Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་གཅིག་པ།


   
   
  collapse section
   
   
   
   
   
   
རྗེས་གཏད་རྒྱ་བྱ་ཞིང་ཚེ་དབང་བསྐུར་བའི་ཆོ་ག་བཤད་པའི་སྐབས།
   


 
previousརྗེས་གཏད་རྒྱ་བྱ་ཞིང་ཚེ་དབང་བསྐུར་བའི་ཆོ་ག་བཤད་པའི་སྐབས།next

རྗེས་གཏད་རྒྱ་བྱ་ཞིང་ཚེ་དབང་བསྐུར་བའི་ཆོ་ག་བཤད་པའི་སྐབས།

༈ ༀ་སྭ་སྟི། གང་འདུལ་རྣམ་འགྱུར་མཐའ་ཡས་པས། །བླ་མེད་ཐེག་པའི་སྒོར་འདྲེན་མཛད། །རྡོ་རྗེ་སློབ་དཔོན་ལ་བཏུད་ནས། །ཟབ་མོ་དབང་གི་གཏད་རྒྱ་བྲི། །ད་ནི་འཇིག་རྟེན་དུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ། དེའི་བཀའ་རྟགས་སྟེར་བ་དང་འདྲ་བར། འདུས་པ་ཆེན་པོ་མདོའི་དབང་ཡོངས་སུ་རྫོགས་པར་ཐོབ་ཅིང་། བདག་གཞན་གྱི་དོན་ནུས་པ་ལ་གཏད་རྒྱའི་ཆོ་ག་བྱ་སྟེ། དེ་ལ་དཀྱིལ་འཁོར་ནི། རྩ་བའི་དཀྱིལ་འཁོར་གྱི་སྟེང་ཁང་ཞི་བའི་དཀྱིལ་འཁོར་ཉིད་ཡིན་ལ། དེ་དབང་རྫས་སུ་འགྲིམ་མི་བདེ་ན་གསར་པ་ཞིག་བྲིས་པ་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་སྟེགས་ལ་བཀོད་ཀྱང་རུང་། གང་ལྟར་ནའང་། ཞི་དཀྱིལ་དང་། སྤྱི་མདོ་མན་ངག་དང་བཅས་པའི་གླེགས་བམ། དབང་རྟགས་སོ་སོའི་གོ་འཕང་དང་འཚམས་པའི་ཕྱག་མཚན་དང་སྟན་རྣམས་འདུ་བྱ་ཞིང་། མཆོད་གཏོར་ཀྱང་རྒྱས་པར་བཤམ། བུ་རྣམས་གནས་པའི་ཕྱོགས་ནས་རུའི་ཁྲི་ལ་རེག་པར་དར་དཀར་རམ་རས་དཀར་ཡུག་རིང་བཏིང་བའི་སྟེང་དུ་ཚོམ་བུ་བཅུ་གསུམ་ཕྲེང་ཚར་དུ་བཀོད། དེ་ནས་སློབ་མ་རྣམས་ཁྲུས་བྱས། བགེགས་གཏོར་བཏང་ལ་མཚམས་བཅད་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་དུ་སེམས་བསྐྱེད་གསལ་བཏབ་ནས་ལེགས་པར་གསན་འཚལ། དེ་ཡང་སྔོན་འཁོར་ལོ་བསྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ན། གླང་ཆེན་ས་སྲུངས་ཀྱི་བུས་སུམ་ཅུ་རྩ་གསུམ་གྱི་གནས་ནས་བདུད་རྩིའི་ཆུས་ཡོངས་སུ་གཏམས་པའི་རིན་པོ་ཆེའི་བུམ་པ་བླངས་ཏེ་རྒྱལ་པོའི་སྤྱི་བོ་ནས་བླུགས་ཤིང་ཁྲུས་བྱས་པས་འཁོར་ལོ་བསྒྱུར་བའི་རྒྱལ་པོར་དབང་ཐོབ་པར་གྱུར་ལ། དེའི་ཚེ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལ་སོགས་ཏེ་རིན་པོ་ཆེའི་བདུན་དབང་གི་བཀའ་རྟགས་སུ་བྱུང་བ་བཞིན་དུ་འདིར་སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་དུ་དབང་གི་ཆུ་བོ་བཞི་ཡོངས་སུ་རྫོགས་པར་ཐོབ་པས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པ་ལ། བཀའ་སྲོལ་མི་ནུབ་པའི་ཕྱིར་མཐའ་རྟེན་གཏད་རྒྱའི་ཆོ་ག་སྒྲུབ་པའི་སྐབས་ལགས། དེ་ལ་དོན་ཚན་ལྔ་ལས། དང་པོ་ཞི་བའི་གཞུང་བསྲང་བ་ནི། སློབ་བུས་ཆོ་ག་གཏོང་ཞིང་སློབ་དཔོན་གྱིས་དགོངས་པ་ལ་བཞུགས་པར་བཤད་ནའང་། ད་ལྟ་ལག་ལེན་ལ་ཐེབས་དཀའ་ཞིང་། སྒྲུབ་མཆོད་དངོས་གཞི་གོང་དུ་ཞི་ཁྲོའི་ཆོ་ག་གཞུང་བསྲང་བའི་དུས་སུ་སོང་གྲུབ་པའང་ཡིན་མོད། དེ་ལྟར་ནའང་འདིར་སློབ་བུའི་རྒྱུད་ལ་གསལ་འདེབས་པའི་ཕྱིར་ཁོ་བོས་ཞི་བའི་ཆོག་གཞུང་གྱེར་བར་བྱ་བ་ཡིན་པས། ཁྱེད་རང་རྣམས་ཀྱང་ཡིད་མ་ཡེངས་པར་ཉོན་ལ་དེ་དང་དེའི་དོན་སྒོམ་པར་གྱིས་ཤིག །ཅེས་བརྡ་སྦྱར་ནས། སློབ་དཔོན་གྱིས། སྟོང་པའི་ངང་ལས་ཧཱུཾ་ཞེས་བརྗོད་པས་བདག་ཉིད་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་ཤངས་ཀྱི་ཧཱུཾ་རིང་དང་བྱང་ཆུབ་ཀྱི་སེམས་སྤྲིན་ལས་ཁྲོ་བོའི་ཚོགས་མེ་མཚོན་དང་བཅས་སྤྲོས་པས་བགེགས་ཐམས་ཅད་བསྐྲད། ཚུར་འདུས་ཏེ་བསྲུང་བའི་འཁོར་ལོས་བཅིངས་པར་གྱུར། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱངས། སྟོང་པའི་ངང་ལས་དབྱིངས་ཀྱི་མཆོད་སྣོད་དུ་མཆོད་རྫས་ཡེ་ཤེས་ལྔའི་རྣམ་རོལ་ནམ་མཁའ་གང་བར་བྱིན་གྱིས་བརླབས་ལ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་དབྱིངས་སྐྱེ་བ་མེད་པའི་ངང་ལས། སྙིང་རྗེ་རིག་པའི་རྩལ་སྣང་ཡེ་ཤེས་ཀྱི་རོལ་པར་མ་འགགས་པ། དེ་གཉིས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་བྷྲཱུཾ། ཞེས་ཆོ་འཕྲུལ་གྱི་རང་སྒྲར་གྲགས་པས་འབྱུང་བཞི་རི་རབ་དང་བཅས་པ་གྲུབ་པའི་སྟེང་། མེའི་ཁོར་ཡུག་གི་དབུས་སུ་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བར་གྱུར། སླར་ཡང་ༀ་ཨ། ཧཱུཾ་མཱུཾ། ༀ་ལཱཾ། སྭཱ་མཱཾ། ཨཱཾ་པཱཾ། ཧཱ་ཏཱཾ། ཀྵིཾ་ཧཱུཾ། ཏྲཾ་ཏྲཾ། ཧྲཱིཾ་ཧྲཱིཾ། ཛྲིཾ་ཨཾ། མཻ་ཛཿ ཐླྷིཾ་ཧཱུཾ། ཧཱུཾ་བཾ། མཱུཾ་ཧོཿ ༀ་ཨ། ཀྲིཾ་ཏྲུཾ། སྲུཾ་བྲཾ། ཀྵཾ་ཡེ། ཧཱུཾ་ཛཿ ཧཱུཾ་ཧཱུཾ། ཧཱུཾ་བཾ། ཧཱུཾ་ཧོཿ ཞེས་ཆོས་ཉིད་ཀྱི་རང་སྒྲར་གྲགས་པས། དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ། གཙོ་བོའི་མདུན་དང་རྩིབས་བཞིར་རིགས་ལྔ། རྩིབས་མཆན་ལ་ནང་སེམས། གྲུ་ཆད་ལ་ཕྱི་སེམས། ཁྱམས་ཀྱི་ནུབ་དང་ཤར་དུ་བྱ་བྱེད། སྒོར་མཐར་བྱེད་བཞི་རྣམས་སོ་སོའི་ཡུམ་དང་བཅས་པ། ཁྱམས་ཀྱི་ལྷོ་བྱང་དང་མཚམས་བཞིར་ཐུབ་པ་དྲུག་རྣམས་བཀྲ་ལམ་གྱིས་གསལ་བར་གྱུར། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཀྱིས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་སོགས་ཀྱིས་བྱིན་གྱིས་རློབ། བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧསི་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་གྱིས་བརྟན། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ ཞེས་པས་བསྟོད། ཕཊ་ཛཿས་འཛབ་ཁང་ཕྱེ་ནས། དམ་ཡེ་འཕྲོ་འདུ་སྟེ་གསལ་བ་གསུམ་དང་ལྡན་པས། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་པ་ཅི་རིགས་བཟླས་ལ་ཧཱུཾ་ཞེས་འཛབ་ཁང་བསྡུ་བར་བྱའོ། །དེས་ཆོ་ག་གཞུང་བསྲང་བ་སོང་ནས། ད་གཉིས་པ་འཁོར་གསུམ་ཡོངས་སུ་དག་པའི་ཡོན་འབུལ་བ་ནི། དེ་ཡང་འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པས། མངོན་པར་མཐོ་བ་ལྷ་མིིའི་བདེ་འབྱོར་དང་། ཞི་བ་ཉན་རང་གི་བྱང་ཆུབ་ཀྱང་བླ་ན་མེད་པའི་བྱང་ཆུབ་ལ་སྒྲིབ་པའི་ཕྱིར། དོན་དུ་གཉེར་བྱ་མ་ཡིན། །དེས་ན་དོན་གཉིས་མཐར་ཕྱིན་མཆོག་གི་དངོས་གྲུབ་མི་སློབ་པའི་ཟུང་འཇུག་གི་གོ་འཕང་སྒྲུབ་པ་ལ་སྤྲོ་བ་འདོད་པའི་དད་པ་དང་། དེ་སྒྲུབ་པའི་ཐབས་རྣམ་པར་གྲོལ་བའི་ལམ་གྱི་རྩེ་མོ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་ཁོ་ན་ཡིན་པར་ཡིད་ཆེས་པའི་དད་པ་དང་། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བླ་མ་དམ་པའི་རྗེས་སུ་འབྲང་བ་ཡིན་པས་རྡོ་རྗེ་སློབ་དཔོན་ཉིད་སངས་རྒྱས་ཀུན་འདུས་སུ་མཐོང་བ་དང་བའི་དད་པ་སྟེ། དེ་ལྟར་གསལ་བཏབ་ནས་གཏད་རྒྱ་ཞུ་བའི་ཡོན་དུ་གསེར་གྱི་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ཏེ། བུས་ཀྱང་གསེར་ཞོ་རེ་ལས་མི་ཆུང་བའི་ཡོན་འབུལ་དགོས་པར་བཤད་ནའང་། རང་གི་འབྱོར་པ་དང་སྦྱར་ནས་ཅི་ནུས་འབུལ་དུ་གཞུག་གོ། །གསུམ་པ་ཞིང་ཁམས་བསྟན་ཅིང་སྙན་བརྒྱུད་སྒྲོག་པའི་ཐོག་མར་རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་འདིའི༴ རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔལ་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བྱམས་མགོན་ཁྱོད་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ། དེ་ནས་བདག་གཞན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་འདུན་པས་སེམས་བསྐྱེད་པ་འདིའི༴ བདག་དང་མཐའ་ཡས་སེམས་ཅན་རྣམས། །དོན་གྱིས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ལན་གསུམ། དེ་ནས་མོས་གུས་གདུང་ཤུགས་དྲག་བོས་གསོལ་བ་གདབ་པ་འདིའི༴ བླ་མ་སངས་རྒྱས་རིན་པོ་ཆེ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ། ཞེས་པའི་འཛབ་དང་བཅས་ཏེ་གསོལ་བ་གདབ། དེ་ནས་ཞིང་ཁམས་བསྟན་པ་ནི། ཀྱེ། རིགས་ཀྱི་བུ་རྣམས་ལག་ཐལ་མོ་སྦྱོར་ལ་མ་ཡེངས་པར་ཉོན་ཅིག །སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས་མངོན་པར་དགའ་བ་ན་སྐྱེས་བུ་ཆེན་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་བརྡའ་དགོངས་ཀྱིས་ཉན་ཞིང་རང་གི་འཁོར་ལ་དེ་བཞིན་དུ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །ཡང་སངས་རྒྱས་རིན་ཆེན་འབྱུང་བའི་ཞིང་ཁམས་དཔལ་དང་ལྡན་པ་ན་སྐྱེས་བུ་ཆེན་པོ་རྡོ་རྗེ་རིན་ཆེན་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ། གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་འཁོར་ལ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །ཡང་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས་བདེ་བ་ཅན་ན་སྐྱེས་བུ་ཆེན་པོ་ཆོས་ཀྱི་སྤྲིན་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་འཁོར་ལོ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །ཡང་སངས་རྒྱས་གདོན་མི་ཟ་བར་གྲུབ་པའི་ཞིང་ཁམས་རྣམ་པར་དག་པ་ན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལས་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་འཁོར་ལ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །ཡང་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བྱང་ཆུབ་སྙིང་པོ་ཅན་ན་སྐྱེས་བུ་ཆེན་པོ་རྡོ་རྗེ་འཛིན་པ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་འཁོར་ལ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །དེ་དག་ནི་རྫོགས་ལོངས་སྤྱོད་པའི་ཞིང་ཁམས་སོ། །ཡང་སྤྲུལ་པ་སྐུའི་ཞིང་ཁམས་ནི། སངས་རྒྱས་ཐུབ་པའི་དབང་པོའི་ཞིང་ཁམས་མོས་པ་ཅན་མི་མཇེད་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཞེས་བྱ་བ་རྡོ་རྗེ་གདན་གྱིས་རྣམ་པར་བརྒྱན་པ་དང་། བྱེ་བྲག་ཏུ་རྒྱལ་ཚབ་སྐྱེས་བུའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ན། སྐྱེས་བུ་ཆེན་པོ་གསང་བའི་བདག་པོ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡ་དང་གནོད་སྦྱིན་རིགས་ཅན་གྱི་འཁོར་མང་པོ་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ནི་ཉིད། རང་གི་སྟོན་པ་ལ་ཚིག་ཏུ་ཉན་ཞིང་རང་གི་འཁོར་ལ་དེ་བཞིན་དུ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །དེ་བཞིན་དུ་སངས་རྒྱས་སྤྲུལ་པའི་སྐུ་དྲི་མེད་སྒྲ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ཞིང་ཁམས་དྲི་མ་མེད་པ་ལ་སོགས་པ་དཔག་ཏུ་མེད་པ་ན། གྲངས་མེད་པའི་སྐྱེས་བུ་ཆེན་པོ་རྣམས་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡ་བརྗོད་ཀྱིས་མི་ལང་བའི་འཁོར་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་རང་གི་སྟོན་པ་དག་ལ་ཚིག་ཏུ་ཉན་ཅིང་རང་རང་གི་འཁོར་ལ་དེ་བཞིན་དུ་སྟོན་ཏོ། །བུ་ཁྱོད་དེ་དག་ཡིད་ལ་དྲན་པར་གྱིས་ཤིག །ཡང་ཆོས་ཀྱི་སྐུའི་ཞིང་ཁམས་ནི། གཟུགས་ཀྱི་སྐུ་གཉིས་ཀྱི་ཞིང་ཁམས་བསྟན་པ་དེ་བཞིན་དུ། སྟོན་པ་ཆོས་ཀྱི་སྐུའི་ཞིང་ཁམས་སྙིང་པོ་བྱང་ཆུབ་ཅེས་བྱ་བ་ན་རྒྱལ་ཚབ་སྐྱེས་བུ་ཞེས་བྱ་བར་རྒྱལ་ཚབ་སྐྱེས་བུ་བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་ཏེ། གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ལ་དགོངས་པ་ངེས་པར་འགྲེལ་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །དེ་ལྟར་སྐུ་གསུམ་གྱི་ཞིང་ཁམས་དྲན་པར་བྱས་པས་ནི། འདུས་པ་ཆེན་པོའི་མདོའི་དབང་གི་ཆུ་བོ་ཆེན་པོ་བཞི་རྫོགས་པའི་སྐལ་ལྡན་རིག་པ་འཛིན་པ་ཁྱོད་རྣམས་ཞིང་ཁམས་དེ་དང་དེར་ཡོངས་སུ་གྲགས་ཤིང་གྲོལ་པའི་རྟེན་འབྲེལ་སྒྲིགས་པ་ཡིན་ནོ། །དེ་ཡང་བླ་མ་བརྒྱུད་པའི་བྱིན་རླབས་ལ་རག་ལུས་པས་བཀའ་བབས་སྙན་བརྒྱུད་ཀྱི་གཏད་རྒྱ་སྒྲོག་པ་ནི། སྤྲོ་ན་གཏད་རྒྱ་སྙན་བརྒྱུད་མ་དང་གསང་མཚན་མ་གཉིས་ཡིག་རྙིང་ཇི་ལྟ་བ་བཞིན་བསྒྲག་པར་བྱ་བ་ཡིན་མོད། ཧ་ཅང་མང་བས་མི་ནུས་ན། སྙན་བརྒྱུད་ཀྱི་ངག་དོན་བསྡུས་པ་འདི་ཙམ་ཞིག་སྒྲོག་པར་བྱ་སྟེ། འོ་སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེས། སྤྱིར་གདུལ་བྱ་དག་མ་དག་གི་ཁྱད་པར་གྱིས་འོག་མིན་ཆེན་པོའི་གནས་དང་། ལྷའི་གནས་ཀྱི་གཙང་མའི་འོག་མིན་དང་། དབང་སྒྱུར་གྱི་ཁང་བཟང་དང་། རི་རབ་ཀྱི་ལྕོག་དང་། ལྕང་ལོ་ཅན་ལ་སོགས་པ་རྣམས་དང་། མིའི་གནས་ཀྱི་ཝཱ་རཱ་ཎ་སཱི་ལ་སོགས་པར་ཆོས་དཔག་ཏུ་མེད་པ་གསུངས་པ་ལས། འདིར་མདོ་ཡོངས་རྫོགས་ཀྱི་རང་སྐད་ལྟར་ན། ལྷ་དང་མིའི་ཐེག་པ་ཆུ་བོ་ནཻ་རཱཉྫ་ནར་གསུངས། ཉན་ཐོས་ཀྱི་ཐེག་པ་ཝཱ་རཱ་ཎ་སཱིར་གསུངས། རང་སངས་རྒྱས་ཀྱི་ཐེག་པ་རི་བོ་བྱ་རྐང་ཅན་དུ་གསུངས། བྱང་ཆུབ་སེམས་དཔའི་ཐེག་པ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་བོར་གསུངས། ཀྲི་ཡའི་ཐེག་པ་ཝཱ་རཱ་ཎ་སཱིར་གསུངས། ཡོ་གའི་ཐེག་པ་རྣམས་མེ་རི་འབར་བའི་རྩེ་ལ་སོགས་པར་གསུངས་སོ། །གསང་སྔགས་བླ་ན་མེད་པའི་ཐེག་པ་ནི་ཕྱིས་འབྱུང་བར་ལུང་བསྟན་པ་ལྟར། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་པ། ལངྐའི་ཡུལ་གྱི་རི་བོ་མ་ལ་ཡའི་རྩེར་གསང་བདག་དངོས་སུ་བྱོན་ནས་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར། དེའི་བྱིན་རླབས་ཀྱིས་སྐལ་ལྡན་རྒྱལ་པོ་ཛཿལ་ངོ་མཚར་བའི་རྨི་ལྟས་བདུན་ཤར་ཞིང་། དེ་དང་མཐུན་པར་རྒྱུད་ལུང་གི་གླེགས་བམ་དངོས་སུ་བབས་ཏེ། མི་ཡུལ་དུ་བསྐྱེད་རྫོགས་གཉིས་ཀྱི་བསྟན་པ་ཡོངས་སུ་དར་བར་གྱུར། དེ་ནས་རིང་ཞིག་འདས་པ་ན་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའམ་རོ་ལངས་བདེ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། ཆུང་ངུ་ནས་སངས་རྒྱས་ཀྱི་ཆོས་མང་པོ་ཐུགས་ལ་རང་ཤར་དུ་མཁྱེན། གསང་བའི་བདག་པོ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་གསན་ནས་དར་བར་མཛད། ཁྱད་པར་རྒྱལ་པོ་དྷ་ཧེ་ནའི་བུ་མོ་རིན་ཆེན་གསལ་སྒྲོན་གྲོགས་སུ་ཁྲིད་ནས། ཟླ་གམ་འོད་འཕྲོ་སེང་གེ་ནགས་བརྟེན་གྱི་ཚལ་དུ་ཨཱ་ཙརྻ་ཀིངྐ་ར་ལ་རྩལ་ཆེན་གྱི་དབང་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་མཛད་པ་ཉི་ཤུའི་དབང་ནོས། དེ་ནས་པདྨ་མེ་ཏོག་ལྗོན་ཤིང་གི་ཚལ་དུ་ཨཱ་ཙརྻ་ནཱ་གརྫུ་ན་ཙཎྜཱི་ཀ་ལ་གཏན་ཚིགས་བགྲོ་གླེང་གི་དབང་ཞེས་བྱ་བ་ཀྲི་ཡའི་དབང་མཆོག་ཉི་ཤུ་རྩ་དྲུག་ནོས། དེ་ནས་ལྷ་བྱ་སྐད་སྙན་ལྗོན་ཤིང་གི་ཚལ་དུ་སློབ་དཔོན་ཆེན་པོ་པདྨ་ཀུ་མ་ཏི་ལ་ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་གཉིས་ཀྱི་དབང་ནོས། དེ་ལྟར་ཕྱི་དབང་རྫོགས་ནས་རྡོ་རྗེ་གདན་དུ་སློབ་དཔོན་ཆེན་པོ་རབ་ཏུ་གསལ་བ་ལ། མཉམ་སྦྱོར། ཟླ་གསང་། གསང་བ་འདུས་པ་སྙིང་ཞགས་སོགས་ཏནྟྲ་མཐའ་ཡས་པ་ནོས་ཏེ་རྒྱུད་ལུང་ཐམས་ཅད་ཀྱི་བཀའ་བབས། དེ་ནས་བྱུ་རུ་དམར་པོ་ཆུ་མིག་དགུ་སྒྲིལ་གྱི་ཚལ་དུ། ཕྱི་ཡོ་བྱད་རྫས་ཀྱི་དབང་། ནང་རིག་པ་ཏིང་ངེ་འཛིན་གྱི་དབང་། གསང་བ་ཡེ་ཤེས་ལྔའི་དབང་། དེ་ཁོ་ན་ཉིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབང་སྟེ། དབང་གི་ཆུ་བོ་བཞི་ཡོངས་སུ་རྫོགས་པར་ཐོབ་པས། རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་རྟོགས་ཤིང་། དབང་རྟགས་སུ་སློབ་དཔོན་ལ་ཤེལ་གྱི་ཕྱག་ཤིང་དང་། གྲོགས་མོ་ལ་སྣང་སྲིད་གསལ་བའི་མེ་ལོང་ཞིག་བྱིན། དེ་ནས་རྒྱ་གར་དང་ཨ་ཌཱི་ཡ་ནའི་ཡུལ་གྱི་མཚམས་མ་ག་ཏའི་བྲག་ཕུག་ཏུ་ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཀཱ་ཡ་དང་། ཀླུ་ཡི་བུ་མོ་རྒྱ་མཚོ་གཉིས་ཀྱིས་རོ་ལངས་བདེ་བ་ཡབ་ཡུམ་སྤྱན་དྲངས། ཨོ་རྒྱན་གྱི་ཡུལ་ནས་སློབ་མ་བསྡུས་ཏེ་ཚོགས་སྒྲུབ་མཛད་པས་ཐམས་ཅད་ཀྱིས་མཆོག་གི་དངོས་གྲུབ་བརྙེས། དེ་ནས་ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཀཱ་ཡས་ཟ་ཧོར་གྱི་རྒྱལ་པོ་ལ་དབང་བསྐུར། དེས་སིངྒཱ་ལའི་རྒྱལ་པོ་ལ། དེས་དགེ་སློང་སོ་ཀྱ་དེ་བ་ལ། དེས་སྒེག་པ་རྡོ་རྗེ་ལ། དེས་ཆོས་བློན་བདེ་བ་ལ། དེས་མཁན་པོ་ཆོས་རྒྱལ་སྐྱོང་ལ་དབང་བསྐུར་རོ། །ཡང་ན་རོ་ལངས་བདེ་བས་སློབ་དཔོན་རྡོ་རྗེ་བཞད་པ་ལ་བསྐུར། དེ་ནས་པྲ་བྷཱ་ཧསྟི། ཤཱཀྱ་སེང་གེ། དྷ་ན་རཀྵི་ཏ། ཧཱུཾ་ཀཱ་ར། སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད། དེས་མདོ་མཁན་དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་དྷ་ར་རྣམས་ལ་བསྟན། དེ་གསུམ་གྱི་སློབ་མ་ཆེ་བཙན་སྐྱེས་ཏེ། བཞི་ཀས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བཤད་དེ། སྔ་མ་ནི་མདོ་ཡོངས་རྫོགས་ཀྱི་བརྒྱུད་པ་བྱེ་བྲག་ལ་ལུགས་གཅིག་དང་། ཕྱི་མ་ནི་ལུང་སྤྱི་དང་ཡང་འབྲེལ་བའི་བརྒྱུད་པ་ཡིན་པར་གདའ། གཞན་ཡང་མདོ་རྩ་བའི་དབང་དང་བཤད་སྒྲུབ་ཀྱི་བརྒྱུད་པ་ལྟར་ན། སྐལ་ལྡན་རྒྱལ་པོ་ཛཿས་སྲས་ཨིནྡྲ་བོ་དྷི་ལ། དེས་ཀུ་ཀུ་རཱ་ཛ་ཕྱི་མ་ལ། དེས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་གནང་བ་སྟེ། དེ་ཐམས་ཅད་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་མི་གཉིས་ཤིང་། ཡེ་ཤེས་ཀྱི་ལྷས་དངོས་སུ་དབང་བསྐུར་བ་ཤ་སྟག་ཏུ་གྱུར་པ་ཡིན། དེ་ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་དགུང་ལོ་བརྒྱ་དང་བཅུ་བཞི་བཞུགས། རྒྱ་བལ་དུ་ལན་ལྔ་བྱོན། རྒྱ་བོད་ཀྱི་པཎ་གྲུབ་མང་པོའི་ཐུགས་ཀྱི་བཅུད་ལོན། བསྐྱེད་རྫོགས་གསུམ་གྱི་དགོངས་པ་མཐར་ཕྱིན། ཁྲོ་བོ་སྟོབས་པོ་ཆེས་དངོས་སུ་དབང་བསྐུར། ལས་བཞི་གང་ལའང་ཐོགས་པ་མེད། དོན་ལ་སྒོམ་ལམ་འོད་འཕྲོའི་ས་བརྙེས་པ་ཡིན་པར་གདའ། གནུབས་ཆེན་ལ་སློབ་མ་མང་ནའང་། མདོ་དབང་ལ་བཀའ་དྲིན་ཆེ་བ་ནི། དབང་རྒྱུད་གདམས་ངག་གི་བཀའ་བབས་ཤིང་འོད་བྱེད་ཀྱི་ས་བརྙེས་པ་སྲས་ཀྱི་དམ་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་དང་། དབང་བཞི་ཆུ་བོའི་བཀའ་བབས་པ་སྲུ་ལེགས་པའི་སྒྲོན་མེ་གཉིས་ཡིན། ཁུ་ལུང་པའི་སྲས་ཡེ་ཤེས་རྒྱ་མཚོ། དེས་རྒྱ་བློ་གྲོས་བྱང་ཆུབ། དེས་ཐོ་དཀར་ནམ་མཁའ་ལྡེ་ལ་དང་། སྲུས་ཞུ་སྟོན་བསོད་ནམས་ཤཱཀྱ་ལ་བཤད། ཐོ་དཀར་དང་ཞུ་སྟོན་གཉིས་ལ་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་ཞུས། དེ་ནི་བཀའ་ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། སྐུ་ལུས་ལྷ་ཡི་དཀྱིལ་འཁོར་དུ་གཞན་ལ་སྟོན་པར་ནུས། རྫོགས་པའི་སངས་རྒྱས་ཀྱིས་གསང་སྔགས་ཀྱི་བསྟན་པའི་བདག་པོར་ལུང་བསྟན་པར་གྲགས། དེས་ལྟ་དགོངས་ཀྱི་རྩེ་མོར་གྱུར་པ། གསད་པ་གསོ་ནུས་ཤིང་། འབྱུང་བ་གང་ལའང་ཐོགས་པ་མེད་པའི་རྫུ་འཔྲུལ་གྱིས་སྐུའི་བཀོད་པ་སྟོན་པར་ནུས་པ་བདེ་གཤེགས་རྒྱ་བོ་པ་ཟུར་ཆུང་ཤེས་རབ་གྲགས་པ་ལ་གནང་། དེས་བསྐྱེད་རྫོགས་གསུམ་ཀ་ལ་མཁས་ཤིང་ཁྱད་པར་མདོའི་ཀ་ཆེན་ཡང་ཁྱེད་བླ་མ། བསྐྱེད་རྫོགས་གསུམ་དང་ཁྱད་པར་སྒྱུ་འཕྲུལ་གྱི་ཀ་ཆེན་གླན་ཆུ་བར་པ་ཤཱཀྱ་བཟང་པོ། ལྟ་དགོངས་ཕུལ་ཏུ་བྱུང་བ་གླན་ཉ་ཚལ་བ་ཤཱཀྱ་བྱང་ཆུབ། ཕྲིན་སྒྲུབ་ཀྱི་ཀ་བ་མདའ་ཏིག་ཆོས་ཤཱཀ རྫོགས་ཆེན་གྱི་ཀ་བ་སྐྱོ་སྟོན་ཤཱཀ་ཡེ་སོགས་ལ་གནང་། དེ་ལྔ་ཀ་ལས་གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེས་བསྐྱེད་རྫོགས་གསུམ་གསན་ཞིང་། ཁྱད་པར་འདུས་པ་མདོའི་སྐོར་ཡང་ཁྱེད་ལ་གཙོ་བོར་བཏུགས་ཏེ་མཁས་པར་མཛད། གསང་བདག་ཆེན་པོ་འདི་ནི་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས། ཉ་རི་སྟོན་བཞི་དཔང་དུ་བཞག་ནས་མི་མངོན་པའི་མཁའ་ལ་གཤེགས་པ་སོགས་ཐོགས་པ་མེད་པའི་རྫུ་འཕྲུལ་མངའ། ཐུགས་སྲས་བཞི་གསུམ་བཅུ་གཉིས་སོགས་སློབ་མ་གྲྭ་ས་འཛིན་པའི་གདུགས་ཐོགས་སྟོང་ཐོན། བསྟན་པ་རྒྱ་མཚོའི་མཐའ་ལ་ཐུག་གི་བར་དུ་དར་ཞིང་རྒྱས་པར་མཛད་དེ་ཉི་ཟླ་ལྟར་ཡོངས་སུ་གྲགས་སོ། །རྗེ་སྒྲོ་ཕུག་པ། གླན་ཆུ་བར་བ། གླན་ཉ་ཚལ་བ་སྟེ་གསུམ་གྱིས་རྗེས་སུ་བཟུང་བ་ནི་འོག་གདོང་གི་ལྷ་རྗེ་འགར་ཡིན་ལ། དེས་སྲེགས་རྡོ་རྗེ་རྒྱལ་མཚན་ལ། དེས་རིག་པའི་གནས་ལྔ་ལ་མཁས་ཤིང་གསང་བའི་བདག་པོའི་ཞལ་གཟིགས་པ་གླན་ཉ་ཚལ་པ་ཆེན་པོ་རྡོ་རྗེ་འོད་ལ། དེས་རང་གི་སྲས་མཆེད་གཉིས་ལ་འདུས་པ་མདོའི་དབང་གནང་ནའང་། གཏད་རྒྱ་ནི་གླན་བསོད་རྒྱལ་གྱིས་ཡབ་ཀྱི་སློབ་མ་ཆོས་ཀྱི་སྡོང་པོ་དཀོན་རིན་ལ་གསན་པར་གདའ། དེ་ནས་རིམ་པར་གླན་བསོད་ནམས་མགོན་པོའི་བར་གླན་གྱི་རིག་འཛིན་མཁས་གྲུབ་ཟམ་མ་ཆད་པ་བཞི་བརྒྱུད་དེ། གླན་བསོད་ནམས་མགོན་པོ་ལས་སྒྲོལ་ཆེན་འཇམ་དབྱངས་བསམ་གྲུབ་རྡོ་རྗེས་འདུས་པ་མདོའི་དབང་གསན། དེ་དུས་གཏད་རྒྱ་གསན་པ་མ་བྱུང་བས་ཕྱིས་གླན་གྱི་ཕྱི་ཚར་གྱི་སློབ་མ་གཟི་སྟོན་ཤཱཀྱ་བཟང་པོ་ལ་གསན་པར་མཛད། དེ་ཡན་ཆད་གཏད་རྒྱ་ལ་བཀའ་དོག་ནའང་། དེ་ནས་བཀའ་རྒྱ་བཀྲོལ་ཏེ། བཀའ་སྲོལ་མི་ནུབ་པའི་ཕྱིར་མདོ་དབང་རྫོགས་པ་ཕལ་ཆེར་ལ་མཛད་པའི་ཕྱག་ལེན་འདི་དར། སྒྲིལ་ཆེན་གྱིས་རང་གི་སྲས་དང་ཟུར་ཧམ་ལྕམ་སྲིང་ལ་དབང་གཏད་རྒྱ་དང་བཅས་པ་གནང་བ་ལས། ཟུར་མོ་དགེ་འདུན་འབུམ་ནས་བརྒྱུད་པ་འདི་ལ་ད་ལྟ་གཏད་རྒྱའི་རྒྱུན་མི་བཞུགས་པས་དེས་ན་བརྒྱུད་ལུགས་གཉིས་ཏེ། བསྟན་པའི་བདག་པོ་སྒྲོལ་ཆེན་སངས་རྒྱས་རིན་ཆེན་ནས། རླུང་སེམས་དབང་ཐོབ་གནམ་ལྡིངས་པ་ནམ་མཁའ་རྡོ་རྗེ། མཁས་གྲུབ་ཤ་མི་རྡོ་རྗེ་རྒྱལ་མཚན། ལ་རྒུ་རྡོས་དགོན་པ་མཐུ་ཆེན་རྡོ་རྗེའི་མཚན་ཅན། དེ་ལ་མཁས་གྲུབ་ཆེན་པོ་བློ་གྲོས་ཞབས་ཀྱིས་འོད་ལུས་གྲུབ་པ་བཛྲ་སིདྷ་དང་ལྷན་ཅིག་ཏུ་མདོ་དབང་ཁམས་ལུགས་དང་ཟུར་ལུགས་གཉིས་ཀ་གསན། དེས་གནས་ལྔ་རིག་པ་གཞན་ཕན་རྡོ་རྗེ་ལ། དེས་གནུབས་ཆེན་རྣམ་སྤྲུལ་མཁྱེན་བརྩེ་ནུས་པའི་དབང་ཕྱུག་གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་ལ། དེས་ལམ་འདིའི་སྲོག་འཛིན་མཁས་བཙུན་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལ། དེས་བཀའ་གཏེར་བསྟན་པའི་སྣང་བྱེད་འགྲན་ཟླ་ཀུན་བྲལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་ལའོ། །ཡང་ན་ཟུར་ཧམ་ཤཱཀྱ་འབྱུང་གནས་ནས། རི་སྦུག་པ་ལང་གྲོ་ཚེ་དབང་རྒྱལ་པོ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། འཇམ་དབྱངས་རིན་ཆེན་རྒྱལ་མཚན། སྲས་རིག་འཛིན་ཆེན་པོ་བདུད་འཇོམས་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། དེ་དང་གཞན་ཕན་རྡོ་རྗེ་ལ་བླ་ཆེན་ཆོས་རྒྱལ་རྡོ་རྗེས་ཞུས། དེས་ཉང་སྟོན་རིག་པའི་རྡོ་རྗེ། དེས་བཀའ་གཏེར་ཆོས་ཀྱི་མཛོད་འཛིན་རིག་འཛིན་སྤྲུལ་པའི་སྐུ་མཆོག་པདྨ་ཕྲིན་ལས། དེ་ལ་ལོ་ཆེན་བཻ་རོ་ཙ་ནའི་ཡང་སྲིད་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག །བསྟན་འཛིན་ཐམས་ཅད་ཀྱི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པས་གསན། དེས་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དབང་ཆེན་སྤྲུལ་པ་ཤེས་རབ་རྣམ་རྒྱལ་རྡོ་རྗེའམ་པདྨ་འགྱུར་མེད་རྒྱ་མཚོ་དང་། གཅུང་གཡུ་སྒྲའི་རྣམ་རོལ་ལོ་ཆེན་དྷརྨ་ཤྲཱི། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། དེ་ནས་རིམ་པར་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཕྲིན་ལས་རྣམ་རྒྱལ། ཁྲི་པདྨ་དབང་རྒྱལ། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། འདྲེན་མཆོག་འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར་གང་གི་ཞལ་སྔ་ནས། བསྟན་པ་གསལ་བར་བྱེད་པའི་བཤེས་གཉེན་དུ་མ་དང་བཅས་ཏེ་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས་སྐལ་ལྡན་གྱི་ཚོགས་པ་རྣམས་ལ་འདུས་པ་ཆེན་པོ་མདོའི་དབང་གཏད་རྒྱ་དང་བཅས་པ་རྫོགས་པར་བཀའ་དྲིན་དུ་སྩལ་བ་ལགས། འདིར་ལོ་ཆེན་ནས་བདག་གི་རིགས་བདག་བར་གི་བརྒྱུད་རིམ་ཁ་སྐོང་ཛྙཱ་ནས་སོ། །མཆན། དེས་ན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྩ་བའི་བླ་མའི་བར་དུ་བྱོན་པའི་བརྒྱུད་པ་ཐམས་ཅད་འཕགས་པའི་བླ་མ་ཤ་སྟག་ཡིན་པས། དབང་བཞིའི་ཆུ་བོ་མ་ནུབ། བྱིན་རླབས་ཀྱི་ཆར་རྒྱུན་མ་ཆད། བཤད་སྒྲུབ་ཕྱག་བཞེས་ཀྱི་ན་བུན་མ་ཡལ། ཉམས་རྟོགས་ཡོན་ཏན་གྱི་རྩི་ཐོག་སྐྱེ་འཕྲོ་མ་ཆད་པའི་བཀའ་བབས་འགྲན་ཟླ་དང་བྲལ་བར་སྣང་བས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་རྣམས་ཀྱིས་ཀྱང་བླ་མ་བརྒྱུད་པའི་ཆེ་བ་སོགས་ལ། བླ་མ་དང་ཆོས་ལ་ཡིད་ཆེས་པའི་སྒོ་ནས། འདི་ཕྱིར་ལས་ཀྱི་དབང་གིས་ཞིང་སོ་སོར་འཕངས་ཀྱང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ལ། ལྟ་སྤྱོད་དང་། དཀྱིལ་འཁོར། མར་མེ་གཅིག་ལ་བལྟ་ཞིང་། མཆེད་ལྕམ་གཅིག་སེམས་གཅིག་ལ་ཆགས་ཤིང་དུངས་པས་ལྷན་ཅིག་ཏུ་འཛོམ་པའི་རྟེན་འབྲེལ་སྒྲིགས་ཏེ། སྔོན་དམ་པའི་རིགས་ཅན་ལྔས་མ་ལ་ཡའི་རྩེར་སྟོན་པ་ལ་མི་ཕྱེད་པའི་དད་པ་བསྐྱེད་ནས། རྨད་དུ་བྱུང་བའི་བསྟན་པ་འབྱུང་བའི་སླད་དུ་གདུང་ཚིགས་སྨྲས་པ་ལ་སོགས་པས་དོན་ཇི་ལྟ་བ་བཞིན་ལྷུན་གྱིས་གྲུབ་པ་ལྟར། བླ་མ་བརྒྱུད་པའི་རྣམ་ཐར་བཟང་པོ་བསྐྱངས་ཏེ་རང་བཞིན་གྱི་དོན་གཉིས་མཐར་ཕྱིན་པར་མཛོད་ཅིག །ཅེས་གདམས་སོ། །བཞི་པ་བླ་མའི་བྱིན་རླབས་ཀྱི་རྒྱུན་རྟོགས་གོམས་ཀྱིས་བསྐྱང་དགོས་པས། ཞི་དཀྱིལ་དང་པུསྟི་བཏེགས་ནས་དབང་རྟགས་ཕྱག་མཚན་དང་བཅས་ཏེ་དབང་བསྐུར་བ་ནི། ཐོག་མར་བུ་རྣམས་མེ་ཏོག་ཕོག་པའི་རང་རང་གི་ལྷའམ། ཡང་ན་གཙོ་བོར་བསྐྱེད་ཀྱང་རུང་སྟེ། རུས། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཞེས་བརྗོད་པའི་རྐྱེན་གྱིས། ཁྱེད་རང་རྣམས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་བཀྲ་ལམ་གྱིས་གསལ་ཐོབ་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་གུ་ཧྱ་ཛྙཱ་ན་ཅི་རིགས་བཟླར་གཞུག །དེ་ནས་སློབ་དཔོན་བདག་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་སུ་གསལ་བའི་ཞབས་ཀྱི་གདན་ཁྲི་ནས་དབུའི་གཙུག་ཏོར་མན་ཆད་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པར་སྣང་བའི་བདག་ཉིད་ཆེན་པོར་བཀྲ་ལམ་གྱིས་གསལ་བར་མོས་པ་བྱ་སྟེ་ཐེག་དགུ་ལུས་ལ་འགོད་པའོ། །དེ་ནས་དབང་བསྐུར་ཏེ། རོལ་མོ་དང་བཅས་པས་ཡིག་བརྒྱ་བཟླ་བཞིན་དུ་སློབ་དཔོན་གྱི་ཞི་དཀྱིལ་བཏེག་ལ། ༀ། རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་བཙན་ཐམས་ཅད་ཆོས། །སེམས་ཉིད་རྫོགས་པར་དབང་བསྐུར་རོ། །ཞེས་དཀྱིལ་འཁོར་བུའི་ལག་ཏུ་གཏད་ཅིང་སྤྱི་བོར་བཞག །དེ་ཡང་རྩ་བར། རྫོགས་པ་ཆེན་པོོའི་གདམས་ངག་བཤད། །ཅེས་པས་ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་མེད་ཀྱི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པས། དེ་ཉིད་ལྷ་ཡབ་ཡུམ་གྱི་རྣམ་པར་ཤར་ཞིང་། ཞི་བའི་རྩལ་ལས་ཁྲོ་བོའི་དཀྱིལ་འཁོར་ཀྱང་མ་འགགས་པར་སྣང་བ་ལ་རྟོགས་གོམས་ཀྱིས་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབས་ཤིག །གླེགས་བམ་ལག་ཏུ་གཏད་ཅིང་མགྲིན་པར་བཞག་སྟེ། ཨཱཿ གླེགས་བམ་དབང་ཆེན་ཞེས་བྱ་བ། །ཐེག་དགུ་སྤྱི་ཡི་པོད་ལུང་ཐོབ། །རྒྱལ་པོ་ཛཿལྟར་བྱིན་རླབས་གནང་། །རིག་པ་འཛིན་པ་ཁྱེད་རྣམས་ཀྱིས་རྒྱུད་ལུང་གི་དགོངས་པ་མན་ངག་དྲུག་གསུམ་བཅོ་བརྒྱད་ཀྱི་ནང་ལྟར་ཉམས་སུ་ལོང་ལ་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབས་ཤིག །རྡོར་དྲིལ་སོགས་སོ་སོའི་དབང་རྟགས་ལག་ཏུ་གཏད་ཅིང་སྙིང་གར་བཞག་སྟེ། ཧཱུྃ། དབྱིངས་དང་ཡེ་ཤེས་གཉིས་མེད་པ། །ཐུགས་མཆོག་རྟོགས་པའི་རིག་པ་རྒྱན། །གང་གིས་བཅངས་པས་དོན་གཉིས་འགྲུབ། །རིག་པ་འཛིན་པ་ཁྱེད་རྣམས་ཀྱིས་དབང་རྟགས་ཕྱག་མཚན་འདི་རྣམས་བཟུང་ལ་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབས་ཤིག །དེ་ལྟར་གཏད་ནས་དཔོན་སློབ་གཉིས་ཀས་དཀྱིལ་འཁོར་གླེགས་བམ་དབང་རྟགས་དང་བཅས་པ་ལ་གུས་པ་ཆེན་པོ་བྱའོ། །ལྔ་པ་རྟོགས་གོམས་ཀྱི་མཐུས་ས་བཅུ་གསུམ་བགྲོད་པའི་ལམ་སྲོལ་གཏོད་ཅིང་མངའ་གསོལ་བ་ནི། ཐོག་མར་སྤྲོ་བ་བསྐྱེད་པའི་ཆེད་དུ་རྒྱུ་དགེ་བ་བཅུའི་ཐུན་མོང་གི་ལམ་འབྲས་ས་བཅུའམ་དབང་བཅུ། མཆོག་གི་ལམ་འབྲས་ཁྲོ་བོ་བཅུའམ་ཕྱོགས་བཅུའི་སངས་རྒྱས་སོ་ཞེས་སྟོན་པར་བྱེད་པས་ལེགས་པར་གསན་འཚལ། རུས། འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་བྱེད་པ། །སྟེང་ཕྱོགས་ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར། །མ་སྦྱིན་ལེན་སྤང་ཡོ་བྱད་དབང་མཛད་པ། །ཤར་ཕྱོགས་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། །ལྷོ་ཕྱོགས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཕྲ་མའི་སྐྱོན་སྤངས་ཆོས་ལ་མངའ་མཛད་པ། །ནུབ་ཕྱོགས་ཁྲོ་བོ་ཆེན་པོ་རྟ་མགྲིན་དཔལ། །ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། །བྱང་ཕྱོགས་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ། །ཤར་ལྷོ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ། །ལྷོ་ནུབ་ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། །ནུབ་བྱང་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ། །གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། །བྱང་ཤར་ཁྲོ་བོ་ཆེན་པོ་ཁམས་གསུམ་རྒྱལ། །བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། །འོག་ཕྱོགས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །ཞེས་བརྗོད་པས་ངེས་ཤེས་བསྐྱེད་ནས། འདི་ལྟར་ཡུག་དཀར་པོ་ལ་ཚོམ་བུ་བཅུ་གསུམ་བཀོད་པ་འདི་ནི་ཐར་པའི་ལམ་ས་བཅུ་གསུམ་མཚོན་པ་སྟེ། དེ་དག་གི་མིང་དོན་ནི། ལྷ་མོ་ནག་མོའི་མདོ་གཟུངས་ལས། །ནམ་ཡང་འཁོར་བར་མི་ལྟུང་ཞིང་། །མྱ་ངན་འདས་པ་ཐོབ་པའི་ཕྱིར། །ཉན་ཐོས་ས་རྣམས་ནོན་པ་དང་། །རྟེན་འབྲེལ་བཅུ་གཉིས་ཤེས་པར་བྱ། །བྱང་ཆུབ་སེམས་དཔའི་ས་རྣམས་ནི། །རབ་དགའ་དྲི་མེད་འོད་བྱེད་འཕྲོ། །སྦྱང་དཀའ་མངོན་གྱུར་རིང་དུ་སོང་། །མི་གཡོ་ལེགས་པ་ཆོས་ཀྱི་སྤྲིན། །སངས་རྒྱས་ས་ཆེན་བླ་ན་མེད། །བཅུ་གཉིས་པོ་ཡང་ཐོབ་འགྱུར་ཏེ། །ཀུན་ཏུ་འོད་དང་བདུད་རྩི་འོད། །ནམ་མཁའི་འོད་དང་རྡོ་རྗེ་འོད། །རིན་ཆེན་འོད་དང་པདྨའི་འོད། །ལས་ཀྱི་འོད་དང་དཔེ་མེད་པ། །དཔེ་ལྡན་པ་དང་ཤེས་རབ་འོད། །ཐམས་ཅད་མཁྱེན་དང་རང་རིག་སྟེ། །བཅུ་གཉིས་སངས་རྒྱས་ས་རྣམས་ཀྱང་། །འདི་ཚོ་བྱུང་ན་མྱུར་དུ་ཐོབ། །ཅེས་དང་། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །སེར་སྣ་འཆལ་བ་ལེ་ལོ་བྲལ། །བསམ་གཏན་ཤེས་རབ་ཐབས་སྟོབས་ཀྱིས། །གཡེང་རྨུགས་མི་མཁས་རྒོལ་བ་སེལ། །སྨོན་ལམ་ཡེ་ཤེས་ཕ་རོལ་ཕྱིན། །ངན་འགྲོ་ལོག་རྟོག་བག་ཉལ་འཇོམས། །ཡེ་ཤེས་ལྔ་དང་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་བཅུ་གཉིས་པའོ། །པདྨ་ཅན་དང་ཡི་གེ་འཁོར། །དཀོར་བདུན་བཅུ་གསུམ་རྡོ་རྗེ་འཛིན། །བླ་མའི་ས་དཀོར་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་དབྱིངས་ཡེ་བདུན། །ཞེས་གསུངས་པ་ལྟར་རྒྱུའི་ཐེག་པ་ལ་ཆེ་ཆུང་མ་ཕྱེ་བའི་དབང་དུ་བྱས་ན། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ས་བཅུ། སངས་རྒྱས་ཀྱི་ས་དང་བཅུ་གསུམ་མོ། །སོ་སོར་ཕྱེ་ན། ཐེག་དམན་ལ་ཐར་པའི་ལམ་སྟེགས་སུ་གྱུར་པ་མངོན་མཐོའི་ས་དང་། ཉན་ཐོས་ཀྱི་ཚོགས་ལམ་དཀར་པོ་རྣམ་པར་མཐོང་བའི་ས་དང་། སྦྱོར་ལམ་རིགས་ཀྱི་ས་དང་། འབྲས་བུ་དང་པོ་ལ་ཞུགས་པ་བརྒྱུད་པའི་ས་དང་། དེ་ལ་གནས་པ་མཐོང་བའི་ས་དང་། ཕྱིར་འོང་འབྲས་གནས་སྲབས་པའི་ས་དང་། ཕྱིར་མི་འོང་འབྲས་གནས་འདོད་ཆགས་དང་བྲལ་བའི་ས་དང་། དགྲ་བཅོམ་པ་འབྲས་གནས་བྱས་པ་རྟོགས་པའི་ས་དང་། ཕྱིར་འོང་མི་འོང་དགྲ་བཅོམ་གྱི་ཞུགས་པ་གསུམ་ཉན་ཐོས་ཀྱི་ས་དང་། བསེ་རུ་ལྟ་བུ་དང་ཚོགས་སྤྱོད་ཀྱི་འཕགས་པ་རིགས་གཉིས་ནི་རང་སངས་རྒྱས་ཀྱི་ས་དང་། རྫོགས་པའི་སངས་རྒྱས་ཀྱི་ས་དང་བཅུ་གཅིག་ལས། འབྲས་བུ་ཕྱི་མ་གསུམ་གྱི་ཞུགས་པ་སོ་སོར་ཕྱེ་བས་བཅུ་གསུམ་མོ། །ཐེག་ཆེན་གྱི་མོས་པས་སྤྱོད་པའི་ས་ལ་ཚོགས་ལམ་དང་། སྦྱོར་ལམ་གཉིས། འཕགས་པའི་ལམ་ལ་རབ་ཏུ་དགའ་བ་སོགས་སློབ་པའི་ས་བཅུ་དང་། མི་སློབ་པ་སངས་རྒྱས་ཀྱིས་ཀུན་ཏུ་འོད་དང་བཅུ་གསུམ་མོ། །ཡང་འབྲས་བུ་གསང་སྔགས་བླ་མེད་ཀྱི་དབང་དུ་བྱས་ན། ལས་རླུང་ཉི་ཁྲི་ཆིག་སྟོག་དྲུག་བརྒྱ་ལས་སྟོང་བརྒྱད་བརྒྱ་པ་རེ་འགགས་པས་འཁོར་ལོ་དྲུག་གི་མས་རིམ་ནས་ཕྱེད་ཕྱེད་མི་འགྱུར་བའི་བྱང་སེམས་ཀྱིས་གང་བས་ས་བཅུ་གཉིས་རིམ་པར་བགྲོད་ནས་རྫོགས་པའི་སངས་རྒྱས་ཀྱི་ས་བརྙེས་པ་དང་། དབུ་མ་ལ་མདུད་པ་ཉེར་གཅིག་གི་གཉིས་གཉིས་གྲོལ་བས་ས་རེ་རེ་ཐོབ་སྟེ་ས་བཅུ་དང་། སངས་རྒྱས་ཀྱི་ས་ལ་སྐུ་གསུམ་གྱི་དབྱེེ་བས་ཕྱེ་སྟེ་བཅུ་གསུམ་བཤད་ཅིང་། དེ་ཉིད་རྫོགས་པའི་སངས་རྒྱས་སུ་རྒྱུད་དང་མན་ངག་རྣམས་སུ་གསུངས་མོད། འདི་ནི་ཏིང་ངེ་འཛིན་གྱི་ས་ཞེས་དོན་ལ་མཐོང་ལམ་ལ་རྫོགས་པའི་སངས་རྒྱས་སུ་བཏགས་པ་སྟེ། གསང་སྔགས་ལམ་མྱུར་བས་རྫོགས་པའི་སངས་རྒྱས་ལ་ཤིན་ཏུ་ཉེ་ཞིང་། དེ་དག་རྣམ་པ་མཚུངས་པའི་ཕྱིར། དེ་སྐད་ཅེས་གསུངས་ལ། དེ་ནས་མཐོང་སྒོམ་གྱིས་བསྡུས་པའི་ས་བཅུ་ལམ་རིགས་འདྲ་ཁོ་ནས་བགྲོད་ནས་སངས་རྒྱས་ཐོབ་པར་བཤད་ཅིང་། འདི་དག་ཏུ་ས་བཅུ་གཉིས་ཀྱི་རྣམ་བཞག་གཞན་ཀུན་ཏུ་འོད་དང་བདུད་རྩི་འོད་སོགས་བཅུ་གཉིས་པོ་འདི་རྣམས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་སྐབས་སུ་གསུངས་ནའང་། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་མཐར་ཐོབ་སྟེ། གོང་མའི་ཡོན་ཏན་གྱི་གཞིར་གྱུར་པའི་ཡེ་ཤེས་ཀྱི་ཁྱད་པར་བཅུ་གཉིས་ཐོབ་པ་ཡིན་པས། རབ་དགའ་སོགས་ས་བཅུ་དང་རྫོགས་པའི་སངས་རྒྱས་ཀྱི་ས་རེ་རེ་བཞིན་ཡང་འདི་དག་བཅུ་གཉིས་པོ་ཚང་བར་བཤད་དོ། །དེ་དག་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ལུང་དྲངས་པའི་དགོངས་པ་ཅུང་ཟད་བཀྲལ་བ་སྟེ། གསང་སྔགས་སྤྱིའི་ལུགས་ཡིན་ལ། ད་རེས་འདིར་སྐབས་སུ་བབས་པ་འདུས་པ་མདོའི་རང་སྐད་ལ། འགྱུར་བ་མ་ངེས་པའི་ས་སོགས་སློབ་ལམ་བཞིས་བསྡུས་པའི་ས་བཅུ་དང་། མི་སློབ་ལམ་གྱིས་བསྡུས་པའི་ས་གསུམ་སྟེ་བཅུ་གསུམ་མོ། །དེ་ལྟར་ངེས་པར་བྱས་ནས། ཚོམ་བུས་མཚོན་པའི་ས་རེ་རེ་བཞིན་ཡིད་ཀྱི་འཇུག་པའི་སྒོ་ནས་ཐབས་ཤེས་ཀྱི་རྐང་པས་བགྲོད་པར་བྱ་སྟེ། དེ་ཡང་ཁྱེད་རང་དཔོན་སློབ་མཆེད་གྲོགས་གཉེན་འདུན་སོགས་འབྲེལ་ཐོགས་རྣམས་ཀྱིས་ཐོག་དྲང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཐར་པའི་ལམ་ལ་རིམ་པར་འདྲེན་པ་ཡིན་པས། ཐོག་མར་བླ་མ་སྤྲུལ་པའི་སྐུའི་བདག་ཉིད་ཅན་གྱིས་ཁྲིད་དེ། ས་དང་པོ་འགྱུར་བ་མ་ངེས་པ། གཉིས་པ་བརྟེན་པ་གཞི། གསུམ་པ་གལ་ཆེན་སྦྱོང་བ། བཞི་པ་བསླབ་པ་རྒྱུན་གྱི་ས་རྣམས་ལ་རིམ་པར་དྲངས་པས། མངོན་མཐོའི་ལམ་དང་། ཐར་ལམ་ལས་ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ས་རྣམས་དང་། མདོ་རང་ལུགས་ཀྱི་ཚོགས་ལམ་བདུན་པ་སེམས་པའི་རྣལ་འབྱོར་གཉིས་དང་། སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ལ་གསུམ་གྱི་གཉིས་པ་མན་ཆད་ནོན། དེ་ནས་བླ་མ་ལོངས་སྤྱོད་རྫོགས་པ་སྐུའི་བདག་ཉིད་ཅན་གྱིས་ཁྲིད་དེ། ལྔ་པ་བསོད་ནམས་རྟེན་གྱི་ས། དྲུག་པ་བརྟེན་པས་ཁྱད་པར་དུ་འགྲོ་བའི་ས། བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས་རྣམས་ལ་རིམ་པར་དྲངས་པས། ཀྲི་ཡ། ཨུ་པ་ཡ། ཡོ་ག་རྣམས་དང་། མདོ་རང་ལུགས་ཀྱི་སྦྱོར་ལམ་གསུམ་པ་དང་། མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་གསུམ་ནོན། དེ་ནས་བླ་མ་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱིས་ཁྲིད་དེ། བརྒྱད་པ་གནས་པ་མི་འགྱུར་བའི་ས། དགུ་པ་བརྡལ་པ་ཆོས་ཉིད་ཀྱི་ས། །བཅུ་པ་རྫོགས་པ་ཅིར་ཆིབས་ཀྱི་ས་རྣམས་ལ་དྲངས་པས། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་རྣམས་དང་། མདོ་རང་ལུགས་ཀྱི་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གསུམ་ནོན། དེ་ནས་བླ་མ་དབྱེར་མེད་རྡོ་རྗེ་དང་མངོན་པར་བྱང་ཆུབ་པའི་སྐུ་གཉིས་དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུའི་བདག་ཉིད་ཅན་གྱིས་ཁྲིད་དེ། པདྨ་ཅན་གྱི་ས་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། ཡེ་ཤེས་བླ་མའི་ས་རྣམས་ལ་དྲངས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་གོ་འཕང་ནོན་པར་མོས་ལ། དགའ་ཞིང་སྤྲོ་བ་དང་བཅས་པས་མ་ཡེངས་པར་ཉན་འཚལ། ཞེས་བརྡ་སྦྱར་ལ། སློབ་དཔོན་གྱིས་ཚིག་དལ་ཞིང་འཇེབས་པས་འདི་སྐད་དོ། །ང་ནི་ཐབས་ཀྱི་མཉན་པ་མཁན། །འཁོར་བའི་ཆུ་བོ་མཐའ་མེད་ལས། །སྲིད་གསུམ་བསྒྲལ་བར་དམ་བཅས་ཀྱིས། །ཐར་པ་འདོད་པ་ལམ་འདིར་ཤོག །ང་ནི་ཐབས་ཀྱི་མིག་མཁན་དེ། །འཇིག་རྟེན་ལོང་པ་དཔག་མེད་རྣམས། །ལིང་ཏོག་བསལ་བར་དམ་བཅས་ཀྱིས། །གང་ཞིག་མཐོང་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྨན་པ་སྟེ། །གྲོང་ཁྱེར་གསུམ་གྱི་ནད་པ་རྣམས། །གཅོང་རྙིང་འབྱིན་པར་དམ་བཅས་ཀྱིས། །གང་ཞིག་བདེ་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ས་མཁན་ཏེ། །འགྲོ་བ་ལམ་ལོག་ལམ་སྟོར་རྣམས། །མ་ནོར་འཁྲིད་པར་དམ་བཅས་ཀྱིས། །ཡང་དག་ལམ་འདོད་ལམ་འདིར་ཤོག །ང་ནི་ཐུགས་རྗེའི་སྤྱན་རས་མཁན། །འཁོར་བའི་དགྲ་དཔུང་འཇིགས་པ་ལས། །ཐམས་ཅད་སྐྱོབ་པར་དམ་བཅས་ཀྱིས། །འཇིགས་དང་བྲལ་འདོད་ལམ་འདིར་ཤོག །ང་ནི་རྡོ་རྗེའི་རྫོང་ཆེན་ཏེ། །འཁོར་བའི་གཡུལ་ཆེན་དམག་དཔུང་ལས། །འགྲོ་བའི་འཁྲ་སར་དམ་བཅས་ཀྱིས། །གང་ཞིག་མཁར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ཚོང་དཔོན་ཏེ། །འདོད་པ་རྒྱ་མཚོས་མི་ངོམས་རྣམས། །གཏེར་ཆེན་སྦྱིན་པར་དམ་བཅས་ཀྱིས། །གང་ཞིག་གཏེར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྒྲོན་མེ་སྟེ། །མུན་ནག་སྨག་ཏུ་འཁྱམས་པ་རྣམས། །མུན་ནག་བསལ་བར་དམ་བཅས་ཀྱིས། ། གང་ཞིག་སྣང་འདོད་ལམ་འདིར་ཤོག །ང་ནི་ཡིད་བཞིན་ནོར་བུ་སྟེ། །ཡང་དག་ཡིད་བཞིན་འདོད་པ་དེ། །ཡིད་བཞིན་སྐོང་བར་དམ་བཅས་ཀྱིས། །ལྷུན་གྱིས་གྲུབ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་ལྡེ་མིག་སྟེ། །བཀའ་སྒྲོམ་ཐ་རམ་གསང་བ་རྣམས། །རྣམ་པར་འབྱེད་པར་དམ་བཅས་ཀྱིས། །གང་ཞིག་གྲོལ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་འགྲེལ་པ་སྟེ། །གསུང་གི་གླེགས་ལམ་ཟབ་མོ་རྣམས། །ངེས་པར་གྲོལ་བར་དམ་བཅས་ཀྱིས། །གང་དག་ཤེས་འདོད་ལམ་འདིར་ཤོག །རྣམ་དག་ལམ་ཆེན་ཀུན་སྒྲོལ་འདིར། །སྐལ་ལྡན་གང་ཞིག་སུ་ཞུགས་པ། །ནོར་བུ་རིན་ཆེན་འོད་འབར་བ། །ངེས་པར་འཆར་གྱིས་བརྩོན་པར་གྱིས། །དེ་ཉིད་སེམས་ཀྱི་མེ་ལོང་སྟེ། །མངོན་སུམ་གསལ་བར་རྟོགས་མ་ཐག །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །རྡོ་རྗེ་གསང་ཆེན་གསང་བ་ཡི། །ངེས་དོན་དམ་པའི་མཛོད་མཆོག་རྣམས། །འདིར་བགྲོས་གསལ་བར་བཤད་སྦྱར་བས། །ལྷ་དང་མི་ཡི་རིག་འཛིན་ལས། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ལྷ་མིའི་འཇིག་རྟེན་ཐམས་ཅད་ཀྱི། །མུན་པའི་གདུང་བ་ཀུན་བསལ་ནས། །སེམས་ཀྱི་དཀྱིལ་འཁོར་གསལ་བར་འགྱུར། །ད་ནི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབྲལ་མི་ཕོད་པའི་དད་པ་བསྐྱེད། ཡིད་བཞིན་གྱི་ནོར་བུ་སྟོར་བ་རྙེད་པ་ལྟ་བུའི་དགའ་བ་སྒོམས། རྒྱུད་དང་དཀྱིལ་འཁོར་གྱི་བདག་པོར་གྱུར་ཏོ་སྙམ་དུ་ཡིད་སྤྲོ་བར་མཛོད་ཅིག །དེ་ནས་སློབ་དཔོན་ལ་མཎྜལ་འབུལ་དུ་བཅུག་ནས། འདིའི་རྗེས་ཟློས༴ ཀྱེ། དཔལ་ལྡན་བླ་མ་ཁྱེད་ཀྱི་བཀའ་དྲིན་གྱིས། ད་ནི་བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་ཆེན་བླ་ན་མེད་པའི་རྒྱུད་དང་དཀྱིལ་འཁོར་གྱི་བདག་པོར་གྱུར་པས་རྙེད་པའི་མཆོག་རབ་ཏུ་རྙེད་པས་སྤྲོ་ལགས་སོ། །རྗེ་བཙུན་དམ་པ་ཁྱེད་ཡེ་ཤེས་རང་སྣང་གི་སྐུ་ལ་འཕོ་འགྱུར་མི་མངའ་བ་བཞིན་དུ། གདུལ་བྱ་གཞན་སྣང་གི་སྐུ་འདི་ཉིད་ཀྱང་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་བརྟན་པར་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བར་གསོལ་བ་འདེབས་སོ། །བདག་ཅག་རྣམས་ཀྱང་ཁྱོད་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྤངས་ནས་སྐྱབས་གཞན་བསྟེན་པར་མི་བགྱིའོ། །དེ་ཁོ་ན་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་ཏུ་གསོལ། ཕཊ་ཅེས་བླ་མའི་ཁྲི་ལ་སྤྱི་བོས་བཏུད་དུ་བཅུག །དེ་ནས་བླ་མས་འདི་སྐད་ཅེས་གདམས་ཏེ། ཅིའི་ཕྱིར་གདུང་བའི་མུན་པར་ཞུགས། །ཐུབ་པ་མྱ་ངན་འདས་གདུང་བ། །དེ་ནི་ནམ་མཁའི་སྐུ་མངའ་བས། །འདའ་དང་མི་འདའ་མི་མངའ་སྟེ། །འཕོ་འགྱུར་མེད་པ་ནམ་མཁའ་བཞིན། །དེ་སྐད་སྤྲུལ་པའི་སྒྲ་བྱུང་བས། །སྔོན་དུ་བྱུང་བའི་རིགས་ཅན་རྣམས། །མཆོག་ཏུ་དགའ་བ་ཆེར་སྐྱེས་ཏེ། །དགའ་མགུ་རངས་པའི་བསམ་པ་ཡིས། །ལུས་བཏུད་ཤིན་ཏུ་གུས་སྦྱར་ནས། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་གསུངས་པ་ལྟར་ཁྱེད་རང་རྣམས་པུས་བཙུགས་ཐལ་མོ་སྦྱར་ནས་བླ་མ་ལ་གུས་པས་བསྟོད་པ་འདིའི་རྗེས༴ མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུས་བར་སྣང་སྟོན་ལྟ་བུར། །ཐོག་མ་མཐའ་མ་མེད་པ་ཡིས། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས། །རྣམ་དག་ལམ་ཆེན་དེ་ཉིད་དུ། །བྱུང་བའི་སྐྱེས་བུ་དོན་གྲུབ་ཁྱོད། །དམ་པ་རྣམས་ཀྱི་གསང་འཛིན་ཅིང་། །གསང་བ་པ་ཡི་བདག་པོར་གྲགས། །ཞེས་བསྟོད། དེ་ནས་མངའ་གསོལ་བ་ནི། སོ་སོའི་གོ་འཕང་དང་འཚམས་པའི་སྟན་དང་དབང་རྟགས་འདུ་བྱས་ལ། ཐོག་མར་བུ་རྣམས་ཕྱག་འཚལ་དུ་བཅུག །བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་ཡོན་གྱི་སྤྲིན་འཕྲོ་བར་མོས་ལ། ༀ་ཨཱཿཧཱུཾ་སྭཱ་ཧཱས་བསྔོ། བདེན་སྟོབས་བརྗོད་པའི་མཐར། དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་ལ་བཀའ་བབས་ཀྱི་བརྒྱུད་པ་གཏད་དེ་བཀྲ་ཤིས་ཀྱིས་མངའ་གསོལ་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཅེས་བསྒྱུར་བའི་མཐར། བི་ཤྭ་བཛྲ་གྱི་སྔགས་ཀྱིས་བགེགས་བསྐྲད། ཧཱུྃ་ཞེས་བརྗོད་པས་ཁྲོ་བཅུ་རོལ་པའི་སྤྲིན་གྱིས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ལ། རྡོ་རྗེ་སློབ་དཔོན་དང་རྒྱལ་ཐེབ་འོས་པ་ཁྲི་ལྔ་བརྩེགས་ལ་འདུག་ཏུ་བཅུག་ནས། རྡོར་དྲིལ་གཏད་དེ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་རྟགས་རྡོ་རྗེ་དང་དྲིལ་བུ་གཏད་པས་རང་གཞན་གྱི་དོན་རླབས་པོ་ཆེ་བྱེད་ནུས་པར་གྱུར་ཅིག །འཆད་མཁན་ལ་སྟན་སུམ་བརྩེགས་འཁོར་ལོ་དང་དུང་གཏད་དེ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་རྟགས་འཁོར་ལོ་དང་དུང་གཏད་པས་ཐེག་པ་མཐའ་དག་འཆད་ནུས་པར་གྱུར་ཅིག །ལས་མཁན་ལ་གདན་པད་ཉི། རྒྱ་གྲམ། རྔ། རལ་གྲི། མདའ་དར། གཏོར་མ་རྣམས་གཏད་དེ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་རྟགས་རྒྱ་གྲམ་ལ་སོགས་པ་གཏད་པས་ལས་བཞི་གང་ལ་གང་འཚམས་པར་སྤྱོད་ནུས་པར་གྱུར་ཅིག །ཕལ་པ་རྣམས་ལ་སྟན་པདྨ། ཕྲེང་བ་དང་པུསྟི་གཏད་དེ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་རྟགས་སུ་པུསྟི་དང་ཕྲེང་བ་གཏད་པས་བཀའ་ཕྱི་ནང་གི་ཆོས་ཉན་པ་དང་ཏིང་ངེ་འཛིན་སྒོམ་པའི་ནུས་པ་ཐོགས་པ་མེད་པར་གྱུར་ཅིག །དེ་ནས་རྩ་བརྒྱུད་ཀྱི་བླ་མ་རྣམས་བྱིན་འཐིབས་སེ་བྱོན་ནས་ཁྱོད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། །སྤོས་འཐུལ་ཞིང་རོལ་མོ་འཁྲོལ་བས། ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ། འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །དགོངས་རིག་རྣ་བར་བརྒྱུད་པ་ཡི། །བྱིན་རླབས་རྩ་བ་བླ་མའི་ཚོགས། །སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར། །དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་འཁྲིགས། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབས་ཤིག །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པ་བཞེས། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་གུ་རུ་སརྦ་སིདྡྷ་ཧཱུྃ། ཞེས་དང་ཡིག་བརྒྱ་བརྗོད། བུ་རྣམས་ཉམས་བྱུང་རྒྱལ་དུ་བསྐྱང་དུ་གཞུག་གོ། །དེ་ནས་མེ་ཏོག་འཐོར་ཞིང་དྲིལ་བུ་འཁྲོལ་བས། ༀ། ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང་། །སྤྲུལ་སྐུ་རིགས་གསུམ་ཡང་སྤྲུལ་དགའ་རབ་སོགས། །ཡེ་ཤེས་སྐུ་མཆོག་རྒྱལ་བ་དགོངས་པས་བརྒྱུད། །དགོངས་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །གྲགས་ལྡན་མཆོག་སྐྱོང་ཀླུ་རྒྱལ་འཇོག་པོ་དང་། །གནོད་སྦྱིན་སྲིན་པོ་ལི་ཙ་དྲི་མེད་སོགས། །ཐུགས་རྗེ་གདུང་འཚོབ་རིག་འཛིན་རིག་པས་བརྒྱུད། །བརྡ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱ་བལ་བྲུ་ཤའི་པཎ་གྲུབ་བརྒྱུད་པ་དང་། །གངས་ཅན་གདུང་སེལ་བོད་ཀྱི་བརྒྱུད་པ་སོགས། །དཔང་གྱུར་རྡོ་རྗེ་གང་ཟག་སྙན་ཁུང་བརྒྱུད། །རྣ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འཁོར་འདུས་པ་རྣམས་ཀྱི་གཙོ་བོ་རིག་འཛིན་ཀུཉྫ་རས། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བ། །ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་ཞུས་པའི་ལན་དུ། སྟོན་པས་ངེས་པའི་ཐེག་པ་རྣམ་གྲོལ་གྱི་ལུང་མདོ་ཆེན་པོ་འདི་འཇིག་རྟེན་དུ་འབྱུང་བའི་དུས་བཅུ་གཉིས་གསུངས་པའི་བདེན་པ་དེས་བསྟན་པ་འཇིག་རྟེན་གྱི་སྒྲོན་མེར་ཡོངས་སུ་འབར་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པ་ནི། འདི་ལྟ་སྟེ། དེ་ཁོ་ན་ཉིད་ངེས་པའི་ཐེག་པ་ཆེན་པོ་དེ། གནས་སྐབས་གཉིས་དང་བཅུར་འབྱུང་སྟེ། །གང་རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། གང་འཇིག་རྟེན་གྱི་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་། གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་། སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་། དགོངས་པ་ངེས་པར་འགྲེལ་བ་ན་ཡང་འབྱུང་། གདུལ་བྱའི་ཐབས་ལ་བབ་པའི་ཆེད་ན་ཡང་འབྱུང་། བྱིན་གྱིས་བརླབས་ལས་སྣང་བ་ན་ཡང་འབྱུང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་། གང་གི་ཆེད་དུ་མཛད་པ་ན་ཡང་འབྱུང་། ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་། ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་བགྲོ་བ་ན་ཡང་འབྱུང་སྟེ། དེ་དག་ན་ཐམས་ཅད་ཀྱི་ཐམས་ཅད་ནས་ཐམས་ཅད་དུ་ཀུན་ཏུ་ཡོངས་སུ་རྣམ་པར་སྣང་ངོ་། །སྣང་བར་གྱུར་ཏོ། །སྣང་བར་འགྱུར་རོ། །ཞེས་བཀའ་སྩལ་བས་དྲི་བ་དང་པོའི་རྟོག་པ་ཡོངས་སུ་ཆད་པ་དེ་བཞིན་དུ་བཀྲ་ཤིས་པར་གྱུར་ཅིག །ཅེས་མེ་ཏོག་གི་སིལ་མ་འཐོར་ཞིང་རོལ་མོའི་སྒྲ་བྱའོ། །སློབ་མས་ཕྱག་བྱས་ཏེ། བཀའ་དྲིན་ཆེ་ལགས། ཞེས་བརྗོད། དེ་ནས་ཕྱོགས་དུས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པ་དང་སངས་རྒྱས་ཀྱི་ཞིང་ཁམས་འཛིན་སྐྱོང་བསྲུང་བ་ལ་འབད་པར་བྱ་བའི་ཕྱིར་རྒྱ་ལྔས་གདབ་པ་ནི། བླ་མའི་བཀའ་རྫོགས་སློབ་མ་གདུང་འཚོབ་ཀྱི་རྒྱ་དང་གཅིག །གདུལ་བྱ་རྗེས་སུ་འཛིན་པ་བསྟན་པ་དགོངས་འདུས་ཀྱི་རྒྱ་དང་གཉིས། སྒྲུབ་རྫས་དང་མེ་ཏོག་ཡུལ་གྱི་བཅའ་ཐང་ལྟར་འབུལ་བའི་རྒྱ་དང་གསུམ། བཀའི་གཉེར་གཏད་ཆོས་ཀྱི་བདག་པོར་མངའ་གསོལ་བའི་རྒྱ་དང་བཞི། ཞུ་བ་པོས་ཞི་བའི་གཞུང་མཆོད་ཚོགས་འབུལ་བའི་རྒྱ་དང་ལྔ་པོ་ཅི་ནུས་སྒྲུབ་པར་དམ་བཅའ་བ་ལ་འདི་ཉིད་བྱིན་པར་བྱ་བ་ཡིན་གྱིས། དེ་ལས་གཞན་པ་རྣམས་རེ་ཞིག་བཟུང་བར་བྱ་བའི་ཡུལ་མ་ཡིན་པར་བཏང་སྙོམས་སུ་བཞག་ལ། ཕྱིས་ནས་རྗེས་སུ་བཟུང་བའི་ཡུལ་དུ་སྨོན་ལམ་གདབ་པར་གྱིས་ཤིག །ཅེས་གདམས་པའི་ལན་དུ་འདིའི༴ གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་། དར་ཡུག་ཚོམ་བུ་དང་བཅས་པ་མཇུག་ནས་དྲི ལ་ཏེ་སློབ་དཔོན་གྱི་ཕྱོགས་སུ་བསྡུ། རྗེས་ཚོགས་ཀྱི་དགའ་སྟོན་ལ་རོལ་ཞིང་། གནང་བ་ཐོབ་ན་རྡོ་རྗེ་གླུ་གར་སོགས་ཀྱང་བྱའོ། །མན་ངག་ཡིག་རྙིང་ལུས་ཕྲ་མ། །རྣ་དབང་སྙན་འཇེབས་རྒྱན་གྱིས་ཀླུབས། །ཆོས་སྨྲ་གཞོན་ནུའི་ཡིད་ཀྱི་དཔལ། །རང་དབང་མེད་པར་འཕྲོག་མིན་ནམ། །དབང་གི་གཏད་རྒྱའི་ལེ་ཚན་ནོ།། །།
༈ ༀ་སྭ་སྟི། རྣམ་འགྱུར་གང་འདུལ་དེར་སྣང་བས། །འཆི་མེད་མཆོག་སྩོལ་ལྷག་པའི་ལྷར། །སྟོན་མཛད་རྡོ་རྗེ་སློབ་དཔོན་ལ། །ཕྱག་བྱས་ཚེ་ཡི་དབང་ཆོག་བྲི། །ད་ནི་མཐའ་བརྟེན་ཚེའི་དབང་བསྐུར་བ་ནི། དཀྱིལ་འཁོར་བཤམ་སྒྲུབ་གཏོར་ཆོག་དང་བཅས་པ་སྒྲུབ་ཐབས་ལྟར་སྔོན་དུ་བཏང་ནས། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི། ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ཐོབ་པ་ཙམ་གྱིས་མི་ཆོག་སྟེ། སྤྱིར་ཛམྦུ་གླིང་པའི་ཚེ་ལ་ངེས་པ་མེད་ཅིང་ཁྱད་པར་ཚེའི་སྙིགས་མའི་མཐར་ཐུག་པའི་ཕྱིར། དུས་མིན་དུ་འཆི་བའི་རྐྱེན་དང་བར་ཆད་མང་བས། དེ་ལས་སྐྱོབ་པའི་ཐབས་ལ་ཟབ་རྒྱས་ཀྱི་གདམས་པ་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་རྩ་བའི་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་གསུངས་པའི་ཚེའི་དབང་བསྐུར་གྱི་ཆོ་ག་དེ་ཉིད་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི༴ དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བས་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་སྩལ་དུ་གསོལ། །ཞེས་ལན་གསུམ། དེ་ནས་རྒྱུན་བཤགས་བྱ་བ་ནི། སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྲིན་གཏིབས་པ་བཞིན་བཞུགས་པར་མོས་ལ་འདིའི༴ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་སློབ་མ་ལྷར་བསྒོམ་ཞིང་ཚེ་རྟེན་བསྐྱེད་པ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སློབ་བུའི་སེམས་ཀྱི་རྟོག་པ་དང་དེ་ལས་བྱུང་བའི་ལུས་ངག་ཀྱང་སྦྱངས་ཏེ་མི་དམིགས་པ་ལས། རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་ཁྱེད་རང་ཨ་ལས་བཅོམ་ལྡན་འདས་སྣང་མཐའ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་གསལ་འཚེར་འབར་བ། ཕྱག་གཡས་པདྨ་དམར་པོ་དང་། གཡོན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་རང་འདྲའི་ཡུམ་གོས་དཀར་མོ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ། གཉིས་ཀ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཉམས་དགུས་སྒེག་པའི་ཡབ་ཀྱི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཚེ་རྟེན་བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་ལེ་དམར་པོ་གསལ་འཚེར་འབར་བའི་རྣམ་པར་སྒོམ། དེ་ནས་ཚེ་དགུག་པ་ནི། སྙིང་གའི་ཐིག་ལེ་ལས་འོད་ཟེར་འཕྲོས་པས་འཁོར་འདས་སྣོད་བཅུད་ཀྱི་མདངས་དང་ཚེ་བཅུད་བཀྲག་དང་གཟི་བྱིན་བསོད་ནམས་དང་ཡེ་ཤེས་ཐམས་ཅད་བསྡུས་ནས་ཚེ་རྟེན་ལ་ཐིམ་པའི་མོས་པ་མཛོད། ཚེ་མདའ་གཡབ་ཅིང་། ཧྲཱིཿ ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ནས། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ཚེ་དཔག་མེད། །སེམས་དཔའ་སེམས་མ་སྒོ་མར་བཅས་རྣམས་ཀྱིས། །ཚེ་དང་ཡེ་ཤེས་དགུག་པའི་ལས་མཛོད་ཅིག །ༀ་ནྲྀ་བྷྲཱུཾ་ཧཱུཾ་ཨཱཿཡུ་ཥེ་ཛཿཛཿཧཱུཾ་ཨ། འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ༀ་ནྲྀ་བྷྲཱུཾ༴ འགྲོ་བ་ཡོངས་ཀྱི་ཚེ་ལ༴ སྔོན་མོ་མགྱོགས་མ་རྒྱས་མཛད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད༴ རྡོ་རྗེ་ཚེ་མཆོག༴ ༀ་ནྲྀ་བྷྲཱུཾ༴ འགྲོ་བ་ཡོངས་ཀྱི་ཚེ་ལ༴ དམར་མོ་མགྱོགས་མ་དབང་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི༴ རྡོ་རྗེ་ཚེ་མཆོག་འགུགས་པའི༴ ༀ་ནྲྀ་བྷྲཱུཾ༴ འགྲོ་བ་ཡོངས་ཀྱི་ཚེ་ལ༴ ལྗང་མདོག་མགྱོགས་མ་དྲག་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད༴ རྡོ་རྗེ་ཚེ་མཆོག༴ ༀ་ནྲྀ་བྷྲཱུཾ་ཧཱུཾ་ཨཱཿཡུ་ཥེ་ཛཿཛཿཧཱུཾ་ཨ། ཞེས་དགུག །དེ་ནས་དབང་བསྐུར་བ་ནི། ནམ་མཁའ་གང་བའི་སངས་རྒྱས་ཚད་མེད་པ་རྣམས་ཀྱིས་ཚེའི་བུམ་པས་དབང་བསྐུར་བས། བུམ་ནང་གི་ལྷའི་ཐུགས་དཔལ་གྱི་བེའུ་ཉི་ཟླའི་གའུ་ནས་འཆི་བ་མེད་པའི་བདུད་རྩིའི་དྭངས་མ་དམར་གསལ་འབར་བའི་རྣམ་པར་བྱུང་བ་ཁྱོད་རང་གི་སྤྱི་བོ་ནས་སྙིང་གའི་ཚེ་རྟེན་ལ་སིབ་ཀྱིས་ཐིམ་པས་བཀྲག་མདངས་གཟི་བྱིན་འབར་བའི་འོད་ཀྱིས་ལུས་ནང་ཐམས་ཅད་མེར་ཁྲིག་གིས་གང་བས། རྒུད་པ་མེད་པའི་ལང་ཚོ། འགྱུར་བ་མེད་པའི་ཚེ། འཆི་བ་མེད་པའི་སྲོག །རྟག་བརྟན་གཞོམ་གཞིག་དང་བྲལ་བ་ཐོབ་པའི་མོས་པ་མཛོད། བུམ་པ་བཏེག་སྟེ། ཧྲཱིཿ ནུབ་ཕྱོགས་ཚེ་ཡི་དབྱིངས་མཆོག་གི། །པདྨ་དབང་གི་ཞིང་ཁམས་སུ། །བྱམས་ལྡན་ཡེ་ཤེས་ཚེ་དཔག་མེད། །ཐུགས་ཀྱི་དཔལ་བེའུ་རིན་པོ་ཆེ། །ཉི་ཟླ་འོད་ཀྱི་གའུ་ན། །བྱང་ཆུབ་སེམས་ཀྱི་ཨཱཿཡུ་འབར། །དམར་གསལ་འབར་བའི་ཚེ་མཆོག་དེ། །སྐལ་ལྡན་རིགས་ཀྱི་བུ་ལ་འཕྲོ། །སྤྲོས་པས་དགུ་ལུང་དམ་པ་ཡིས། །ཙིཏྟའི་སྦུབས་ལ་བཀྲག་ཏུ་བསླན། །བུམ་ཆུ་སྤྱི་བོའི་གནས་ལྔར་གཏིག་ཅིང་། ཨཱྂ་བཛྲ་ཨཱཿཡུ་ཥེ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བཛྲ་ཨཱཿཡུ་ཥེ་ཨ་བྷི༴ སྭཱ་བཛྲ་ཨཱཿཡུ་ཥེ་ཨ་བྷི༴ ཧཱུཾ་བཛྲ་ཨཱཿཡུ་ཥེ་ཨ་བྷི༴ ཧཱཾ་བཛྲ་ཨཱཿཡུ་ཥེ་ཨ་བྷི༴ སླར་ཡང་བུམ་པ་སྤྱི་བོར་བཞག་པས། བུམ་ནང་གི་ལྷའི་སྐུ་ལས་ༀ་ཡིག་ཆར་ལྟར་བབས་པ་ཁྱེད་རང་གི་སྤྱི་བོའི་ལམ་ནས་ཚེ་རྟེན་ལ་ཐིམ་པས་སྐུ་རྡོ་རྗེ་མི་ཤིགས་པའི་ཚེ་དབང་ཐོབ་པར་བསམ་ལ། ༀ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ། །མཁའ་དང་མཉམ་པའི་སྐུ་མངའ་བ། །རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག །ༀ་ཀཱ་ཡ་སིདྡྷི་ཨཱཿཡུ་ཧཱུཾ་ཛཿ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། ཚེ་འབྲང་ལྷར་གསལ་བའི་སྐུ་ལས་ཨཱཿཡིག་ཆར་ལྟར་བབས་པ་ཁྱེད་རང་གི་མགྲིན་པའི་ལམ་ནས་ཚེ་རྟེན་ལ་ཐིམ་པས་གསུང་རྡོ་རྗེ་མི་ཤིགས་པའི་ཚེ་དབང་ཐོབ་པར་བསམ་ལ། ཨཱཿ མཆོག་ཏུ་རྣམ་པར་དག་པའི་གསུང་། །གསུང་རབ་དམ་པ་ཡི་གེ་མེད། །བརྗོད་དུ་མེད་ཅིང་སྤྲོས་བྲལ་བ། །རྡོ་རྗེའི་གསུང་གི་དབང་ཐོབ་ཤོག །ཨཱཿཝཱ་ཀ་སིདྡྷི་ཨཱཿཡུ་ཧཱུཾ་ཛཿ ཞེས་ཚེ་འབྲང་མགྲིན་པར་བཞག་ཅིང་། ཚེ་རིལ་དང་ཚེ་ཆང་ཡང་མྱང་དུ་གཞུག་གོ། །མར་མེ་ལྷར་གསལ་བ་ལས་ཧཱུཾ་ཡིག་ཆར་ལྟར་བབས་པ་ཁྱེད་རང་གི་སྙིང་གའི་ལམ་ནས་ཚེ་རྟེན་ལ་ཐིམ་པས་ཐུགས་རྡོ་རྗེ་མི་ཤིགས་པའི་ཚེ་དབང་ཐོབ་པར་བསམ་ལ། ཧཱུཾ། ཤིན་ཏུ་རྣམ་པར་དག་པའི་ཐུགས། །ཆགས་མེད་ཡེ་ཤེས་གཉིས་མཁྱེན་པ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེ། །རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག །ཧཱུཾ་ཙིཏྟ་སིདྡྷི་ཨཱཿཡུ་ཧཱུཾ་ཛཿ ཞེས་མར་མེ་སྙིང་གར་གཏུག་ཅིང་ཞུན་མར་བྱུག །དེ་ནས་ཚེ་སྦ་བ་ནི། དེ་ལྟར་དབང་བསྐུར་བའི་སྒོ་ནས། ཚེ་གང་ལ་བསྟིམ་པའི་གཞི་སྐལ་ལྡན་རིགས་ཀྱི་བུ་ཉིད་དང་། དེ་ལ་བསྟིམ་བྱ་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུད་གསུམ་སྟེ། དེ་ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྤྲོས་བྲལ་འཆི་མེད་གཉུག་པའི་དབྱིངས་སུ་རྣམ་པར་དག་པར་སུས་ཀྱང་གཞིག་ཅིང་གཞོམ་དུ་མེད་པར་གྱུར་སྙམ་པའི་མོས་པ་མཛོད། ཧྲཱིཿ ཚེ་ཡི་ངོ་བོ་རྒྱུད་གསུམ་པོ། །སྲོག་གི་ངོ་བོར་གཞལ་ཡས་ཁང་། །ལེ་བརྒན་འབར་བའི་དཀྱིལ་འཁོར་དུ། །ཨཱཿཡུ་དམར་པོའི་འོད་འཕྲོས་པས། །འཆི་བ་མེད་པའི་སྲོག་བཙུགས་ཏེ། །འགྱུར་བ་མེད་པའི་གཡུང་དྲུང་ཡིན། །ཆོས་ཉིད་དབྱིངས་སུ་ཚེ་སྦས་པས། །དུས་གསུམ་རྒྱལ་བ་དགྲར་ལངས་ཀྱང་། །དེ་ལ་བཟུང་ཞིང་བརྟག་ཏུ་མེད། །ཅེས་བརྗོད། དེ་ནས་ཚེ་རྒྱས་གདབ་པ་ནི། འཆི་མེད་གཉུག་མའི་རང་བཞིན་ལས་སྐད་ཅིག་གིས་དེའི་ཕྱག་རྒྱ་ཁྱེད་རང་སྣང་མཐའ་ཚེ་དཔག་མེད་དུ་གསལ་བའི་སྙིང་གར་ཟླ་གམ་དབང་གི་དཀྱིལ་འཁོར། དེའི་སྒོར་རྟ་མགྲིན་ཡབ་ཡུམ་རྒྱ་གྲམ་དང་བུམ་པ་འཛིན་པས་བསྲུང་བ། ཟླ་གམ་གྱི་ནང་དུ་རིན་པོ་ཆེ་དཔལ་བེའུ་ཟུར་བརྒྱད་པ་འབར་བ། དེའི་སྟེང་དུ་ཉི་ཟླ་གའུ་ཁ་སྦྱོར་གྱི་ཡས་མས་ནས་རྡོ་རྗེ་རྒྱ་གྲམ་གྱིས་གཏམས་པའི་སྟེང་འོག་གི་རྭ་རྩེ་འོད་ཟེར་གྱི་ཐག་པས་བཅིངས་པ། གའུའི་ནང་དུ་གུ་ཧྱ་གསེར་གྱི་རྡོ་རྗེ་མཚོན་གང་བའི་ལྟེ་བར་ༀ་ཨཱཿཧཱུཾ་གསུམ་དམར་པོ་འོད་འབར་བ་རྣམས་ཀྱི་རྒྱས་བཏབ་པའི་མོས་པ་མཛོད། བྱང་ཆུབ་སེམས་ཀྱི་ཨཱཿཡུ་དེ། །སྐྱེ་མེད་དབྱིངས་སུ་སྦས་ནས་ཀྱང་། །ཐ་མར་ཕྱག་རྒྱ་བདུན་གྱིས་གདབ། །དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ། །གཉིས་པ་གནོན་པའི་རྒྱ་གྲམ་རྒྱ། །གསུམ་པ་རྟ་མཆོག་དཔལ་གྱི་རྒྱ། །བཞི་པ་རིན་ཆེན་དཔལ་བེའུ་སྟེ། །ལྔ་པ་གསེར་གྱི་གུ་ཡའོ། །དྲུག་པ་ཟླ་གམ་དམར་པོ་ལ། །བདུན་པ་ཉི་ཟླའི་གའུ་འབར། །རྒྱ་བདུན་རིམ་པས་བཏབ་པ་ལས། །སུས་ཀྱང་འདའ་བར་མི་ནུས་སོ། །ཞེས་བརྗིད་ཅིང་རེ་རེ་ནས་སྙིང་གར་རྡོ་རྗེ་རྒྱ་གྲམ་དུ་བཞག །འཇིག་རྟེན་འདྲེན་པ་སོགས་དང་། ལོ་བརྒྱ་ཐུབ་ཅིང་སོགས་ཀྱིས་བཀྲ་ཤིས་བརྗོད་དོ། །དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་འཆི་མེད་ཚེ་ཡི་དབང་བསྐུར་བས། ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ། འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་བར་གྱུར་ཅིག །ཅེས་བརྗོད་དོ། །རྗེས་ཀྱི་བྱ་བ་གདམས་ངག་ངང་སྒོམ་ཚེ་ཁྲིད་གདབ་པ་ནི། ཞོག་པ་སྐྱ་རེངས་དང་པོ་འཆར་བའི་ཚེ། རང་ཉིད་སྟན་བདེ་བ་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་ཁ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྣང་མཐའ་ཚེ་དཔག་མེད་དུ་ལམ་གྱིས་བསྒོམས་ལ། རླུང་རོ་བསལ་བས་ནད་གདོན་སོགས་ཚེའི་འགལ་རྐྱེན་ཐམས་ཅད་སང་གིས་སོང་བར་བསམ། དེ་ནས་ཤར་ཕྱོགས་ཀྱི་ནམ་མཁའི་མཐའ་གཏུགས་པའི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་ཚེ་དང་བསོད་ནམས་ཐམས་ཅད་རླུང་དང་ལྷན་ཅིག་རྔུབས་ནས་ཐུབ་ཐང་དུ་བཟུང་བས། དབུ་མའི་ནང་དུ་སིབ་ཀྱིས་སོང་ནས་ཙིཏྟ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བསམ། མི་ཐུབ་པ་ན་སྣ་ནས་དལ་བུས་སང་གིས་བཏང་ངོ་། །དེ་བཞིན་དུ་ཕྱོགས་མཚམས་གཞན་ལའང་སྦྱར་ཏེ། རབ་ལོ། འབྲིང་ཟླ་བ། ཐ་མ་ཞག་བཅོ་ལྔའམ། ཞག་བདུན་འབད་པས་ཚེ་བསྲིང་བར་འགྱུར་ཏེ། རྩ་རྒྱུད་ལས། རྣལ་འབྱོར་རིག་འཛིན་གང་ཞིག་རྣམས། །མི་འཕོ་བར་ནི་གནས་འདོད་པས། །ལོ་གཅིག་གམ་ནི་ཟླ་གཅིག་གམ། །དེ་བཞིན་ཞག་གི་རྣམ་གྲངས་ཀྱང་། །བཅོ་ལྔའམ་ཡང་ན་བདུན་བར་དུ། །ཐོ་རེངས་ཐུན་ཐ་དང་པོའི་ཚེ། །ཞེས་པ་ནས། དེ་ལྟར་མང་པོ་སྒྲུབས་པ་དང་། །དཔལ་ཚེ་གཟི་བྱིན་ཐམས་ཅད་ཐོབ། །ཅེས་དང་། བཤད་རྒྱུད་རྔམ་གློག་ལས་ཀྱང་། ཕྱོགས་བཅུར་དེ་ལྟར་གོམས་བྱས་ན། །དཔལ་ཆེན་གཟི་བྱིན་ཐམས་ཅད་ཐོབ། །ཅེས་གསུངས་པ་ཡིན་ནོ། །དེས་མཐའ་བརྟེན་དུ་ཚེའི་དབང་བསྐུར་བ་མན་ངག་དང་བཅས་པ་གྲུབ་པས། གནས་སྐབས་དེ་དག་ཏུ་ཐོབ་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ། དགེ་བ་བསྔོ་ཞིང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །རྩ་བཤད་རྒྱུད་ལུང་མན་ངག་ལྟར། །ཚེ་ཡི་དབང་ཆོག་ཟབ་དོན་གནད། །ཆོས་འདིའི་རང་སྐད་འོད་བརྒྱ་པ། །རྙིང་བསྟན་སྣང་བྱེད་དཔལ་དུ་འབར། །མཐའ་རྟེན་ཚེའི་དབང་ཆོག་གི་ལེ་ཚན་ནོ། །འདུས་པ་མདོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ལས། རྗེས་གཏད་རྒྱ་བྱ་ཞིང་ཚེ་དབང་བསྐུར་བའི་ཆོ་ག་བཤད་པའི་སྐབས་ཏེ་དྲུག་པའོ།། །།
༈ འདིར་སྨྲས་པ། རྨད་བྱུང་རྡོ་རྗེ་ཐེག་པའི་ཐེམ་སྐས་ལ། །སྐལ་བཟང་ཐབས་ཤེས་གོམ་སྟབས་ལྷོད་པོ་ཡིས། །འཛེགས་ནས་བདེ་བ་ཆེན་པོའི་ཁང་བཟང་དུ། །འཇུག་པའི་ཐབས་མཆོག་འདུས་པ་མདོ་ཡི་དབང་། ༡ །རྒྱུད་ལུང་མན་ངག་དགོངས་པ་ཟབ་དོན་གནད། །གྲུབ་པའི་དབང་སྒྱུར་བདེ་བ་གསལ་མཛད་ཀྱིས། །བཀྲལ་བའི་ཆོས་ཚུལ་རྗེས་འགྲོ་ལེགས་བཤད་དཔལ། །དག་ཅིང་གསལ་ལ་མ་འཁྲུགས་གོ་བདེར་སྤེལ། ༢ །གསང་ཆེན་རྒྱུད་ལུང་མཁའ་ལྟར་དཔག་ཡས་པས། །བློ་རྨོངས་འདབ་ཆགས་བགྲོད་པས་ཇི་ལྟར་མཚོན། །འོན་ཀྱང་མཁའ་ལྡིང་འཕུར་པའི་ཤུལ་ལམ་ལ། །ཉམ་ཆུང་བུང་བ་རྣམས་ཀྱང་འགྲོ་མིན་ནམ། ༣ །དེ་ཕྱིར་བདག་བློའི་རྩལ་སྟོབས་མཆོག་མིན་ཀྱང་། །རྗེ་བཙུན་བླ་མའི་བཞེད་དགོངས་གངྒཱའི་རྒྱུན། །དད་བརྩོན་སྙིང་གི་འབབ་སྟེགས་ལ་གཞོལ་བས། །གདུང་སེལ་བདུད་རྩིའི་ཟེགས་མ་ཅི་ཡང་འཐོར། ༤ །རྒྱུད་དང་མན་ངག་སོ་སོའི་ལུགས་ཕྱེད་པའི། །རྟོག་དཔྱོད་དཀྱུས་སར་ཕྱིན་པའི་རྟ་མཆོག་བཞིན། །སྔ་བཙན་ཞེན་པའི་སྲབ་སྐྱོགས་ལ་བཅུག་ཀྱང་། །ལུང་རིག་བདེ་བའི་ཐང་ལ་ཐལ་བར་གྱུར། ༥ །ལེགས་བཤད་གང་མཆིས་གཏེར་ཆེན་བླ་མའི་དྲིན། །བཀའ་དྲིན་རྗེས་སུ་དྲན་པས་གུས་ཕྱག་འབུལ། །ཉེས་གྱུར་བདག་བློ་རྨོངས་པའི་སྐྱོན་ལགས་པའི། །བླ་མ་ལྷར་བཅས་ཚོགས་ལ་བཟོད་པར་གསོལ། ༦ །འདིས་ཐོབ་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འདུས་པ་མདོའི། །སྨིན་གྲོལ་ལམ་བཟང་འདི་དང་མི་འབྲལ་ཞིང་། །དཔལ་ལྡན་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག ༧ །འདུས་པ་ཆེན་པོ་མདོའི་དབང་གི་ཆུ་བོ་བཞི་རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་དྲིལ་ནས་བསྐུར་བའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ཞེས་བྱ་བ་འདི་ནི། སྐུ་ན་གཞོན་ནུར་གྱུར་ཀྱང་བློ་གྲོས་ཀྱི་ལུས་སྟོབས་རྒྱས་པས་ཤེས་བྱ་རིག་པའི་གནས་ཀུན་ལ་ཐོགས་པ་མེད་པའི་མཁྱེན་རབ་ཕུལ་དུ་བྱུང་ཞིང་ཟབ་མོའི་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་པའི་རྡོ་རྗེ་འཛིན་པ་ཆེན་པོ་རྒྱལ་བའི་སྲས་མཆོག་ཤེས་རབ་རྣམ་རྒྱལ་རྡོ་རྗེའམ་མཚན་གཞན་པདྨ་འགྱུར་མེད་རྒྱ་མཚོའི་སྡེའི་བཀའ་སྩལ་སྤྱི་བོས་ནོད་དེ་རྩོམ་འདུན་ཡིད་ལ་བཅགས་པ་ཉིད། འཕྲལ་དུ་སྒྲུབ་པའི་རྐྱེན་སད་བྱེད་སྔོན་གོམས་ཀྱི་ཡོན་ཏན་དུ་མས་རྣམ་པར་བརྒྱན་པའི་སྐྱེས་མཆོག་པད་གླིང་ལྔ་པ་གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེ་དང་། འོད་མཆོག་སྤྲུལ་པའི་སྐུ་ལྕེ་སྟོན་ངག་དབང་ཀུན་བཟང་རང་གྲོལ། ཐང་འབྲོག་སྤྲུལ་པའི་སྐུ་ཀུན་བཟང་ལེགས་པར་གྲུབ་པ་ལ་སོགས་ཏེ་བསྟན་པ་གསལ་བར་མཛད་པའི་སྐྱེས་ཆེན་དུ་མའི་གསུང་ནན་དང་། གཞན་ཡང་མདོ་ཁམས་གོ་འཇོ་བླ་མ་རྣམ་གྲོལ་བཟང་པོ་དང་། བསལ་བླ་མ་ཡེ་ཤེས་དང་རྡོ་རྗེ་མགོན་སོགས་དགེ་བའི་བཤེས་གཉེན་དང་བསྟན་པ་ལ་མཆོག་ཏུ་གུས་པ་མང་པོས་ཀྱང་ཉེ་བར་བསྐུལ་ཞིང་། ཁྱད་པར་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཁམས་གསུམ་འགྲོ་བའི་བླ་མ་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་བཀའ་ལུང་གིས་དབུགས་འབྱིན་པའི་གནང་བ་ལེགས་པར་ཐོབ་པ་ལ་བརྟེན་ནས། གང་གི་བཀའ་དྲིན་ཁོ་ནས་འཚོ་བའི་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨཱ་ཤྲཱིས་རང་ལོ་ལྔ་བཅུ་ང་གཅིག་པ་ཉི་སྒྲོལ་བྱེད་ཅེས་ཤིང་ཕོ་སྤྲེའུའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གི་སྔ་དྲོ་རབ་ཏུ་བརྟན་པ་སྡིག་པའི་དུས་སྦྱོར་གྱི་དབྱུ་གུ་བཞི་པ་ཆུ་ཁམས་པ་ཝ་སངས་ཀྱིས་སྤྱོད་པའི་དུས་རེས་གཟའ་བཀྲ་ཤིས་ཐ་སྐར་དང་རྩེ་བའི་འགྲུབ་སྦྱོར་བཟང་པོ་ལ། །བཤད་སྒྲུབ་ཀྱི་ཆུ་བོ་མ་ལུས་པ་འདུ་བའི་རྒྱ་མཚོ། ལུང་རིགས་མན་ངག་རིན་པོ་ཆེའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སུག་རིས་སུ་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག། ༈ །།སྭསྟི། ཚོགས་གཉིས་མཐར་ཕྱིན་སྐུ་བཞིའི་རྒྱལ་ཐབས་མཆོག །རྡོ་རྗེ་ཅན་གྱི་ས་ཆེན་ཡོངས་བཟུང་ནས། །ཐུགས་རྗེའི་རྣམ་རོལ་རིགས་ཅན་བློར་འཚམས་པའི། །བསྟན་པ་རྒྱ་མཚོས་ས་གསུམ་ཤིས་པར་མཛད། ༡ །ཁྱད་པར་གསང་ཆེན་ཐེག་པ་མཆོག་གི་ལམ། །བརྒྱུད་གསུམ་བླ་མའི་ཞལ་ལུང་བདུད་རྩིའི་ཆབ། །སྨིན་གྲོལ་རོ་བརྒྱ་ལྡན་པ་མདོ་ཡི་དབང་། །སྐལ་བཟང་སྐུ་བཞིར་སྨིན་བྱེད་འདི་རྨད་བྱུང་། ༢ །གང་ཡང་ཐེག་པའི་གོ་རིམ་རྣམ་དབྱེ་དང་། །ཆོ་གའི་བྱ་བ་ཇི་བཞིན་མ་འདྲེས་པར། །རང་གཞུང་ངེས་པའི་ཁུངས་ཀྱིས་ཡིད་ཆེས་ཅན། །ཀླགས་པ་ཙམ་གྱིས་དགོས་དོན་འགྲུབ་བྱེད་གང་། ༣ །སྐལ་བཟང་མཆོག་འདོད་རྣམས་ལ་ཡིད་བཞིན་གྱི། །ནོར་བུ་ཉིད་ཕྱིར་བློ་ངན་རྙོག་པའི་དྲི། །སྦྱངས་ནས་བཤད་སྒྲུབ་རྒྱལ་མཚན་རྩེར་མཆོད་པས། །དངོས་གྲུབ་འདོད་དགུར་འཇོ་བའི་མཆོག་སྦྱིན་མཁན། ༤ །མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་མཐོ་བ། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོ་ཞེས། །སྐད་གཉིས་སྨྲ་བའི་ཟླ་བ་བསྟན་འཛིན་གྱི། །རྒྱུ་སྐར་ཕྲེང་བའི་དབུས་ན་གསལ་དེའོ། ༥ །ལེགས་བཤད་རིན་ཆེན་དོན་གཉེར་སྐྱེ་བོ་ལ། །འབད་མེད་ཆོས་གཏེར་རྒྱུ་རྐྱེན་ཕུན་ཚོགས་སྒོ། །འབྱེད་པོ་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོ་ཡི། །མ་སྨད་འབྱོར་བའི་བང་མཛོད་ཉིད་ལས་སྤེལ། ༦ །ཡི་གེའི་བྱེད་པོ་ཨོ་རྒྱན་དཔལ་འབྱོར་གྱིས། །བྲིས་པ་ཇི་བཞིན་ཨོ་རྒྱན་ཚོགས་གཉིས་དང་། །ཕུན་ཚོགས་བསྟན་འཛིན་རྡོ་རྗེ་ཚེ་བརྟན་གྱི། །རྣམ་དཔྱོད་སོར་མོའི་འཕྲུལ་ཆེན་པར་དུ་གྲུབ། ༧ །ཞུས་དག་བྱེད་པོ་སྡོམ་བརྩོན་འབུམ་ཕྲག་གཞུང་། །སྨྲ་མཁས་ཨོ་རྒྱན་སྐལ་བཟང་ཞེས་བྱ་སྟེ། །དོ་དམ་ལས་འཛིན་དགེ་སློང་རབ་འཕེལ་གྱིས། །ཉེ་བར་སྒྲུབས་སོགས་ལེགས་བྱས་དཔྱིད་དུ་གྲུབ། ༨ །ཚུལ་འདི་ཨོ་རྒྱན་མཁན་པོའི་སྨིན་གྲོལ་གྱི། །རིང་ལུགས་བཤད་སྒྲུབ་མངོན་པར་མཐོ་བའི་གླིང་། །ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེར། །ས་སྐྱོང་ཞེས་བྱའི་ལོ་ལ་བསྒྲུབས་པའོ། ༩ །འདིས་ཐོབ་དགེ་བས་རྒྱལ་བསྟན་འཕེལ་ཞིང་རྒྱས། །འགྲོ་ཀུན་སྲིད་ཞིའི་དཔལ་གྱིས་ཉེར་འཚོ་ཞིང་། །རླབས་ཆེན་རྒྱལ་བའི་མཛད་པ་རྨད་བྱུང་གིས། །ཕན་བདེའི་སྣང་བ་ཕྱོགས་བཅུར་རྒྱས་བྱེད་ཤོག ༡༠ །ཅེས་འདུས་པ་མདོའི་སྒྲུབ་དཀྱིལ་དབང་ཆོག་ཆ་ལག་དང་བཅས་པའི་པར་བྱང་དུ་འགྱུར་མེད་རྡོ་རྗེས་སྤེལ་བའོ།། ༈ །།མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག ༈ །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག །དགེའོ། །དགེའོ། །དགེའོ།། །།


previousརྗེས་གཏད་རྒྱ་བྱ་ཞིང་ཚེ་དབང་བསྐུར་བའི་ཆོ་ག་བཤད་པའི་སྐབས།next