མའི་སྐུ་ལས་འོད་ཟེར་འཕྲོས་པ། སོ་སོ་རང་རང་ལ་རེག་པས་ཉི་འོད་ཀྱིས་བ་མོ་སྦྱངས་པ་བཞིན་དུ་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་མོས་ལ། ཡིག་བརྒྱ་ཅི་འགྲུབ་བཟླར་གཞུག་གོ། །དེ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ ཀྱེ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་བླ་མ་བདག་ལ་དགོངས། །ཡང་དག་དོན་གྱི་མཆོག་དམ་པ། །དེ་རིང་མངོན་དུ་གྱུར་པར་མཛོད། །ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་རུས། མ་འོངས་སངས་རྒྱས་བློ་ལྡན་ཁྱོད། །བླ་མེད་ཡེ་ཤེས་བསྐྱེད་པའི་ཕྱིར། །རྒྱུད་སྦྱངས་གསང་བ་གསུམ་དུ་ཞུགས། །རང་གི་མེ་ལོང་ཉིད་ལ་ལྟོས། །ཞེས་གདམས་ནས། ཐོག་མར་དཔེ་རྟགས་དོན་གསུམ་གྱི་སྒོ་ནས་འཇུག་བྱ་དབྱིངས་རིག་གཉིས་མེད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྟན་པས་ངེས་ཤེས་བསྐྱེད་པར་བྱ་སྟེ། དཔེ་ནི་ཕྱི་རོལ་ཏུ་བཤམས་པའི་རིས་སུ་བྲིས་པའི་དཀྱིལ་འཁོར་འདི་ཡིན་ལ། རྟགས་ནི། ནང་ལུས་ཀྱི་དཀྱིལ་འཁོར་སོ་སོའི་སྙིང་གར་བསྒོམ་པར་འགྱུར་བ་ཉིད་དོ། །དེས་མཚོན་བྱ་དོན་གྱི་དཀྱིལ་འཁོར་ནི། གསང་བ་སེམས་ཉིད་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་འདུ་ལ། སེམས་ཉིད་དབྱིངས་ཡེ་གཉིས་མེད་གདོད་ནས་མ་སྐྱེས་པའི་ཆོས་ཉིད་ཨ་ཡིག་གི་རྣམ་པར་མཚོན་པ་སྟེ། ཐུགས་ཙིཏྟ་རིན་པོ་ཆེའི་ཕོ་བྲང་པད་འདབ་བཅུ་དྲུག་གི་ལྟེ་བའི་ཨ་ཡིག་གཉིས་ནི། དབྱིངས་ཀུན་ཏུ་བཟང་མོ་དང་། ཡེ་ཤེས་ཀུན་ཏུ་བཟང་པོ། འདབ་མའི་ཨ་ཡིག་བཅུ་དྲུག་ནི། ཡེ་ཤེས་ཀྱི་རྩལ་སྣང་རྣམ་ཤེས་ཚོགས་བརྒྱད་དང་། དབྱིངས་ཀྱི་རྩལ་སྣང་ཡུལ་བརྒྱད་དེ། ཐམས་ཅད་དབྱིངས་དང་ཡེ་ཤེས་སུ་འདུ་བས། རང་རིག་གདོད་མ་ནས་དབྱིངས་ཡེ་དབྱེར་མེད་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་བཞུགས་པ་ཉིད། དེ་ལྟར་ཤར་བ་ལ་བྱ་རྩོལ་མེད་པའི་ཤེས་རབ་ཀྱི་རྟོགས་ཤིང་ཉམས་སུ་མྱོང་བ་ནི་གསང་བའི་དཀྱིལ་འཁོར་དེར་བཞུགས་པ་ཡིན་པས། ད་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་དབང་བསྐུར་བ་ནི། ཁྱེད་རང་རྣམས་ལུས་ཀྱི་གནད་ཆོས་བདུན་མི་གཡོ་བར་བཅིང་། ངག་གི་གནད་རླུང་སོ་མར་ཞོག །སེམས་ཀྱི་གནད་སོ་སོ་རང་རང་གི་སྙིང་གར་པད་འདབ་བཅུ་དྲུག་ལ་ཨ་ཡིག་ལྟེ་བར་གཉིས་དང་། འདབ་མ་རྣམས་ལ་རེ་རེ་སྟེ་ཐམས་ཅད་ཀྱང་དཀར་གསལ་འབར་བའི་རྣམ་པ་ཅན་ལྡེམ་མེ་གནས་པ་ལ་ཤེས་པ་གཏད་དེ་མ་ཡེངས་པར་རྩེན་གྱིས་བཞག །ཨ་ཡིག་རྣམས་སྣང་ལ་རང་བཞིན་མེད་པར་གསལ་སྟོང་དུ་འཆར་བའི་ངང་བསྐྱང་། དེ་ཀ་ལ་འདབ་མའི་ཨ་རྣམས་མེ་ལོང་གི་རླངས་འདུས་པ་ལྟར་ལྟེ་བའི་ཨ་ཡིག་གཉིས་ལ་ཐིམ། དེ་གཉིས་ཀྱང་གཅིག་ཏུ་འདྲེས་པ་ཇེ་ཆུང་ཇེ་ཕྲར་བསྡུས་ཏེ། རིག་པ་བདེ་གསལ་རྩིས་གདབ་དང་བྲལ་བའི་ངང་ལ་ཤིགས་སེ་བཞག །དེ་ཀའི་རང་ངོ་ལ་ཆེར་གྱིས་བལྟས་པས། བདེ་གསལ་མི་རྟོག་པ་ཙམ་དུའང་མི་དམིགས་པས། བསམ་བརྗོད་ལས་འདས་པའི་དོན་རང་སངས་རང་རིག །དྭངས་ལ་མི་གཡོ་བ། གསལ་ལ་མི་རྟོག་པ། རྒྱ་ཆད་ཕྱོགས་ལྷུང་མེད་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། སྤྲོས་པ་ཐསམ་ཅད་དང་བྲལ་བ་དེ་ཀ་དབྱིངས་རིག་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཅེས་གདམས་ལ། དེ་ལྟར་གཉིས་མེད་རང་ཤར་མཐའ་དང་བྲལ་བ་དེ་ཉིད་ལྟ་བ་ཡེ་འབྱམས་སུ་དབང་བསྐུར་བ་ནི། རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲའི་ལེའུ་བརྒྱད་པ་ཁོལ་དུ་ཕྱུངས་པའི་དབང་ལེའི་ཚིག་ཇི་ལྟ་བ་བཞིན་དུ་བསྐུར་བར་བྱ་བ་ཡིན་པས་མ་ཡེངས་པར་ཉོན་ཅིག །བླ་མས་ཀྱང་དབྱིངས་རིག་དབྱེར་མེད་ཀྱི་ངང་ལ་མཉམ་པར་བཞག་ནས་གདངས་སྙན་པོས་འདི་སྐད་དུ། རྣལ་འབྱོར་པ་མན་ངག་ངེས་པའི་དོན་ལ་མཁས་ཤིང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གྱུར་པ་རྣམས་ནི། རིག་པའི་རྒྱལ་པོ་རང་དབང་དུ་གྱུར་པས། དབང་བསྐུར་ཡང་མི་དགོས། མ་བསྐུར་ཡང་རྫོགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་རྒྱལ་པོ་དེ་རྒྱུད་དུལ། ཕན་འདོགས་པས། དེའི་གསེར་འགྱུར་ནི་གསེར་དུ་བརྟགས་ཀྱང་གསེར་དུ་སྣང་ཞིང་། གསེར་གཞན་ལས་བརྒྱད་ཅུ་སྡེས་སྤགས་ལ། གསེར་སྲང་གཅིག་གིས་ཟངས་སྲང་སྟོང་ལ་རེག་ཀྱང་གསེར་དུ་སྣང་བ་བཞིན། བདག་ཉིད་ཆེན་པོ་བྱང་ཆུབ་སེམས་ཀྱི་དབང་དུ་གྱུར་ན། དབང་མ་བསྐུར་ཡང་། ཐམས་ཅད་ཡེ་ནས་བྱང་ཆུབ་སེམས་ཀྱི་སངས་རྒྱས་སུ་དབང་བསྐུར་ཞིང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ལྷུན་གྱིས་གྲུབ་པས། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་དབྱེར་མེད་པར་མ་ཟད། སངས་རྒྱས་དང་སེམས་ཅན་ཞེས་བྱ་བ་ཡང་གཉིས་སུ་མེད་པར་དབང་བསྐུར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཇི་ལྟར་དགོས་འདོད་འབྱུང་བ་དང་འདྲ་བར། ཡེ་ནས་ཡངས་པ་ཆེན་པོའི་ཀློང་ལ་གང་ཡང་མི་དོག་ཅིང་། ཀུན་ཏུ་བཟང་པོ་ལ་ཅིར་ཡང་མི་རྟོག་པས་ལྟ་བ་ཡེ་འབྱམས་ཀྱི་དབང་བསྐུར་བའི་ཕྱིར་འདིར་སྐད་ཅེས་གསུངས་སོ། །ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དངོས་པོ་མཚན་མ་ཀུན་ལས་འདས། །ནམ་མཁའ་བཞིན་དུ་ཡེ་གནས་ལ། །དེ་ལ་མཁས་པས་བཅོས་སུ་མེད། །དེ་བཞིན་སེམས་ཀྱི་རྣམ་པ་ཀུན། །དེ་བཞིན་ཉིད་དེ་བཅོས་ལས་འདས། །འདི་ལྟར་ཡེ་ནས་ཡིན་རྟོགས་ན། །དབང་རྣམས་བསྐུར་ཡང་ག་ལ་དགོས། །སྟོང་གསུམ་མ་བཅོས་ཆོས་ཉིད་ཀློང་། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཁམས་གསུམ་ཕྱག་རྒྱའི་དཀྱིལ་འཁོར་རྫོགས། །དུག་གསུམ་བདུད་རྩི་བྱང་ཆུབ་སེམས། །ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ། །ཐམས་ཅད་སྐྱོན་མེད་ཡོན་ཏན་དག །བདེ་བ་ཆེ་ལས་གཞན་མེད་པས། །དབང་རྣམས་ཐམས་ཅད་མ་བསྐུར་རྫོགས། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །རྒྱུ་དང་འབྲས་བུ་ལ་སོགས་པ། །གཉིས་སུ་མེད་པར་ཡེ་ཤེས་པས། །བྱང་ཆུབ་སེམས་སུ་དབང་བསྐུར་ཡིན་། །མིང་དང་ཚིག་དང་ཡི་གེ་དང་། །ཐེག་པའི་བྱེ་བྲག་ཐམས་ཅད་ཀྱང་། །དོན་དམ་གཅིག་ཏུ་སུས་ཤེས་པ། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །བསྐལ་པ་གྲངས་དང་གྲངས་མེད་པར། །དེ་སྙེད་བྱ་བ་ཅི་འདས་ཀྱང་། །དུས་གསུམ་འགྱུར་བ་མེད་ཤེས་ན། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །ལས་དང་ལས་ཆེན་ལ་སོགས་པའི། །རྩོལ་ཕོད་བྱ་བ་ཅི་བྱས་ཀྱང་། །བྱང་ཆུབ་དོན་ལ་བཙལ་མེད་པས། །སངས་རྒྱས་རྣམས་ཀྱིས་མ་བཙལ་བཤད། །ཉོན་མོངས་ལས་དང་སྡུག་བསྔལ་དང་། །འཛིན་རྟོག་མཚན་མའི་ལས་རྣམས་ཀྱང་། །པདྨར་ཆུས་མི་ཆགས་པ་བཞིན། །བྱང་ཆུབ་སེམས་ལ་གོས་པ་མེད། །དབང་དང་དམ་ཚིག་ཐམས་ཅད་དང་། །དེ་བཞིན་ཕྲིན་ལས་བྱ་བ་ཀུན། །བྱས་ན་སྐྱོན་མེད་ལེགས་པའི་ལམ། །མ་བྱས་ན་ཡང་བྱང་ཆུབ་སེམས། །ཕྱི་ཉིད་ནང་ལ་ནང་ཉིད་ཕྱི། །སྣང་བ་ཐམས་ཅད་རང་རིག་འཆར། །བརྗོད་པའི་ཚིག་དང་ཡི་གེ་མེད། །སྐྱེ་ཤི་འཕོ་འགྱུར་རྟོག་པ་རྣམས། །དེ་བཞིན་མ་བཅོས་བྱང་ཆུབ་སེམས། །མ་བཙལ་བཞག་པས་གདོད་ནས་དག །འགྱུར་བ་མེད་པས་ལྷུན་གྱིས་གྲུབ། །འདི་ནི་ལྟ་བ་ཡེ་འབྱམས་དབང་། །ཞེས་བརྗོད། དེ་ལྟར་གཉིས་མེད་རང་ཤར་དུ་རྟོགས་པ་ན། ཆེད་དུ་མ་འབད་ཀྱང་དམ་ཚིག་ལ་ཉམས་པ་མེད་ཅིང་། སྤྱོད་པ་མ་སྤངས་ལྷུན་གྱིས་གྲུབ་པས། གྲུབ་པའི་འབྲས་བུ་མཐར་ཕྱིན་ཏེ། ཕྲིན་ལས་བྱ་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་ཡིན་པས་ན། ལམ་གྱི་ཆོས་རེ་རེ་ནས་འབད་མི་དགོས་པར་ཡོངས་སུ་གྲུབ་པའི་དབང་བསྐུར་བ་ནི། ལེའུ་དགུ་པ་ཁོལ་དུ་ཕྱུངས་པའི་དབང་ལེ་ལས་འདི་སྐད་ཅེས་གསུངས་པས་ལེགས་པར་ཉོན་ཅིག །དེ་ནས་དམ་ཚིག་ཉམས་པ་མེད་པའི་དབང་ནི། ཐམས་ཅད་རང་གི་སེམས་ཡིན་པར་ཤེས་ཤིང་། ཡེ་ནས་ཀུན་ཏུ་བཟང་པོ་སངས་རྒྱས་པ་ལ། ཕྱོགས་རིས་དང་ཆེ་ཆུང་སྒྲོ་སྐུར་མེད་པར་ལུང་བསྟན་པར་རྟོགས་པ་ལས། དམ་ཚིག་ལའང་ཉམས་པ་མེད་ལ། དབང་ལའང་མ་ཐོབ་པ་མེད་དོ། །སྤྱོད་པ་མ་སྤངས་ལྷུན་གྱིས་གྲུབ་པའི་དབང་ནི། ཅི་བྱས་ཅི་སྤྱད་འདྲེ་ལྡོག་སྤྱི་ཚུགས་གར་འདྲེས་ཀྱང་། སྙིང་པོ་བྱང་ཆུབ་སེམས་ལས་མ་གཏོགས་པ་གང་དུ་ཡང་འགྱུར་བ་མེད་པས། ནམ་མཁའ་ཚོན་གྱིས་མི་ཞེན་པ་བཞིན་དུ། སྤྱོད་པ་ཅི་སྤྱད་པ་སངས་རྒྱས་ཀྱི་མཛད་སྤྱོད་ལྷུན་གྱིས་གྲུབ་ལ། དབང་ཡང་ཐོབ་བོ། །གྲུབ་པ་མཐར་ཕྱིན་པའི་དབང་ནི། སྐྱོན་དང་ཡོན་ཏན། བདེ་བ་དང་སྡུག་བསྔལ་གཉིས་སུ་མེད་པས། གཅིག་གི་རྒྱན་དུ་གཅིག་གྱུར་ཏེ། ཅི་བྱས་པ་ཆུད་མ་ཟོས་པར། འཁོར་བ་ཉིད་མྱ་ངན་ལས་འདས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་པས་གྲུབ་པ་མཐར་མ་ཕྱིན་པའང་མེད་ལ། དབང་མ་ཐོབ་པའང་མེད་དོ། །ཕྲིན་ལས་བྱ་རྩོལ་མེད་པའི་དབང་ནི། ཡེ་ནས་སེམས་ཉིད་སངས་རྒྱས་མིན་ན་སོལ་བ་དང་འདྲ་ལ། ཡེ་ནས་སངས་རྒྱས་ཡིན་པས་གསེར་དང་འདྲ་བས་ཡིན་པའི་དོན་ལ་མ་ཡེངས་མ་ཆགས་ན་སེམས་ཉིད་སངས་རྒྱས་ཡིན་པས། ཡིན་པའི་དོན་ལས་མ་གཡོས་ན། སེམས་ལ་མཐའ་དབུས་དང་། སྐྱེ་འཆི་དང་། འཕོ་འགྱུར་མེད་པ་ཡིན་པས། དེ་ལ་མ་ཡེངས་ཤིག །འཛིན་རྟོག་གི་སྐྱོན་ཐམས་ཅད་མ་སྐྱེས་པའི་ཀློང་དུ་ཤེས་པར་འཁོར་བའང་མེད། སྡུག་བསྔལ་ཡང་སྟོངས། ཡོན་ཏན་ཡང་རྫོགས་པས་གཤིས་ཐོག་ལས་མ་ཡེངས་ཤིག །དེས་ན་ཕྲིན་ལས་བཙལ་དུ་མེད་ལ། དབང་ཡང་མ་ཐོབ་པ་མེད་དོ། །དེ་ཡང་དབང་ནི་སངས་རྒྱས་ཀྱི་དབང་། ཡོད་ནི་རང་གི་སེམས་ལ་ཡོད། ཐོབ་ནི་སློབ་དཔོན་ལ་དམ་ཚིག་མ་ཉམས་ན་སློབ་དཔོན་ལས་ཐོབ། མཐར་ནི་མ་ཡེངས་ན་ཕྱིན་པར་འགྱུར། །གྲུབ་ནི་ཅི་ལའང་མ་བཅོས་མ་བསླད་པས་འགྲུབ་བོ། །དོན་ཐམས་ཅད་དགོངས་པ་ཉག་གཅིག་ཏུ་ཐུག་གོ། །ཞེས་བརྗོད། དེ་དག་ནི་བདེན་པའི་ཚིག་གི་བྱིན་རླབས་ཀྱིས་བདག་ཉིད་ཆེན་པོར་དབང་བསྐུར་བ་ཞེས་བྱ་སྟེ། རིག་པ་རྩལ་གྱི་དབང་བསྐུར་བའོ། །ཇི་སྐད་དུ་སྤྱི་མདོ་ལས། ལངྐའི་བདག་པོ། རྩལ་གྱིས་ཐོབ་པ་ནི་འདི་ལྟ་སྟེ། རྒྱལ་བ་རྣམས་ཀྱི་གསང་བའི་ཐུགས། །རྟོགས་ནས་གང་ལ་གསལ་བྱེད་པ། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། །སྲིད་པ་གསུམ་གྱིས་དེ་དབང་བསྐུར། །ཞེས་གསུངས། དེ་ཡང་ཐོབ་བྱ་ཡེ་ནས་རང་ལ་ཡོད་པ་ཉིད་ངོ་འཕྲོད་པས་དབང་རྫོགས་པ་སྟེ། ཀུན་གྱི་རང་བཞིན་གཅིག་ཤེས་པས། །དེ་ཉིད་དབང་དུ་ཐམས་ཅད་འདུས། །ཀུན་ལ་དབང་བསྒྱུར་ཐོབ་པས་ན། །ཡེ་དབང་ཆེན་པོ་རྫོགས་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ནས་དབང་དེ་ཆགས་པའི་རྟེན་དུ་ལུས་མི་གཡོ། ངག་མི་བརྗོད། སེམས་གང་སྐྱེས་ཀྱི་རང་ངོ་ལ་རྩོལ་བྲལ་བསལ་བཞག་མེད་པར་བསྐྱངས་ཏེ། དབྱིངས་ཡེ་ཟུང་འཇུག་གཉུག་མའི་ཡེ་ཤེས་སུ་ཐག་བཅད་ནས་མཉམ་བཞག་ཏུ་གསལ་རིག་རྗེན་ནེ་བ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། རྗེས་ཤེས་གང་ཤར་རང་གྲོལ་གྱི་ཡེ་ཤེས་སུ་ལྷག་ལྷག་འཆར་བའི་ཉམས་དང་རྟག་ཏུ་མི་འབྲལ་བར་གྱིས་ཤིག །ཅེས་གདམས་སོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར་མཚོན་བྱེད་བུམ་པའི་དབང་ནི། དེ་ཡང་དབྱིངས་སྐྱེ་མེད་ཡེ་ཇི་བཞིན་པའི་ཆོས་ཉིད་ཀྱི་ངང་ནས། ཡེ་ཤེས་ཆོས་ཅན་གྱི་སྣང་བ་རང་བཞིན་ལྷུན་གྲུབ་ཏུ་མ་འགགས་པར་གནས་པ་ནི་བུམ་པ་དང་ཆུས་མཚོན་ཏེ། དབྱིངས་དང་ཡེ་ཤེས་གཉིས་མེད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རང་ལ་རང་ཆས་སུ་གནས་པ་ལ་ངེས་ཤེས་བསྐྱེད་དུ་བཅུག་ནས། བུམ་པ་བཏེག་སྟེ། ཧཱུཾ། བཙལ་མེད་བྱང་ཆུབ་སེམས་ཆེན་པོ། །ཤེས་རབ་ཆེན་པོའི་རྩལ་གྱི་ནི། །ཆོས་ཀུན་སྒྱུ་མར་དབང་བསྒྱུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་དང་གང་ཟག་དང་། །ཀུན་རྫོབ་དབང་དེ་མ་ཐོབ་ཀྱང་། །ཆོས་ལ་སེམས་ཀྱི་དབང་ཐོབ་ན། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཅན་ཐམས་ཅད་ཀུན། །དེ་ལ་དབང་མཆོག་བསྐུར་བར་འགྱུར། །ན་མོ། ཕྱོགས་ཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་གསང་དབང་རྫོགས་པའི་ཆུ་བོས་དབང་བསྐུར་བས་དོན་དམ་བཙལ་མེད་རྩལ་ཆེན་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་མགོ་བོ་དང་སྙིང་གར་བུམ་ཆུ་གཏིགས་ཤིང་འཐུང་དུ་གཞུག །དེ་ལྟར་མ་སྐྱེས་པའི་ཆོས་ཉིད་མ་འགགས་པའི་བདུད་རྩིའི་ཆུ་རྒྱུན་སྙིང་གར་ཐིམ་པས་ཚོགས་བརྒྱད་ཡུལ་དང་བཅས་པ་གདོད་ནས་དབྱིངས་དང་ཡེ་ཤེས་གཉིས་མེད་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་ཉིད་ངོ་འཕྲོད་པར་གྱུར་ཏོ་སྙམ་དུ་ངེས་ཤེས་བསྐྱེད། དེ་ནས་ཉམས་མྱོང་གི་བོགས་དབྱུང་བའི་ཕྱིར་རིག་འཛིན་བཅོ་བརྒྱད་ཀྱི་ཙཀླི་ཐོགས་ཏེ་སོ་སོའི་དགོངས་ཉམས་ཀྱི་གླུས་བསྐུལ་བ་སེམས་སྡེ་ལྟར་མཛད་པའང་མི་འགལ་མོད། འོན་ཀྱང་འདིར་ཨ་ནུའི་དོན་དམ་བྱང་སེམས་ཀྱི་རྩལ་དབང་ཨ་ཏི་དང་ཆ་འདྲ་བར་བཀྲལ་བ་ལས། སེམས་སྡེ་བཅོ་བརྒྱད་དང་རྗེས་སུ་འབྲེལ་བའི་དབང་མིན་པས་ངེས་པར་བསྐུར་དགོས་པ་མ་ཡིན་ནོ། །དེས་ན་འདིར་རིག་འཛིན་བཅོ་བརྒྱད་དམ་མན་ངག་འབྲས་བུའི་སློབ་དཔོན་ཡོངས་རྫོགས་ཀྱང་རུང་སྟེ། སྐུ་བརྙན་རྣམས་སྦམས་ནས་དབང་བསྐུར་བས། རིག་འཛིན་རྣམས་བྱིན་འཐིབ་བེ་བཞུགས་པ་གོང་མ་གོང་མ་འོད་དུ་ཞུ་སྟེ་འོག་མ་འོག་མ་ལ་ཐིམ། དེ་ཡང་འོད་ཀྱི་རང་བཞིན་དུ་རང་གི་སྤྱི་བོར་ཐིམ་པས། བྱིན་རླབས་འཕོ་བའི་སྟོབས་ཀྱིས་གཉིས་མེད་ཀྱི་ཡེ་ཤེས་འབར་བར་མོས་ལ། ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བླ་མ་རིག་འཛིན་རྣམས་ཀྱི་དབང་བསྐུར་བས་རྟོགས་གོམས་མཐར་ཕྱིན་པའི་ཡོན་ཏན་ལ་དབང་བསྒྱུར་བའི་རིག་པ་རྩལ་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི་འབྲལ༴ སེམས་ཉིད་བཅོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ༴ ཆོས་ཉིད་འགྱུར་བ་མེད་པའི་བློ་འདས་འདི། །འབྲས་བུ་འདི་དང་མི་འབྲལ༴ ཇི་ལྟར་སྨོན་པའི་འབྲས་བུ་གྲུབ་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པར་གྱུར་ཅིག །དེ་ནས་ཐལ་མོ་སྦྱར་ཏེ། བླ་མ་ལ་རེ་ལྟོས་ལིང་སྐྱུར་གྱི་མོས་གུས་གདུང་ཤུགས་དྲག་པོས་འདིའི་རྗེས༴ རྗེ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ༴ རྗེ་སྤྲུལ་པའི་སྐུ་ལ༴ རྗེ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་ནས། ཕཊ་ཅེས། སལ་ལེ་ཧྲིག་གེ་འཛིན་མེད་དུ་ཞོག་ཅིག །ཅེས་བརྗོད། དེ་ནས་གཟེངས་གཏོད་པ་ནི། དབང་འདི་ཐོབ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གཏན་ལ་ཕེབས་ཤིང་། དེས་སྒྲིབ་པ་རང་དག་ནས་འབྲས་བུ་སྐུ་དང་ཡེ་ཤེས་རང་ལས་འཆར་བ་ཡིན་ནོ་ཞེས་གདམས་པ་ནི། རྣལ་འབྱོར་སྒྲིབ་པའི་ཕུང་པོ་འདི། །སེང་གེའི་ཁོག་པ་རང་འཇིག་ལྟར། །སྟོང་ཉིད་རང་བཞིན་མ་ཞིག་ན། །གཞན་གྱིས་འཇིག་པར་ག་ལ་འགྱུར། །ཞེས་དང་། སེམས་ཀྱི་ཆུ་གསལ་ནམ་མཁའ་ལ། །ཉོན་མོངས་སྤྲིན་གྱི་རྙོག་མེད་ན། །དངོས་གྲུབ་ཉི་ཟླ་སྐར་ཚོགས་བཀྲམ། །སྒྲིབ་མེད་བྱིན་རླབས་ངང་གིས་འཆར། །རྒྱལ་རྣམས་ཡོངས་སུ་རྫོགས་པ་ན། །ལྷ་དང་བཅས་པའི་འཇིག་རྟེན་པས། །ཆོས་ཀྱི་རྒྱལ་པོར་མངའ་སྟོབས་པས། །ཁྱོད་ནི་བྱང་ཆུབ་མངོན་འཚང་རྒྱ། །ཞེས་གསུངས་པ་ལྟར་ཤེས་པར་གྱིས་ཤིག །དེ་ནས་གསང་གཉེར་གཏད་པ་ནི། ཇི་ལྟར་བཀའ་མཐུན་ཡིད་བཅུགས་ཀྱང་། །སྙིང་གི་སློབ་མར་མ་གྱུར་ཅིང་། །གསང་བའི་དོན་དང་མི་ལྡན་ན། །དབང་གི་དོན་འདི་སྨྲ་མ་བྱེད། །མ་སྨྲས་ན་ནི་གཟི་ཆེ་བ། །གསང་མི་ཐུབ་ལ་བསྟན་བྱས་ན། །དེས་ནི་གསང་སྔགས་ཟོང་དུ་འཚོང་། །སངས་རྒྱས་ཐམས་ཅད་སྐུ་བསླུས་སོ། །ཞེས་སྒྲག །དེས་དོན་དམ་བྱང་ཆུབ་ཀྱི་སེམས་རིག་པ་རྩལ་གྱི་དབང་ཐོབ། གཙོ་བོར་བག་ཆགས་ཀྱི་སྒྲིབ་པ་དང་། འཕོ་བའི་ཐིག་ལེ་དྲི་མ་དག །ལམ་དཀྱིལ་འཁོར་གསུམ་མ་འདྲེས་ཡོངས་སུ་རྫོགས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ལ་སྤྱི་དོན་གསུམ་སྟེ། ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པའོ། །སྤྱི་དོན་དང་པོ་ལམ་ཁྱེར་ལ་བཞི་ལས། དང་པོ་ཐེག་པ་ལམ་ཁྱེར་ནི། ཨ་ནུ་ལ་གསུམ་དུ་ཕྱེ་བའི་ཨ་ཏི་ཡོ་ག་སྟེ། དེ་ལ་དྲུག་ལས། འཇུག་སྒོ་ནི། ཅི་ཡང་འཇུག་ཏུ་མེད་པའི་སྒོ་ནས་འཇུག །ལྟ་བ་ནི། རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་དེ། སེམས་ལུང་ཆེན་པོའི་མདོ་ལས། རང་བྱུང་ཡེ་ཤེས་བཙལ་མེད་པས། །རྩོལ་མེད་དམ་པ་ཞི་བ་ཡིན། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས། ཚུལ་ཁྲིམས་ནི། མེད་པ་དང་ཕྱལ་བ་ལ་སོགས་པའི་དམ་ཚིག་ལས་མི་འདའ་བར་སྡོམ། སྒོམ་པ་ནི། རང་བྱུང་གི་ཡེ་ཤེས་ལ་གང་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་དམིགས་གཏད་དང་བྲལ་བའི་སྒོམ་པ་སྟེ། ཀུན་འདུས་ལས། མ་བཅོས་བྱང་ཆུབ་དེ་བཞིན་ཉིད། །སྒོམ་དུ་མེད་པའི་ཆོས་ཉིད་ལ། །སྒོམ་པ་དམིགས་སུ་མེད་པ་སྟེ། །ཏིང་འཛིན་ཞེས་ནི་གདགས་སུ་མེད། །ཅེས་གསུངས། སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་བླང་དོར་མེད་པའོ། །འབྲས་བུ་ནི། མ་སྒྲུབ་ལྷུན་གྱིས་གྲུབ་པའི་འབྲས་བུ་ཡེ་ཤེས་བླ་མའི་ས་ལ་གནས་པའོ། །གཉིས་པ་ལྷ་ལམ་ཁྱེར་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་བདེ་བ་ཆེན་པོའི་རོལ་པ་ལྷ་སྐུ་ཡབ་ཡུམ་གྱི་རྣམ་པར་ཤར་བ་ན་མ་འདྲེས་ཡོངས་རྫོགས་སུ་ལམ་དུ་ཁྱེར་རོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་གྱི་གདངས་སུ་འཆར་བས། ཨཱཿས་སྣང་སྲིད་ཐམས་ཅད་སྐྱེ་མེད་དུ་ངོ་སྤྲད། ཧཱུཾ་གིས་འགག་མེད་དུ་ངོ་སྤྲད། ༀ་གྱིས་གཉིས་མེད་དུ་ངོ་སྤྲོད་དེ། སྤྱི་མདོ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུཾ་དུ་གསལ། །རྒྱལ་བ་ཡི་གེའི་རང་བཞིན་ཏེ། །ཕྱག་རྒྱ་ཡི་གེ་ༀ་ལ་རྫོགས། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསང་བའི་ཡི་གེ་ཨཱཿ །ཞེས་པ་ལྟར་ལམ་དུ་ཁྱེར་རོ། །བཞི་པ་དབང་ལམ་དུ་ཁྱེར་བ་ནི། གསང་དབང་རྫོགས་པའི་ཆུ་བོ་རྣམ་པ་གཉིས་ཏེ། དེ་དང་རྗེས་སུ་འབྲེལ་བའི་རྫོགས་རིམ་ཟབ་མོའི་ལམ་རྣམས་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསླབ་པར་བྱའོ། །སྤྱི་དོན་གཉིས་པ་འགག་དྲུག་ལས། གང་དུ་བསྐུར་བའི་གནས་ནི། སྔོན་བྱུང་དུ་འོག་མིན་ཆོས་ཀྱི་དབྱིངས་དང་། རྗེས་འཇུག་ཏུ་མཚན་ཉིད་དང་ལྡན་པའི་གནས་རྣམས་སུའོ། །གང་གིས་བསྐུར་བའི་སློབ་དཔོན་ནི། སྔོན་བྱུང་དུ་ཀུན་ཏུ་བཟང་པོ་སོགས་དང་། རྗེས་འཇུག་ཏུ་དབང་བྱིན་རླབས་ཀྱི་བརྒྱུད་པ་དང་ལྡན་པའི་བླ་མ་དམ་པས་སོ། །གང་ལ་བསྐུར་བའི་སློབ་མ་ནི། སྔོན་བྱུང་དུ་འཁོར་ཡེ་ཤེས་རྒྱ་མཚོ་ལ་སོགས་པའི་ཚོགས་དང་། རྗེས་འཇུག་ཏུ་ཆེས་སྐལ་པ་དང་ལྡན་པའི་སྤྱོད་རིག་མཉམ་པས་བརྟུལ་ཞུགས་ཅན་ལའོ། །གང་བསྐུར་བའི་དབང་ནི། སྔོན་བྱུང་དུ་འབྲས་དུས་ཀྱི་དབང་དང་། རྗེས་འཇུག་ཏུ་གཞི་དང་ལམ་གྱིས་བསྡུས་པའི་གསང་དབང་རྫོགས་པའི་ཆུ་བོའོ། །ཅིའི་ཕྱིར་བསྐུར་ན། རང་ལ་ཡོད་པའི་ཆོས་ཉིད་ཀྱི་རང་ཞལ་མཐོང་བའི་ཆེད་དུའོ། །དེ་ལྟར་བསྐུར་བའི་དགོས་པ་ནི། འབྲས་བུ་ཕྱི་དུས་ལ་མ་ལུས་པར་ད་ལྟ་ཉིད་དུ་མངོན་དུ་ཐོབ་པའི་དགོས་པ་ཡོད་དོ། །སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ་གཉིས་ལས། དང་པོ་ཀུན་རྫོབ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ། ཐོག་མར་སྒྲོལ་མ་བཟུང་བའི་མན་ངག་ལ་བསླབ་སྟེ། རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ། གཡས་གཡོན་དུ་རོ་རྐྱང་གཉིས་ཡས་སྣེ་སྣ་བུག་ལ་ཟུག་ཅིང་། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་དབུ་མར་ཆུད་པར་མོས་ལ། སྤྱི་བོར་བླ་མ་ཡབ་ཡུམ་བསྒོམས་ཏེ་གསོལ་བ་བཏབ། དེ་ནས་ནད་གདོན་སྡིག་སྒྲིབ་རྣམས་སང་གིས་དག་པར་མོས་ཏེ་རླུང་རོ་བསལ། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་རྔུབས་ཏེ། སྲོག་ཐུར་ལྟེ་འོག་ཏུ་ཁ་སྦྱར་ལ་མ་ཡེངས་པར་བཟུང་བས་རླུང་དབུ་མའི་ནང་དུ་ཞུགས་ནས་གསལ་བདེ་མི་རྟོག་པའི་ཉམས་སྐྱེས་པར་བསྒོམ། ཅུང་ཟད་མི་བདེ་ན་གཞིལ་བར་བྱ་ཞིང་། མི་ཐུབ་པ་ན་སང་གིས་གཏོང་བ་གནད་དོ། །དེ་ལྟར་སྦྱངས་པའི་ཡོན་ཏན་ནི། རྡོ་རྗེ་བཞད་པས་མཛད་པའི་འདིའི་མན་ངག་ལས། རྟེན་པའི་སྒྲོལ་མ་ཟིན་ན། རིག་པའི་ཕུར་བུ་ཐེབས་པས། དེ་ལས་མི་དམིགས་པར་ཡང་འགྱུར་ལ། དེས་ཉི་ཟླ་འཛིན་ཞིང་འགྲིམ་པར་འགྱུར་རོ། །ཞེས་སོ། །གཉིས་པ་བདེ་བ་ཐིག་ལེའི་མན་ངག་ལ་གཉིས་ལས། དང་པོ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་ནི། གཞན་སྔར་ལྟར་ལས། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་དང་། ལྟེ་འོག་ཏུ་མེ་འཁོར་གྱི་དབུས་སུ་མེའི་དྭངས་མ་རཾ་ཡིག་འབར་བ། གཤང་ཁར་རླུང་གི་འཁོར་ལོ། སྤྱི་བོར་ཧཾ་ཡིག་དཀར་པོ་བདེ་བའི་རང་བཞིན་ཅན་རྣམས་སྒོམ། དེ་ནས་རླུང་སྔར་ལྟར་བཟུང་བས། སྟེང་རླུང་རོ་རྐྱང་བརྒྱུད་དེ་འོངས་བ་དང་གཤང་ཁའི་རླུང་དཀྱིལ་གཡོས་པ་གཉིས་མེ་དཀྱིལ་གྱི་རཾ་ལ་ཕོག་པས། མེ་ལྕེ་ཚ་བ། རྣོ་བ། ཕྲ་ཞིང་གསལ་བ་དབུ་མའི་ནང་ན་ཡར་འབར་བས་ཧཾ་ལ་རེག་སྤྱི་བོའི་བླ་མ་བདེ་དྲོད་ཀྱིས་མཆོད། དགྱེས་པ་ཆེན་པོས་བདུད་རྩིར་ཞུ་བ་ཧཾ་ལ་ཐིམ། ཧཾ་ལས་བྱང་སེམས་དྭངས་གསལ་བདེ་བའི་རང་བཞིན་ཕྲ་མོ་བ་ཐག་ལྟར་བབས་པ་རམ་ལ་ཐིམ་པས་མེའི་གསོས་བྱས་ཏེ་ཆེས་ཆེར་འབར། དེས་ཟླ་བ་བདུད་རྩིར་བཞུ་བའི་དྭངས་མས་ལུས་ཀུན་གང་བའི་འབར་འཛག་ལ་སེམས་རྩེ་གཅིག་ཏུ་བཟུང་བས་ལུས་བདེ་བ་ཆེན་པོར་ངང་གིས་འཆར་རོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ནི། བདག་ཉིད་རིགས་འདུས་རྡོ་རྗེ་སེམས་དཔའི་གནས་ལྔར་རིགས་ལྔ་དང་། ཡན་ལག་བཞིར་སྒོ་བ་བཞི། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་གང་ཡིན་ཀྱང་རུང་སྟེ། རྡོ་རྗེ་དབྱིངས་ཕྱུག་མར་གསལ་བའི་གནས་ལྔར་ཡུམ་ལྔ་དང་། ལག་པ་གཉིས། ཞལ་དང་བྷ་ག་རྣམས་སུ་གསང་ཡུམ་བཞི། མཁའ་གསང་ཧཱུཾ་ལས་རྡོ་རྗེ་འབྲུ་གསུམ་དང་། ཨཱཿལས་པདྨ་ཟེའུ་འབྲུར་ཧྲཱིཿས་མཚན་པར་བྱིན་གྱིས་བརླབ། ཡུམ་གྱི་པདྨའི་དབུས་སུ་ཧེ་རུ་ཀ་ལྷ་དགུའི་དཀྱིལ་འཁོར་གསལ་བཏབ། དེ་ནས་རྗེས་ཆགས་ཀྱི་སྤྱོད་པ་སྔོན་དུ་འགྲོ་བས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་ཏེ། སྙོམས་འཇུག་གི་སྒྲས་བཀུག་པའི་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་འདོད་ཆགས་ཆེན་པོར་ཞུ་བ་བདག་ཉིད་རིག་མར་བཅས་པ་ལ་ཐིམ། རྗེས་ཆགས་ཀྱི་མེས་དཀར་ཆ་ཞུ་བའི་བྱང་སེམས་རིམ་པར་བབས་པས་མགྲིན་པ་ལ་སོགས་པའི་གནས་བཞིར་དགའ་བཞི་ངང་གིས་སྐྱེ་བར་འགྱུར་ལ། རེ་རེ་ལའང་བཟུང་ལྡོག་དགྲམ་པའི་གནད་རེ་ཚང་བར་བྱ་ཞིང་། དེ་ཡང་བྱང་སེམས་རྡོ་རྗེ་ནོར་བུར་འོངས་པ་ན་དེས་པདྨའི་དཀྱིལ་འཁོར་མཆོད་ནས་འཛག་མེད་དུ་བཟུང་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་ལ་མཉམ་པར་བཞག །སླར་ཡང་ཧཱུཾ་འདྲེན་དྲག་པོ་དང་། འགྱུར་བཞི་ལ་སོགས་པས་ཉི་ཟླ་གཉིས་འདྲེས་གྱེན་དུ་དྲངས་པས་ལྟེ་བ་ལ་སོགས་པར་མས་བརྟན་གྱི་དགའ་བཞིའི་ཐ་མ་སྤྱི་བོར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་། རེ་རེའི་མཐར་ཡང་གཅུས་ཤིང་སྤྲུགས་པས་ཁྱབ་པར་དགྲམ་མོ། །བདེ་བ་ཐིག་ལེའི་མན་ངག་གི་སྐབས་འདིར་ལྷན་ཅིག་སྐྱེས་ཀྱི་ཡེ་ཤེས་སྐྱེ་བའི་རིམ་པ་ལ། ཐབས་ལམ་རང་གི་སེམས་བཅུ། སྐབས་བཅུ་དཔེ་རྟགས་བཅུ་དང་སྦྱར་ནས་འབྲས་བུ་ལ་བགྲོད་པ་སྟེ། སྤྱི་མདོའི་ལྗོན་ཤིང་གི་ལེའུ་ལྟར་ཤེས་པར་བྱའོ། །དེ་ཡང་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཞག་སོ་སོར་བཅད་དེ་བསྐུར་བའི་ཚེ་རླུང་ཐིག་ལེ་མན་ངག་གཉིས་པོ་འདི་དབང་སྔ་མའི་རྗེས་སུ་སྦྱར་ན་འབྲེལ་ཆགས་ཤིང་། དམིགས་ཐུན་གཅོད་ལུགས་ཀྱང་ཡང་ལྕི་སྙོམས་པས་བདེ་བ་ཡིན་ནོ། །གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ། རྟེན་ཅན་དང་རྟེན་མེད་གཉིས་ལས། དང་པོ་རྟེན་ཅན་ལ་མན་ངག་ལུགས་གསུམ་སྟེ། གླན་རྡོར་འོད་ཀྱི་ཕྱག་བཞེས་འགོས་ཀྱི་ཡི་གེར། དབང་གི་དམིགས་པར་བཤད་མ་ཐག་པ་ལྟར། སྙིང་གར་པད་འདབ་བཅུ་དྲུག་ལ་བཀོད་པའི་ཨ་ཡིག་བཅོ་བརྒྱད་རིམ་གྱིས་བསྡུས་ཏེ། བདེ་གསལ་རྩིས་གདབ་མེད་པའི་ངང་ལ་འཇོག་པ་དང་གཅིག །ཟུར་ཧམ་གྱི་ཕྱག་བཞེས་སྨྱལ་པའི་ཡི་གེར། སྙིང་གར་གཞིའི་ཐིག་ལེ་དཀར་པོ་ལྔ་ཚོམས་སུ་བསྒོམ་པའི་ཁྱད་པར་ཙམ་མ་གཏོགས། གཞན་དེ་ལས་འོད་ཀྱི་ཐིག་ཕྲན་སྤྲོ་བསྡུ་སོགས་སྔར་སྒྲུབ་དབང་དང་འབྲེལ་བ་ཨ་ནུའི་ངང་སྒོམ་དུ་བཤད་པ་ཇི་ལྟ་བ་བཞིན་མཛད་པ་དང་གཉིས། སློབ་དཔོན་རྡོ་རྗེ་བཞད་པའི་མན་ངག་ལས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་འོད་གསལ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པ་དང་གསུམ་ལས། འདིར་ཕྱི་མ་ལྟར་འཆད་དེ། ལུས་གནད་དང་ལྟ་སྟངས་མི་གཡོ་བར་བཅིངས་ལ། རང་གི་སྙིང་མཆོང་གུར་ཕུབ་པ་ལྟ་བུ་ཁོང་སྟོང་གི་དབུས་ན་རྩ་བརྒྱད་པོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ལྟེ་བ་ལ། རྩའི་དྭངས་མ་ཤེལ་གྱི་བ་ཐག་ལྟ་བུའི་ནང་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་འོད་ལྔའི་གོང་བུ་ཡུངས་འབྲུ་ཙམ་པ་དྭངས་གསལ་འབར་བའི་རྣམ་པ་ཅན་ལ་སེམས་གཏད་དེ། མ་ཡེངས་པར་སལ་ལེ་མཉམ་པར་བཞག་པ་ན། རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེར་ཐིམ་པས། དབྱིངས་རིག་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་ཞིང་དེས་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞིག་སྟེ་ཁམས་གསུམ་བདེ་བ་ཆེན་པོར་གྲོལ་བར་འགྱུར་རོ། །གཉིས་པ་རྟེན་མེད་ཀྱི་མན་ངག་ནི། ལུས་མི་གཡོ། ངག་མི་བརྗོད། སེམས་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་ནས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནི། ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་ཏེ། དབྱིངས་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་རོ། །གསལ་རིག་རྗེན་ནེ་བའི་སྣང་ཆ་ནི། ཀུན་ཏུ་བཟང་པོ་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། ཡེ་ཤེས་འགག་པ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་གཉིས་དབྱེར་མེད་པའི་རིག་པ་ནི། དབྱིངས་དང་ཡེ་ཤེས་ཟུང་འཇུག་གཉུག་མའི་ཡེ་ཤེས་ཏེ། སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཡང་སྤྱི་མདོ་ལས་། ཀྱེ་འདུས་པའི་ཚོགས་རྒྱལ་བའི་སྲས་རྣམས། རང་རང་གི་དེ་ཁོ་ན་ཉིད་མཐོང་བར་འདོད་ན། དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིག་ཏུ་འཇུག་པར་བྱའོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འབའ་ཞིག་གི་སྒོར་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ཆེན་པོ་གསུམ་དང་རང་རང་གི་དེ་ཁོ་ན་ཉིད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འདུས་པའི་ཕྱིར་རོ། །ཞེས་གསུངས། དེས་ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་མན་ངག་དང་བཅས་པ་གྲུབ་པས་ཇི་ལྟར་གདམས་པ་ཚུལ་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པས། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ་ཞིང་། དགེ་བ་བསྔོ་བ་རྣམས་སྔར་ལྟར་དང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །ངག་བརྗོད་བསམ་འདས་རིག་པའི་གཤིས། །རྩལ་དབང་ཐབས་ཀྱིས་ངོ་སྤྲོད་པའི། །ཆོས་ཉིད་རྗེས་འགྲོའི་དབང་ཆོག་ཁྲིགས། །སྐལ་བཟང་གདུང་སེལ་དཔལ་དུ་བྱིན། །དོན་དམ་བྱང་སེམས་ཀྱི་གསང་དབང་བསྐུར་བའི་དབང་ཆོག་ལེ་ཚན་ནོ། །འདུས་པ་མདོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ལས། ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་དབང་ཆོག་བཤད་པའི་སྐབས་ཏེ་ལྔ་པའོ།། །།


previousཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་དབང་ཆོག་བཤད་པའི་སྐབས།next