Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་བཞི་པ།


   
   
   
འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་དང་པོ། རིག་འཛིན་པདྨ་ཕྲིན་ལས།


 
previousའདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་དང་པོ། རིག་འཛིན་པདྨ་ཕྲིན་ལས།no next

འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་དང་པོ། རིག་འཛིན་པདྨ་ཕྲིན་ལས།

མུ ཙྪ སཱུ ཏྲ སྱཱ བྷི ཥི ཉྩ སྱཱོ པ ཡི ཀ པྲ བྱཱུ གྲྀ ནྱ མ ཎྜ ལ ས མུ དྲ དེ ཤ བ ཏ ར ནཱ མ བི ཧ རཾ། །
འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །༈ མཉམ་པའི་བྲྀཏྟ་ལས་སྟག་རྣམ་ལེན་ཞེས་བྱ་བའི་སྡེབ་སྦྱོར།
ཨཱ དྱོ བཻ དྷུ མ ཧཱ སུ ཁཾ ས མ ཀ ཤུ དྡྷོ དྷ རྨ ཀཱ ཡཾ བུ དྡྷ ཿ །
གདོད་མའི་ངོ་བོ་མཉམ་ཉིད་ཁྱབ་བརྡལ་ཀ་དག་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་རུ་སངས་རྒྱས་ཀྱང་། །

ཨཱ དྭཻ ནི ཏྱ ཀ མཱ ཡ མ ཎྜ ལ ས མུ དྲཾ ཀཱ ཡ ས མྦྷོ ག ཏ མ། །
ཟུང་འཇུག་རང་བཞིན་ལྷུན་གྲུབ་སྒྱུ་འཕྲུལ་གར་མཛད་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ལོངས་སྤྱོད་རྫོགས་པའི་སྐུ། །
ཀྲྀ ཏྱཱཾ ཀཱ རུ ཎ ནཻ རྨ ཀཱ ཡ དྷ ར མི ཏྲ ཿ ཤེལ བཛྲཱ ཙ ཪྱཾ། །
གདུལ་བྱའི་སྣང་ངོར་ཐུགས་རྗེ་སྤྲུལ་པའི་སྐུར་སྟོན་ཞིང་འདིར་བཤེས་གཉེན་ཚུལ་འཛིན་རྡོ་རྗེའི་སློབ་དཔོན་མཆོག །
ཤྲཱི མཱཾ ནཱ གུ རུ བཱ ར ཤཱ སུ སུ མ ཏཻ བོ དྷཻ མི ཏྲཾ ཀཱ རྱ ཧཱི །
རྣམ་འདྲེན་དཔལ་ལྡན་བླ་མ་ཉང་སྟོན་བློ་གྲོས་མཆོག་གི་རྡོ་རྗེ་བྱང་ཆུབ་བར་གྱི་བཤེས་མཛོད་ཅིག །དོན་དམ་ཆོས་དབྱིངས་རྟོག་པ་ཀུན་བྲལ་མངོན་བྱང་རྡོ་རྗེའི་སྐུ་བརྙེས་རང་དོན་མཐར་ཕྱིན་ནས། །འགྲོ་ལ་རྗེས་ཆགས་སྙིང་རྗེའི་རང་གཟུགས་རྒྱལ་དགོངས་བརྡ་དང་སྙན་བརྒྱུད་རིག་འཛིན་བླ་མ་མཆོག །གང་འདུལ་མོས་བློར་འཚམས་པའི་མཁས་གྲུབ་ངུར་སྨྲིག་ཚུལ་འཛིན་ལ་ལ་གོས་དཀར་ལྕང་ལོ་ཅན། །རྒྱ་བོད་པཎ་གྲུབ་བརྒྱུད་པར་བཅས་པའི་ཞབས་སེན་བདག་གི་སྤྱི་བོར་རྟག་ཏུ་མཆོད་ཅིང་བསྟོད། །བསིལ་ལྡན་ལྗོངས་ཀྱི་བསོད་ནམས་ར་བར་རྒྱལ་རྣམས་ཡེ་ཤེས་ས་བོན་དུས་སྨིན་པས། །ཐུགས་རྗེའི་གྲིབ་བསིལ་རྒྱ་ཆེའི་ལྗོན་ཤིང་མཁྱེན་བརྩེའི་འདབ་རྒྱས་ཡོན་ཏན་འབྲས་བུས་ཕྱུག །ཡོངས་རྫོགས་བསྟན་པའི་མངའ་བདག་བསྐལ་བཟང་འདྲེན་པ་རྒྱལ་བོའི་དབང་པོ་ཐམས་ཅད་མཁྱེན། །རིགས་བརྒྱའི་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་དངོས་ངག་དབང་བློ་བཟང་རྒྱ་མཚོར་འདུད། །ཁྱད་པར་ཁྱབ་བདག་ཧེ་རུ་ཀ་དངོས་གོས་དཀར་འཛིན་པའི་ཟོལ་བསྟེན་པ། །ཟུར་ཆེན་དངོས་སློབ་རིམ་པར་བྱོན་དང་འཇམ་དབྱངས་རིན་ཆེན་རྒྱལ་མཚན་རྗེ། །དེ་སྲས་འཁོར་ལོའི་དབང་ཕྱུག་མཁས་གྲུབ་ལེགས་ལྡན་བདུད་འཇོམས་རྡོ་རྗེའི་ཞབས། །མདོ་དབང་ལ་སོགས་སྔ་འགྱུར་བཀའ་གཏེར་བསྟན་པའི་སྲོག་ཤིང་འཛིན་རྣམས་རྒྱལ། །ཐུན་མོང་གདུལ་བྱར་མཆོག་གི་སྤྲུལ་སྐུས་ཉན་རང་བྱང་སེམས་ཐེག །ལྔ་ལྡན་ལོངས་སྐུས་གསང་སྔགས་ཕྱི་རྒྱུད་བྱ་སྤྱོད་རྣལ་འབྱོར་རྒྱུད། །ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་གིས་རྒྱུད་ལུང་མན་ངག་སྟེ། །རིགས་ཅན་སྣང་ངོར་ཐེག་དགུའི་ལམ་སྟོན་དཀྱིལ་འཁོར་ལྷ་ཚོགས་བསྟོད། །རྣམ་དག་དྲི་མེད་ཐེག་དགུའི་ལམ་སྲོལ་གདྒཱའི་རྒྱུན། །རབ་འབྱམས་མདོ་རྒྱུད་ཚངས་པའི་རལ་པར་ལེགས་འཁྱིལ་བ། །གདུལ་བྱར་འདྲེན་མཁས་སྔ་འགྱུར་སྐལ་ལྡན་ཤིང་རྟ་ཡི། །བསྟན་པ་རིན་ཆེན་དབང་གི་རྒྱལ་པོར་གུས་ཕྱག་འཚལ། །རྒྱ་ཆེན་རྒྱལ་བསྟན་འོ་མའི་རྒྱ་མཚོ་ཡི། །སྙིང་པོ་སྔ་འགྱུར་རིང་ལུགས་མར་གྱི་བཅུད། །བཀའ་གཏེར་དག་སྣང་རོ་བདའི་ཟིལ་ད ངར་ཅན། །བློ་གསལ་སྐལ་ལྡན་སྐྱེ་རྒུའི་བསོད་ནམས་དཔྱིད། །ཁྱད་པར་དགོངས་པ་རིག་འཛིན་སྙན་བརྒྱུད་པའི། །རྣམ་དག་བཀའ་མའི་གཞུང་ལུགས་རྟ་བདུན་དབང་། །ཐུབ་བསྟན་ཤར་རིའི་ཕྲག་པར་ལེགས་ཤར་བས། །བསྟན་འཛིན་བློ་ལྡན་དུ་མའི་པད་ཚལ་བཞད། །སྨིན་གྲོལ་ལམ་གྱིས་རྒྱུད་སྦྱངས་རིན་ཆེན་ཁམས། །གྲུབ་པའི་མཁའ་ལ་སྤྱོད་པའི་རྡོ་རྗེ་འཛིན། །རིག་འཛིན་རྒྱུ་སྐར་བྱེ་བའི་གྲལ་བསྙེག་པའི། །མེ་ཁྱེར་བདག་འདྲའི་བློ་གྲོས་ཆེས་ཕྲ་ཡང་། །མངོན་མཐོའི་རྒྱུ་ལས་དལ་འབྱོར་འབྲས་ཐོབ་ཅིང། །བཤེས་གཉེན་ཡོངས་འཛིན་རྒྱ་མཚོས་རྗེས་སུ་བཟུང་། །འཁྲུལ་མེད་སྔ་འགྱུར་བསྟན་པའི་སྒོར་ཞུགས་ཏེ། །སྡོམ་གསུམ་ལམ་ལ་འཇུག་པའི་སྐལ་བཟང་ཐོབ། །ཁྱད་པར་འཇམ་མགོན་བླ་མ་ཐམས་ཅད་མཁྱེན། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེས། །སྐྱེ་དང་སྐྱེ་བར་རྗེས་བཟུང་དྲིན་གྱིས་བསྐྱངས། །འཆད་རྩོད་རྩོམ་ལ་མི་འཇིགས་གནང་བ་སྦྱིན། །རྣམ་མང་ལམ་གྱི་བགྲོད་པ་གཅིག་པུའི་ཕུལ། །འདུས་པ་མདོ་དབང་རིན་ཆེན་ཐེམ་སྐས་ཀྱི། །དབང་གི་ཆོ་ག་འཐོར་བ་ཀུན་བསྡེབས་པའི། །ལམ་སྟེགས་ཁྲིགས་སུ་ལེགས་པར་གྱིས་ཞེས་གསུངས། །གང་གསུང་བདུད་རྩིའི་ཟེགས་མས་ཁ་འབྱེད་པའི། །ཁོ་བོའི་བློ་གྲོས་བ་ཀཱུ་ལའི་མེ་ཏོག །གཙུག་ཕུད་ཅན་གྱི་རྣ་བར་འབྲུག་སྒྲ་བཞིན། །དགའ་སྤྲོའི་མགྲིན་བཏེག་གུས་པའི་གར་གྱིས་བྲེལ། །ལྷག་པར་ཡེ་ཤེས་གཟིགས་པའི་བྱིན་རླབས་ཀྱིས། །ཐུགས་རྗེའི་ཟླ་བ་བློ་མཚོར་གསལ་བྱས་པས། །མི་ཤེས་མུན་པའི་སྣང་བ་བཅོམ་པ་དང་། །ལྷན་ཅིག་ཤེས་བྱའི་བློ་གྲོས་རྒྱ་ཆེར་འཕེལ། །དེ་ཕྱིར་རིགས་ཀྱི་ཁྱབ་བདག་བླ་མའི་བཀའ། །སྤྱི་བོར་མཛེས་པའི་རྒྱན་དུ་ལེགས་བཅིངས་ནས། །རྩོམ་པའི་ཚུལ་འདིར་འབད་པས་འཇུག་པ་ལ། །བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས། །བརྒྱུད་ལྡན་དམ་ཚིག་རྡོ་རྗེའི་བཀའ་ཉན་པ། །དཔལ་ལྡན་ཡེ་ཤེས་མགོན་པོ་ལེགས་ལྡན་ནག །ལྕམ་དྲལ་ཕོ་ཉར་བཅས་པས་བཀའ་འགྲོལ་ཞིང་། །བར་ཆོད་ཞི་ནས་ཀུན་ཏུ་དགེ་བར་མཛོད། །མཐའ་ཡས་རྒྱུད་དོན་ཀུན་འབྱུང་འདྲེན། །དཀའ་ཐུབ་རིག་བྱེད་དབང་སྒྱུར་ཐབས། །ལེགས་འཆད་རྩ་རྒྱུད་ཀུན་འདུས་དང་། །བཤད་རྒྱུད་དགོངས་པ་འདུས་ལས་གསུངས། །སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས། །ཀུན་འདུས་ཁྱད་པར་མདོ་ཡི་ཕྱོགས། །བརྒྱུད་སྲོལ་ཟུར་ལུགས་ཀཿཐོག་ལུགས། །ཐུན་མིན་ཐུན་མོང་གཉིས་སུ་གྲགས། །འདིར་ནི་ཐུན་མོང་མ་ཡིན་པ། །ཟུར་ཧྭཾ་ཤཱཀ་འབྱུང་ཕྱག་ལེན་བཞིན། །དངོས་སློབ་བདེ་ལེགས་གསུང་རྗེས་འབྲངས། །གསལ་བྱེད་ཆོ་ག་ཁྲིགས་སུ་བྱ། །སྙིགས་མའི་གདུལ་བྱ་བློ་གྲོས་ཞན། །རྒྱུད་ལུང་གབ་དཀྲུགས་དོན་མི་ཤེས། །རང་བཟོའི་དྲི་མས་སྤགས་པ་ཡི། །བློ་དམན་རྣམས་ཀྱི་དོན་དུའོ། །གང་ལས་བྱུང་བའི་བརྒྱུད་པ་དང་། །དེ་ལས་བྱུང་བའི་གདམས་ངག་དངོས། །མཐའ་རྟེན་གཏད་རྒྱའི་བར་ཚང་བའི། །སྤྱི་དོན་རྣམ་པ་གསུམ་གྱིས་བསྡུས། །ཟབ་ཟབ་མདོ་སྔགས་ཆུ་ཀླུང་ཀུན་འདུས་ཤིང་། །ལེགས་ལེགས་བརྒྱུད་པའི་ཕྱག་བཞེས་ནོར་བུས་གཏམས། །ལྷོད་ལྷོད་ལེགས་བཤད་རླབས་ཕྲེང་གིས་བརྒྱན་པའི། །གསལ་གསལ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་འདྲི། །རྣམ་མང་མདོ་རྒྱུད་རྒྱ་མཚོ་མ་བརྒལ་ཡང། །རྣམ་དག་ཡོངས་འཛིན་དེད་དཔོན་ཉེར་བསྟེན་ནས། །རྣམ་གྲོལ་མདོ་དབང་རིན་ཆེན་ལེགས་ནོས་ན། །རྣམ་ཀུན་དངོས་གྲུབ་ཡིད་བཞིན་འདོད་རྒུར་འཇོ། །ཐུབ་བསྟན་ཡོངས་རྫོགས་ལུས་བརྗིད་གཉིས་འཐུང་དབང་། །དབང་བསྐུར་རྒྱ་མཚོའི་རིན་ཆེན་རྒྱན་གྱིས་མཛེས། །མཛེས་ལྡན་ལུང་རིགས་ནོར་བུའི་ཁུར་ལྡན་མཆོག །མཆོག་གྱུར་བསྟན་བཅོས་གླང་པོ་ཆེ་འདི་རྒྱལ། །དགོས་དོན་རིན་ཆེན་བཙོ་སྦྱངས་ལས་གྲུབ་བསྡུས་དོན་ལྟེ་བ་ཟླུམ་པོར་འཁྱིལ། །ཚིག་དོན་མ་འདྲེས་གསལ་རྫོགས་རྩིབས་ལ་མཚམས་སྦྱོར་མུ་ཁྱུད་ཀུན་ནས་མཛེས། །བརྒལ་ལན་ལུང་རིགས་རྣོ་ངར་ལྡན་པས་ལོག་རྟོག་ཕྱོགས་ལས་རྣམ་རྒྱལ་བའི། །མདོ་དབང་ཆོས་ཀྱི་འཁོར་ལོ་ཆེ་འདི་ཚུལ་བཞིན་ལེགས་པར་འདིར་བཤད་བྱ། །གཞན་དུ་ལུང་ཁུངས་ས་བཅད་རྒྱ་ཚོས་ཀྱིས། །རྣམ་པར་ཕྱེ་སྟེ་ལུང་དངོས་སེར་འབྱེད་ཀྱང་། །འདིར་ནི་རྩ་བ་རིན་ཆེན་ཕྲེང་བ་ཉིད། །མི་ཉམས་རྟོགས་པར་སླ་བར་བྱ་བའི་ཕྱིར། །དམར་པོས་བསྣན་ཏེ་ས་བཅད་ལུང་ཁུངས་རྣམས། །སྔོན་པོས་རབ་ཕྱེ་ལུང་རྣམས་རྒྱ་ཚོས་ཀྱིས། །བསྣན་ཏེ་གསར་དུ་སྒྲིགས་རྣམས་དཀྱུས་ཉིད་ལ། །སེར་མས་ཕྱེ་བ་དེ་བཞིན་ཤེས་པར་བྱ། །དེ་ལ་འདིར་གསང་སྔགས་སྔ་འགྱུར་བཀའ་མའི་གཞུང་ལུགས་དྲི་མ་མེད་པ་མདོ་སྡེ་དང་རྒྱུད་སྡེ་ཟབ་མོ་ཐམས་ཅད་ཀྱི་ལམ་ཚང་ལ་མ་ནོར་བར་སྟོན་པའི་འཇུག་སྒོའི་སྲོལ་ཆེན་པོར་གྱུར་པས་ན་འདུས་པ་མདོ་དང་། སྨིན་པར་བྱེད་པའི་ཕྱིར་དབང་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་ཆོ་ག་ཁྲིགས་སུ་བྱ་བ་ལ་དོན་གསུམ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་གང་ལས་བྱུང་བའི་བརྒྱུད་པ་བཤད་པ་དང་། གདུལ་བྱ་རྣམས་ལམ་དུ་འཇུག་པའི་ཕྱིར་བརྒྱུད་པ་དེ་ལས་བྱུང་བའི་མན་ངག་དངོས་འཆད་པ་དང་། བཀའ་སྲོལ་མི་ནུབ་པར་བྱ་བའི་ཕྱིར་མཐའ་རྟེན་གཏད་རྒྱ་བྱ་བ་སྟེ་དོན་གསུམ་མོ། །དང་པོ་ལ་གཉིས་ཏེ། བླ་མ་བརྒྱུད་པའི་ཚུལ་བཤད་པ་དང་། བརྒྱུད་པའི་བླ་མ་དེ་རྣམས་ཀྱི་ལོ་རྒྱུས་རྟོགས་བརྗོད་རྣམ་ཐར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱི་མདོ་དབང་ལུགས་ཀྱི་ཐེག་པའི་བབ་ཚུལ་དང་། བྱེ་བྲག་ཡོ་ག་གསུམ་གྱི་བརྒྱུད་ཚུལ་ལོ། །དང་པོ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་དམ་པའི་ཆོས་ཀྱི་སྒོའམ་ཚུལ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་པ་དེ་དག་སྤྱིར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིར་ཡོངས་སུ་གྲགས་ལ། སྔ་འགྱུར་རྡོ་རྗེ་ཐེག་པའི་བཞེད་སྲོལ་ལ་གདུལ་བྱའི་ལམ་གྱི་འཇུག་ཚུལ་གྱི་དབང་གིས་ཐེག་པ་རིམ་པ་དགུར་དབྱེ་བ་ལས། དེ་རྣམས་དབང་གི་ཆུ་བོ་ཆེན་པོ་བཞིའི་ཚུལ་གྱིས་སྣོད་ལྡན་གྱི་སློབ་མ་ལ་དབང་བསྐུར་བའི་རིམ་པ་སྟེ། དབང་དོན་བསྡུས་པ་ལས། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ནི། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ་ལ་ནང་གསེས་དབྱེ་ན་བརྒྱ་དང་རྩ་བརྒྱད། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག་ལ་ནང་གསེས་དབྱེ་ན་དྲུག་བརྒྱ་དང་དྲུག །སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ་ལ་ནང་གསེས་དབྱེ་ན་བརྒྱ་དང་བཅོ་ལྔ། གསང་དབང་རྫོགས་པའི་ཆུ་བོ་གཉིས་པོ་ལ་ནང་གསེས་མེད་པས་ཀུན་དྲིལ་རྣམ་གྲངས་བརྒྱད་བརྒྱ་དང་སོ་གཅིག་ཡོད་པའི་ཕྱིར། དེ་ལྟ་བུའི་དབང་གི་ཆུ་བོ་བབས་ཚུལ་ལ་བཤད་ཐབས་ཀྱི་རྣམ་གྲངས་མི་འདྲ་བ་འགའ་ཞིག་ཡོད་ཀྱང་འདིར་འདུས་པ་མདོའི་ལུགས་ཀྱི་ཐེག་དགུའི་དབང་གི་ཆུ་བོ་བབས་ཚུལ་ནི། ཉན་ཐོས་ཀྱི་ཐེག་པ་ཆུ་བོ་ནཻ་རཉྫ་ན། རང་རྒྱལ་གྱི་ཐེག་པ་ཀུན་དགའ་ར་བ། བྱང་སེམས་ཀྱི་ཐེག་པ་བྱ་རྒོད་ཕུང་པོའི་རི་བོ་སྟེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ། ཀྲྀ་ཡ་བྱ་རྒྱུད་ཀྱི་ཐེག་པ་ཡུལ་ཝ་ར་ཎཱ་སི། ཨུ་པ་ཡ་སྤྱོད་རྒྱུད་ཀྱི་ཐེག་པ་རི་རབ་ཀྱི་རྩེ། ཡོ་ག་རྣལ་འབྱོར་རྒྱུད་ཀྱི་ཐེག་པ་མེ་རི་འབར་བ་སྟེ་ཕྱི་རྒྱུད་སྡེ་གསུམ། བསྐྱེད་པ་རྒྱུད་མ་ཧཱ་ཡོ་ག་ཕ་རྒྱུད་རྣལ་འབྱོར་ཆེན་པོའི་ཐེག་པ་ཆོས་རྒྱལ་ཛཿའི་ཕོ་བྲང་སྟེང་། ལུང་རྫོགས་པ་ཨ་ནུ་ཡོ་ག་མ་རྒྱུད་ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་དུར་ཁྲོད་བསིལ་བའི་ཚལ། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་གཉིས་མེད་རྒྱུད་རྗེས་སུ་རྣལ་འབྱོར་གྱི་ཐེག་པ་དྷ་ན་ཀོ་ཤའི་གླིང་དུ་བབས་པ་སྟེ་ནང་རྒྱུད་སྡེ་གསུམ་མོ། །འདི་རྣམས་ལ་དབང་གཞུང་དུ་འགག་དྲུག་ཅེས་ཀྱང་བཤད། དེའི་ཚེ་ཉེ་བརྒྱུད་ལྟར་ན་སློབ་དཔོན་དགའ་རབ་རྡོ་རྗེས་རྒྱལ་པོ་དྷ་ཧེ་ནའི་བུ་མོ་རིན་ཆེན་གསལ་སྒྲོན་ཕྱག་རྒྱ་ཁྲིད་ནས་དྷ་ན་ཀོ་ཤའི་གླིང་ཕུག་ཏུ་བྱོན་པས། རྡོ་རྗེ་སེམས་དཔའ་དང་གསང་བའི་བདག་པོ་དངོས་སུ་བྱོན་ནས་དབང་གི་ཆུ་བོ་བཞི་པོ་རྫོགས་པར་བསྐུར་ཞིང་རྟོག་ཚོགས་ལྷ་དང་ཡེ་ཤེས་སུ་ངོ་སྤྲད། དབང་རྟགས་ཆགས་ཤིང་དང་མེ་ལོང་བྱིན་པ་ཡིན་ཏེ། ཇི་སྐད་དུ། ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་ཕུག་ཏུ། །རྡོར་སེམས་སྤྲུལ་པ་དགའ་རབ་རྡོ་རྗེ་དང་། །རྒྱལ་པོའི་བུ་མོ་རིན་ཆེན་གསལ་སྒྲོན་ལ། །རྡོར་སེམས་གསང་བའི་བདག་པོ་དངོས་བྱོན་ནས། །དབང་བཞི་རྫོགས་བསྐུར་རྟོག་ཚོགས་ལྷ་ངོ་འཕྲོད། །དབང་རྟགས་ཆགས་ཤིང་མེ་ལོང་རྣམ་གཉིས་བྱིན། །རིག་འཛིན་ཁྲི་ཕྲག་དུ་མ་སངས་རྒྱས་པ། །ཞེས་གསུངས་པའི་ཕྱིར། རིང་བརྒྱུད་ལྟར་ན་དགའ་རབ་རྡོ་རྗེ་ཡབ་ཡུམ་གཉིས་ཀྱི་ཟླ་གམ་འོད་འཕྲོ་སེང་གེ་ནགས་སྟེང་གི་ཚལ་དུ་སློབ་དཔོན་གིང་ཀ་ར་ལ་རྩལ་ཆེན་གྱི་དབང་ཞེས་པ་ཕར་ཕྱིན་ཉི་ཤུའི་དབང་ནོས། པདྨ་མེ་ཏོག་ལྗོན་ཤིང་གི་ཚལ་དུ་ཀླུ་སྒྲུབ་ཙཎྜི་ཀ་ལ་ཀྲྀ་ཡའི་མཆོག་དབང་ཉེར་དྲུག་ནོས། ལྷ་བྱ་སྐད་སྙན་ལྗོན་ཤིང་ཚལ་དུ་སློབ་དཔོན་པདྨ་ཀུ་མ་ཏི་ལ་ཡོ་ག་བཀྲ་ཤིས་དྲུག་ཅུའི་དབང་ནོས། སློབ་དཔོན་ཆེན་པོ་རབ་ཏུ་གསལ་བ་ཞེས་གསང་སྔགས་རྒྱུད་སྡེ་ཐམས་ཅད་ཀྱི་བཀའ་བབས་པ་དེ་ལ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དབང་གི་བཀའ་ཡོངས་སུ་རྫོགས་པར་ནོས་ཏེ། སློབ་དཔོན་དེས་དགའ་རབ་རྡོ་རྗེའམ་རོ་ལངས་བདེ་བ་ལ་དབང་རྟགས་སུ་ཤེས་གྱི་ཆགས་ཤིང་རིན་པོ་ཆེ་སྣ་ལྔས་བརྒྱན་པ་བྱིན། རིན་ཆེན་གསལ་སྒྲོན་ལ་སྣང་སྲིད་ཀྱི་མེ་ལོང་འཛམ་གླིང་དུས་གཅིག་ཏུ་གསལ་བ་སྦྱིན་ནོ། །དེ་ལྟར་དགའ་རབ་རྡོ་རྗེ་ཡབ་ཡུམ་གྱིས་སླར་ཡང་རིན་ཆེན་གཡུ་སྡིངས་ཚལ་དུ་བྱོན་པའི་ཚེ། རྒྱལ་པོ་དྷ་རྨ་ཀ་ཡ་དང་ཀླུའི་བུ་མོ་རྒྱ་མཚོ་གཉིས་ཀྱིས་ཨོ་རྒྱན་གྱི་ཡུལ་ནས་སློབ་མ་བསྡུས་ཏེ་མཱ་ར་ཏི་ཀའི་བྲག་ཕུག་ཏུ་དགའ་རབ་རྡོ་རྗེ་སྤྱན་དྲངས་ཏེ་དབང་བསྐུར་ཞིང་ཚོམ་བུ་སྟོང་གི་དཀྱིལ་འཁོར་དུ་བསྒྲུབས་པས་རིག་འཛིན་ཁྲི་ཕྲག་དུ་མ་སངས་རྒྱས་སོ། །དེས་ཟ་ཧོར་རྒྱལ་པོ་ལ། དེས་སིངྷ་ལའི་རྒྱལ་པོ་ལ། དེས་དགེ་སློང་སོ་ཀྱ་དེ་བ་ལ། དེས་སློབ་དཔོན་སྒེག་པའི་རྡོ་རྗེ་ཞེས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་ལ། དེས་ཆོས་བློན་དེ་བ་ལ། དེས་མཁན་པོ་ཆོས་རྒྱལ་སྐྱོང་ལ། དེ་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དགོངས་པ་མཉམ་ཞིང་ཡེ་ཤེས་ལྷས་མངོན་སུམ་དུ་དབང་བསྐུར་བ་སངས་རྒྱས་རྣམས་དང་བཀའ་བགྲོ་ཞིང་ད་ལྟ་ཡང་རིག་འཛིན་གྱི་གྲལ་ན་བཞུགས་པ་ཤ་སྟག་ཡིན་ནོ། །མཁན་པོ་ཆོས་རྒྱལ་སྐྱོང་གིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གསུངས་ཏེ། དེ་མན་ཆད་འོག་ཏུ་གསལ་ལོ། །དེ་ལྟར་ཐེག་རིམ་དགུ་པོ་ཐམས་ཅད་བསྡུ་ན་ཡོ་ག་གསུམ་དུ་རྫོགས་ཤིང་འདུས་པའི་ཕྱིར། གཉིས་པ་བྱེ་བྲག་ཡོ་ག་གསུམ་གྱི་བརྒྱུད་ཚུལ་ལ་གསུམ་གྱི་དང་པོ་མ་ཧཱ་ཡོ་གའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་སེམས་དཔའ། གསང་བའི་བདག་པོ། སློབ་དཔོན་ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿ རྒྱལ་པོ་ཤ་ཏྲ་པུ་ཏྲི། ༀ་རྒྱན་རྒྱལ་པོ་སིངྷ་རཱ་ཛ། རྒྱལ་པོ་ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝཱི། མཻ་ཏྲི་ཀ་མཱ་ལ། ཨཱ་ཱཙརྻ་ཛི་ན་མི་ཏྲ། སློབ་དཔོན་རྡོ་རྗེ་བཞད་པ། སློབ་དཔོན་ཉིད་བྱེད་སེང་གེ། སློབ་དཔོན་བདེ་བ་གསལ་མཛད། སློབ་དཔོན་ཤཱཀྱ་བོ་དྷི། དགེ་སློང་སོ་ཀྱ་དེ་ཝ། སློབ་དཔོན་སྒེག་པ་རྡོ་རྗེ། ཆོས་བློན་དེ་ཝ། མཁན་པོ་ཆོས་རྒྱལ་སྐྱོང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའོ། །གཉིས་པ་གཙོ་ཆེ་བ་ལུང་ཨ་ནུ་ཡོ་གའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རིགས་ལྔ་དང། ལྷའི་བུ་དམ་པ་ཏོག་དཀར། འཇམ་དབྱངས། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་སྟེ་རྒྱལ་བ་དགོངས་བརྒྱུད། བརྡ་བརྒྱུད་དམ་པའི་རིགས་ཅན་དྲ་མ་ལྔ་ནི། ལྷ་གྲགས་ལྡན་མཆོག་སྐྱོང། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། མི་ལི་ཙ་བྱི་དྲི་མེད་གྲགས་པ་སྟེ་ལྔའོ། །སྙན་བརྒྱུད་ནི་སྐལ་ལྡན་རྒྱལ་པོ་ཛཿ སློབ་དཔོན་ཨུ་པ་རཱ་ཛ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀླུ་རྒྱལ་ནཱ་ག་པུ་ཏྲི། རྒྱལ་པོ་གུ་ཧྱ་པུ་ཏྲི། རྒྱལ་པོ་སིངྷ་པུ་ཏྲ། ཀུ་ཀུ་རཱ་ཛ་ཕྱི་མ། སློབ་དཔོན་རོ་ལངས་བདེ་བ། སློབ་དཔོན་རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་ཧསྟི། སློབ་དཔོན་ཤཱཀྱ་སེང་གེ་སྟེ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས། དེ་དང་ལྷན་ཅིག་པའི་གྲོགས་ཤཱཀྱ་མི་ཏྲ་དང་ཤཱཀྱ་པྲ་བྷ། དྷ་ན་རཀྵི་ཏ། རྡོ་རྗེ་ཧཱུཾ་མཛད། སྠི་ར་མ་ཏི། ཨཱ་ཱཙརྻ་བདེ་བ་གསལ་མཛད་དམ་རབ་ཏུ་གསལ་བ། དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་དྷ་ར། རྒྱ་གར་གཙུག་ལག་དཔལ་དགེ། བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས། གནུབས་ཆེན་སངས་རྒྱས་ཡེ་ཤེས་རྣམས་སོ། །གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། སྡུད་མཛད་ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཏ་ལོ། །སྲས་རཱ་ཛ་ཧ སྟི། སྲས་མོ་ཝཱ་ར་ཎི། ཀླུ་རྒྱལ་འཇོག་པོ། སྲས་གནོད་སྦྱིན་བྱང་ཆུབ། གཟུངས་མ་ཨ་ར་ལི། སློབ་དཔོན་ཨ་ཀྵོ་བྷྱཿ སློབ་དཔོན་ཀུ་ཀུ་རཱ་ཛ། སྨད་འཚོང་མ་བུདྡྷ་ས་མཱ་ཡ། སྨད་འཚོང་མ་བུདྡྷ་ས་མཱ་ཱཏི། མ་ཧཱ་རཱ་ཛ། སྲས་མོ་གོ་མ་དེ་ཝི། སློབ་དཔོན་ཨཱ་ལོ་ཀེ། ཁྱིའི་མཁན་པོ་ཕྱི་མ། སློབ་དཔོན་མ་ཧཱ་རཱ་ཛ། དྲང་སྲོང་བྷ་ཥི་ཏ། གཟུངས་མ་བདག་ཉིད་མ། སློབ་དཔོན་ནཱ་གརྫུ་ན། དེ་བ་རཱ་ཛ། འཛམ་དཔལ་བཤེས་གཉེན་ཕྱི་མ། དགེ་བསྙེན་ལེགས་པ། སངས་རྒྱས་གསང་བ། པཎ་ཆེན་ཤྲཱི་སིདྷ། དགེ་སློང་མ་ཀུན་དགའ་མོ། །སློབ་དཔོན་བི་མ་ལ། ལོ་ཙཱ་བ་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། གཉགས་ཛྙ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། འདི་ཡན་ཆད་ལ་རྒྱ་གར་གྱི་པཎ་གྲུབ་ལོ་ཙཱ་བའི་བརྒྱུད་ཚུལ་མི་འདྲ་བ་དུ་མ་བྱུང་ཞིང་། སངས་རྒྱས་ཡེ་ཤེས་ནས་ཀྱང་མདོ་སྒྱུ་སེམས་གསུམ་སོ་སོའི་བརྒྱུད་ལུགས་མང་ཡང་། གཙོ་བོར་གནུབས་ཀྱི་བུ་བཞི། དགེ་མཆེད་བཅོ་ལྔ། རིན་ཆེན་གསུམ། འཁོར་བརྒྱ་དྲུག་ཅུ་སོགས་ཡོད་པ་ལས། འདིའི་བརྒྱུད་པར་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། སྲས་གནུབས་ཡེ་ཤེས་རྒྱ་མཚོ། དེའི་སྲས་བྱང་ཆུབ་རྣམ་གསུམ་ལས། རྒྱ་སྟོན་བློ་གྲོས་བྱང་ཆུབ། འདི་ལ་སློབ་མ་ཐོ་གར་དང་ཞུ་བསོད་གཉིས་ལས། ཐོ་གར་ནམ་མཁའ་ལྡེ་རྡོ་རྗེ་དངོས་གྲུབ་གཏེར། འུག་བྱ་ལུང་པ་བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། དེའི་སློབ་མ་རྩེ་མོ་བཞི། རྩེ་ལྐོག་བརྒྱད་སོགས་ལས། ལྟ་དགོངས་ཀྱི་རྩེ་མོ་ཟུར་ཆུང་པ་ཤེས་རབ་གྲགས། དེའི་སློབ་མ་སྐྱོ་སྟོན་ཤཱཀ་ཡེ་སོགས་ཀ་བ་བཞི། ཀ་བ་བཞི་ཀ་ལ་གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེང་གེས་གསན། དེ་ནས་འགར་སྟོན་ཟུང་ངེ། སྲེག་སྟོན་རྡོ་རྗེ་རྒྱལ་མཚན། གླན་ཉ་ཚལ་བ་རྡོ་རྗེ་འོད། གླན་བརྩོན་འགྲུས་སེང་གེ། གླན་བསོད་ནམས་རྒྱལ་པོ། སྤྲུལ་སྐུ་ལྷ་འབུམ། གླན་ཆོས་ཀྱི་སེང་གེ། གླན་སངས་རྒྱས་དཔལ། གླན་སྟོན་མཁས་མཆོག་བསོད་ནམས་མགོན་པོ། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། ཟུར་ཐམས་ཅད་མཁྱེན་པ་ཤཱཀ་འབྱུང་ཕྱི་མ། ལང་གྲོ་སྤྲུལ་སྐུ་ཚེ་དབང་རྒྱལ་པོ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། མཁས་གྲུབ་ཚད་མ་ལྷ་རིགས་འཇམ་དབྱངས་རིན་ཆེན་རྒྱལ་མཚན། མཁས་གྲུབ་རྒྱ་མཚོའི་སྤྱི་ཕུད་རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། བླ་ཆེན་བྲེས་གཤོངས་པ་ཆོས་རྒྱལ་རྡོ་རྗེ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སྨན་ལུང་པ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེའམ་གསང་མཚན་རིག་པའི་རྡོ་རྗེ་རྩལ། དམ་པ་དེས་བདག་ལྷ་རིགས་ཀྱི་བཙུན་པ་པདྨ་ཕྲིན་ལས་གསང་མིང་རྡོ་རྗེ་བདུད་འཇོམས་རྩལ་ལ་དབང་ལུང་མན་ངག་ཕྱག་བཞེས་གཏད་རྒྱར་བཅས་པ་སྩལ་ལོ། །ཡང་ན་གསང་བདག་སྒྲོ་ཕུག་པ་ནས། དམ་པ་ཤཱཀྱ། བཛྲ་དྷཱ་ར། མན་ཏི་བླ་མ། མཁས་བཙུན་བསོད་རྒྱལ། འོད་ཟེར་རྒྱལ་མཚན། དཔལ་ལྡན་བྱང་ཆུབ། ཀུན་དགའ་བཟང་པོ། པདྨ་ཐོད་ཕྲེང་། ཟུར་ཤཱཀྱ་ཤྲཱི་དཔལ་བཟང་པོ། ཟུར་ཤཱཀྱ་བཤེས་གཉེན། བརྒྱུད་འཛིན་ལེགས་པ་དཔལ་བཟང་། ཆོས་རྗེ་ཆོས་འཕགས་བཟང་པོ། འཇམ་དབྱངས་རིན་ཆེན་རྒྱལ་མཚན་མན་འདྲ། ཡང་ན་ཤཱཀྱ་བཤེས་གཉེན་ནས་སློབ་དཔོན་དཔལ་བཟང་། ཟུར་རྒྱལ་བ་དཔལ་བཟང་། མཉམ་མེད་འཇམ་དབྱངས་རིན་ཆེན་རྒྱལ་མཚན་མན་འདྲའོ། །གཞན་ཡང་ཟུར་ལུགས་ཀྱི་བརྒྱུད་སྲོལ་འདིར་གཏད་རྒྱ་གསང་མཚན་མ་དང་མཐུན་པའི་བརྒྱུད་སྲོལ་ཁྱད་པར་ཅུང་ཟད་མི་འདྲ་བ་དང་། དེ་དང་འབྲེལ་བར་མཁས་གྲུབ་ལེགས་ལྡན་རྗེས་མདོ་ཡོངས་རྫོགས་ཀྱི་བླ་མ་ལ་གསོལ་འདེབས་ཚིགས་བཅད་མ་ཞིག་མཛད་པ་སོགས་ཡོད་ཀྱང་། གཙོ་བོར་གོང་བཞིན་བརྒྱུད་དགོས་པ་དང་ཡིག་ཚོགས་ལ་འཇིགས་ཏེ་རེ་ཞིག་དེ་ཙམ་མོ། །གཉིས་པ་བརྒྱུད་པའི་བླ་མ་དེ་རྣམས་ཀྱི་ལོ་རྒྱུས་རྟོགས་བརྗོད་རྣམ་ཐར་བཤད་པ་ནི་ཆོས་འདིའི་རྒྱབ་ཆོས་སུ་དམིགས་ནས་ལོགས་སུ་བྲིས་ཡོད་པས་དེར་བལྟ་བར་བྱའོ། །རྩ་བའི་ས་བཅད་གཉིས་པ་གདུལ་བྱ་རྣམས་ལམ་དུ་འཇུག་པའི་ཕྱིར་བརྒྱུད་པ་དེ་ལས་བྱུང་བའི་མན་ངག་དངོས་འཆད་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི། སེམས་ཅན་གྱི་རྒྱུད་ལ་གཞི་བདེ་བར་གཤེགས་པའི་སྙིང་པོ་རང་ཆས་སུ་ཡོད་པ་དེ་ཇི་ལྟ་བ་བཞིན་སྟོན་པར་བྱེད་པ་རྒྱུད་ཀྱི་ལམ་དང་། སྨིན་བྱེད་དབང་གི་ལམ་གཉིས་སུ་བཞེད་པའི་དང་པོ་ནི། མདོ་དགོངས་འདུས་ལས། སྐྱེ་མེད་ཡེ་ཤེས་ཉིད་ཀྱི་དབྱིངས། །གདོད་ནས་བདེ་གཤེགས་སྙིང་པོ་ལ། །རྣམ་རྟོག་གློ་བུར་ལས་ཀྱིས་བསྒྲིབས། །དེ་ཉིད་འགྲོ་མགོན་སྐྱབས་ཆེན་ཡིན། །ཞེས་དང་། ཡང་དེ་ཉིད་ལས། ཐམས་ཅད་སངས་རྒྱས་ཡིན་པ་ལ། །རྟོག་པས་བསྒྲིབས་པས་ངོ་མ་ཤེས། །ཞེས་དང་། སྒྱུ་འཕྲུལ་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །ཞེས་དང་། ཀུན་བྱེད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་དང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་སོགས་གསར་རྙིང་ཐམས་ཅད་དགོངས་པ་མཐུན་པར་གསུངས་པའི་དོན་སེམས་ཅན་གྱི་སེམས་ཉིད་འདི་རྩ་བ་ཀུན་གཞི་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་ཡིན་པ་ལ། དེ་མ་རྟོགས་པའི་དབང་གིས་བདག་ལས་གཞན་འཛིན། གཅིག་ལས་གཉིས་འཛིན། ཀུན་བརྟགས་སྣ་ཚོགས་སུ་འཁྲུལ་ཞིང་འཁྱམས་སོ། །དེ་ལྟ་བུའི་རྒྱུ་རྒྱུད་གཏན་ལ་འབེབ་པར་བྱེད་པ་ལ་ཡང་གྲུབ་མཐས་བློ་མ་བསྒྱུར་བ་དང་། བསྒྱུར་བ་གཉིས་སུ་གྲགས་པའི་སྔ་མ་ནི་གཞུང་ལུགས་གང་ལ་ཡང་མི་བསྟེན། བགྲོད་བྱེད་ཀྱི་ལམ་དོན་དུ་མི་གཉེར། འབྲས་བུ་མཐོ་རིས་དང་ཐར་པ་མི་འདོད། འཕྲལ་གྱི་བདེ་སྐྱིད་ཁོ་ན་དོན་དུ་གཉེར་བ་སོ་སོ་སྐྱེ་བོ་ལམ་ལ་མི་འཇུག་པ་སྟེ་རྒྱུ་མེད་པ་རྣམས་སོ། །ཕྱི་མ་གྲུབ་མཐས་བློ་བསྒྱུར་བ་ལ་ཡང་ནོར་བ་དང་། མ་ནོར་བའི་ལམ་གཉིས་ལས། གྲུབ་མཐའ་ལ་ཞུགས་ཀྱང་ནོར་བ་ལོག་པའི་ལམ་དུ་གོལ་བ་མུ་སྟེགས་བྱེད་དེ་རྒྱུ་ལོག་པའོ། །མ་ནོར་བའི་ལམ་གྱི་རིམ་པ་ནི་འདིར་གསང་སྔགས་སྔ་འགྱུར་གྱི་ལུགས་སྲོལ་ཐེག་པ་བཅུ་གཅིག་ཅེས་པའི་རྣམ་གྲངས་འཆད་ཚུལ་ཡོད་དེ། རྩ་རྒྱུད་གསང་བའི་སྙིང་པོ་ལས། ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས། ཞེས་གསུངས་པའི་ཕྱིར། འཇིག་རྟེན་ལྷ་དང་མིའི་ཐེག་པ་ནི་ལམ་ལ་འཇུག་པའི་སྒོ་སྟེ་བསྙེན་གནས་དང་དགེ་བཅུ་མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱི་སྒོ་ནས་ལམ་ལ་དཀྲི་ཚུལ་རྒྱས་པར་འོག་ཏུ་ཆོ་ག་དངོས་ལས་འཆད་དོ། །ཐེག་པ་རིམ་པ་དགུ་ནི། དགོངས་པ་འདུས་པ་ལས། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པས། ཀུན་འབྱུང་འདྲེན་པའི་ཐེག་པ་མཚན་ཉིད་སྡེ་གསུམ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་རྒྱུད་སྡེ་འོག་མ་བྱ་སྤྱོད་རྣལ་འབྱོར་གསུམ། དབང་སྒྱུར་ཐབས་ཀྱི་ཐེག་པ་རྒྱུད་སྡེ་གོང་མ་རྣལ་འབྱོར་ཆེན་པོ་གསང་སྔགས་བླ་ན་མེད་པ་ཕ་མ་གཉིས་མེད་ཀྱི་རྒྱུད་དམ་བསྐྱེད་པ་མ་ཧཱ་ཡོ་ག་ཐབས་ཀྱི་རྒྱུད། ལུང་ཨ་ནུ་ཡོ་ག་རྫོགས་པ་ཤེས་རབ་ཀྱི་རྒྱུད། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཐབས་ཤེས་གཉིས་སུ་མེད་པ་གསུམ་དུ་འདོད། དེ་ཡང་ཅུང་ཞིག་བཤད་ན། རྒྱ་གར་གྱི་སློབ་དཔོན་སྒེག་པའི་རྡོ་རྗེའི་བཞེད་པས། གཞི་སྤོང་བའི་གཉེན་པོ། གཞི་སྦྱོང་བའི་གཉེན་པོ། གཞི་བསྒྱུར་བའི་གཉེན་པོ། གཞི་དབང་དུ་བྱེད་པའི་གཉེན་པོ། གཞི་སྤང་བླང་དང་དགག་སྒྲུབ་མེད་པ་དང་ལྔར་མཛད་པ་ལས། ཉན་རང་གཉིས་ནི་གཞི་སྤོང་བའི་གཉེན་པོ་སྟེ། ཉོན་མོངས་དུག་ལྔ་དང་དུག་གསུམ་དགྲ་དང་ཚེར་མ་ལྟར་སྤོང་བས་ན་རྒྱུད་དམན་པ། བྱང་སེམས་ཀྱི་ཐེག་པ་གཞི་སྦྱོང་བའི་གཉེན་པོ་སྟེ་ཕར་ཕྱིན་ལམ་ལྔ་ས་བཅུ་རིམ་པར་བགྲོད་པའི་ཐབས་ཀྱིས་ཉོན་མོངས་ཀྱི་ངོ་བོ་རང་བཞིན་མེད་པར་སྦྱོང་བ་ཡིན་ནའང་རྡོ་རྗེ་ཐེག་པ་ལ་ལྟོས་ན་རྒྱུ་མ་ཚང་བར་བཤད། ཕྱི་རྒྱུད་སྡེ་གསུམ་ནི། གཞི་བསྒྱུར་བའི་གཉེན་པོ་སྟེ་དུག་ལྔ་རིགས་ལྔ། དུག་གསུམ་སྐུ་གསུང་ཐུགས་སུ་བསྒྱུར་ནས་ལམ་དུ་བྱེད་ཅིང་བསྒོམ། མ་ཧཱ་ཨ་ནུ་གཉིས་གཞི་དབང་དུ་བྱེད་པའི་གཉེན་པོ་སྟེ་ཉོན་མོངས་རྟོག་ཚོགས་ཡེ་ཤེས་ཆེན་པོར་དབང་བྱེད། ཨ་ཏི་ཡོ་ག་ནི་གཞི་སྤང་བླང་དང་དགག་སྒྲུབ་མེད་པ་སྟེ། ཆོས་ཐམས་ཅད་མཉམ་ཉིད་བློ་འདས་ཆེན་པོའི་ངོ་བོ་ཉིད་དུ་རང་གྲོལ་བས་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་གྱུར་པ་ཚང་ལ་མ་ནོར་བའི་ལམ་ཡིན་ནོ། །དེ་ཡང་དཔེས་མཚོན་ན་བཟའ་ཤིང་གི་ར་བར་དུག་གི་སྡོང་པོ་སྐྱེས་པ་ལ་ངོ་མ་ཤེས་པར་འགའ་ཞིག་གིས་ཟོས་ནས་ཤི་བ་ལ། མཁས་པས་དུག་ཡིན་པར་ཤེས་ནས་རྩ་བ་ནས་བཅད་དེ་ཐག་རིང་པོར་སྐྱེལ་བ་ལྟ་བུ་ནི་ཉན་རང་། དེ་འདྲའི་འབད་རྩོལ་མི་དགོས་པར་ཐབས་མཁས་པའི་སྐྱེས་བུས་སྡོང་པོ་དེ་ཉིད་དུ་མེར་བསྲེགས་ཤིང་རླུང་ལ་བསྐུར་བ་ལྟ་བུ་བྱང་སེམས། དེ་ལྟ་བུའི་དཀའ་ཚེགས་ཀྱང་མི་དགོས་པར་སྔགས་མཁན་གྱིས་ཏིང་ངེ་འཛིན་དང་ཕྱག་རྒྱ་དང་སྔགས་བཏབ་སྟེ་བཟར་རུང་པ་ལྟ་བུ་ཕྱི་རྒྱུད་གསུམ། དེ་ལས་ཀྱང་ཁྱད་པར་དུ་ཆེ་བ་རྨ་བྱས་ངོ་ཤེས་ནས་ཟོས་པས་སྤུ་སྡུག་མདོག་ལེགས་སྐད་སྙན་གྱི་གྲོགས་སུ་གྱུར་པ་ལྟ་བུ་ནང་པ་རྒྱུད་ལུང་གཉིས། དུག་ཤིང་སྐྱེས་པ་ལ་དགའ་སྡུག་མེད་པར་མཉམ་པ་ཉིད་དུ་བལྟ་བ་རྫོགས་པ་ཆེན་པོར་མཚུངས་ཞེས་བླ་མ་དག་གསུང་སྟེ། དེ་ནི་རྒྱུའི་ལམ་ཞེས་བྱ་ལ། གསར་མར་ཡང་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་ཞེས་བྱ་བ་དང་མཚུངས་སོ། །གཉིས་པ་སྨིན་བྱེད་དབང་གི་ལམ་ནི། དེ་ལྟ་བུའི་རྒྱུ་རྒྱུད་སྦྱང་བའི་ཕྱིར་དབང་བསྐུར་དགོས་ལ། དེ་ཡང་རྒྱུད་སྡེ་སོ་སོར་དབང་གི་སྒོ་མང་དུ་གསུངས་ཀྱང་འདིར་བསྟན་པ་དང་ཐེག་པ་ཐམས་ཅད་འདུས་པའི་མདོ་དོན་གཅིག་ཏུ་དྲིལ་བའི་དབང་གི་རིམ་པ་འདི་རྩིས་འགོ་ལྔའི་ཚུལ་གྱིས་འཆད་པར་བྱེད་དགོས་ཏེ། རྒྱུད་ལུང་གང་ནས་བཏུས་པ། མཛད་པ་པོ་གང་གིས་མཛད་པ། ཕྱོགས་གང་དུ་གཏོགས་པ་། དོན་ཆེད་སུའི་ཆེད་དུ་མཛད་པ། དབུ་ཞབས་སུ་དོན་ཇི་ཙམ་གྱིས་བསྡུས་པ་དང་ལྔ་ཡིན་པའི་ཕྱིར། དེ་ལ་དང་པོ་རྒྱུད་ལུང་གང་ནས་བཏུས་པ་ནི། རྩ་བའི་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ། དཔལ་ཁྲག་འཐུང་འདུས་པའི་རྒྱུད། སྒྱུ་འཕྲུལ་རྩ་བའི་རྒྱུད་དཔལ་གསང་བ་སྙིང་པོ། བཤད་པའི་རྒྱུད་དགོངས་པ་འདུས་པ། སྒྱུ་འཕྲུལ་བརྒྱད་ཅུ་པ། སྒྱུ་འཕྲུལ་བླ་མ། རྡོ་རྗེ་མེ་ལོང་རྣམས་ལས་བཏུས་སོ། །གཉིས་པ་སློབ་དཔོན་གང་གིས་མཛད་པ་ནི། རྒྱུད་མ་ཧཱ་ཡོ་ག་ལྟར་ན་པཎྜི་ཏ་ཆེན་པོ་སངས་རྒྱས་གསང་བ། པཎ་ཆེན་བི་མ་ལ་མི་ཏྲ་ལ་སོགས་དང་། འདིར་གཙོ་ཆེ་བ་ལུང་ཨ་ནུ་ཡོ་ག་ལྟར་ན་འདུས་པ་མདོའི་དབང་ལ་མཁས་པ་རྒྱ་གར་ཝ་ར་ཎཱ་སིའི་པཎྜི་ཏ་ཆེན་པོ་ཨཱ་ཙརྻ་གསལ་བའི་རྒྱན་ཞེས་བྱ་བ་དགུང་ལོ་སྟོང་དང་དྲུག་བརྒྱ་ལྷག་ཙམ་ལོན་པ་དེ་དང་། མཁན་པོ་ཆོས་རྒྱལ་སྐྱོང་། མདོ་མཁན་དྷརྨ་བོ་དྷི། རྒྱ་གར་གཙུག་ལག་དཔལ་དགེ། བལ་པོ་བ་སུ་དྷ་ར་སོགས་དང་། མན་ངག་ཨ་ཏི་ལྟར་ན་སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་ཌི་ཡ་ནའི་མཁན་པོ་ཆེན་པོ་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས། རྒྱ་གར་པཎ་ཆེན་མཁས་པ་ཉེར་ལྔ་སོགས་ཀྱིས་དབང་གི་ལས་ཐོ་ཆེན་པོ་ལ་སོགས་པའི་རྒྱ་གཞུང་དུ་མ་མཛད་དོ། །གསུམ་པ་ཕྱོགས་གར་གཏོགས་ནི། གསང་སྔགས་རྡོ་རྗེ་ཐེག་པ་ཨ་ནུ་ཡོ་གའི་ཕྱོགས་སྔ་འགྱུར་བཀའ་མ་མདོ་དང་། སྒྱུ་འཕྲུལ། སེམས་ཕྱོགས་གསུམ་ལས། མདོ་གཙོ་བོར་སྟོན་པའི་ཞར་ལ་སྒྱུ་འཕྲུལ་དང་སེམས་ཕྱོགས་ཀྱང་སྟོན་པར་བྱེད་པ་ཡིན་ནོ། །བཞི་པ་དོན་ཆེན་ནི། གདུལ་བྱ་རྣམས་རྡོ་རྗེ་ཐེག་པར་དཀྲིས་ཏེ་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་ལ་འཇུག་པའི་ཕྱིར་དུའོ། །ལྔ་པ་དབུ་ཞབས་ཀྱི་དོན་ནི། འབྲེལ་བ་བཞི་དང་ལྡན་པའི་ཚུལ་གྱིས་བསྡུས་ཏེ། དེ་ཡང་རྒྱུད་དབང་དང་འབྲེལ། དབང་གདམས་ངག་དང་འབྲེལ། གདམས་ངག་ཕྱག་བཞེས་དང་འབྲེལ། ཕྱག་བཞེས་བྱིན་རླབས་ལས་བྱང་དང་འབྲེལ་དགོས་པའི་ཕྱིར། དེ་ལ་དང་པོ་ནི་གོང་དུ་བསྟན་པའི་རྒྱུད་དེ་རྣམས་དང་འབྲེལ་ལོ། །གཉིས་པ་ནི་གདམས་ངག་དབང་དོན་ཆེན་པོའི་དབང་རིན་ཆེན་འཁོར་ལོ། །དབང་ནོར་བུའི་ཕྲེང་བའམ་རིན་ཆེན་ཕྲེང་བ། དབང་མི་འཇིགས་ཕྲེང་བའམ་ཁྲོ་བོ་ལས་ཙར་ཕྲེང་། དབང་རིན་ཆེན་སྐས་གདང་ལ་སོགས་པ་དང་། ལོ་ཙཱ་བ་ཆེན་པོ་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་བཞེད་པས་དྲུག་གསུམ་བཅོ་བརྒྱད་དང་འབྲེལ་བར་གསུངས་ཏེ། སྤྱི་དབང་ཆེན་པོའི་གླེང་གཞི་དང་། །འདྲེན་པའི་ལས་བྱང་ཆེ་ལེ་དང་། །འདྲེན་པའི་ལས་བྱང་ཆུང་ལེ་དང་། །ཡོངས་སུ་གྲུབ་པའི་དབང་ལེ་དང་། །ལྟ་བ་ཡེ་འབྱམས་དབང་ལེ་དང་། །ཀུན་བཟང་ཐུགས་ཀྱི་གདམས་ངག་ལེ། །རྣམ་པ་དྲུག་ཏུ་ལས་གཉེར་གཏད། །བར་དུ་དགོས་པའི་སྒྲུབ་ཐབས་དྲུག །དབང་དོན་བསྡུས་དང་དབང་དོན་རྒྱས། །དབང་དོན་རྒྱ་ཆེར་འབྱེད་པ་དང་། །ལས་ཐོ་རབ་གནས་བཤགས་པ་དང་། །གསང་སྔགས་བྱུང་ཚུལ་གླེང་གཞི་དང་། །དྲུག་གིས་སྒྲུབ་པའི་དོན་རྣམས་བཤད། །རྒྱུན་དུ་དགོས་པའི་ལག་ལེན་དྲུག །སྦྱིན་སྲེག་ལྷག་ཆོག་དཀྱིལ་འཁོར་ཐིག །རྒྱུད་ཁུངས་གཏད་རྒྱ་གླེང་གཞི་དྲུག །དྲུག་གསུམ་བཅོ་བརྒྱད་ཡི་གེ་འདི། །སངས་རྒྱས་ཡེ་ཤེས་བདག་གིས་རྙེད། །སྣོད་ལྡན་རྣམས་དང་འཕྲད་པར་ཤོག །ཅེས་གསུངས་པའི་ཕྱིར། གསུམ་པ་ནི་རྒྱ་བོད་ཀྱི་པཎ་གྲུབ་རིག་འཛིན་བརྒྱུད་པ་རྣམས་ཀྱི་ཕྱག་ལེན་རྣམ་པར་དག་པ་དང་བར་མ་ཆོད་པར་འབྲེལ་ལོ། །བཞི་པ་ནི་རྒྱས་པར་གཞུང་དངོས་ཀྱི་སྐབས་སུ་ཤེས་པར་ནུས་སོ། །བྱེ་བྲག་དབང་ཆོག་ཁྲིགས་སུ་བགྱིས་པ་འདིའི་རྩིས་འགོ་ལྔའི་འཆད་ཚུལ་ནི་གོང་དུ་བརྩམ་པར་དམ་བཅའ་བའི་སྐབས་སུ་བསྟན་ཟིན་ཏོ། །ཞར་ལ་རྩོད་པ་སྤང་བ་ནི། མདོའི་དབང་ཞེས་པའི་མཚན་དོན་ལས་འཁྲུལ་ཏེ་མདོ་རང་སྐད་ལ་དབང་མེད་པ་རྒྱུ་མཚན་དུ་བྱས་ནས་མདོ་ལ་དབང་བསྐུར་བའི་མིང་འདོགས་སུ་མི་རུང་བ་དང་། གསང་སྔགས་ལ་མདོའི་མིང་གིས་བཏགས་པ་མི་འཐད་པ་དང་། མདོ་ལ་ཆོ་ག་མི་འབྱུང་བ་སོགས་ཀྱི་ལོག་པར་རྟོག་པ་རྣམས་ལ་འདི་སྐད་བྱ་སྟེ། དབང་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་སམ་རྒྱལ་སར་དབང་བསྐུར་བའི་ལས་ལ་བརྟེན་ནས་མངའ་འབངས་ལ་དབང་སྒྱུར་ནུས་པར་བཤད་པ་དང་། མདོ་ལས་འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་། ལངྐར་གཤེགས་པ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ལ་སོགས་པ་དག་སངས་རྒྱས་ཐམས་ཅད་ཀྱི་ཕྱག་གིས་དབང་བསྐུར་བས་དབང་བསྐུར་བ་ཞེས་དང་། བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དགའ་ལྡན་ནས་འཕོ་བའི་ཚེ་བྱམས་པའི་དབུ་ལ་ཅོད་པན་བཅིངས་ཏེ་རྒྱལ་ཚབ་ཏུ་དབང་བསྐུར་བ་སོགས་ཀྱང་དབང་ཡིན་པར་དོན་གྱི་འགྲུབ་པས་ཉེས་པའི་སྐྱོན་མེད་ལ། གསང་སྔགས་ལ་མདོའི་མིང་གིས་བཏགས་པ་ལ་ཡང་ཀླན་ཀ་མི་འཇུག་སྟེ། དཔུང་བཟང་གི་རྒྱུད་ལས། གསང་སྔགས་མདོ་སྡེའི་ཚུལ་བཞིན་ངས་བཤད་དོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མདོ་སྡེའི་དབང་པོ་ཞེས་གསུངས་པའི་རྣམ་པར་བཤད་པ། ཞེས་དང་། རྣམ་འཇོམས་ལས། མདོ་སྡེ་འདི་ནི་མཉན་བྱས་ནས། །ཞེས་གསུངས་པ་དང་། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་པ་ཡང་འགལ་བ་མེད་པར་བསྒྲུབ་དགོས་པའི་ཕྱིར། གཞན་ཡང་ཆོ་ག་ཞེས་སྔགས་རང་སྐད་ཡིན་ནོ་ཞེ་ན། དེ་ཡང་སྒྲ་རིག་སྨྲ་བ་དག་བྱིང་ལས་མིང་དང་། མིང་ལས་ཚིག་བསྒྲུབ་པའི་ཆོ་ག་ཞེས་གྲགས་ཤིང་། འདུལ་བར་སྔོན་ཆོག་དང་ད་ཆོག་གི་ཐ་སྙད་གསུངས་པ་སོགས་ཡོད་པའི་ཕྱིར་ཤེས་བྱའི་གནས་ལ་མཐའ་རྒྱ་ཆོད་ན་ལོག་པར་རྟོག་པ་ལས་གྲོལ་བར་འགྱུར་རོ། །འོ་ན་གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་རིགས་པ་ལ། ཐེག་པ་རིམ་དགུ་སོ་སོར་མཐར་ཆགས་སུ་སྟོན་པ་ཅི་ཡིན་ཞེ་ན་དགོས་པ་ཡོད་དེ། སྤྱོད་བསྡུས་ལས། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་དང་། བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་རྗེས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་གསུངས་པའི་ཕྱིར་རོ། །དྲི་མེད་རྒྱ་བོད་བརྒྱུད་པའི་པཎ་གྲུབ་ཕྲེང་། །རིན་ཆེན་མུ་ཏིག་མཱ་ལ་ལྟར་སྤེལ་བའི། །ངོ་མཚར་གཏམ་གྱི་དོ་ཤལ་གསར་པ་འདི། །སྔ་འགྱུར་བསྟན་དང་དེ་འཛིན་མཛེས་པའི་རྒྱན། །རྣམ་དག་མདོ་སྔགས་རིན་ཆེན་འབྱུང་བའི་གནས། །ཟབ་དོན་གཏིང་མཐའ་བསམ་ཡས་ཀློང་ཆེན་པོར། །ལེགས་བཤད་རླབས་ཕྲེང་ཀུན་ནས་ཉེར་མཛེས་པའི། །སྨིན་བྱེད་དབང་གི་ཆུ་བོ་འདི་ན་མཚར། །ལོག་རྟོག་རྒྱུ་སྐར་བྱེ་བ་རྣམ་བཀྲ་ཡང་། །ལུང་རིགས་ཉིན་བྱེད་སྣང་བ་འདི་ཤར་བས། །རྒོལ་ངན་འོད་རིས་མཐའ་དག་ཡོངས་བཅོམ་སྟེ། །སྐལ་བཟང་བློ་གསལ་པདྨ་རྣམ་པར་རྒྱས། །ཞེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
༈ དེ་ལྟར་རྩ་བའི་ས་བཅད་གཉིས་པས་སྤྱི་དོན་མདོར་བསྟན་ནས། གཞུང་དོན་དངོས་ལ་འཇུག་པར་བྱ་བ་ནི། ཟུར་ཐམས་ཅད་མཁྱེན་པའི་དངོས་སློབ་བདེ་ལེགས་པས་མཛད་པའི་མདོ་དབང་ཆོག་ཁྲིགས་རིན་ཆེན་ཕྲེང་བའི་སྟེང་ནས་དབང་བསྐུར་གྱི་ཕྱག་ལེན་མཛད་པ་བརྒྱུད་པ་རིན་པོ་ཆེ་འདིའི་ལུགས་ལ་ཡོད་པས། དེ་ཉིད་རྩ་བར་བྱས་ཏེ་ཆོག་ཁྲིགས་དེའི་འགྲེལ་བའི་ཚུལ་གྱིས་གསལ་བྱེད་ལེགས་པར་འཆད་པ་ལ། དེ་ཡང་རྩ་བར། གདོད་ནས་རྣམ་དག་ཁྱབ་གདལ་གཉུག་མའི་ངང། །ཕྱོགས་དུས་ཀུན་ཁྱབ་རྒྱལ་བ་ཞི་ཁྲོའི་ཚོགས། །སྟོང་གསལ་འབྲས་མེད་འགྲོ་ལ་རྟག་ཏུ་བཞུགས། །ཀུན་གྱི་བླ་མ་མཆོག་དེར་གུས་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་དབང་གི་ཕྱག་ལེན་རྣམས། །རྩ་བརྒྱུད་རིག་འཛིན་བླ་མའི་གསུང་བཞིན་དུ། །རང་བཟོ་སྤངས་ཏེ་དུ་མར་འཐོར་བ་རྣམས། །གཞན་ཕན་བསམ་པས་ཕྱོགས་གཅིག་འདིར་འགོད་བྱ། །འདིར་འདུས་པ་ཆེན་པོ་མདོའི་སྒྲུབ་དབང་ལ་དོན་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔའམ་དྲུག་གིས་སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་སྒྲུབ་བཞིས་ལས་ཀྱི་གཞུང་བསྲང་བ་དང་། རྗེས་དོན་བརྒྱད་ཀྱིས་མཇུག་བསྡུ་བའོ། །དང་པོ་ལ་དྲུག་སྟེ། སྟོན་པ། གནས། འཁོར། ཡོ་བྱད། དུས། སྒྲུབ་པ་པོ་ཕུན་སུམ་ཚོགས་པ་རྣམས་སོ། །དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། དགོངས་འདུས་ལས། སློབ་དཔོན་མཚན་ཉིད་བརྟག་པ་ནི། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཅིང་དུལ་ལ་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་པ་དང་། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེན་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་གསུངས་ཏེ། མཚན་ཉིད་དེ་དག་དང་ལྡན་པའི་བླ་མའོ། །ལ་ལར་རྒྱ་ཐེབས་དང་གཟུངས་མ་ཡང་སྟོན་པར་བསྡུ་བར་བཤད་དོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་ཞིང་། །མཉམ་ཞིང་འོ་གའི་ཆུ་ལྟར་དྭངས། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །མཐོ་སྒྲོ་གྲོག་པོ་ཆུ་སྣ་སོགས། །དཀྱིལ་འཁོར་དབང་དགྲ་མཚམས་བརྟག་བྱ། །ལྷུན་སྟུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤེས་པའང་མཆོག་ཏུ་གསུངས། །ཞེས་པ་དང་། ལམ་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པ་དང་། །ཡིད་འོང་ས་བཙལ་རྒྱས་པར་བྱ། །འཁོར་ཁང་ཕྱི་ནང་བར་ལྡན་པར། །རིན་ཆེན་བྱུག་པས་བསྲུང་བ་དང་། །རིན་ཆེན་སྤྲས་པའི་གཞལ་ཡས་ཁང་། །ཞེས་པས་གནས་དང་ཁང་པའི་མཚན་ཉིད་དོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་རྒྱལ་ཐེབས་དང་། གཟུངས་མ་དང་། སློབ་མ་སྟེ། རྒྱུད་ལས། སྒྲུབ་དང་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་ལྡན་སློབ་མ་ཡིན། །ཞེས་དང་། གསང་སྙིང་ལས། ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་པའི་མཚན་ཉིད་དང་ལྡན་པའོ། །བཞི་པ་ཡོ་བྱད་ཕུན་སུམ་ཚོགས་པ་ནི། རྒྱུད་ལས། ཡོ་བྱད་དཀའ་བ་ཀུན་བསྡུས་ནས། །ཁྱད་པར་ཚོགས་དང་ལྡན་པ་ཡི། །དངོས་གྲུབ་སྒྲུབ་པའི་རྫས་སུ་བཞག །ཅེས་པས་སྐུའི་རྟེན་ཕྱི་ནང་གི་ཙཀླི་དང་། བྲིས་སྐུ་ལུགས་མ་ལ་སོགས་པ་དང་། གསུང་གི་རྟེན་གླེགས་བམ་དང་། ཐུགས་ཀྱི་རྟེན་ཕྱག་མཚན་དུ་མ་དང་། དབང་གི་རྫས་བུམ་པ་བདུད་རྩི་ལྔ་ལ་སོགས་པ་དང་། སྒྲུབ་པའི་རྫས་ཀ་པཱ་ལ་དང་། སྨན་རཀ་གཏོར་མ་ལ་སོགས་པ་དང་། མཆོད་པའི་རྫས་མེ་ཏོག་ལ་སོགས་པ་དང་། བགེགས་བཟློག་པའི་ཕུར་བུ་དང། ཡུངས་ཀར་དང་། གུ་གུལ་དང་། ནད་ཞི་བའི་སྨན་ལ་སོགས་པ་དང་། དགྲ་རྐྱེན་བཟློག་པའི་གོ་མཚོན་དང་། གཞན་ཡང་རྔ་དང་དུང་དང་སིལ་སྙན་ལ་སོགས་པ་དང་། གདུགས་དང་རྒྱལ་མཚན་དང་། བ་དན་དང་། ཡོལ་བ་བླ་བྲེ་ལ་སོགས་པ་ཉེ་བར་མཁོ་བ་དུ་མ་དང་། འཚོ་བ་ཟས་ཀྱི་ཡོ་བྱད་ཀྱང་། ཚེ་འཛིན་དང་། གལ་ཕྱི་དང་། ཛ་གད་དང་། ཛག་ཏི་དང་། ཟླ་རྒྱས་དང་། ཟླ་ཁྲོམ་དང་། འཇམ་དེས་དང་། མང་ས་གཡུ་མདོག་དང་། ཙ་ཏ་རུ་དང་། རྡོ་རྗེ་ཤུགས་དང་། རྡོ་རྗེ་ཀུན་ཏུ་རྒྱུ་དང་། རྡོ་རྗེ་ཀ་ཏ་རི་ལ་སོགས་པ་དགོས་པ་ཐམས་ཅད་སྟ་གོན་བྱའོ། །དེ་ཡང་བླ་མ་གོང་མའི་གསུང་རྒྱུན་ལ། ཚེ་འཛིན་ནི་ཟན། གལ་ཕྱི་ནི་བྲ་ལྡུམ་བཙོས་པ། ཛ་གད་ཆང་། ཛག་ཏི་ཉེའུ། ཟླ་རྒྱས་མར། ཟླ་ཁྲོམ་ཐུད། འཇམ་དེས་བུར་མར། མང་ས་གཡུ་མདོག་ཁུར་བ། ཙ་ཏ་རུ་ཚ་བ། རྡོ་རྗེ་ཤུགས་ཀྱང་ཆང་། རྡོ་རྗེ་ཀུན་ཏུ་རྒྱུ་ཚྭ། རྡོ་རྗེ་ཀ་ཏ་རི་ཤ་ཡིན་ཞེས་གསུངས། གཏེར་མ་རྣམས་ལ་ངོས་འཛིན་འདི་དང་ཅུང་ཟད་མི་འདྲ་བའི་ཁྱད་པར་ཡོད་དོ། །དེ་དག་ཀྱང་མ་འགྲུབ་ན་སྤོགས་པའི་ཕྱིར་ལྷག་ཐང་དུ་བཤམ་མོ། །མདོར་ན་དེ་དག་ཀྱང་ཐ་མལ་པར་མི་བལྟ་སྟེ། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་ཀྱང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆོད་བཟློག །ཡོ་བྱད་དག་པ་བསྡུ་བྱས་ཏེ། །ཚོ་གསུམ་བཅད་ལ་བྱིན་གྱིས་བརླབས། །ཞེས་གསུངས་པའི་ཕྱིར། ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། སྟོན་པ་གནས་འཁོར་ཡོ་བྱད་དེ་དག་འཛོམ་པའི་དུས་ཡིན་ལ། བྱེ་བྲག་སྒྲུབ་པ་ལ་འཇུག་པའི་དུས་ནི། རྒྱུད་རྔམ་གློག་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱད་བྱ། །སྔ་དྲོའི་དུས་སུ་དཀྱིལ་འཁོར་བྲི། །ཞེས་གསུངས་པ་ལྟར་དང་། ཡང་ན་སྒྲུབ་པ་གཟུང་བའི་དུས། དབང་བསྐུར་བའི་དུས། སྨིན་པར་སློབ་པ་དབང་དུ་སྒྲུབ་པའི་དུས་ཏེ་གསུམ་ལས། དང་པོ་ནི་རྔམ་གློག་གི་ལུང་གིས་ཤེས། གཉིས་པ་ནི་སོ་ཐར་དང་བྱང་སྡོམ་ཐོབ་པའི་དུས་སུ་ཡིན་ཏེ། ངེས་འབྱེད་ལས། དང་པོ་སེམས་བསྐྱེད་འཇུག་དུས་སུ། །རྫས་ཀྱི་དབང་བཅུ་རྫོགས་པར་བྱིན། །ཞེས་དང་། གསུམ་པ་ནི། གསང་སྙིང་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་པའི་ཕྱིར། དྲུག་པ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ནི་སྟོན་འཁོར་རྣམས་ལ་ངོས་བཟུང་ངོ། །གཉིས་པ་བསྙེན་སྒྲུབ་བཞིས་གཞུང་བསྲང་བ་ནི་བཞི་ལས། བསྙེན་པ་དང་ཉེ་བསྙེན། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ། རྒྱུད་གསང་སྙིང་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་དོན་བཞིས་བསྟན་པ་ལས། སྤྱིར་ན་དང་པོ་ནི་དབང་ཐོབ་ས་རྣོན་པའི་རྡོ་རྗེ་སློབ་དཔོན་ལ་དབང་གི་ཞུ་བ་ཕུལ་ནས། བུས་ཡོ་བྱད་བཤམ། བླ་མ་ཐུགས་དམ་ལ་བཞུགས་ནས་སྟ་གོན་ཡན་ཆད་བསྙེན་པ། ཞག་ཇི་ཙམ་བྱེད་པའི་ཕྱེད་ཉེ་བསྙེན། ནུབ་ཐ་མ་མ་གཏོགས་པའི་དབང་དུ་ཚོགས་བཞི་ཚོགས་སམ་དྲུག་ཚོགས་སུ་བྱེད་པ་སྒྲུབ་པ། ནུབ་ཐ་མ་ལ་རྟགས་དང་མཚན་མ་བཟང་པོ་བྱུང་ནས་དངོས་གྲུབ་ལེན་ཁ་མ་སྒྲུབ་པ་ཆེན་པོ་སྟེ་བཞི་ལས། དང་པོ་ལ་གཉིས་ཏེ། གཞིའི་བསྙེན་པ་དང་། ཁ་གསོ་བའི་བསྙེན་པའོ། །དང་པོ་གཞིའི་བསྙེན་པ་ནི་ངེས་པར་བྱ་དགོས་ཏེ། ལམ་རྣམ་བཀོད་ལས། བསྙེན་པའི་དོན་དུ་སྔོན་བྱ་བ། །རྫོགས་པའི་ལས་རྣམས་ཟིན་པར་བྱ། །ཞེས་གསུངས་པའི་ཕྱིར། རྩ་བར། གནས་མཚན་ཉིད་དང་ལྡན་པར་སྔོན་འགྲོའི་ཆོས་རྣམས་རྫོགས་པར་བྱས་ལ། ལྟ་བ་དབྱིངས་ཡེ་ཤེས་དབྱེར་མེད་རྟོགས་པའི་ངང་ལས་སྒོམ་པ་དོན་དང་ཡི་གེའི་རྗེས་སུ་འཇུག་པས་ཡི་དམ་ལ་བརྟན་པ་མ་ཐོབ་ཀྱི་བར་ལ་བསྙེན་པ་བསྐྱལ་བར་སྨིན་པ་སློབ་མའོ། །ཞེས་གསུངས་སོ། །དེ་ཡང་འདུས་པ་མདོ་དང་སྒྱུ་འཕྲུལ་གྱི་ལུགས་ལྟར་བླ་མའི་མན་ངག་གིས་ལེགས་པར་ཟིན་པའི་སྒོ་ནས་ཞི་ཁྲོ་དམ་པ་རིགས་བརྒྱའི་བསྙེན་པའམ། སྤྲོ་ན་སྔོན་འགྲོ་ཕྱག་རྡོར་ནས་ཨ་ནུའི་བར་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་གྲངས་བསྙེན་ཙམ་བྱུང་ན་ལེགས་པར་སྣང་སྟེ། ཧ་ཅང་མང་བས་སྒྱིད་ལུགས་པའི་རྒྱུར་འགྱུར་བས། མདོར་བསྡུས་ན་སྔ་འགྱུར་བཀའ་གཏེར་གྱི་བཀའ་བརྒྱད་སྤྱི་བཀའ་སྒོས་བཀའ་གང་རུང་ཞིག་ལ་རང་རང་གི་སྒྲུབ་གཞུང་ལྟར་བསྙེན་སྒྲུབ་མཐར་ཕྱིན་པས་ཀྱང་ཁྱབ་སྟེ། རྒྱུད་ལས། བདེ་གཤེགས་གཅིག་འགྲུབ་ཀུན་གྱི་ངང་། །ཞེས་གསུངས་ལ། གསར་མ་བ་དག་ཀྱང་བླ་མེད་གཅིག་ལ་བསྙེན་པ་སོང་ན་གཞན་རྣམས་ཁྱབ་པ་དང་། བྱེ་བྲག་ཕྲེང་བ་མཁན་པོ་རྣམས་ཀྱང་དེ་ལྟར་དུ་བཞེད་པའི་ཕྱིར། གཉིས་པ་མོས་སློབ་ལ་གཉིས་ལས། སྔོན་དུ་བྱ་བའི་བསྙེན་པ་དང་། དཀྱིལ་འཁོར་ལས་ཀྱི་རིམ་པའོ། །དང་པོ་ནི། དབང་བསྐུར་བ་ལ་འཇུག་ཁར་བྱ་དགོས་ཏེ། གླན་སྟོན་བསོད་ནམས་མགོན་པོའི་ཆོག་ཁྲིགས་ལས། སློབ་བུས་སློབ་དཔོན་རྡོ་རྗེ་རྒྱལ་པོ་དབང་གི་ཆུ་བོ་རྫོགས་ཤིང་། དམ་པའི་མཛོད་གསུམ་འཛིན་པ། བཀའ་དང་རྒྱུ་འབྲས་ཀྱི་ཆོས་ལ་མ་རྨོངས་པར་མཁྱེན་པའི་བླ་མ་ལ་ཞུ་བ་ཕུལ་ལ། དེ་ནས་སློབ་དཔོན་གྱིས་བུམ་པ་བཅས་ཏེ། སྔོན་འགྲོ་དངོས་གཞི་མཇུག་གསུམ་དུ་ཕྱེ་ལ། རང་གང་མོས་ཀྱི་ལྷ་ལ་གྲངས་ཀྱི་བསྙེན་པ་ཅི་རིགས་པར་བསྐྱལ་ལོ། །དེའི་བར་དུ་སློབ་བུས་མཛད་བྱང་བཞིན་དུ་གང་དགོས་པའི་ཡོ་བྱད་རྣམས་ཞལ་ལས་བྱུང་བ་བཞིན་བསག་གོ། །ཞེས་གསུངས་པའི་ཕྱིར། འདི་གོང་གི་བསྙེན་པ་དང་མི་འདྲ་བས་ཉེ་བསྙེན་ནམ་དབང་གི་བསྙེན་པ་ཞེས་སྒྱུ་འཕྲུལ་བའི་ལུགས་ལ་གྲགས་པ་ལྟར། འདིར་ཡང་མདོ་དབང་བསྐུར་ཁ་ལྟ་བུར་བྱེད་དགོས་ལ། དེང་སང་ས་སྐྱ་པ་རྣམས་ལམ་འབྲས་ཀྱི་དུས་སུ་ཡང་འདི་ལྟར་མཛད་པའི་ལག་ལེན་འདུག་ཅིང་། རྩ་བར་དང་པོ་ནི་བླ་མས་གོང་ལྟར་ལྷ་གྲངས་ཀྱི་བསྙེན་པ་ཅི་འགྲུབ་ཏུ་བསྐྱལ་ལོ་ཞེས་གསུངས་པས། དེ་ཡང་ཇི་ལྟར་བྱ་བའི་ཚུལ་ནི། སློབ་དཔོན་གྱིས་དབེན་པར་མཚམས་བཅད་དེ། མདོ་དབང་ཨ་ནུའི་ལུང་གི་ཞི་ཁྲོའི་ཕྲིན་ལས་ལྟ་བུ་ཐུན་བཞིར་བྱ་བའམ། ཡང་ན་རྒྱུད་མ་ཧཱ་ཡོ་ག་སྒྱུ་འཕྲུལ་ཞི་ཁྲོའི་ཕྲིན་ལས་ཐུན་བཞིར་བྱ་ཞིང་། ཡོ་བྱད་འཛོམ་ན་ཐུན་མཚམས་ཇི་ལྟར་འོས་པར་ཚོགས་ཆེན་གྱི་ཞི་བའི་བུམ་པ་དང་ཁྲོ་བོ་གསང་བུམ་གཉིས་གཞུང་ལྟར་བསྒྲུབ་པ་དང་། སློབ་མས་གོང་དུ་ཡོ་བྱད་ཕུན་སུམ་ཚོགས་པར་སྒྲུབ་པའི་ས་བཅད་སྐབས་ལྟར་གསོག་པ་དང་། མཎྜལ་ཡིག་བརྒྱ་སོགས་བསགས་སྦྱང་གི་རྣལ་འབྱོར་ལ་བརྩོན་པར་བྱའོ། །མདོར་ན་བླ་མའི་བསྙེན་དུས་བསྙེན་སྒྲུབ་ཡན་ལག་བཞི་ཚང་ཚུལ་གོང་གིས་ཤེས་ལ། བྱེ་བྲག་གི་དཀྱིལ་འཁོར་སོ་སོར་ཡང་འདི་བཞི་དོན་གྱིས་ཚང་ཞིང་། ཁྱད་པར་རྩ་བའི་དཀྱིལ་འཁོར་མ་ཧཱ་ཨ་ནུ་གཉིས་ལ་འདི་བཞི་ཚང་ཚུལ་ཆོ་གའི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་ལས་ཀྱི་རིམ་པ་ལ་གཉིས་ཏེ། བསྙེན་སྒྲུབ་ཀྱི་སྐབས་སུ་དཀྱིལ་འཁོར་གྱི་བྱ་བའི་ལས་རིམ་དང་། སྒྲུབ་པ་ཆེན་པོའི་སྐབས་སུ་དངོས་གྲུབ་ཐོབ་ནས་དབང་གི་ལས་རིམ་མོ། །དང་པོ་ནི། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུས་རྒྱས་ཤེས་བྱ། །ཞེས་དང་། ལས་ཐོ་ལས། དང་པོ་ས་གཞི་ཡོངས་སུ་བཟུང་། །གཉིས་པ་སྟ་གོན་ལ་གནས་ཏེ། །ནུབ་གསུམ་པ་ལ་འཇུག་པར་བྱ། །སྤྱི་དབང་ཆེན་པོ་དབང་བསྐུར་བའི། །དང་པོ་ཕུན་སུམ་ཚོགས་ལྡན་པས། །ཚད་ཕྱིན་རབ་འབྱམས་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་འཁོར་བསྡུས་ནས། །གཞུང་དང་མཐུན་པའི་གནས་དག་ཏུ། །ས་ཆོག་རྫོགས་བྱས་དཀྱིལ་འཁོར་ལྡན། །ཞེས་གསུངས་པའི་དང་པོ་ས་ཆོག་ལ་དོན་བརྒྱད་དེ། ས་གཞི་སྤྱི་མཚན་དུ་བརྟག་པ། བྱེ་བྲག་ཏུ་བརྟག་པ། ས་བླང་བ། དབང་དུ་བྱ་བ། སྦྱང་བ། བྱིན་གྱིས་བརླབ་པ། སྲུང་བ། བཟུང་བ་རྣམས་ཡིན་པའི་ཕྱིར། དང་པོ་སྤྱིར་བརྟག་པ་ནི་གོང་དུ་གནས་ཕུན་སུམ་ཚོགས་པའི་སྐབས་སུ་བསྟན་ཟིན། གཉིས་པ་བྱེ་བྲག་ཏུ་བརྟག་པ་ནི། རྡོ་རྗེ་ལས་རིམ་ལས། ཐང་ཀ་སོག་ལེ་ལྟ་བུ་དང་། །དམའ་དང་བོ་བའི་མཚན་ཉིད་དང་། །ཚྭ་སྒོ་ཟུག་རྡོ་རུས་སྤལ་དང་། །གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོ་རུས་པ་གསེག་ལ་སོགས། །ནྱཱ་གྲོ་དྷ་དང་པ་ལཀྵ། །ཨུ་དུམ་ཝ་ར་ཨ་ཤྭ ཏྠ། །ཨུ རྫུ་ན་ལ་སོགས་པའི་ཚུལ། །འདོད་པ་མ་ཡིན་སྦྱོང་སྤོ་བྱ། །ཞེས་ངན་པ་དང། བཀྲ་ཤིས་རྩྭ་དང་མེ་ཏོག་ཤིང་། །གནག་དང་ཁ་དོག་ལྡན་པ་དང་། །རྩིགས་མ་རྒྱུས་པ་རབ་ཉུང་ཞིང་། །ལྷག་པར་འགྱུར་བ་རབ་ཏུ་བཤད། །ཅེས་བཟང་པོའི་ས་བརྟག་གོ། །གསུམ་པ་བླང་བ་ལ་གཉིས་ཏེ། མངོན་པ་མི་ལ་བླང་བ་དང་། མི་མངོན་པ་ལ་བླང་བའོ། །དང་པོ་ནི་ཡུལ་དེའི་རྒྱལ་པོའམ་བློན་པོའམ་སའི་བདག་པོ་གང་ཡིན་ལ་རིན་བཅལ་ཞིང་ངག་གིས་བདེན་པས་བླང་བ་དང་ས་རྒྱས་བཏབ་བོ། །གཉིས་པ་མི་མངོན་པ་ལ་གཉིས་ཏེ། བདེ་བར་གཤེགས་པ་སངས་རྒྱས་ལ་བླང་བ་དང་། སའི་ལྷ་མོ་ལ་བླང་བའོ། །དང་པོ་ནི་རྩ་བར། །དང་པོ་གནས་དེར་མཎྜལ་ཁྲུ་གང་བ་ཞིག་བྱས་ལ་ག་བུར་དང་ཙནྡན་གྱི་ཆུས་ཆག་ཆག་གདབ། དེའི་སྟེང་དུ་མཆོད་པ་ལྔ་དང་དཀར་གཏོར་གཅིག །གསེར་སྐྱེམས་བཤམས་ལ། རང་ཆས་གོས་དཀར་པོ་དང་ལྡན་པས་སྟན་ལ་འདུག་སྟེ། ཞེས་གསུངས་པའི་དོན་རྒྱས་པར་ཉམས་སུ་བླང་བ་ནི་གང་དུ་དཀྱིལ་འཁོར་བྱ་བའི་སར་སྟེགས་བུ་ཁྲུ་གང་གྲུ་བཞི་པ་ཞིག་བྱས་ལ། དེ་ལ་བ་ལང་གི་ལྕི་བ་གསར་པ་དྲི་བཟང་པོས་བགོས་པ་གླང་ཀོའི་སྲབ་འཐུག་ཙམ་དུ་མཉམ་པར་བྱུགས་ཤིང་། དེའི་སྟེང་དུ་ག་བུར་དང་ཙནྡན་གྱི་ཆུས་ཆག་ཆག་གདབ་དགོས་ཏེ། རྡོ་རྗེ་ལས་རིམ་ལས། ཤིན་ཏུའང་བརྟགས་པའི་ས་དབུས་སུ། །དཀྱིལ་འཁོར་ལྕི་བ་དྲིལ་བྱུགས་ལ། །མཉམ་ཞིང་གླང་ཀོ་ཙམ་བྱས་ལ། །ག་བུར་ཙནྡན་ལྡན་པར་བྱ། །ཞེས་གསུངས་པའི་ཕྱིར་སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜལ་ལ་དྲི་བཟང་གིས་བྱུགས་པའི་སྟེང་ས་ལྷའི་ཚོམ་བུ་བཀོད་པའི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་དཀར་གཏོར་བཤམ། གཞན་ཡང་གཞི་བགེགས་ལ་དཀར་གཏོར་དམར་གཏོར། གསེར་སྐྱེམས་རིན་པོ་ཆེའི་བརྡར་ཕྱེ་དང་ཆོས་སྨན་འབྲུ་ཚོམས་བཏབ་པ་རྣམས་ཀྱང་བཤམ། ལོགས་ཤིག་ཏུ་ལྕོག་ཙེའི་ཁར་ཞི་བའི་གཏོར་མ་དཔལ་བཤོས་པད་འདབ་བཞི་པ་དཀར་དམར་རྒྱན་གྱིས་བརྒྱན་པ་དང་། ཀུན་འདུས་ཀྱི་རྩ་གསུམ་གཏོར་མ། སྨན་རཀ །ཉེར་སྤྱོད་ལྔ་ཡང་བཤམ་མོ། །དེ་ནས་སློབ་དཔོན་རང་ཉིད་ཞི་བའི་ཆས་གོས་དཀར་པོ་དང་ལྡན་པས་སྟན་ལ་འདུག་དགོས་ཏེ། དེ་ཉིད་ལས། སྔགས་མཁན་ཞི་བའི་ཆས་ལྡན་པས། །ཕྱག་རྒྱས་ལེགས་འཁྱུད་བདེ་བར་འདུག །ཅེས་གསུངས་པའི་ཕྱིར་ཆོ་ག་ལ་འཇུག་པ་ནི། བདེ་ལེགས་པའི་ཆོག་ཁྲིགས་རྩ་བར། ༀ་ཨཱཿབིགྷྣཱ ན་ཏ་ཀྲྀཏ་ཧཱུཾ་ཕཊ། ཅེས་པས་རང་བདུད་རྩི་འཁྱིལ་བར་བསྐྱེད་ལ་མཆོད་པ་རྣམ་པ་ལྔ་བྱིན་གྱིས་བརླབ། གཏོར་མ་བདུད་རྩི་ཐལ་སྦྱོར་གྱི་སྔགས་ཀྱིས་བདུད་རྩི་དང་། གསེར་སྐྱེམས་བརྟག་པ་གསུམ་གྱིས་བརླབ་ལ། ཞི་ཐུང་ལུགས་སུ་འཛབ་ཡན་ཆད་བྱ། ཞེས་གསུངས་པ་ལྟར་བྱ་དགོས་ཤིང་། ཀུན་གྱི་ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་སོགས་ཆོ་ག་ཡན་ལག་བརྒྱད་པ་ནི། རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་པའི་མཇུག་ཏུ་སེ་གོལ་བསྣོལ་མར་གཏོག བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད་རྗེས་ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ་ཀ་དག་གི་ངང་དུ་མཉམ་པར་བཞག་གོ། །དེ་ཡང་ཡན་ལག་བརྒྱད་པས་བསོད་ནམས་ཀྱི་ཚོགས་དང་། རྣམ་པར་མི་རྟོག་པ་བསྒོམ་པ་ཡེ་ཤེས་ཀྱི་ཚོགས་ཡིན་ཞེས་སེ་སྟོན་ཆེན་པོ་རིན་ཆེན་རྒྱལ་མཚན་གསུང་ངོ་། །རྩ་བར། ཐོག་མར་ས་ལྷའི་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ནས་ཞི་ཐུང་གི་ཆོ་ག་བྱེད་པར་གསུངས་ཀྱང་། ཐོག་མར་ཆོ་ག་བྱས་ཏེ་སླད་ཀྱི་ས་ལྷའི་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ན་ལེགས་ཤིང་། ཞི་ཐུང་ལུགས་སུ་འཛབ་ཡན་ཆད་བྱ། ཞེས་གསུངས་པའི་དོན་སྤྱིར་ཞི་ཐུང་ཁྲོ་ཐུང་གི་རྩ་བ་སངས་རྒྱས་གསང་བའི་རྒྱ་གཞུང་རྩོད་བྲལ་ཡིན་ནའང་། ལུགས་སྲོལ་སོ་སོའི་བཞེད་ལུགས་ལྟར་མི་འདྲ་བ་འགའ་རེ་འདུག་པས་ཞི་ཁྲོ་ཐུང་བ་ཁུངས་མ་འགའ་ཞིག་ལས་དཔྱད་དེ་འདིར་ཞི་ཐུང་བླངས་པ་ལས། ཐོག་མར་བསྐྱེད་རྫོགས་འབྲིང་པོ་དང་སྦྱར་བའི་སྔོན་འགྲོའི་ཀླད་ཀྱི་མཚམས་བཞི། སོ་ལུགས་ཀྱི་ཕྱག་བཞེས་སེ་ལུགས་ཀྱི་དགོངས་པ་ལྟར་བྲི་བར་བྱ་བ་ལ་བཞི་ལས། དང་པོ་མཚམས་ཀྱི་ཕྲིན་ལས་བསྐུལ་ཞིང་བཀའ་བསྒོ་བ་ནི། ཧཱུཾ། ས་དང་དུས་ཀྱི་གནས་འདི་རུ། །ཡང་དག་དོན་ལ་མི་བརྩོན་ཞིང་། །བྱང་ཆུབ་དོན་ལ་མི་གནས་པའི། །མི་དང་མི་མིན་གང་ཡང་རུང་། །ཐམས་ཅད་གཅིག་ཏུ་བསྡུས་ནས་ནི། །རྡུལ་ཕྲན་བཞིན་དུ་བརླག་པ་དང་། །སེམས་ཉིད་ཐེག་པ་ཆེན་པོ་ཡི། །རྣམ་ཐར་དག་ལ་དགོད་པར་མཛོད། །ཡེ་ཤེས་ཕྲིན་ལས་ཅན་གྱིས་མཛོད། །བཏང་སྙོམས་ཡལ་བར་མ་བཏང་ཞིག །ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་སེ་གོལ་གཏོག་པས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྔོན་གྱི་སྨོན་ལམ་གྱི་དབང་གིས་མདུན་གྱི་ནམ་མཁའ་ལ་སྤྲིན་ཕུང་བཞིན་དུ་གཏིབས་ནས་མཚམས་ཀྱི་ཕྲིན་ལས་མཛད་པ་གྱུར། གཉིས་པ་བགེགས་བསྐྲད་པ་ནི་གཞུང་དུ་ང་རྒྱལ་གང་ལ་བརྟེན་ནས་མི་གསལ་ཡང་། བཀའ་མའི་མཚམས་གཅོད་ཕལ་ཆེར་བཛྲ་ཧེ་རུ་ཀའི་ང་རྒྱལ་ཁོ་ནས་མཛད་པ་ཤས་ཆེ་བས་འདིར་ཡང་ལེགས་པར་མཐོང་བས་དེའི་ཚུལ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་པས་རང་ཉིད་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། བར་པ་གཉིས་ཀྱི་རྩེ་ལྔ་དང་བྷཉྫ། ཐ་མ་གཉིས་ཀྱི་ཞིང་དབྱུག་དང་འཇིག་རྟེན་འདེགས་ཚུལ་ཅན། ཞབས་བཞི་གཡོ་རྐྱང་གིས་རུ་ཏྲ་ཕོ་མོ་མནན་པ། ཡུམ་ཁྲོ་མོ་དབང་ཕྱུག་མ་སྔོན་མོ་དྲིལ་བུ་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཧཱུཾ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐང་ཟིན་གྱི། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་བྱའོ། །ཧཱུཾ་ཧཱུཾ་ཧཱུཾ། གསང་བ་བས་ཀྱང་ཆེས་གསང་བ་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་འདིར་བཀའ་གསང་རྨད་དུ་བྱུང་བ་དུར་ཁྲོད་གསང་བ་མཆོག་གི་གནས་འདི་རུ་འདུ་བའི་ལྷ་ལ་མི་གཏོགས་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་རིགས་སུ་གྱུར་པ། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། གསང་སྔགས་བླ་ན་མེད་པའི་བཀའ་དང་དམ་ཚིག་མ་ནོས་ཤིང་། སྔགས་གཉན་པོ་ལ་མི་དབང་བ། ཕྱག་རྒྱ་ལྷ་ལ་མི་དབང་བ། རྣལ་འབྱོར་པ་མཆེད་དང་ལྕམ་དྲལ་གྱི་ཚེ་སྲོག་གི་བར་དུ་གཅོད་ཅིང་དངོས་གྲུབ་ཀྱི་བགེགས་དང་གཅུགས་སུ་བྱེད་པ་དེ་དག་ཐམས་ཅད་བསྐལ་པའི་མེ་དཔུང་འབར་བ་ལ་སྲོག་གི་སྦྲང་བུ་མི་གནས་པའམ། མར་ཁོལ་མ་ལ་ཆུའི་ཐིགས་པ་མི་གནས་པའམ། ཉི་མའི་དཀྱིལ་འཁོར་ལ་མུན་པའི་གཞི་མི་གནས་པ་བཞིན་དུ་མ་གནས་པར་དེངས་ཤིག །ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾཥྚོཾ་ཏ་ཀ་ཊ་བཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་དྷཱ་ར་ཡ། པ་ར་ཤུ་པ་ཤ་ཧསྟཱ་ཡ། ཏ དྱ་ཐཱ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གྲྀ ཧྞ་གྲྀཧྞ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣན་བི་ནཱ་ཡ་ཀ་ནཱན། མ་ཧཱ་ག་ན་པ་ཏི། ཛི་ཝི་ཏེ། ཨནྟ་ཀ་རཱ་ཡ་སྭཱ་ཧཱ། དེ་ལྟར་བགེགས་བསྐྲད་ནས། གསུམ་པ་ཁྲོ་བོའི་རོལ་མཚམས་ནི། བདག་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲོས་ཏེ་ཕྱོགས་མཚམས་རང་གནས་སུ་བཞུགས་ཏེ་བསྲུང་བར་གྱུར། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཨ་ཨ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛཱི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙིནྡྷ་ཚིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛཱ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུཾ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝན་བཛྲ་བིདྱཱ་རཱ་ཛ་ཧཱུཾ། བཞི་པ་མཚོན་ཆའི་མཚམས་ནི། བདག་གི་ཐུགས་ཀར་ཉི་མའི་གདན་སྟེང་ས་བོན་ལས་རིགས་ལྔ་ཡབ་ཡུམ་བཅུ་བསྐྱེད་པ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་ཕྱག་མཚན་རྣམ་པ་ལྔ་འཕྲོས་ཏེ་མཚོན་ཆའི་གུར་སྤྲོ་བའི་སྔགས་ནི། ཨ་ཙནྡྲ་མཎྜ་ལ། མ་སཱུ་རྻ་མཎྜ་ལ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཧཱུཾ་བཛྲ་དྷྲྀཀ྄། མཱུཾ་དྷཱ་ཏྭེ་ཤྭ་རི། ༀ་ཛི་ན་ཛིཀ྄། ལཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ྄། མཱཾ་མོ་ཧ་ར་ཏི། ཨཱཾ་ཨ་རོ་ལིཀ྄། པྱཱཾ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲིིཀ྄། ཏཱཾ་བཛྲ་ར་ཏི། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ཨཉྫ་ལི། བཛྲ་ཙཎྜ་ཛྭ་ལ་བཛྲ། སུམྦྷ་ནི་མནྟ་ཛྭ་ལ་བཛྲ་ཧཱུཾ་ཕཊ། ༀ་བྷྲཱུཾ། ཧཱུཾ་བྷྲུཾ། ཏྲཱཾ་བྷྲཱུཾ། ཧྲཱིཿབྷྲཱུཾ། ཨཱཿབྷྲཱུཾ། མཚོན་ཆ་རྣམས་རིམ་པ་བཞིན་འཕྲོས་ཏེ་གུར་ཁང་གིས་གཏམས་པར་གྱུར། ཧཱུཾ། ང་ཡི་དཀྱིལ་འཁོར་བསྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པའི་ཚུལ་བཞིན་སྲུངས། །རྡོ་རྗེ་བསྡམས་པའི་མཐེ་བོང་མཐེའུ་ཆུང་གུང་མོ་རྣམས་སྒྲེངས། མཛུབ་མོ་གཉིས་བཀུག་པའི་རྩེ་གུང་མོའི་ཚིགས་གསུམ་པར་བཙུགས་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ལ། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་སྟེ། །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ལས། །རྡོ་རྗེའི་མཚམས་ལས་བགེགས་མ་འདའ། །ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ། ཐལ་མོ་སྦྱར་ཏེ་སོར་མོ་བསྣོལ་བ་འཁོར་ལོའི་རྒྱལ། སྟེང་ཡང་འཁོར་ལོའི་བླ་བྲེ་ལ། །འོག་ཀྱང་འཁོར་ལོའི་ས་གཞི་སྟེ། །ཕྱོགས་མཚམས་འཁོར་ལོས་གཏམས་པ་ལས། །གསང་བ་འཁོར་ལོའི་མཚམས་ལས་བགེགས་མ་འདའ། །ༀ་བཛྲ་ཛྙཱ་ན་ཙཀྲ་ཧ་ན་ཙཀྲ་ཧཱུཾ་ཕཊ། ལག་པ་གཉིས་མཐེ་བོས་མཛུབ་མོ་བཀུག་ནས་མནན་པ་རལ་གྲིའི་རྒྱས། སྟེང་ཡང་རལ་གྲིའི་བླ་བྲེ་ལ། །འོག་ཀྱང་རལ་གྲིའི་ས་གཞི་སྟེ། །ཕྱོགས་མཚམས་རལ་གྲིས་གཏམས་པ་ལས། །གསང་བ་རལ་གྲིའི་མཚམས་ལས་བགེགས་མ་འདའ། །ༀ་བཛྲ་ཏིཀྵ་ཎ་ཚིནྡྷ་ཧཱུཾ་ཕཊ། ཙཎྜ་རོ་ཥ་ཁདྒ་ཧཱུཾ་ཕཊ། སོར་མོའི་རྩེ་རྣམས་བཀུག་སྟེ་མགོ་བོ་ལྟ་བུ་དབྱུག་ཏོའི་རྒྱས། སྟེང་ཡང་དབྱུག་ཏོའི་བླ་བྲེ་ལ། །འོག་ཀྱང་དབྱུག་ཏོའི་ས་གཞི་སྟེ། །ཕྱོགས་མཚམས་དབྱུག་ཏོས་གཏམས་པ་ལས། གསང་བ་དབྱུག་ཏོའི་མཚམས་ལས་བགེགས་མ་འདའ། །ༀ་ཨ་ཀོ་ཊ་མུངྒ་ར་ཧཱུཾ་ཕཊ། ༀ་བཛྲ་ཀཱ་ལ་རཱུ་པ་ཤ་ཡ་ཧཱུཾ་ཕཊ། སོར་མོ་རྣམས་རྩེ་སྤྲད་སྲིན་ལག་གཉིས་ནང་དུ་བཀུག་པ་རྒྱ་གྲམ་གྱི་རྒྱས། སྟེང་ཡང་རྒྱ་གྲམ་བླ་བྲེ་ལ། །འོག་ཀྱང་རྒྱ་གྲམ་ས་གཞི་སྟེ། །ཕྱོགས་མཚམས་རྒྱ་གྲམ་གཏམས་པ་ལས། །གསང་བ་རྒྱ་གྲམ་མཚམས་ལས་མ་འདའ་ཞིག །ༀ་བཛྲ་ཀརྨ་སརྦ་སཏྭ་ཧ་ཧ་ཧཱུཾ་ཕཊ། ཧཱུཾ། མཚམས་བཅད་ནང་ནི་ཚུན་ཆད་དུ། །སུ་ཡང་འདའ་བར་མ་བྱེད་ཅིག །ཅི་སྟེ་བཀའ་ལས་འདས་གྱུར་ན། །ཐོ་བ་ལྕགས་ཀྱུ་འཁྲིགས་པ་ཡིས། །སྙིང་ནས་དྲངས་ཤིང་བརྡུང་བར་བྱའོ། །སུམྦྷ་བརྗོད། དེ་ཡང་བཀའ་བསྒོ། བགེགས་སྐྲོད། ཁྲོ་མཚམས། མཚོན་ཆའི་མཚམས་ཏེ་མཚམས་གཅོད་བཞིའི་རིམ་པའོ། །འདིར་ཕྱག་མཚན་རྣམས་ཐུགས་ནས་འཕྲོ་བ་འདི་གའི་ལུགས་ཐུན་མོང་མ་ཡིན་པ་ཡིན་ཅིང་། ལ་ལ་དག་ལག་པའི་སོར་མོ་རྣམས་རིགས་ལྔ་ཡབ་ཡུམ་དུ་བྱིན་གྱིས་བརླབ་པར་བཤད་ཀྱང་། ཕྱག་མཚན་ཐུགས་ནས་སྤྲོ་བ་གཞུང་ནས་གསུངས་ཕྱིན་འདི་ག་ལེགས་པར་སེམས་སོ། །སྔོན་འགྲོ་སྨན་རཀ་གཏོར་མཆོད་བྱིན་བརླབ་ནི། ས་ལྷའི་མཆོད་གཏོར་རྣམས་འོག་ཏུ་བྱིན་བརླབ་དགོས་པས། འདིར་འདས་གཏོར་གྱི་དབང་གིས་ཞི་བའི་ལས་བྱང་གི་མཆོད་གཏོར་རྣམས་བརླབ་རྒྱུ་ཡིན་པ་མ་འདྲེས་པར་ཤེས་དགོས་ཤིང་། དེ་ལ་ཐོག་མར་བདུད་རྩི་བྱིན་བརླབ་ནི། ༀ་ཨ་མྲྀ་ཏ་ཀུཎྜ་ལཱི་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ་ཀྱིས་བསང་། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། ཞེས་བདུད་རྩིའི་སྣོད་གཞལ་ཡས་ཁང་འཁོར་ལོ་དང་བཅས་པར་བསམ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ། ཞེས་བཅུད་ཤ་ལྔ་བདུད་རྩི་ལྔའི་སྟེང་རིགས་ལྔ་ཡབ་ཡུམ་བཅུར་བསམ། །ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ༀ་ཨཱཿཧཱུྃ་ཞེས་ཁ་གཅོད་ལ་བདུད་རྩིའི་སྲུང་མ་རྟ་མགྲིན་ཡུམ་བཞིས་བསྐོར་བར་བསམ། རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་འབབ་པར་བསམ་ཞིང་། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱཿཞེས་ལན་བདུན་ནམ་གསུམ་གྱིས་བྱིན་གྱིས་བརླབ། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་བྱིན་གྱིས་བརླབས་ནས་ཀྱང་། །རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བདུད་རྩིའི་ཕུད་གཏོར་ཞིང་ལྷག་མ་སྨིན་མཚམས་སུ་བཞག་ལ། ༀ་ན་མཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྐུ་རྡོ་རྗེར་གྱུར་ཅིག །ཅེས་བརྗོད་པས་སྨིན་མཚམས་སུ་ཟླ་བའི་གདན་ལ་ༀ་དཀར་པོའི་འཕྲོ་འདུ་ལས་སྐུ་རྡོ་རྗེ་དཀར་པོ་ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པར་གྱུར། དཔལ་ལྡན་རྡོ་རྗེའི་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་བདག་བྱིན་གྱིས་བརླབས་ནས་ཀྱང་། །རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ། །ༀ་ན་མཿ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕུད་གཏོར་ཞིང་ལྷག་མ་མགྲིན་པར་བཞག་ལ་ཝཱ་ཀ་སིདྡྷི་ཨཱཿ སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གསུང་རྡོ་རྗེར་གྱུར་ཅིག །མགྲིན་པར་པདྨའི་གདན་ལ་ཨཱཿ དམར་པོའི་འཕྲོ་འདུ་ལས་གསུང་རྡོ་རྗེ་དམར་པོ་ཞལ་གཅིག་ཕྱག་གཉིས་པདྨ་དང་དྲིལ་བུ་འཛིན་པར་གྱུར། དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་བདག་བྱིན་གྱིས་བརླབས་ནས་ཀྱང་། །རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕུད་གཏོར་ཞིང་ལྷག་མ་སྙིང་ཁར་བཞག་ལ་ཙིཏྟ་སིདྡྷི་ཧཱུཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཐུགས་རྡོ་རྗེར་གྱུར་ཅིག །སྙིང་ཁར་ཉི་མའི་གདན་ལ་ཧཱུཾ་སྔོན་པོའི་འཕྲོ་འདུ་ལས་ཐུགས་རྡོ་རྗེ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། སྐུ་གསུང་ཐུགས་སྲ་ཞིང་མཁྲེགས་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག །བདུད་རྩིའི་ཟེགས་མ་ལས་ཁྲོ་བོ་སྤྲོས་ཏེ་བགེགས་བསྐྲད་པར་བསམ་ཞིང་། ༀ་བི་ཤུདྡྷེ་ཨ་མྲྀ་ཏེ་ཧཱུཾ་ཕཊ། དྷརྨ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཕོག་པ་ཙམ་གྱིས་བརྒྱལ་བར་གྱུར་ཅིག །རེག་པ་ཙམ་གྱིས་ཚིག་པར་གྱུར་ཅིག །རྟོགས་པ་རྣམས་ཀྱི་བདུད་རྩི་ཡིན། མ་རྟོགས་པ་རྣམས་ཀྱི་དུག་ཡིན་ནོ། །གསང་བ་བདུད་རྩིའི་མཚམས་ལས་མ་འདའ་བར་དེངས་ཤིག །གཏོར་མ་བྱིན་བརླབ་ནི། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་གིས་བསང་། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། སྣོད་བྷནྡྷའི་གཞལ་ཡས་ཁང་དུ་བསམ། ཧཱུཾ་ཧ་ཧེ་ཕཊ་བྷྱོ། ༀ་བ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བཱ་དྱ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཞེས་བདུན་ནམ་གསུམ་བརྗོད་པས་བཅུད་ལྷ་ཚོགས་རྣམས་དགྱེས་བཞད་ཚིམ་པར་ནུས་པའི་འདོད་ཡོན་གྱི་ཕུང་པོར་བསམ། རཀྟ་བྱིན་བརླབ་ནི། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་གིས་བསང་། རཾ་ཡཾ་ཁཾ་གོང་ལྟར། བྷྲཱུཾ་བྷནྡྷ། ཞེས་བརྗོད་པས་སྣོད་བྷནྡྷའི་གཞལ་ཡས་ཁང་། ༀ་ཨཱཿཧཱུཾ་རཀྟ་མཱུ་ཱུལ་རཀྟ་ཧཱུཾ་ཧྲཱིཿཋཱཿ ཞེས་བདུན་ནམ་གསུམ་བརྗོད་པས་རཀྟའི་རྒྱ་མཚོ་བདུད་རྩིའི་རང་བཞིན་དུ་བརླབ་བོ། །ཕྱི་མཆོད་རྣམས་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། བྷཱུཾ་ཞེས་སྣོད་རིན་པོ་ཆེར་བསམ། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། །ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། ༀ་ཨཱཿཧཱུཾ་ཞེས་བརྗོད་པས་ཉེར་སྤྱོད་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་བསམ་མོ། །དེ་ཡང་སྔ་འགྱུར་ལུགས་ལ་མཆོད་གཏོར་ཐམས་ཅད་སློབ་དཔོན་གྱི་མདུན་དུ་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་ལ་འགོད་པའི་ཕྱག་ལེན་ཡོད་པས། ཚིག་དང་བསྟུན་ནས་འགོད་དགོས་པ་ཡིན་ནའང་སྐབས་འདིར་ཕྱི་དཀྱིལ་མེད་པས་འགོད་མ་དགོས་ལ། བྱིན་རླབས་ཀྱི་རྒྱུན་མི་ཉམས་པའི་ཕྱིར་ཚིག་བཏོན་པ་ཁོ་ནས་ཁྱབ་པས། གཏོར་མ་ནི། ཧཱུཾ། གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས། །རཀྟ་དམར་གྱི་ཐིག་བཀྱེ་ཞིང་། །དཀྱིལ་འཁོར་ཟླ་གམ་དབྱིངས་དང་བསྟུན་ལགས་ཤིང་། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །འབུལ་ནི་ཡི་དམ་ལྷ་ལ་འབུལ། །མཆོད་ནི་གསང་བའི་དཀྱིལ་འཁོར་མཆོད། །བླ་མེད་དཔལ་ལ་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་བ་ལིནྟ་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། བདུད་རྩི་ནི། གཙང་ཞིང་གཙང་མར་སྦྱར་བ་ཕུད་ཀྱི་ཕུད། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོ་འདི། །མཐུ་དང་གཟི་བརྗིད་ཆེ་བས་འགྲོ་བ་འདུལ། །དུས་གསུམ་རྒྱལ་བའི་ཡུལ་མཆོག་མཱ་མ་ཀཱི། །སྐལ་མེད་རྣམས་ཀྱི་རྐྱེན་དང་མི་འཚམས་ཏེ། །སྐལ་ལྡན་ཐུགས་རྗེ་ཅན་གྱིས་བཞེས་སུ་གསོལ། །སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། རཀྟ་ནི། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་ལས། །རྟེན་འབྲེལ་བཅུ་གཉིས་མཱུ་ལ་རཀྟ་དང་། །དུག་གསུམ་བསྒྲལ་བ་བམ་གྱི་རཀྟ་དང་། ཁམས་གསུམ་བསྒྲལ་བ་རྩ་བའི་རཀྟ་དང་། །ཆགས་པ་འཁོར་བའི་གནས་ནས་དྲང་བའི་ཕྱིར། །བླ་མེད་དབལ་གྱི་མཆོད་པ་བཞེས་སུ་གསོལ། །མ་ཧཱ་རཀྟ་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ཐུན་མོང་གི་མཆོད་པ་བཀོད་པ་ནི། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། །ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ནཻ་ཝི་དྱ་ཧཱུཾ། གཱི་ཏི་ཧྲཱིཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། བཤགས་པ་ནི། བཛྲ་ས་མཱ་ཛཿ ཞེས་བཤགས་ཡུལ་སྤྱན་དྲངས། ༀ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཞེས་སོགས་བྱའོ། །དེ་ཡང་ཞི་ཐུང་གི་སྔོན་འགྲོ་ལ་ལར། ཡེ་ཤེས་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །ཞེས་སོགས་མང་དུ་འདུག་ཀྱང་། སེ་སྟོན་རིན་པོ་ཆེས། བཤགས་པ་ནི་བརྗོད་མེད་དོ། །ཞེས་གསུངས་པ་བཙན་པར་བྱས་སོ། །ཞི་ཐུང་གི་སྔོན་འགྲོར་དམ་བཅའ་བྱིན་འབེབས་སོགས་མི་འདུག་ཀྱང་། སྔ་འགྱུར་བཀའ་མ་སྤྱི་གཞུང་ལྟར་བྱས་ན་ལེགས་ཤིང་རྒྱས་བསྡུས་མང་ཡང་འདིར་བསྡུས་པ་ཙམ་གྱིས་ཁྱབ་པ་སྟེ། དམ་བཅའ་བ་ནི། སེ་སྟོན་རིན་པོ་ཆེས་བསྡུ་ན། ཀུན་ཏུ་བཟང་པོ་ཤློ་ཀ་གཅིག་གིས་ཀྱང་ཆོག །ཅེས་གསུངས་པའི་ཕྱིར། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །བྱིན་འབེབས་ནི། སེ་སྟོན་རིན་པོ་ཆེས་དཔལ་ཕྲེང་དམ་པ་ལས་བྱུང་བའི་བབ་དྲུག་འདས་བཞི་མཛོད་གཅིག་གིས་བྱ་ཞེས་གསུངས་པས། ༀ་ཧཱུཾ། ཨ་ལ་ལ་ཧོཿ བྷ་ག་ཝན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་བརླབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་ཚོགས་ཞིང་རྣམས་རང་ལ་བསྟིམ་མོ། །སྔོན་འགྲོའི་ཆོ་གའོ། །དངོས་གཞི་ཞི་ཐུང་གི་རྩ་བ་ཏིང་ངེ་འཛིན་གསུམ་ནས་མཆོད་པ་འབུལ་བ་ཡན་ཆད་ཡིན་ནའང་། རིག་འཛིན་གོང་མ་རྣམས་ཀྱིས་ཅུང་ཟད་ཕྱེ་བ་ལྟར་འདིར་སྒོམ་དོན་ཡང་མདོ་ཙམ་སྨོས་ཏེ་འཆད་པ་ལ། ཞི་བའི་དཀྱིལ་འཁོར་བདག་བསྐྱེད་ཀྱི་ཚུལ་དུ་བསྒོམ་ཞིང་འདི་སྐད་དོ། །ཧཱུཾ། མི་དམིགས་ཆོས་ཉིད་དེ་བཞིན་ཉིད། །རང་བཞིན་འོད་གསལ་ཀུན་ཏུ་སྣང་། །ཨ་ཉིད་རྒྱུ་ལས་དཀྱིལ་འཁོར་བྱུང་། །ཞེས་ཆོས་ཉིད་དེ་བཞིན་ཉིད་དང་། རང་བཞིན་འོད་གསལ་སྙིང་རྗེའི་རང་མདངས་ཅན་ཀུན་སྣང་དང་། རང་རིག་ཨཱཿདཀར་པོར་གསལ་བའི་རྒྱུའི་ཏིང་འཛིན་ཏེ་རྣམ་པ་གསུམ་བསྒོམ་མོ། །དེ་ལས་དབང་ཆེན་གཞལ་ཡས་ཁང་། །ཨེ་ཡཾ་བཾ་སུ་ལཾ་རཾ། ཨེ་ལས་ནམ་མཁའ་མཐའ་དབུས་མེད། །ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ། །བཾ་ལས་ཆུ་ཡི་རྦ་ཀློང་འཁྱིལ། །སུ་ལས་གསེར་གྱི་ས་གཞི་ཆགས། །ལཾ་ལས་རིན་ཆེན་རི་རབ་མཛེས། །རཾ་ལས་ཡེ་ཤེས་མེ་འོད་འབར། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུཾ། རཏྣ་པདྨ་མཎྜ་ལ། སཱུརྱ་ཙནྡྲ་མཎྜ་ལ། བྷྲཱུཾ་ལས་རིན་ཆེན་ཞལ་ཡས་ཁང་། །གླང་ཆེན་སེང་གེ་རྟ་རྨ་ཏེའུ། །ཉི་ཟླ་པདྨ་རིན་པོ་ཆེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་འབྱུང་རིམ་གཞལ་ཡས་ཁང་འཁོར་ལོ་གདན་ཁྲི་པདྨ་ཉི་ཟླའི་གདན་རྣམས་བསྐྱེད་དོ། །རྩ་བར། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་དབང་པོ་རབ་ཀྱིས་སྐད་ཅིག་ལ་མཁའ་མཉམ་དཀྱིལ་འཁོར་དུ་ལྷག་གིས་གསལ་འདེབས་པའི་དགོངས་པ་ཁྱད་པར་འཕགས་པ་ཡིན་ཀྱང་། དབང་རྟུལ་གྱིས་མི་གསལ་ཕྱིར་བླ་མ་གོང་མས་ལྷ་རྣམས་ཀྱི་བསྐྱེད་སྔགས་ཀྱིས་གསལ་འདེབས་ཤིང་དབང་བསྐུར་བྱིན་རླབས་རྣམས་བྱེད་པར་གསུངས་ལ། དེ་ཡང་ཞི་ཁྲོའི་མངོན་རྟོགས་ལ་འདྲིས་པས་སྔགས་ཙམ་གྱིས་གསལ་ཐེབས་མོད་ཀྱང་། དེ་ལྟར་མ་ཡིན་པས་སྒོམ་མི་ཤེས་པའི་སྐྱོན་བསལ་ཕྱིར་སྔགས་ཀྱི་བར་དུ་མངོན་རྟོགས་མདོ་ཙམ་བྲིས་ཡོད་པ་ལྟར་རྟོགས་པར་བྱ་ལ། དེ་ལ་ཞི་ཁྲོའི་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་ལས་འདིར་བསྡུས་པ་ཁོ་ནས་ཁྱབ་སྟེ། གཡུང་སྟོན་པས། སྒྱུ་འཕྲུལ་འབྲིང་པོའམ་བསྡུས་པ་ལྟར་ལྷ་རྣམས་ཞལ་གཅིག་ཕྱག་གཉིས་པར་གསུངས་པའི་ཕྱིར། ཧཱུཾ་བཛྲ་དྷྲྀཀ྄། མཱུཾ་དྷཱ་ཏྭེ་ཤྭ་རཱི། འཁོར་ལོའི་དབུས་ཀྱི་སེང་གེའི་ཁྲིའི་སྟེང་དུ་རང་རིག་ཡི་གེ་ཨཱཿ ཡོངས་སུ་གྱུར་པ་ལས་མི་བསྐྱོད་རྡོ་རྗེ་སེམས་དཔའ་མཐིང་ཁ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པ་ལ་ཡུམ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་དང་གཡོན་རྡོ་རྗེ་འཛིན་པས་འཁྲིལ་བའོ། །ༀ་ཛི་ན་ཛིཀ྄། ལཱཾ་དྭེ་ཥ་ར་ཏི། ཤར་གྱི་རྩིབས་ལ་གླང་པོ་ཆེའི་ཁྲིར་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་གཡོན་དྲིལ་བུ་འཛིན་པ་ཡུམ་སྤྱན་མ་དཀར་མོ་དྲིལ་བུ་འཁོར་ལོ་འཛིན་པས་འཁྱུད་པའོ། །སྭཱ་རཏྣ་དྷྲྀཀ྄། མཱཾ་མོ་ཧ་ར་ཏིལྷོའི་རྩིབས་ལ་རྟའི་ཁྲིར་རིན་འབྱུང་ཡབ་ཡུམ་གཉིས་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའོ། །ཨཱཾཿཨ་རོ་ལིཀ྄། པྱཱཾ་རཱ་ག་ར་ཏི། ནུབ་ཀྱི་རྩིབས་ལ་རྨ་བྱའི་ཁྲིར་སྣང་མཐའ་ཡབ་ཡུམ་གཉིས་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའོ། །ཧཱ་པྲ ཛྙཱ་དྷྲྀཀ྄། ཏཱཾ་བཛྲ་ར་ཏི། བྱང་གི་རྩིབས་ལ་ཤང་ཤང་ཏེ་འུའི་ཁྲིར་དོན་གྲུབ་ཡབ་ཡུམ་གཉིས་ཀ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པའོ། །ཀྵིཧི་རཱ་ཛ་ཡ། ཧཱུཾ་ལཱ་ཱསྱ་ས་མ་ཡ་སྟྭཾ། ཤར་ལྷོའི་རྩིབས་མཆན་ལ་ས་སྙིང་དཀར་པོ་རིན་པོ་ཆེའི་མྱུ་གུ་དང་དྲིལ་བུ་འཛིན་པ་དང་ཡུམ་སྒེག་མོ་དཀར་མོ་མེ་ལོང་འཛིན་པའོ། །ཏྲཾ་ཨ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ལྷོ་ནུབ་ཀྱི་རྩིབས་མཆན་ལ་ནམ་མཁའི་སྙིང་པོ་སེར་པོ་རལ་གྲི་དང་དྲིལ་བུ་འཛིན་པ་དང་ཡུམ་ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པའོ། །ཧྲཱིཿཧ་ཧཱུཾ་པདྨ་པ་ད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ། ནུབ་བྱང་གི་རྩིབས་མཆན་ལ་སྤྱན་རས་གཟིགས་དམར་པོ་པད་དཀར་དང་དྲིལ་བུ་འཛིན་པ་དང་ཡུམ་གླུ་མ་དམར་མོ་པི་ཝང་འཛིན་པའོ། །ཛྲཱིཾ་ཀུ་རུ་པནྣ་ཧྲཱིཿ ཨ་ནཱིརྟྱ་རཱ་ག་ཡ་མི། བྱང་ཤར་གྱི་རྩིབས་མཆན་ལ་ཕྱག་ན་རྡོ་རྗེ་ལྗང་གུ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང་ཡུམ་གར་མ་ལྗང་གུ་གར་གྱི་ཕུ་རུང་འཛིན་པའོ། །མཻ་དྷཱ་ར་ཎི་སྭཱ་ཧཱ། ཛཿ དྷཱུ་པེ་པྲ་བེ་ཤ །ཤར་ལྷོའི་གྲུ་ཆད་ལ་བྱམས་པ་དཀར་སེར་ཀླུ་ཤིང་དང་དྲིལ་བུ་འཛིན་པ་དང་ཡུམ་སྤོས་མ་དཀར་སེར་སྤོས་ཁང་འཛིན་པའོ། །ཐླྷིཾ་ནིསྶ་རཾ་པཱ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ལྷོ་ནུབ་ཀྱི་གྲུ་ཆད་ལ་སྒྲིབ་སེལ་དམར་སེར་ཆོས་ཀྱི་འཁོར་ལོ་དང་དྲིལ་བུ་འཛིན་པ་དང་ཡུམ་མེ་ཏོག་མ་དམར་སེར་མེ་ཏོག་འཛིན་པའོ། །ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཁི་ནཱི། ནུབ་བྱང་གི་གྲུ་ཆད་ལ་ཀུན་བཟང་དམར་ལྗང་རིན་པོ་ཆེའི་མྱུ་གུ་དང་དྲིལ་བུ་འཛིན་པ་དང་ཡུམ་མར་མེ་མ་དམར་ལྗང་མར་མེ་འཛིན་པའོ། །མཱུཾ་ཤྲཱི་ཨ་རཱཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱང་ཤར་གྱི་གྲུ་ཆད་ལ་འཇམ་དཔལ་དཀར་ལྗང་ཨུཏྤལ་དང་དྲིལ་བུ་འཛིན་པ་དང་ཡུམ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཆོས་འཛིན་པའོ། །ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཙིཏྟ་ༀ། ཨ་ཨ་ཨ། བཛྲཱི་བྷ་དྲཱ་ས་མནྟ་ཨ། ཀུན་བཟང་ཡབ་ཡུམ་གཉིས་ཀྱི་བཞུགས་གནས་གཙོ་བོའི་ཐུགས་ཀ་དང་མདུན་རྒྱབ་ཁྱམས་ཀྱི་ཤར་ནུབ་སོགས་ལུགས་གསུམ་ཡོད་ཀྱང་འདིར་གཡུང་སྟོན་སོགས་ཀྱི་རྗེས་སུ་འབྲངས་ཏེ། ཁྱམས་ཀྱི་ཤར་དུ་བྱེད་པ་པོ་ཀུན་ཏུ་བཟང་པོ་མཐིང་ཁ་མཉམ་གཞག་གི་ཕྱག་རྒྱ་ཅན་དང་ནུབ་ཏུ་བྱ་བ་མོ་ཀུན་ཏུ་བཟང་མོ་མཐིང་ཁ་ཐལ་མོ་ཐུགས་ཀར་སྦྱར་ཏེ་བཞུགས་པའོ། །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། སྣམ་བུའི་ཤར་ལྷོའི་ལྷའི་ཐུབ་པ་དཀར་པོ་པི་ཝང་བསྣམས་ཏེ་བཞེངས་པའོ། །ༀ་མུ་ནེ་ཧཱུཾ་྄ཏྲུཾ་སྭཱ་ཧཱ། སྣམ་བུའི་བྱང་དུ་ལྷ་མིན་ཐུབ་པ་མཐིང་ཁ་གོ་མཚོན་བསྣམས་ཏེ་བཞེངས་པའོ། །ༀ་མུ་ནེ་སྲུཾ་སྭཱ་ཧཱ། སྣམ་པུའི་ལྷོར་མིའི་ཐུབ་པ་སེར་པོ་གསེག་པར་བསྣམས་ཏེ་བཞེངས་པའོ། །ༀ་མུ་ནེ་བྲཾ་སྭཱ་ཧཱ། སྣམ་བུའི་ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་དམར་ནག་གླེགས་བམ་བསྣམས་ཏེ་བཞེངས་པའོ། །ༀ་མུ་ནེ་ཀྵཱཾ་སྭཱ་ཧཱ། སྣམ་བུའི་ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་བསྣམས་ཏེ་བཞེངས་པའོ། །ༀ་མུ་ནེ་ཡེ་སྭཱ་ཧཱ། སྣམ་བུའི་བྱང་ཤར་དུ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་བསྣམས་ཏེ་བཞེངས་པའོ། །ཧཱུཾ་ཡ་མཱ་ནྟ་ཀྲྀ་ཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཤར་སྒོར་གཤིན་རྗེ་མཐར་བྱེད་སྨུག་ནག་མི་མགོ་འཛིན་པ་དང་ཡུམ་ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པའོ། །ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཱཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ལྷོ་སྒོར་ཤེས་རབ་མཐར་བྱེད་སྟོབས་ཆེན་སེར་ནག་ཐོད་པ་རྡོ་རྗེས་གནོན་ཐབས་སུ་འཛིན་པ་དང་ཡུམ་ཞགས་པ་མ་སེར་ནག་ཞགས་པ་འཛིན་པའོ། །ཧཱུཾ་པདྨཱནྟ་ཀྲྀ་ཏ་ཕཊ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ནུབ་སྒོར་པདྨ་མཐར་བྱེད་རྟ་མགྲིན་དམར་ནག་ཐོད་པ་སྦྲུལ་དཀྲིས་ཅན་འཛིན་པ་དང་ཡུམ་ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པའོ། །ཧཱུཾ་བིགྷྣཱནྟ་ཀྲྀ་ཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཱཀྲོ་དྷི་ཤྭ་རཱི་ཛཱ་ལ་ནཱི་ཧཱུཾ་ཕཊ། བྱང་སྒོར་བགེགས་མཐར་བྱེད་འཁྱིལ་བ་ལྗང་ནག་རྒྱ་གྲམ་གནོན་ཐབས་སུ་འཛིན་པ་དང་ཡུམ་དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པའོ། །དབང་བསྐུར་བ་ནི། སེ་སྟོན་རིན་པོ་ཆེའི་བཞེད་པ་ལྟར། ལྷ་རྣམས་རང་རང་གི་ཐུགས་སྲོག་ལས་འོད་འཕྲོས་ཏེ་དབང་ལྷ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾཿ ཞེས་གསོལ་བ་བཏབ་པས་ནམ་མཁའི་རིགས་ལྔས་དབང་བསྐུར་བར་མོས་ཏེ། རྡོ་རྗེ་ཕྱི་བསྡམས་ལས་གུས་མོ་གཉིས་བརྐྱང་བ་སྤྱི་བོར་བཞག་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅་ཧཾ། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བརྐྱང་བ་དཔྲལ་བར་བཞག་ལ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྲིན་ལག་གཉིས་བརྐྱང་པ་རྣ་ལྟག་གཡས་སུ་བཞག་ལ། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། མཐེ་བོང་གཉིས་བརྐྱང་བ་ལྟག་པར་བཞག་ལ། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅་ཧཾ། མཐེའུ་ཆུང་གཉིས་བརྐྱང་བ་རྣ་ལྟག་གཡོན་དུ་བཞག་ལ། ༀ་མ་ཧཱ་ཀྲྀཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དང་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་དང་ཀུན་བཟང་ཡབ་ཡུམ་གཉིས་ཐུབ་པ་དྲུག་ལ་མི་བསྐྱོད་པ་གཙོ་བོར་བཞུགས་པའི་རིགས་ལྔ། ཤར་དང་ཤར་ལྷོ་བ་རྣམས་ལ་རྣམ་སྣང་གིས་གཙོ་མཛད་པའི་རིགས་ལྔ། ལྷོ་དང་ལྷོ་ནུབ་པ་རྣམས་ལ་རིན་འབྱུང་གིས་གཙོ་མཛད་པའི་རིགས་ལྔ། ནུབ་དང་ནུབ་བྱང་བ་རྣམས་ལ་སྣང་མཐས་གཙོ་མཛད་པའི་རིགས་ལྔ། བྱང་དང་བྱང་ཤར་བ་རྣམས་ལ་དོན་གྲུབ་ཀྱིས་གཙོ་མཛད་པའི་རིགས་ལྔས་དབུ་བརྒྱན། འདི་ནི་གཡུང་སྟོན་རྡོ་རྗེ་དཔལ་བ་དང་སེ་སྟོན་རིན་པོ་ཆེའི་དགོངས་པ་ཐུན་མོང་མ་ཡིན་པའོ། །ཡང་ལྷ་ཐམས་ཅད་ཀྱི་དཔྲལ་བར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་ཤིང་འདུས་པས་སྐུ་གསུང་ཐུགས་ཀྱི་ལྷར་གྱུར། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྒྱུ་འཕྲུལ་ཆེན་མོར་སྙན་གསན་སྤྱན་འདྲེན་ཕྱག་རྒྱ་བཞི་སོགས་རིམ་པར་བཤད་ཀྱང་། འདིར་ཕྱག་རྒྱ་བཞིར་དོན་གྱི་ཚང་བས་དེ་ལ་ཡང་ཐོག་མར་འོག་མིན་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའི་ཁམས་གང་བར་བྱོན་པར་བསམ་ཞིང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ལ། ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ལྕགས་ཀྱུའི་ཕྱག་རྒྱས་ནམ་མཁར་དགུག །ཞགས་པས་དམ་ཚིག་པ་ལ་གཞུག །ལྕགས་སྒྲོག་གིས་གཉིས་མེད་དུ་བཅིངས། དྲིལ་བུས་དགྱེས་པ་བསྐྱེད་པར་བསམ་ལ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ཛཿཧཱུཾ་བཾ་ཧོཿ ཕྱག་འཚལ་བ་ནི། ཧཱུཾ། དབྱིངས་ཀྱི་རང་བཞིན་རྣམ་དག་ལས། །ཐུགས་རྗེའི་དབང་གིས་སྐུར་བཞེངས་པའི། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དག །རང་སྣང་ལྷ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོཿ བཞུགས་གསོལ་ནི། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མི་དམིགས་དོན་དུ་དངོས་གྲུབ་མཆོག་གི་རྣམས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཏིཥྛ་བཛྲ། མཆོད་པའི་དང་པོ་ཕྱག་རྒྱ་གར་མཆོད་ནི། སྐུ་མདོག་ཞལ་ཕྱག་ཅིར་ཡང་བསྒྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བའི། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །མཆོད་བཞེས་དབང་དང་དངོས་གྲུབ་སྩོལ། །བཞི་བསྣོལ་གྱི་མཆོད་པ་ནི། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། ཏི་པུ་པ་ར་མུཿ སརྦ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་སྭཱ་ཧཱ། སྒྱུ་འཕྲུལ་ཆེན་མོར་བཞི་བསྣོལ་གྱི་སྔོན་དུ་པ་ན་པེཾ་སོགས་འགྲོ་དགོས་ཀྱང་འདིར་བསྡུས་པའི་དབང་གི་གཅིག་གིས་ཆོག །ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་ནཻ་ཝིདྱ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་ཤཔྡ་སྭཱ་ཧཱ། སྒྱུ་འཕྲུལ་རང་ལུགས་ལ་བཞི་བསྣོལ་ཞེས་སྤོས་མེ་ཏོག་མར་མེ་དྲི་ཆབ་བཞིར་བཤད་ཀྱང་ཞལ་ཟས་དང་རོལ་མོ་གསར་རྙིང་ཀུན་གྱི་མཆོད་པའི་ཡན་ལག་ཏུ་གསུངས་པ་དང་། རྩ་རྒྱུད་གསང་སྙིང་ལས། བཟའ་དང་བཏུང་བའི་མཆོག་རྣམས་དང་། །ཞེས་དང་། གླུ་ཚིག་བྲོ་གར་རོལ་མོ་ཡིས། །ཞེས་གསུངས་པས་འགལ་བ་མེད་པར་སེམས། འོན་ཀྱང་སྒྱུ་འཕྲུལ་ཁོ་ན་གཙང་བར་བྱེད་ན་བྱིན་རླབས་དང་འབུལ་དུས་གཉིས་ཀར་དྲི་ཆབ་ཡན་བྱའོ། །བདུད་རྩི་སྨན་མཆོད་ནི། རང་བྱུང་གདོད་ནས་རྣམ་དག་པའི། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །དུག་ལྔ་སེལ་བའི་བདུད་རྩི་འདི། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཐུབ་དྲུག་དང་། །ཀུན་བཟང་ཡབ་ཡུམ་འཁོར་བཅས་ལ། །བླ་མེད་བདུད་རྩིའི་མཆོད་པ་འབུལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཧཱུཾ་བཛྲ་དྷྲྀཀ྄། མཱུཾ་དྷཱ་ཏྭེ་ཤྭ་རི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་གཙོ་བོ་ནས་སྒོ་སྐྱོང་བར་གྱི་ལྷ་ཚོགས་ཐམས་ཅད་ལ་རྩ་སྔགས་ཀྱི་མཐར་བདུད་རྩིའི་འབུལ་སྔགས་བཏགས་པས་དབུལ་ལོ། །བདུད་རྩི་ལ་བརྟེན་ནས་བཤགས་པ་ནི། ལྟ་བ་འཕངས་དམས་ཆོས་ཉིད་དོན་མ་རྟོགས། །སྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་གསལ། །འབད་རྩོལ་ཆུང་བས་སློབ་དཔོན་སྐུ་མ་མཉེས། །བརྩེ་གདུང་ཆུང་བས་མཆེད་ལྕམ་དམ་ལས་འགལ། །ཡེ་ཤེས་ལྷ་ཡི་སྤྱན་སྔར་མཐོལ་ལོ་བཤགས། །མཐོལ་བཤགས་འབུལ་ལོ་ཚངས་པར་སྩལ་དུ་གསོལ། །རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆག་འགལ་འཁྲུལ་གྱུར་པ་ཅི་མཆིས་པ་ཐམས་ཅད་བདུད་རྩི་སྨན་གྱི་སྒོ་ནས་མཐོལ་ལོ་བཤགས་སོ། །བདུད་རྩིའི་དངོས་གྲུབ་བླང་བ་ནི། རྒྱལ་བ་སྲས་བཅས་ཐུགས་ཀྱི་དཔའ་བེའུ་ནས། །དངོས་གྲུབ་སྩལ་དང་སྩོལ་བ་མི་དམིགས་ཀྱང་། །སྔོན་གྱི་ཐུགས་དམ་དབང་གིས་དངོས་གྲུབ་སྩོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བདུད་རྩི་མཐེབ་སྲིན་གྱིས་གནས་གསུམ་དུ་རེག་ལ། ཀཱ་ཡ་སིངྔྷི་ཨོཾ། ཝཱ་ཀ་སིངྔྷི་ཨཱ། ཙིཏྟ་སིངྔྷི་ཧཱུཾ། གཏོར་མ་དང་སྦྱོར་སྒྲོལ་ཡིད་མཆོད་སོགས་བསྡུས་ཏེ་འབུལ་བ་ནི། ཚོགས་དང་གཏོར་མ་པཉྩ་ཨ་མྲྀ་ཏ། །ཏ་ན་ག་ན་ལ་སོགས་ཅི་འབྱོར་བ། །ཏིང་འཛིན་ཡིད་ཀྱིས་དམིགས་པའི་མཆོད་པ་འདི། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་བཞེས་སུ་གསོལ། །ༀ་བཛྲ་བ་ལིནྟ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞི་ཐུང་གི་རྩ་བ་འདི་ཡན་ཆོད་ཡིན་ནའང་བསྟོད་པ་མཆོད་པའི་ཡན་ལག་ཏུ་སྒྱུ་འཕྲུལ་བ་རྣམས་མཛད་ཕྱིར་བསྟོད་པ་ཞིག་ངེས་པར་དགོས་ལ། དེ་ཡང་ཞི་ཐུང་ལ་ལར། རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས། །ཞེས་སོགས་རྒྱས་པར་འདུག་མོད། འདིར་རྒྱུད་ལས་བྱུང་བ་དང་གླུ་ཡེ་ཤེས་ཀྱི་མཆོད་པ་དང་བསྟོད་པ་གཉིས་གོ་ཆོད་པའི་ཕྱག་ལེན་གདའ་བས་བསྟོད་པའི་མཆོད་པ་ནི། རྒྱུད་གསང་སྙིང་ལས། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཧོཿ ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ། །ཧོཿ ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཧོཿ ༀ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོཿ ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ འཛབ་བྱ་བ་ནི། སྒོས་འཛབ་བྱེད་ན། མདོ་སྒྱུ་གཉིས་ཀའི་ལུགས་ལ་འཛབ་ཁང་ཕྱེ་ནས་བྱེད་པའི་ཕྱག་བཞེས་ཡོད་ཀྱང་། འདིར་སྤྱི་འཛབ་ཀྱིས་འཐུས་པས་ཏིང་ངེ་འཛིན་ནི། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་སྲོག་ལ་རང་སྔགས་ཀྱིས་བསྐོར་བར་བསམ་པའམ་བསྡུ་ན་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་སྲོག་ལ་བོ་དྷིའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་པས་ཉམས་ཆག་བསྐང་ཞིང་དངོས་གྲུབ་ཐོབ་པར་བསམ་ལ། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་ཅི་རིགས་བཟླ། མཐར་རྒྱལ་བ་ཞི་ཁྲོ་རབ་འབྱམས་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་དང་། ཁྱད་པར་སའི་དངོས་གྲུབ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ་བ་གདབ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ཉམས་ཆག་བསྐང་ཞིང་བཟོད་པར་གསོལ། དཀྱིལ་འཁོར་བསྡུ་བ་ནི། སེ་སྟོན་རིན་པོ་ཆེའི་དགོངས་པ་ལྟར། རྩ་བའི་དཀྱིལ་འཁོར་མི་དམིགས་པའི་ངང་དུ་བསྡུས་ཏེ། སྟོང་པ འི་ངང་ལས་ཐུན་མཚམས་ཀྱི་ལྷ་རྡོ་རྗེེ་སེམས་དཔར་ལམ་གྱིས་བལྟ། སྤྱི་བོར་ཟླ་བ་ལ་གནས་པའི་ཧཾ། དེ་ལས་འཕྲོ་འདུས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་བསམ་ལ། ཨ་ཙནྡྲ་མཎྜ་ལ། ཧཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། རྡོ་རྗེ་ཕྱི་སྔགས་ཀྱི་སོར་མོ་བསྣོལ། མཐེ་བོང་གཉིས་གཤིབས་ཏེ་སྒྲེང་། མཐིལ་གཉིས་ཕྱེ་བ་རྡོ་རྗེ་གོ་ཆའི་ཕྱག་རྒྱ་དཔྲལ་བར་གཏུགས་ལ། བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ། གནས་དྲུག་བསྲུང་བའི་དམིགས་པ་ནི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་མི་འཆི་ཐལ་སྦྱོར་གཉིས་ཀྱིས་གསང་གནས་སུ་བཞེངས། ལྟེ་བ་དང་བཅུ་དྲུག་མདོར་བཅིངས། སྙིང་ག་དང་ཚིག་པ་བདུན་པར་བཅིངས། མགྲིན་པར་བཞེངས། དཔྲལ་བ་དང་ལྟག་ཁུང་དུ་འཆིང་བའི་ཚུལ། སྤྱི་བོར་བཞེངས་པའི་ཚུལ་གྱིས་བསྲུང་བར་བསམ་ལ། ལས་གཉིས་སོ་སོར་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་གནས་སོ་སོར་བསྣོལ་བ་རྡོ་རྗེ་བསྲུང་བའི་རྒྱ་དང་ༀ་ཏྲུཾ་ལན་དྲུག་གིས་སྲུང་། དར་དཀར་པོས་གནས་དགུར་མདུད་པར་བསམ་ལ་ལག་གཉིས་སྤྱི་བོར་རྩེ་སྤྲད་པ་བཤམ་བརྡབ་སྟེ་བཛྲ་ཏུ་ཥྱ་ཧོཿ རཏྣ་མུ་ཀུ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། ཨཱརྻ་ལཾ་བོ་དྷ་ར་བཛྲ་དྲྀ་ཤྱ་ཧོཿ ཞི་ཐུང་ཁྲོ་ཐུང་གི་དཔེ་དཀོན་ཞིང་གང་ཡོད་རྣམས་ཀྱང་བཅོས་མང་བ་དང་། ཁྱད་པར་སྟོད་ཕྱོགས་ཀྱི་དཔེ་རྒྱུན་ལ་ས་ལུགས་དང་བོ་ལུགས་ཀྱི་ལྷད་མང་བར་ཞུགས་པའི་མ་དག་པའི་དྲི་མ་ཐམས་ཅང་བྱང་བར་བྱས་ཤིང་། སྔགས་ཚིག་ཕྲ་མོ་ཚུན་ཡང་རྒྱུད་འགྲེལ་རྒྱ་གཞུང་སོགས་རིག་འཛིན་གོང་མ་རྣམས་ཀྱི་གསུང་ལས་ལེགས་པར་དཔྱད་དེ་དག་པར་བཅོས་ཤིང་། སྒོམ་དོན་དང་ཕྱག་རྒྱ་རྣམས་ཀྱང་ཞིབ་པར་བྲིས་ཡོད་པས་ཡིད་བརྟན་དུ་རུང་བར་བྱའོ། །རྩ་བར། དེ་ནས་ས་གཞི་ཡེ་ནས་སངས་རྒྱས་སྤྱན་གྱི་རང་བཞིན་ཡིན་པ་ལ་ཡིན་པར་ངོ་ཤེས་པས་དེ་ལྟར་གྱུར་པར་བསྒོམ་ལ། མ་སཱུ རྻ་མཎྜ་ལ་ཞེས་བརྗོད་པས་གསེར་གྱི་ས་ག ཞིར་བསམ་མོ། །དེ་དག་ནི་དེ་བཞིན་གཤེགས་པ་ལས་བླང་བའི་རིམ་པའོ། །དང་པོའི་གཉིས་པ་སའི་ལྷ་མོ་ལ་བླང་བ་ནི། རྡོ་རྗེ་ལས་རིམ་ལས། རང་ཉིད་མི་འཆིའི་ཏིང་འཛིན་གྱིས། །མཆོད་པ་ཏིང་འཛིན་ཡེ་ཤེས་བརླབ། །ཅེས་དང་། རྩ་བར། རང་བདུད་རྩི་འཁྱིལ་བར་བསྐྱེེད་དེ་མཆོད་གཏོར་བྱིན་གྱིས་བརླབ་པར་གསུངས་པས་དེའི་ཚུལ་ནི། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་བརྗོད་པས་སྐད་ཅིག་དྲན་རྫོགས་སུ་རང་ཉིད་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་སྣ་ཚོགས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ་ཁྲོ་བོའི་རྒྱན་དང་ལྡན་པ་ལ། ཡུམ་རླུང་འབྱིན་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་ཡབ་ལ་འཁྱུད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་དང་འཁྲིལ་བའི་རྣམ་པར་གྱུར། མཆོད་གཏོར་གསེར་སྐྱེམས་བྱིན་གྱིས་བརླབ་པ་ནི། ཧཱུཾ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས། །ཡིད་བཞིན་སྤྲིན་ཕུལ་མཁའ་ལ་ཆར་འབེབས་བས། །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག །ༀ་ཤུདྡྷེ་ཤུདྡྷེ་ཤོ་དྷ་ན་ཡེ་སཱ་ཧཱ། ལན་གསུམ་དང་། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ༀ་བཛྲ་པཱ་དྱཾ་ཨཱཿཧཱུཾ། ༀ་བཛྲ་པཱུ ཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུཾ། ༀ་བཛྲ་ནཻ་ཝཱི་དྱ་ཨཱཿཧཱུཾ། ༀ་བཛྲ་ཤཔྡ་ཨཱཿཧཱུཾ། ཞེས་སོ་སོའི་ཕྱག་རྒྱ་དང་རོལ་མོ་དཀྲོལ་ཞིང་བྱིན་གྱིས་བརླབ་བོ། །གཏོར་མ་ནི། བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཨཱཿཧཱུཾ་ལས་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་འདོད་པའི་ཡོན་ཏན་མ་ཚང་བ་མེད་པར་གྱུར། ༀ་བིགྷྣནྟ་ཀྲྀཏ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། བདུད་རྩི་ཐལ་སྦྱོར་གྱི་ཕྱག་རྒྱར་བཅས་ཏེ་ལན་གསུམ་གྱིས་བྱིན་གྱིས་བརླབ། གསེར་སྐྱེམས་བརྟག་པ་གསུམ་གྱིས་བརླབ་པ་ནི། གཞུང་ལས་དངོས་སུ་གསལ་བར་མ་བྱུང་ཞིང་བླ་མ་དག་ལ་དྲིས་ཤིང་རྩད་པས་ཀྱང་རཾ་ཡཾ་ཁཾ་ཡིན་པར་གླེང་ཡང་། ཕྱིས་བཀའ་མའི་ཆ་གསུམ་དཔལ་སྡོམ་མའི་ཡིག་རྙིང་ཞིག་རྙེད་པ་ལས་གཏོར་མ་བརྟག་པ་བཞིས་བྱིན་གྱིས་བརླབ་པར་བཤད་པའི་བརྟག་པ་བཞི་ནི་སྦྱང་སྤེལ་བསྒྱུར་ཐོབ་བཞིར་བཤད་པས་དེས་ན། བརྟག་པ་གསུམ་སྦྱང་སྤེལ་བསྒྱུར་གསུམ་ལ་ཐེ་ཚོམ་མ་དགོས་ཕྱིར། ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་དང་། སྭ་བྷཱ་ཝའི་སྔགས་ལན་གསུམ་གྱིས་སྦྱང་། བྷཱུཾ་ལས་རིན་པོ་ཆེའི་སྣོད་དུ་གསེར་སྐྱེམས་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་དང་ལྡན་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། བྷྱོ་བི་ཤྭའི་སྔགས་ལན་གསུམ་གྱིས་སྤེལ། བདུད་རྩི་ཐལ་སྦྱོར་གྱི་ཕྱག་རྒྱ་དང་། བཛྲ་ཨ་མྲྀ་ཏའི་སྔགས་ལན་གསུམ་གྱིས་བདུད་རྩིར་བསྒྱུར་ཞིང་བྱིན་གྱིས་བརླབ་བོ། །ས་ལྷ་དངོས་ནི་རྩ་བར། དཀྱིལ་འཁོར་དུ་ལཾ་སེར་པོ་བསམ་སྟེ། ༀ་ལཾ་རཏྣ་པཱ་ཤྱཾ་སིདྡྷི་ཀུ་རུ་ཧཱུཾ། ས་མ་ཡ་སྟྭཾ། ཞེས་པས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་ས་གནོན། གཡོན་རིན་པོ་ཆེའི་བུམ་པ་བསྣམས་པ་ཕག་གི་ཁྲི་ལ་བཞུགས་པ་འོད་ལྔ་དང་ལྡན་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་ལ། ཞེས་གསུངས་པའི་དོན་ཇི་ལྟར་བྱ་བ་ལ། མཎྜལ་སྟེང་གི་ཚོམ་བུ་ལ་དམིགས་ཏེ། ༀ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུཾ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ༀ་ལཾ་རཏྣ་པཱ་ཤྱཾ་སིདྡྷི་ཀུ་རུ་ཧཱུཾ། ས་མ་ཡ་སྟྭཾ། ཞེས་བརྗོད་པས་ཚོམ་བུ་ལཾ་སེར་པོ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་ཕྱག་གཡས་རིན་པོ་ཆེའི་གཏེར་བུམ་ཐུགས་ཀར་བསྣམས་ཤིང་། ཕྱག་གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་སྟོན་པར་མཛད་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། འཇའ་ཚོན་སྣ་ལྔའི་འོད་དང་ལྡན་པ་ཕག་གི་ཁྲི་ལ་བཞུགས་པར་གྱུར། ལྷ་མོའི་ཕྱག་མཚན་ཟུར་ལུགས་གླན་ལུགས་སོགས་ལ་གཡས་ས་གནོན་དང་གཡོན་བུམ་པ་བསྣམས་པ་མཛད་ཀྱང་། ལས་རིམ་ལས། ས་གཞི་ལཾ་ལས་གསེར་མདོག་ཅན། །བུམ་པ་རིན་ཆེན་གང་བ་དང་། །ཕྱག་རྒྱ་སྟོན་པ་མཆོག་སྦྱིན་ཡིན། །ཞེས་པའི་གཞུང་དོན་ལྟར་གཡུང་དང་ཀཿཐོག་རྡོར་བཟང་སོགས་ཀྱི་ཡང་དེ་བཞིན་མཛད་པ་ལེགས་པར་མཐོང་། རྩ་བར། སྐུ་གསུང་ཐུགས་བྱིན་གྱིས་བརླབ་ལ་ཞེས་པ་ཙམ་ལས་མི་འབྱུང་ཡང་། གླན་སྟོན་བསོད་ནམས་མགོན་པོ་དང་གཡུང་སྟོན་གྱིས་རྣམ་སྣང་གིས་གཙོ་བྱས་པའི་རིགས་ལྔས་དབུ་བརྒྱན་ཅིང་། སྐུ་གསུང་ཐུགས་བརླབ་པར་གསུངས་ཤིང་། ལས་རིམ་ལས། ལྷ་མོ་སྤྱན་གྱི་རང་བཞིན་ཏེ། །སྐུ་གསུང་ཐུགས་ཀྱིས་བརྟན་པར་བྱ། །རང་སྙིང་སྣང་མཛད་ཕྱག་རྒྱས་གདབ། །ཅེས་གསུངས་པས། མི་བསྐྱོད་པ་སྟོང་ཉིད་ཡེ་ཤེས་དང་། རྣམ་སྣང་མེ་ལོང་ཡེ་ཤེས་ཀྱི་ངོ་བོར་མཛད་པ་སྒྱུ་འཕྲུལ་བའི་ལུགས་ཡིན་པས། འདིར་རིགས་ཀྱི་དབང་གིས་རྣམ་སྣང་དབུས་སུ་བཏོན་ཏེ་རྡོར་བསྡམས་མཛུབ་མོ་བརྐྱང་བ་སྤྱི་བོར་བཞག་པའི་ཚུལ་བྱ་ཞིང་། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གུང་མོ་བརྐྱང་བ་དཔྲལ་བར། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན༴ སྲིན་ལག་བརྐྱང་བ་རྣ་གཡས་སུ། ༀ་མ་ཧཱ་ས་མ་ཏཱ༴ མཐེ་བོང་བརྐྱང་བ་ལྟག་པར། ༀ་མ་ཧཱ་པྲ་ཏྱ་བེ ཀྵ༴ མཐེའུ་ཆུང་བརྐྱང་བ་རྣ་གཡོན་དུ། ༀ་མ་ཧཱ་ཀྲྀ ཏྱཱ་ནུ་ཥྛ༴ ཞེས་དབང་བསྐུར། རྡོ་རྗེ་ཕྱག་རྒྱ་གནས་གསུམ་དུ་གཏུག་ཚུལ་བྱ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ༴ ཞེས་གནས་གསུམ་བྱིན་གྱིས་བརླབ་བོ། །བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ཏེ་སྙན་གསན་དབབ་ལ་སྤྱན་དྲངས་བ་ནི། རྡོ་རྗེ་དྲིལ་བུ་ཐོགས་ཏེ། དོན་དམ་གསེར་གྱི་ས་ལ་མངའ་མཛད་མ། །ཡིད་དུ་འོང་བའི་ཕོ་བྲང་དབུས་ན་བཞུགས། །ཉི་ཟླ་སྐར་མ་དག་གིས་རབ་བརྒྱན་ཏེ། །བྱམས་ཐུགས་བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །རྩ་བར། ཨེ་ཧྱེ་ཧིས་སྤྱན་དྲངས་ཞེས་པ་ནི། གཡུང་གིས། ༀ་ཨེ་ཧྱེ་ཧི་བྷ་སུ་དྷ་རི་མ་ཧཱ་ཀཱ་རུ་ཎཱི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་གྱིས་མཐེའུ་ཆུང་སྤྲེལ་བ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སྤྱན་དྲངས། ཕྱག་རྒྱ་བཞི་བཅའ་ཞིང་ཛཿཧཱུཾ་བཾ་ཧོཿའི་སྔགས་རྒྱས་བསྟིམ། ཏིཥྛ་བཛྲ་གྱིས་བརྟན་པར་བྱ། ཀུན་བཟང་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞབས་བསིལ་ནི་ཨརྒྷའི་ཕྱག་རྒྱས། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུ དྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་དང་བཅས། ༀ་པ་ན་པེཾ། པུ་ནུ་སུ་ར་ཏོ། །ཏི་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིད་དྷ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིད་དྷ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ༀ་པ་ན་པེཾ་སོགས་ནས། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ༀ་པ་ན་པེཾ་སོགས་ནས། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ༀ་པ་ན་པེཾ་སོགས་ནས། ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། དེ་ཡང་ལས་རིམ་ལས། མཆོད་པ་བདུད་རྩི་གླུ་གར་གྱིས། །རྒྱས་མཆོད་འདོད་དོན་གསོལ་བ་ནི། །ཞེས་གསུངས་པས། བསྟོད་ཅིང་འདོད་དོན་དཔང་དུ་གསོལ་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཞེས་བརྗོད་ལ་ལག་གཡས་ཏྲི་ཤུ་ལའི་ཕྱག་རྒྱ་ས་ལ་བསྣུན་ཅིང་། ཨེ་ཧྱེ་ཧི་པྲ་ཏི་བྷ་བ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་སའི་ལྷ་མོ་ཉིད་དཔང་པོའི་ཚུལ་དུ་སྐུ་ལྟེ་བ་ཡན་ཆད་ཐོན་ཏེ་བཞུགས་པར་གྱུར་པར་བསམ་མོ། །སྔགས་འདི་རྩ་བར་བྷ་བ་ཡེ་སྭཱ་ཧཱ། ཞེས་པ་ཞིག་འདུག་ཀྱང་གླན་སྟོན་བསོད་ནམས་མགོན་པོས་འདི་ལྟར་མཛད་འདུག་པས་ཐོགས་པ་མེད་པར་ཚུར་སྤྱོན་ཞེས་པའོ། །དེ་ནས་མགྲོན་སྤྱི་སྤྱན་དྲང་བ་ནི། ཧཱུཾ། འཛམ་གླིང་སྤྱིར་གནས་མཐུ་ཆེན་དབང་སྒྱུར་བའི། །ནམ་ཟླུ་དུས་འཛིན་དབྱར་དགུན་སྟོན་དཔྱིད་ལ། །རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་ཀུན་ལ་འཚེ། །ས་བདག་ཙང་ཀུན་ཀུན་ནས་འཁོར་བ་དང་། །ས་བདག་ཧོང་ཕན་དང་ནི་ཐེ་སེ་དང་། །བེ་སྣ་ཡག་ཆེན་ས་བདག་གཉན་ཆེན་རྣམས། །མཆོད་སྦྱིན་གཏོར་མའི་མགྲོན་དུ་གནས་འདིར་སྤྱོན། །ཐུགས་དམ་བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །བྱེ་བྲག་སྒྲུབ་པ་གང་བྱེད་ཀྱི་ཡུལ་གྱི་ས་བདག་སྤྱན་དྲང་བ་ནི། ཁྱད་པར་ཡུལ་འདིའི་ས་ལ་མངའ་མཛད་པའི། །གངས་རི་གཡའ་རི་བྲག་རི་སྤང་རི་དང་། །བྱེ་རི་ལ་གནས་ས་བདག་འཁོར་དང་བཅས། །ཁྱད་པར་ས་འདིའི་བདག་པོ་འཁོར་དང་བཅས། །རིགས་དང་ཁ་དོག་མི་མཐུན་བཞུགས་སོ་འཚལ། །མཆོད་སྦྱིན་གཏོར་མའི་མགྲོན་དུ་སྦྱན་འདྲེན་ན། །བདེ་གཤེགས་བཀའ་ཡི་གནས་འདིར་གཤེགས་སུ་གསོལ། །ཞེས་པས་མདུན་དུ་བྱོན་པར་བསམ། གཏོར་མ་ཨརྒྷས་བྲན་ལ། ཧཱུཾ། རྒྱས་པར་བཤམས་པའི་མཆོད་སྦྱིན་གཏོར་མ་འདི། །གསེར་དངུལ་ལ་སོགས་རིན་ཆེན་སྣ་ལྔས་བརྒྱན། །ས་བདག་འཁོར་དང་བཅས་ལ་མཆོད་པར་འབུལ། །ནོར་དབྱིག་སྲང་མང་གྲངས་སུ་བཞེངས་སུ་གསོལ། །རིན་ཆེན་འབྲུ་སྣ་མ་ལུས་ཟས་ཀྱི་ཚོགས། །རང་ལུས་ལྷུ་ཚིགས་ཉམས་པ་བསྐང་སླད་དུ། །ཆགས་མེད་སྟོབས་ལྡན་སེམས་ཀྱིས་འབུལ་ལགས་ན། །བཞེས་ནས་ལྷུ་ཚིགས་ནད་རྣམས་བྲལ་བར་མཛོད། །བུ་རམ་སྤྲང་རྩི་ཀ་ར་འོ་མ་མར། །དུག་གསུམ་སེམས་ལ་ཞུགས་པའི་ནད་རྣམས་ལ། །ཁྲོ་གཏུམ་དྲག་པོའི་ནད་རྣམས་བསལ་སླད་དུ། །ཞི་དུལ་མཉེས་ཏེ་མཆོད་པ་བཞེས་སུ་གསོལ། །ནཱ་ག་གེ་སར་ལ་སོགས་སྨན་སྣ་བརྒྱད། །ཆག་ཉམས་ནད་འབྲས་མ་ལུས་བསལ་བ་དང་། །ས་བདག་སྐུ་སྙུང་རྐྱེན་ངན་སྦྱང་བའི་ཕྱིར། །དཀའ་ཞིང་དཀོན་པའི་ཡུལ་ནས་བཙལ་བསགས་ཏེ། །དབང་ཆེན་ས་བདག་འཁོར་དང་བཅས་པ་ལ། །ཉེས་སྐྱོན་གོས་སོབ་གདན་དུ་འབུལ་ལགས་ན། །ཡུན་དུ་སྐྱིད་ཅིང་བདེ་བའི་སེམས་ཉིད་ཀྱིས། །དམ་རྫས་བདུད་རྩིའི་གཏོར་མ་བཞེས་སུ་གསོལ། །ཞེས་བརྗོད་ལ། རྩ་བར། གཏོར་མ་དང་དཀར་གསུམ་མངར་གསུམ་སོ་སོའི་སྔགས་དང་ཕྱག་རྒྱ་བྱིན་ལ་གང་བཅོལ་ཉན་པར་བསམ་སྟེ། ཞེས་འབྱུང་བས་བསྡུ་ན་རྡོ་རྗེ་བསྡམས་པ་འདེགས་པའི་རྒྱས། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱཏྟ་ༀ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ལན་བདུན་ནམ་གསུམ་གྱིས་བསྔོ། ཕྲིན་ལས་བཅོལ་བ་ནི། རི་རབ་ཆེན་པོ་གླིང་བཞི་རབ་ཏུ་འབར། །ཀུན་དགའི་བདག་པོ་དབང་བྱེད་ཆེན་པོ་འབར། །ཀུན་ཏུ་ས་ཡི་ལྷ་མོ་བརྟན་མ་འབར། །ས་བདག་མཐུ་ཆེན་འཁོར་གྱི་གནས་རྣམས་སུ། །མཆོད་སྦྱིན་དམ་པའི་གཏོར་མ་འདི་བསྔོས་པས། །སོ་སོའི་འཁོར་གྱི་རེ་བ་བསྐངས་གྱུར་ནས། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་དང་། སའི་བདག་པོ་རྣམས་རང་རང་གི་གནས་སུ་བསྐྱོད་པའི་ཕྱིར་གདན་སྐྱེམས་སམ་གསེར་སྐྱེམས་འབུལ་བ་ནི། ཧཱུཾ། ལྕགས་རི་གསེར་རི་དངུལ་གྱི་རི། །ཤེལ་རི་གངས་རི་ཁྱུད་འཁོར་ནས། །མི་ལ་ནོར་གྱི་དབྱིག་འབྱུང་ཞིང་། །ཆོས་བཟང་གནས་ལུགས་སྤྱོད་པ་ཡི། །མཐུ་ཆེན་ལྷའམ་སྨན་ལ་སོགས། །ས་བདག་གཉན་པོ་འཁོར་བཅས་ལ། །ཀུན་སྦྱངས་དྲི་སྦྱར་འབྲུ་ཡི་སྐྱེམས། །རིན་ཆེན་ས་ལེ་སྤྲམ་གྱིས་སྤྲས། །རྒྱུད་བཤད་མཆོད་སྦྱིན་གསེར་སྐྱེམས་འདི། །ས་བདག་འཁོར་དང་བཅས་ལ་འབུལ། །ཞེས་བརྗོད་དོ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་གསེར་སྐྱེམས་ཕྱོགས་ཀུན་ཏུ་གཏོར་ལ་གནོད་འཚེ་མ་བྱེད་ཅེས་བཀའ་བསྒོའོ། །དེ་ཡང་ལས་རིམ་ལས། གཏོར་མ་བཟའ་བཏུང་མེ་ཏོག་ལྡན། །དེ་བཞིན་རིན་ཆེན་ལྡན་པའི་ཆང་། །འདོད་ཡོན་བདུད་རྩིར་བྱིན་བརླབ་ལ། །ཞིང་སྐྱོང་རྣམས་ལ་རྒྱས་པར་བྱིན། །ཞེས་གསུངས་སོ། །དེ་ནས་སྨོན་ལམ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོ་བྱིན་གྱིས་བརླབས་ཀྱིས་བདག་ཅག་གིས་མོས་ཏེ་སྦྱར་བའི་མཆོད་སྦྱིན་གྱི་གཏོར་མ་འདི་འབུལ་བའི་གནས་ནི། འཛམ་བུའི་གླིང་ན་གནས་པའི་ས་བདག་མ་ལུས་པ་རྣམས་དང་། ཡུལ་ཕྱོགས་འདི་ན་གནས་པའི་ས་བདག་ཀླུ་གཉན་གྱི་ཚོགས། རྒྱལ་པོ་དང་། དེད་དཔོན་དང་། བུ་སྨད་གཡོག་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །དེ་དག་རྣམས་ཀྱི་སྤྱན་ལམ་དུ་གནས་ཁྱད་པར་ཅན། ལོངས་སྤྱོད་ཀྱི་རྟེན། སྨན་གྱི་གྲངས་བསམ་གྱིས་མི་ཁྱབ་པར་གྱུར་ཅིག །གཞན་ཡང་གླིང་བཞི་གླིང་ཕྲན་བརྒྱད་ན་བདུད་རྩིའི་ཆུ་རྒྱུན། མེ་ཏོག་གི་ལྡིང་ཁང་། རྩི་ཐོག་གི་ནིའུ་གསིང་། ཙནྡན་གྱི་སྐྱེད་མོས་ཚལ། དར་སྣ་ལྔའི་ལམ། སྨན་གྱི་ཆུ་བོ། །མཐིང་གི་ཟམ་པ། མཆོང་གི་བྲག་རི། གསེར་གྱི་ས་གཞི། ཚོན་གྱི་རི་མོ། །རིན་པོ་ཆེའི་ཕུང་པོ་ལ་སོགས་པ་ཡིད་དང་མཐུན་པ འི་གནས་སུ་གྱུར་ནས་གཞན་དུ་དེངས་ཤིག །རྒྱ་མཚོ་ལྦུ་བ་དང་། ཆུ་སྲིན་སྡེར་མོ་དང་། དབང་པོ་ལག་པ་ལ་སོགས་པ་སྨན་སྣ་ཚོགས་ཀྱིས་ས་བདག་རྣམས་འོད་དང་གཟི་བརྗིད་དང་ལྡན་པར་གྱུར་ཅིག །སའི་ཕྱོགས་འདིར་འདུས་པ་ཆེན་པོའི་དཀྱིལ་འཁོར་བཞེངས་སུ་གསོལ་བས་ཆོ་ག་མ་གྲུབ་བར་དུ་གཞན་དུ་སོང་ཞིག །ཅེས་བརྗོད་པས་ཚིམ་ནས་གཞན་དུ་སོང་བར་བསམ་མོ། །དེ་ནས་མཛུབ་མོ་གཉིས་སྨིན་མཚམས་སུ་བསྣོལ་ཏེ། ཨ་ཧོཿབེ་ག་ཀྲ་མ་ཡ། ཞེས་པས་སའི་ལྷ་མོ་རེ་ཞིག་ནམ་མཁའ་ལ་དཔང་པོར་བཞུགས་པར་བསམ་མོ། །ས་ལྷའི་ཚོམ་བུ་བསྡུའོ། །འདི་ཡན་ཆོད་བདུད་རྩི་འཁྱིལ་བའི་ང་རྒྱལ་ལ་གནས་པ་ཁོ་ནས་བྱའོ། །དེ་ནས་སའི་བར་ཆད་བསལ་བའི་ཕྱིར་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་པས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ཏེ་སྔགས་ལན་གསུམ་བརྗོད་པས་མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་འཐིབས་ཀྱིས་སྤྱན་དྲང་ངོ་། །དེ་ཡང་ལས་རིམ་ལས། སངས་རྒྱས་བྱིན་རླབས་ཧཱུཾ་བསྡུས་ཏེ། །མི་བཟད་ཤིན་ཏུ་འཇིགས་པ་ཡིས། །ཞེ་སྡང་རྡོ་རྗེ་སྤྱན་འབར་བ། །ཞེས་གསུངས་ཤིང་། དེའི་དོན་ནི། རྩ་བར། དཔང་པོའི་ལྷ་རྣམས་སྤྱན་དྲངས། ཧཱུཾ་བཞིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་བསྡུས་ནས་བདག་ལ་ཐིམ་པས་བདག་གི་ལུས་འོད་དུ་གྱུར་པ་ལས། ཞེས་གསུངས་པས་ཧཱུཾ་བཞིས་བྱིན་བསྡུ་བ་ནི། ཧཱུཾ་ཞེས་བརྗོད་པས་མདུན་གྱི་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུ། ཡང་ཧཱུཾ་ཞེས་བརྗོད་པས་འོད་ཟེར་ཐམས་ཅད་བདག་ལ་བསྡུ། ཡང་ཧཱུཾ་ཞེས་བརྗོད་པས་འོད་ཟེར་དེས་བདག་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་དུ་སྦྱངས། ཡང་ཧཱུཾ་བཛྲ་དྷྲྀཀ྄་ཅེས་བརྗོད་པས་རང་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་གདེངས་པ་འཇིགས་པའི་སྡང་མིག་བགེགས་ལ་ལྟ་བའི་རྐང་མཐིལ་གཉིས་དང་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྒྱ་གྲམ་འབར་བ་ཧཱུཾ་གིས་མཚན་པ་རེ་རེས་མཚན་པར་གྱུར། རྩ་བར། རྡོ་རྗེ་གསོར་ཞིང་མི་འགྲོ་བའི་བགེགས་ལ་བཀའ་བསྒོའོ། །ཞེས་གསུངས་པས། བཀའ་བསྒོ་བ་གཡུང་གི་གསུང་འདི་ལྟར། རྡོ་རྗེ་གསོར་ཞིང་། ན་མོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། འདུས་པ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པའི་བྱིན་གྱིས་བརླབས་ཀྱིས་བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོས་སློབ་མ་ཆེ་གེ་མོ་ལ་སོགས་པ་སེམས་ཅན་ཐམསཅད་ཀྱི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་འདུས་པ་ཆེན་པོ་མདོ་སྒྱུ་སེམས་གསུམ་གྱི་དཀྱིལ་འཁོར་ཆེན་པོ་འདེབས་པ་ཡིན་པས། ས་འདི་ལ་གནས་པའི་ས་བདག་ཕོ་མོ་དང་། ཀླུ་ཕོ་མོ་དང་། རིག་སྔགས་འཆང་བ་རྒན་པོ་དང་། རྒན་མོ་དང་། དེ་ལ་སོགས་པའི་འཁོར་རིགས་ངན་དུ་གཏོགས་པ་ཐམས་ཅད་བདག་ཅག་གི་སྒྲུབ་པ་འདི་ལ་གེགས་དང་བར་གཅོད་མ་བྱེད་པར་སྒྲུབ་པ་འདི་མ་ཐོན་གྱི་བར་དུ་གནས་གཞན་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི་དཔལ་རྡོ་རྗེ་ཧཱུཾ་ཞེས་བྱ་བ་སྤྱན་རབ་ཏུ་འབར་བས། མགོ་བོ་ཚལ་པ་བརྒྱ་རུ་འགས་པར་འགྱུར་རོ། །ཞེས་བརྗོད་ཅིང་རོལ་མོ་དང་བཅས་ཏེ་དཀར་དམར་གཏོར་མ་ཕྱིར་བསྐྱལ། སུམྦྷ་བཟླས། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ། ཡུངས་ཀར་གྱིས་བགེགས་ལ་གཏོར་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་ནས་བགེགས་བསྐྲད་པར་བསམ། ཚུར་འདུས་པས་ཁྲོ་བོའི་གུར་དུ་བསམ་ལ་ཁྲོ་བོའི་རོལ་མཚམས་ཀྱིས་བསྲུང་། སྤྱན་ལས་ཡེ་ཤེས་ཀྱི་མེ་བྱུང་བས་མེའི་གུར་དུ་གྱུར་པར་བསམ་ལ། སྤྲོ་ན་རྡོ་རྗེ་རྒྱ་གྲམ་གྱི་འགྲོས་བྱ། གོམ་པའི་འོག་དང་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་རྒྱ་གྲམ་གྱི་གུར་གྱིས་གཏམས་པར་བསམ། རྩ་བར། དེ་ནས་རང་གི་གནས་སུ་ལྷ་མོའི་མདུན་དུ་འདུག་ལ་ཞེས་འབྱུང་བས། དཀྱིལ་འཁོར་གྱི་དབུས་སུ་བརྗིད་བག་དང་ལྡན་པར་འདུག་ལ་ལག་གཡས་རྡོ་རྗེ་དང་བཅས་པས་མཐེ་བོང་གིས་མཐེའུ་ཆུང་མནན་པའི་ཏྲི་ཤུ་ལའི་ཕྱག་རྒྱས་ས་ལ་བསྣུན་པ་ལྟར་བྱ་ཞིང་། གཡོན་དྲིལ་བུ་བར་མཚམས་སུ་འཁྲོལ་བ་དང་བཅས་ཏེ། ས་ལྷ་བར་སྣང་ལ་གནས་པར་གདོང་ཕྱོགས་ཏེ། ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡིས། །དཔུང་བཞི་བདུད་ཀྱི་སྡེ་བཏུལ་ནས། །རྒྱལ་སྲིད་ཆོས་ཀྱི་དཔུང་བཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང། །ངེས་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པཱ་ཤཾ་སིདྡྷི་ཀུ་རུ་ས་མ་ཡ་སྟྭཾ། ཞེས་ལན་གསུམ་བརྗོད་དེ་ཕྱག་རྒྱ་ས་ལ་བསྣུན་པས། །སའི་ལྷ་མོ་དགྱེས་བཞིན་ས་ལ་ཐིམ་པས་ས་གཞི་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་དུ་བསམ་མོ། །དེ་རྣམས་ཀྱི་དོན་ནི་ལས་རིམ་གྱི་གོང་གི་འཕྲོས་ལས་བཤད་པ་སྟེ། རྐང་མཐིལ་ཐུགས་ལ་མཐིང་ནག་ཧཱུཾ། །གསང་སྔགས་རྡོ་རྗེ་གོམ་པར་བཅས། །ཁྲོ་བོ་ཡུངས་ཀར་ཕྱོགས་བཅུར་འཕྲོ། །འོག་དང་ཕྱོགས་མཚམས་རྒྱ་གྲམ་གུར། །འབར་བ་མེ་ཡིས་ཕྱོགས་མཚམས་བསྐོར། །རང་གི་རང་གནས་བརྗིད་བག་གིས། །འདུག་སྟེ་རིན་ཆེན་བླང་བར་བྱ། །ཕྱག་རྒྱ་ཏྲི་ཤུལ་གཉིས་མནན་ཏེ། །ཞེས་དང་། ལྷ་མོ་རང་བཞིན་གཉིས་མེད་ཕྱིར། །འཛུམ་པའི་མདངས་ཀྱིས་འོད་ཁྱབ་པས། །ཐམས་ཅད་རིན་ཆེན་ངོ་བོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །བརྟན་བྱ་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །བཞི་པ་ས་དབང་དུ་བྱ་བ་ནི། ས་གཞི་དངོས་གྲུབ་ཅན་དེ་བར་ཆོད་ཀྱི་དབང་དུ་མི་བཏང་བའི་ཕྱིར། ཟངས་སམ་ཤིང་དམར་པོ་ལ་ཕུར་པ་རྩེ་མོ་ལ་ཟླ་གམ་པ་ཅིག་བྱས་པ་ཞིག་རང་གི་མདུན་དུ་ཕུར་གདན་ལ་བཙུགས་ལ། བདག་ཞེ་སྡང་རྡོ་རྗེའི་ཐུགས་ཀའི་ཧཱུཾ་ལས་པདྨ་ཀཱི་ལ་ཡ་ཕཊ་ཛཿ བརྗོད་པ་ལས་བྱུང་བའི་ཁྲོ་བོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་གཡོན་དང་པོ་གཉིས་ཀྱིས་པདྨ་དང་ཞགས་པ་བསྣམས་པ། འོག་མ་གཉིས་ཕུར་བུ་འདྲིལ་བ། སྐུ་སྨད་དབང་གི་ཕུར་པ་ལ་ཟླ་གམ་ཅན་ཞིག་ཏུ་ཡོད་པ་གསལ་བར་གྱུར། ཧཱུཾ་པདྨ་ཀཱི་ལ་ཡ་ཕཊ་ཛཿཞེས་བརྗོད་པས་ཐུགས་ཀའི་ཁྲོ་བོ་ཕྱིར་ཕྱུངས་ཏེ་ཕུར་པ་ལ་ཐིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་སྟེ། ཞེས་གསུངས་པས། རྡོ་རྗེའི་ཕྱག་རྒྱས་ཕུར་པའི་གནས་གསུམ་དུ་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་དང་ཙིཏྟ་སོགས་འགྲེའོ། །པདྨ་དབང་གི་ཁྲོ་མཆོག་ཆགས་པའི་སྐུ། །མ་ལུས་དབང་དུ་སྡུད་པའི་ལས་མཛད་པ། །འཛམ་བུ་གླིང་གི་ཡེ་ཤེས་པ་འདི་དག །བདག་གི་བྱང་ཆུབ་གྲོགས་སུ་གྱུར་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། །བདག་ཞེ་སྡང་རྡོ་རྗེའི་བསམ་གཏན་དང་ལྡན་པས་ལག་གཉིས་ཀྱིས་ཕུར་བུ་འདྲིལ་ཞིང་དཀྱིལ་འཁོར་གྱི་དབུས་སུ་བཏབ་ལ། ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་པཱ་ཤཾ་མ་ན་ཡེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་ཕུར་པ་ལྷར་གསལ་བ་དཀྱིལ་འཁོར་གྱི་དབུས་སུ་བཏབ་པ་དེ་ལས་འོད་ཟེར་དམར་པོ་འཕྲོས་པས་ས་གཞི་ལ་ཐིམ་པས་ས་གཞི་བདག་གི་དབང་དུ་གྱུར་པར་བསམ་སྟེ། ལས་རིམ་ལས། དངོས་གྲུབ་དབང་དུ་བྱ་བའི་ཕྱིར། །ཟངས་སོགས་ཕུར་བུ་ཟླ་གམ་ལ། །ཧཱུཾ་ལས་བྱུང་བའི་དབང་མཆོག་ཁྲོ། །རཱ་གའི་མདོག་འདྲ་ཟླ་གམ་རྩེ། །པདྨ་ཞགས་པ་ཕུར་འདྲིལ་བ། །སྡང་མིག་ཕྱག་བཞིི་ངེས་བསམ་སྟེ། །སྐུ་གསུང་བྱིན་རླབས་དབུས་སུ་སྦྱར། །འོད་ཀྱིས་ཐམས་ཅད་བསྡུས་བྱས་ལ། །བདག་གིར་གྱུར་པའི་ས་དག་ནི། །ལས་ཐམས་ཅད་ལ་ཤིས་པར་གྱུར། །ཞེས་གསུངས་པའི་ཕྱིར། ལྔ་པ་ས་སྦྱང་བ་ལ་བཞི་སྟེ། ལས་རིམ་ལས། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་སྦྱངས། །ཞིས་གསུངས་པའི་ཕྱིར། དང་པོ་ལས་དང་བྱ་བས་སྦྱང་བ་ལ་དང་པོ་ལྟོ་འཕྱེ་བརྟག་པ་ནི། རྩ་བར། ཕྱོགས་བཞི་ཐེག་དགུ་བུའི་བྱང་ཤར་ནས། ཞེས་དང་། དཔེ་རྙིང་གཅིག་ལ་ཕྱོགས་བཞི་ཐེག་དགུ་བུའི་བྱང་པར་བྱས་ནས་ཞེས་འདུག་ཀྱང་དཔེ་རྒྱུན་མ་དག་པ་འདྲ་སྟེ། ཕྱོགས་བཞི་སྟེགས་བུའི་བྱང་ཤར་ནས་ཞེས་པ་འཆོལ་བ་འདྲ་བར་སྣང་། གང་ལྟར་ཡང་ལག་ལེན་ནི། ས་བཟུང་གི་ཕུར་པའི་ལྷ་བདག་གི་ཐུགས་ཀར་བསྟིམ་ཞིང་ཕུར་པ་དབེན་པར་བཞག །ལྟོ་འཕྱེ་བརྟག་ཚུལ་རྒྱས་པར་གཞན་ལས་ཤེས་ཤིང་། འདིར་བསྡུ་ན་སྟེགས་བུའི་ཤར་ནས་བརྩམས་ཏེ་དཔྱིད་གསུམ་སྟག་ཡོས་འབྲུག །དབྱར་གསུམ་སྦྲུལ་རྟ་ལུག །སྟོན་གསུམ་སྤྲེལ་བྱ་ཁྱི། དགུན་གསུམ་ཕག་བྱི་གླང་སྟེ་ཟླ་བ་གང་ཤར་ལ་མགོ་གཏད་ཅིང་། དེའི་མདུན་ཟུར་དུ་མཇུག་མ་གནས་སོ། །དེས་གླིང་ཁམས་ཐམས་ཅད་ཁྱབ་ནའང་ས་གཅིག་ཏུ་བསྡུ་སྟེ། ཁྲུ་གྲུ་བཞིའི་ཚད་ཙམ་བརྐོས་པས་འཐུས་ཤིང་། དེ་ཡང་གཡས་རིན་པོ་ཆེ་བཟུང་བའི་ཐད་ལྟོ་བ་ནས་བྲུས་པས་དངོས་གྲུབ་ཐོབ་བོ། །དེ་ལས་གཞན་མགོ་ལས་བླ་མ། གདོང་ལས་རང། རྒྱབ་ལས་འཁོར་འཆི། མཇུག་མ་ལས་ནོར་བྲིའོ། །དེ་ཡང་ཇི་ལྟར་བྱ་བའི་ཚུལ་ནི། ས་བདག་ལྟོ་འཕྱེ་ལ་མཆོད་གཏོར་ཕུལ་ནས། དེའི་ལུས་ལྟོ་བའི་ཐད་དུ་བསྡུས་ཏེ་ནམ་མཁར་བཏེག་ལ་མེ་ཏོག་གཏོར་ཕུད་ཀྱིས་མཆོད་ཅིང་བདེན་པ་བརྡར། ཐོག་མར་དེའི་ལྟོ་བའི་ཐད་ནས་ཅུང་ཟད་བྲུས་པའི་ས་ཕུད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་ཕྱོགས་ཀུན་ཏུ་གཏོར་བར་བྱའོ། །བརྟག་པ་དངོས་ལ་གཉིས་ཏེ། སས་བརྟག་པ་དང་། ཆུས་བརྟགས་པའོ། །དང་པོ་ནི་རྩ་བར། དེར་རྒྱ་ཇི་ཙམ་འདོད་པ་བརྐོས་ལ་གོང་ལྟར་ངན་པ་བྱུང་ན་ཡང་བཟང་པོ་བྱུང་ཞིང་སྔར་བས་ལྷག་པ་ནི་ཞེས་འདུག་པ་མ་དག་པ་འདྲའོ། །ལག་ལེན་ནི་གོང་དུ་བརྐོས་པའི་ཤུལ་ནས་འོག་གི་ཆུའམ་རྡོ་ལ་ཐུག་པར་ཇི་ཙམ་འདོད་པར་བརྐོས་ཀྱང་སྐྱོན་མེད་ལ། ཡང་ན་རྒྱ་དཔངས་ཁྲུ་གང་གྲུ་བཞིའི་ཚད་དུ་བརྐོ། དེ་ལ་གོང་དུ་ས་གཞི་སྤྱི་མཚན་དུ་བརྟག་པའི་སྐབས་ལས་རིམ་གྱི་ལུང་དྲངས་པ་ལྟར་བཟང་ངན་གྱི་ལྟས་བལྟ་ཞིང་བརྐོས་པའི་ཤུལ་ས་རོས་མ་ཁེངས་ན་ངན་ཞིང་ལྷག་ན་བཟང་ངོ་། །དེ་ནི་ས་སས་བརྟག་པའོ། །གཉིས་པ་ཆུས་བརྟག་པ་ནི་ས་བརྐོས་པའི་ནང་དུ་ཆུ་བླུག་སྟེ་གོམ་པ་བརྒྱ་ཕྱིན་ནས་འོངས་པས་བྲི་ཚབས་ཆེ་ན་ངན། མ་བྲི་བའི་ཁར་རི་མོ་ལེགས་པའི་གཟུགས་ནི་བཟང་བ་སྟེ་ཆུས་བརྟག་པའོ། །འདི་ལ་གླན་བསོད་ནམས་མགོན་པོས། ས་བརྐོས་པའི་ནང་དུ་ཆུ་བླུག་སྟེ་ལས་མཁན་ཉིད་ཡི་གེ་བརྒྱ་པ་བགྲང་ཞིང་ཕར་ལ་གོམ་པ་ལྔ་བཅུ་ཕྱིན། ཚུར་ལ་ལྔ་བཅུ་ཡོངས་ལ་ཞེས་གསུངས་པ། གོམ་པ་བརྒྱས་བརྟག་དགོས་པར་ད་ལྟ་ཕྱག་ལེན་ཕལ་ཆེར་ལ་ཉིས་བརྒྱ་ཡོང་འདུག་པས། ལས་རིམ་གྱི་མཆན་བུར་ཡང་གླན་གྱི་གསུང་ལྟར་འདུག་པས་ལེགས་འདྲ་སྙམ་སྟེ་དཔྱད་པར་བྱའོ། །དེ་རྣམས་ལས་རིམ་ལས། ལྟོ་འཕྱེའི་དུས་ཚོད་གཞན་ཤེས་བྱ། །མ་ནོར་ཕྱོགས་ནས་ལས་རྣམས་བརྩམ། །རྒྱ་དཔངས་ཁྲུ་གང་གྲུ་བཞིའི་དབུས། །བཤད་པའི་མཚན་ཉིད་ཤིན་ཏུ་བརྟག །ཆུས་བཀང་གོམ་པ་བརྒྱ་ལྟ་བྱ། །ཞེས་གསུངས་སོ། །དེ་ལྟར་ས་བསྐོས་པའི་ཤུལ་དུ་རྫུ་བུམ་དུ་རྫས་ཉེར་ལྔ་བཅུག་ནས་སྦ་སྟེ། བུམ་པ་དེ་ཨ་ལས་ཟླ་བ་ཏྲཾ་ལས་རིན་པོ་ཆེའི་མཆོད་སྡོང་རང་གི་ཇི་ལྟར་འདོད་པའི་དགོས་འདོད་ཐམས་ཅད་འབྱུང་བར་བསམ་མོ། །དེ་ལྟར་ཡང་ལས་རིམ་ལས། བཟང་དང་བཀྲ་ཤིས་རིན་ཆེན་ས། །འབྲུ་སྣ་བཅས་གཞུག་འཐས་པར་བརྡུང། །ཞེས་གསུངས་སོ། །ལྟོ་འཕྱེ་བརྟག་པ་དེང་སང་གཙུག་ལག་ཁང་སོགས་བརྩིག་པའི་ཚེ་མ་གཏོགས་མཛད་མཁན་དཀོན་ལ། དེའི་རྒྱུ་མཚན་དཀྱིལ་འཁོར་སྟེགས་བུ་ཆེད་དུ་མི་བརྩིག་པར་ཞལ་བའམ་ཤིང་སྟེགས་ལ་མཛད་པ་ཤས་ཆེ་ལ། དེ་ཡང་གྲུབ་ན་ཕུན་སུམ་ཚོགས་པའི་རྒྱུར་འགྱུར་ཞིང་། མ་གྲུབ་ཀྱང་ཆད་པའི་སྐྱོན་མེད་ལ། བུམ་གཏེར་འཇུག་པ་ཞལ་བར་ཆེད་དུ་བྲུ་མི་ཐུབ་ཀྱང་ཤིང་སྟེགས་ལ་འོག་ཏུ་འཇོག་ཐུབ་ཅིང་། ཞལ་སྟེགས་གང་ལ་མཛད་ཀྱང་བུམ་གཏེར་བཤམ་སྟེ་དམིགས་པས་བཅུག་ཅིང་། སླར་གནས་ཁང་གི་གོ་བབས་གང་དེར་བཅུག་ན་ལེགས་པར་མངོན་ཞིང་དེ་གའི་ཕྱག་ལེན་ཀྱང་ཡོད། རྩ་བར་ལྟོ་འཕྱེ་བརྟག་ཅིང་བྲུ་བའི་དབང་གིས་བུམ་གཏེར་བཅུག་ཟིན་རྗེས། དེ་ནས་ཇི་ཙམ་འདོད་པའི་སྟེགས་བུ་བརྩིགས་ལ། སླར་ཡང་རྫས་ཉེར་ལྔ་དང་བ་བྱུང་ལྔ་སྦྱར་བས་བྱུག་ཅིང་མེ་ལོང་གི་ངོས་ལྟར་བྱའོ། །འདི་ལ་གོ་མ་ཡེ་བཏང་བ་ཞེས་གསུངས་ཤིང་། དེའི་དགོས་ཆེད་ནི། གཞན་སེལ་དང་དོན་གཉེར་གཉིས་ལས། གཞན་སེལ་ཕུང་པོ་ལྔ་རང་དག་ནས། དོན་གཉེར་སྐུ་ལྔ་མ་བཙལ་བར་ཐོབ་པར་བྱ་བའི་ཕྱིར་འབྲུ་ལྔ། དབང་པོ་ལྔ་དག་ནས་ཕྲིན་ལས་ལྔ་ཐོབ་པར་བྱ་བའི་ཕྱིར་སྤོས་ལྔ། ཡུལ་ལྔ་དག་ནས་ཡོན་ཏན་ལྔ་ཐོབ་པའི་ཕྱིར་རིན་ཆེན་ལྔ། རྣམ་ཤེས་ལྔ་དག་ནས་ཡེ་ཤེས་ལྔ་ཐོབ་པའི་ཕྱིར་སྙིང་པོ་ལྔ། འདོད་ཡོན་ལྔ་དག་ནས་གསུང་ལྔ་ཐོབ་པའི་ཕྱིར་སྨན་ལྔ། ཁམས་ལྔ་དག་ནས་རིགས་ལྔ་ཐོབ་པའི་ཕྱིར་བདུད་རྩི་ལྔ། དེའི་སྟེང་དུ་བ་བྱུང་ལྔ་སྟེ་སུམ་ཅུ་སོ་ལྔའོ། །རྫས་དེ་དག་གི་ངོས་འཛིན་ཚུལ་ཅུང་ཟད་མི་འདྲ་ཙམ་རེ་འདུག་ཀྱང་། རྒྱལ་བ་གཡུང་གིས་ནས་སྲན་གྲོ་འབྲས་ཏིལ་དཀར་ཏེ་འབྲུ་ལྔ། གུར་གུམ་གླ་རྩི་ཙནྡན་དཀར་དམར་ག་བུར་ཏེ་སྤོས་ལྔ། བྱུ་རུ་མུ་ཏིག་མུ་མེན་སྦུར་ལེན་གཡུ་དང་ལྔ་ནི་རིན་པོ་ཆེ་ལྔ། ཚྭ་བུ་རམ་སྦྲང་ཨ་འབྲས་མར་ཏེ་སྙིང་པོ་ལྔ། ཀཎྜ་ཀ་རི་སླེ་ཏྲེ་ཤུ་དག་དཀར་པོ་ཤུ་ཟུར་སྙིང་ཞོ་ཤ་སྟེ་སྨན་ལྔ། བྱང་སེམས་དཀར་དམར་དྲི་ཆེན་དྲི་ཆུ་ཤ་ཆེན་ཏེ་བདུད་རྩི་ལྔར་གསུངས་ཤིང་། ལས་རིམ་གྱི་མཆན་བུར་དེ་དང་མི་འདྲ་བ་ཞིག་ཀྱང་གསུངས་པས། ཡང་ན་རྒྱ་གཞུང་ལྟར་བྱ་ཞིང་། ཡང་ན་གཡུང་སྟོན་པར་འཁྲུལ་པ་མི་མངའ་བས་འདི་ལྟར་བྱའོ། །བ་བྱུང་ལྔ་ནི། ཞོ་འོ་མ་མར་དྲི་ཆུ་ལྕི་བའོ། །དེ་རྣམས་ཀྱང་ལྔ་ཚན་སོ་སོར་རིམ་གྱིས་སམ་ཅིག་ཅར་བ་ཀོའི་སྲབ་འཐུག་ཙམ་འབྱུག་གོ། །དེ་ལྟར་བགྱིད་དགོས་པར་རྒྱུད་གསང་སྙིང་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔས་ནི་རབ་མཉམ་ལ། །ཞེས་དང་། ལས་རིམ་ལས། ཚད་དང་མཉམ་པའི་རྒྱ་བྱས་ལ། །འཇིམ་པ་བ་སྤུས་མཉམ་པར་བྱ། །ནས་སྲན་གྲོ་འབྲས་ཏིལ་དཀར་པོ། །རང་བཞིན་སྐུ་ལྔ་ཐོབ་ཕྱིར་ཡང་། །དག་པ་ཕུང་པོ་ལྔ་རུ་ཤེས། །གུར་གུམ་ལ་གུ་ཙནྡན་གཉིས། །གྲན་ཏི་ཀ་ཡི་དྲི་འདི་དག །ཕྲིན་ལས་ཡུལ་གྱི་རང་བཞིན་ཏེ། །ཐོབ་ཕྱིར་ངེས་པར་ཚང་བར་བྱ། །བྱུ་རུ་གསེར་དངུལ་མི་ཏིག་དང་། །རིན་པོ་ཆེ་ནི་འབྱུང་བའི་དངོས། །ཞིང་སོགས་ཡོན་ཏན་ཐོབ་ཕྱིར་སྦྱར། །ལན་ཚྭ་སྦྲང་རྩི་བུ་རམ་མར། །ཨ་འབྲས་ལ་སོགས་འབྲས་བུ་ལྔ། །རྣམ་ཤེས་ཡེ་ཤེས་རང་བཞིན་ཏེ། །ངེས་པ་ཉིད་དུ་བཟུང་བར་བྱ། །ཧ་ས་དེ་བ་བྲི་ཧ་ཏི། །སེ་ཏ་ཀཎྜ་ཀ་རི་དང་། །ཨ་པྲ་ཙིཏྟ་སྨན་གྱི་མཆོག །དབང་པོ་དག་པ་གསུང་གི་མཆོག །ཉི་ཟླ་ཆུ་ས་མཱཾ་སར་བཅས། །རྣམ་པ་ལྔ་ཡི་མཱཾ་ས་ནི། ཁམས་ཀྱི་རང་བཞིན་རིགས་ལྔ་སྟེ། །སུམ་ཅུས་རབ་མཉམ་བསྟིམ་པར་བྱ། །ཞེས་གསུངས་ཤིང་། དེའི་མཆན་བུར། ལ་གུ་ཞེས་པ་གླ་རྩི། གྲན་ཏི་ཀ་ཛ་ཏི། ཧ་ས་དེ་བ་རྒྱ་མཚོ་ལྦུ་བ། བྲི་ཧ་ཏི་དབང་ལག །སེ་ཏ་ཤུ་དག་དཀར་པོ། ཀཎྜ་ཀ་རི་སྟག་ཚེར། ཨ་བྲ་ཙིཏྟ་སྙིང་ཞོ་ཤ །ཉི་ཟླ་བྱང་སེམས་དཀར་དམར། ཆུ་དྲི་ཆུ། ས་དྲི་ཆེན། མཱཾ་ས་ཤ་ཆེན་རྣམས་ཡིན་པར་གསུངས་སོ། །གོ་མ་ཡེ་འདི་རྣམས་རྒྱུད་དང་མན་ངག་ལས་བཤད་པས་སྟེགས་བུ་མི་བརྩིག་ཀྱང་བྱུགས་ན་ལེགས་སོ། །གཉིས་པ་མེས་སྦྱང་བ་ནི། རྩ་བར། མཚན་མ་གང་བྱུང་ཡང་སྐབས་འདིར་ཞི་བའི་སྦྱིན་སྲེག་བྱ་སྟེ་མེས་སྦྱང་བའོ། །ཞེས་གསུངས་པ་དང་མཐུན་པར། གླན་བསོད་ནམས་མགོན་པོས། སའི་མཚན་ཉིད་བཟང་ངན་ཇི་ལྟར་འདུག་ཀྱང་རྡོ་རྗེ་སློབ་དཔོན་གྱིས་མེ་ལྷ་སྤྱན་དྲངས་པ་ཡན་ཆད་བྱས་ལ། ལས་མཁན་གྱིས་ཞི་བའི་སྦྱིན་སྲེག་སྐབས་འདིར་རྒྱས་པར་བཏང་ངོ་། །ཞེས་གསུངས་པས་ལེགས་ཉེས་ཇི་ལྟར་ཡང་མེས་སྦྱང་བའི་ས་བཅད་མི་སྟོངས་པའི་ཕྱིར་སྦྱིན་སྲེག་བྱ་བར་གསུངས་ལ། གཡུང་སྟོན་ཆེན་པོས་ནི་སའི་མཚན་ལྟས་ངན་ན་བྱ་བར་གསུངས་པའི་ཤུགས་ལས་བཟང་ན་མི་དགོས་པར་གསུངས་ཏེ། དེ་ལྟར་ཡང་ལས་རིམ་ལས། ཀུན་ནས་མཚན་མ་ངན་གྱུར་ན། །གཞན་དུ་བགྲོད་དམ་ཞི་བ་ཡི། །མེ་ཡིས་རབ་ཏུ་དག་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། དེ་ནས་རང་ཁྲོ་བོ་ཞེ་སྡང་རྡོ་རྗེར་གསལ་བའི་ལག་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་མཐིང་ཁ་རེ་རེ་བསམ། དེ་ལས་འོད་ཟེར་འཕྲོས་ཤིང་འདུས་པ་ལས་རྡོ་རྗེ་རྩེ་ལྔ་ཧཱུཾ་མཐིང་གས་མཚན་པ་རེ་རེར་གྱུར་པར་བསམ་ལ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་ལག་པ་ས་ལ་ལན་གསུམ་བརྡབ་པས་རྡོ་རྗེ་དང་ཧཱུཾ་གི་འོད་ཀྱིས་སའི་ཉེས་སྐྱོན་ཐམས་ཅད་དག་ནས་ས་གཞི་ཡེ་ཤེས་རང་སྣང་གི་ས་གཞིར་གྱུར་པར་བསམ་སྟེ། ལས་རིམ་ལས། འབྲིང་གྱུར་ལག་གཡས་མཐིལ་སོར་ལ། །ཉི་མ་འབྲུ་ལྔ་ཧཱུཾ་ལྔ་མཐིང་། །རྩེ་ལྔ་རྡོ་རྗེ་ཧཱུཾ་བཅས་བསམ། །སྔགས་ཀྱིས་ལན་གསུམ་ས་ལ་བསྐུལ། །འོད་ཀྱིས་མ་ལུས་སྦྱང་བར་བྱའོ། །ཞེས་དང་། ཐམས་ཅད་དག་པར་འགྱུར་པའི་ཕྱིར། །ཕྱག་རྒྱ་སྔགས་ཀྱིས་སྦྱང་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ལ་གཉིས་ཏེ། མཚན་མེད་དང་། མཚན་བཅས་སོ། །དང་པོ་མཚན་མེད་ནི། ཆོས་ཐམས་ཅད་རང་བཞིན་གྱི་ཡེ་ནས་རྣམ་པར་དག་པས་ས་དང་སར་འཛིན་གྱི་འཁྲུལ་པ་སོགས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་མེད་སྟོང་པ་ཉིད་དོ། །དེའི་དོན་དྲན་བཞིན་དུ་ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །ཅེས་པ་སྐྱེ་མེད་སྟོང་ཉིད་དོ། །ཞེས་བརྗོད་དོ། །དེ་ལྟར་ཡང་ལས་རིམ་ལས། ཐམས་ཅད་རང་སེམས་རྣམ་པའི་ཕྱིར། །མཚན་ཉིད་མེད་པའི་ཕྱག་རྒྱ་ནི། །ནམ་མཁའ་ལྟ་བུར་རང་བཞིན་གནས། །འཁྲུལ་སྣང་ས་དང་སར་འཛིན་ནི། །འཁྲུལ་ཆོས་ཆོས་ཅན་ལ་གནས་ཕྱིར། །དག་པར་བལྟས་ན་མཚན་ཉིད་མེད། །རྗེས་སུ་བསྐུལ་བར་བྱེད་པའི་སྔགས། །ཤཱུ་ནྱ་ཏཱ་ཞེས་དང་། རང་རིག་སྟོང་པའི་ཡེ་ཤེས་ལ། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །སྤྱོད་ཡུལ་ཡོངས་སུ་དག་པར་བྱ། །ཞེས་གསུངས་སོ། །གཉིས་པ་མཚན་བཅས་ནི། རྩ་བར། སྐད་ཅིག་མ་ལས་རང་གི་རིག་པ་ཧཱུཾ་དུ་གྱུར་པར་བསམ། དེའི་འོག་ཏུ་འབྱུང་བ་རིམ་བརྩེགས་ལ་ཞི་ཁྲོའི་དཀྱིལ་འཁོར་རྫོགས་པར་བསྐྱེད་ལ། ས་དང་སར་འཛིན་གྱི་རྟོག་པ་ཀུན་རྫོབ་ལྷའི་རང་བཞིན་དུ་སྦྱང་བའོ། །ཞེས་གསུངས་པའི་དོན་ནི་ཧཱུཾ་ཞེས་བརྗོད་པས། སྐད་ཅིག་གིས་རང་རིག་ཡི་གེ་ཧཱུཾ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པར་གྱུར། ཧཱུཾ་དེ་ལས་འོག་ཕྱོགས་སུ་ཨེ་ཡཾ་རཾ་བཾ་ལཾ་རྣམས་འཕྲོས། སྥ་ར་ཎ་ཕཊ། ཡི་གེ་དེ་རྣམས་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་ལྔ་དང་ངར་འཛིན་གྱི་རྟོག་པ་སྦྱངས། སཾ་ཧ་ར་ཎ་ཧཱུཾ། ཚུར་འདུས་ཏེ་ཨེ་ལས་ནམ་མཁའ་མཐིང་ནག་གྲུ་གསུམ་གྱི་སྟེང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོར་གྱུར། དེའི་སྟེང་དུ་བྷྲུཾ་ཞེས་བརྗོད་ཅིང་རྡོ་རྗེ་ལས་བྷྲཱུཾ་དཀར་པོ་ཞིག་འཕྲོས་ཏེ་འབྱུང་ལྔའི་དཀྱིལ་འཁོར་ལ་ཕོག་པས་ཐམས་ཅད་འོད་དུ་ཞུ། བྷྲཱུཾ་བི་ཤྭ་བི་ཤུ དྡྷེ་ཛྙཱ་ན་བཛྲ་ཙཀྲ་ཅེས་བརྗོད་པས། ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པའི་འདུས་པ་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པར་གྱུར། སྔགས་དམིགས་འདི་རྣམས་གཡུང་སྟོན་ཆེན་པོའི་གསུང་མདོར་བསྡུས་ཏེ་བྲིས་པ་ཡིན་ཅིང་། འོན་ཀྱང་གཡུང་གིས་ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས་འཕྲོ་བར་གསུང་མོད་ཀྱང་འདིར་མཚན་མེད་ཀྱི་སྦྱངས་ཟིན་པས་རྒྱ་གཞུང་ལྟར་ལེགས་པ་སྟེ། ལས་རིམ་ལས། རང་རིག་སྐད་ཅིག་ཧཱུཾ་བསམ་སྟེ། །ཡེ་ཤེས་སྙིང་པོ་ཧཱུཾ་ཉིད་ལས། །རྩེ་ལྔ་རྡོ་རྗེ་ཧཱུཾ་བཅས་པ། །ཡོངས་གྱུར་ནམ་མཁའ་ཨེ་གཟུགས་ཅན། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །དྲན་བསྐྱོད་རླུང་ནི་ཡཾ་སྔོན་པོ། །ས་བོན་ཆུ་སྟེ་བཾ་དཀར་པོ། །མ་ལུས་གཞིར་གྱུར་གསེར་མདོག་ལཾ། །སྐད་ཅིག་སྒྲ་མེད་དམར་སེར་རཾ། །མ་ངེས་ཀུན་གཞི་སྣ་ཚོགས་བྷྲཱུཾ། །རྒྱས་དང་འབྲིང་ལ་སོགས་པ་ཡི། །སྣ་ཚོགས་རྒྱན་ལྡན་རིན་ཆེན་ཁམས། །ཇི་ལྟར་འགྱུར་བ་བཞིན་དུ་སྒོམ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བར། དྲུག་པ་ས་བྱིན་གྱིས་བརླབ་པ་དང་། བདུན་པ་བསྲུང་བ་ནི་དཀྱིལ་འཁོར་སྟ་གོན་གྱི་སྐབས་སུ་བྱའོ། །ཞེས་གསུངས་པ་ལྟར་ཟུར་ཧྭཾ་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གནས་ཀྱི་ཕྱག་ལེན་བརྒྱུད་པ་རིན་པོ་ཆེའི་འདིའི་ལུགས་ལ་འོག་ཏུ་རྣལ་འབྱོར་ཆེན་པོ་ཚོགས་ཆེན་གྱི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་སྔོན་འགྲོའི་སྐབས་ཆོ་ག་དེ་གཉིས་རྒྱས་པར་མཛད་པ་དང་། ལྷ་ལྷག་གནས་ཀྱི་སྟ་གོན་དང་བུམ་པ་སློབ་མའི་སྟ་གོན་ཡང་དེའི་དུས་སུ་མཛད་པར་བཞེད། སྔོན་འགྲོར་སྒོ་འབྱེད་ཕྱག་རྡོར་དང་ཆ་གསུམ་གྱི་དཀྱིལ་འཁོར་བྲིས་ལ་སྒྲུབ་མཆོད་བྱས་ཏེ་སྒོ་འབྱེད་ཀྱི་དབང་བསྐུར། ལྷ་མི་ཉན་རང་བྱང་སེམས་རྣམས་ལ་དཀྱིལ་འཁོར་རང་གཞུང་ལྟར་བྲིས་ཏེ་སྒྲུབ་མཆོད་བྱས་ཏེ་སྡོམ་པ་དང་དབང་བསྐུར་སོགས་སོ་སོའི་སྐབས་ཐོབ་ལྟར་བྱ། ཀྲྀ་ཡོག་སོགས་ཕྱི་རྒྱུད་རྣམས་ལ་ཡང་སོ་སོར་མཛད། རྒྱུད་སྡེ་གོང་མ་གསུམ་ལ་སྒྲུབ་ཆེན་ལྟར་སྤྲོས་པ་ཆེར་བྱ་ཞིང་། སྒྲུབ་ཁོངས་དེར་དབང་རྫོགས་པར་བསྐུར་བར་མཛད་པ་སོགས་ཀྱི་ཕྱག་ལེན་འདུག་པ། འཕྲལ་འཇུག་པ་བདེ་ཞིང་དངོས་གཙང་ལ་དོན་དང་མཐུན་པར་སེམས། ཀཿཐོག་རྡོར་བཟང་གི་ཆོག་ཁྲིགས་སུ་བཤད་གཞི་དང་སྤྲོས་པ་ཤིན་ཏུ་ཆེ་ཞིང་ངོ་མཚར་བ་སྣང་མོད་ཀྱང་། ས་བྱིན་རླབས་དང་བསྲུང་བ་སོགས་སྐབས་འདིར་བྱས་པས་རྒྱལ་ཐོ་སྒོ་བྱང་དམ་སྲི་མ་ཏྲཾ་སོགས་ཐམས་ཅད་དེའི་ཁོག་ཏུ་ཡོད་གཤིས་ཐོག་མ་ནས་སྤྲོས་པ་ཆེ་ཞིང་བྱེད་རྒྱུ་མང་བ་དང་། དེ་མཚུངས་ལྷ་མི་ནས་བཟུང་དཀྱིལ་འཁོར་ཐམས་ཅད་ལ་ལྷ་སྟ་གོན་དང་བུམ་པ་སྟ་གོན་སོགས་སྡེབས་སུ་མཛད་ཅིང་། རྣལ་འབྱོར་ཆེན་པོའི་ཁྱད་ཆོས་འགའ་ཞིག་ཀྱང་ཐོག་མ་ནས་ཡར་སླེབས་པས་ཉན་རང་ནས་བཟུང་སྟེ་བསྟན་པར་མ་ཞུགས་པ་འགའ་ལ་གསང་སྒྲོག་གི་ཉེས་པར་འགྱུར་བ་ཙམ་ཡང་དོགས་ཤིང་། དཀྱིལ་འཁོར་ཐམས་ཅད་སྡེབས་སུ་བྲིས་ཏེ་དབང་བསྐུར་ཡང་ལྷན་ཅིག་ཏུ་བྱེད་པ་འདྲ་ཞིག་གི་སྒྲུབ་མཆོད་དབང་བསྐུར་ཐམས་ཅད་ཅུང་ཟད་མི་བདེ་བར་མངོན། ཁྱད་པར་སྒོ་འབྱེད་ཕྱག་རྡོར་ལ་སྒྲུབ་མཆོད་སོགས་ཟུར་ཙམ་ཡང་མེད་པར་སྔོན་འགྲོའི་ཚུལ་གྱིས་དབང་ཐོད་རྒལ་དུ་བསྐུར་ཚུལ་ཤིན་ཏུ་མི་རིགས་པར་མཐོང་བས། འདིར་ནི་ཟུར་ལུགས་བཞིན་བྲི་བར་བྱ་བ་ལ། ས་ཆོག་གི་རྩ་བའི་ས་བཅད་དྲུག་པ་བྱིན་རླབས་དང་། བདུན་པ་བསྲུང་བ་གཉིས་ཚོགས་ཆེན་གྱི་སྟ་གོན་དུས་འབྱུང་བས་འདིར་བཏང་སྙོམས་སུ་བཞག་གོ། །གཞན་ཡང་རང་ལུགས་སྐྱི་སྟོན་ཚེ་རིང་དབང་པོས་བསམ་རྩེར་མདོ་དབང་གནང་དུས་ཉིན་དང་པོ་རང་ལ་རྒྱལ་ཐོ་དམ་སྲི་སོགས་གནང་འདུག་ཅིང་། རྗེས་འཇུག་འདྲས་ཟིན་བྲིས་མཛད་པར་ཡང་དེ་ལྟར་སྣང་མོད། དེ་ལྟ་ན་ཡང་དེ་སྐབས་ཀཿཐོག་ལུགས་ཁོ་ན་དར་བས་གཞན་གྱི་ལད་ཟློས་ལྟ་བུར་སྣང་ཞིང་རང་གཞུང་དང་མ་མཐུན་ལ། འོན་ཀྱང་རྣམ་པ་གཅིག་ཏུ་ལྷ་སྟ་གོན་སོགས་ཚོགས་ཆེན་དཀྱིལ་འཁོར་གྱི་སྤྲོས་པ་མཐའ་དག་མ་བླངས་ཕྱིན་རྒྱལ་ཐོ། སྒོ་བྱང་། སྲི་གནོན་རྣམས་མཛད་པ་སྐྱོན་ཆེར་མེད་ཅིང་། ཁྱད་པར་དམ་སྲི་གནོན་པ་མི་རུང་བ་མེད་དེ། གླན་སྟོན་བསོད་ནམས་མགོན་པོའི་ཆོག་ཁྲིགས་ལས། ས་བཅད་བརྒྱད་པ་བཤད་པའི་རྗེས་སུ་ཕུར་པ་དྲུག་སྐོར་གྱི་དམ་སྲིའི་མགོ་བརྡུངས་ཏེ། དེ་ཡང་ངག་ནུས་དང་ལྡན་པའི་སྔགས་པ་གཉིས་ཀྱི་རྡོ་རྗེ་ཕུར་པའི་ཕྲིན་ཆོག་ཚང་བ་ཞིག་གྱེར་ནས། ཚོགས་ཐ་མའི་དུས་སུ་བསྟན་པ་ལ་གནོད་པའི་དགྲ་དང་བགེགས་གང་རུང་གི་ལིདྒ་ལ་དགུག་གཞུག་བྱ་སྟེ། ཐེམ་པའི་ཕྱི་རོལ་དུ་དོང་གྲུ་གསུམ་པ་བྲུས་པར་མནན་ལ་དྲག་པོའི་བྲོ་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཁོ་བོའི་བླ་མ་ཁྱབ་བདག་སྨན་ལུང་པ་ཆེན་པོས་བདག་སྨིན་པར་མཛད་དུས། སྤྱིར་བཤད་པས་མཐའ་བཅད་དེ་ཕྱག་ལེན་དངོས་ཟུར་ལུགས་སོར་གནས་གོང་གསལ་ལྟར་མཛད་པས་ན། འདིར་ཡང་བླ་མ་དམ་པའི་མན་ངག་གི་རྗེས་སུ་འབྲངས་ཏེ་འཆད་པར་བྱེད་དགོས་པས་ས་བཅད་དྲུག་བདུན་གཉིས་དོར་ནས། བརྒྱད་པ་བཟུང་བ་ནི། རྩ་བར། དེ་ཡང་། ཆ་རྐྱེན་བསྡུས་ཤིང་སློབ་མ་རྣམས། །ནང་དུ་འདུས་ལ་གླེང་གཞི་བཤད། །གེགས་བརྒྱད་བཤད་ལ་ཐུགས་དམ་བསྐང་། །འདི་དག་དབང་གི་སྔོན་འགྲོ་ཡིན། །ཞེས་གསུངས་པས་ཐོག་མར་ཆ་རྐྱེན་བསྡུ་བ་ནི། ཀུན་འདུས་ལས། འབྱོར་པའི་ཡོ་བྱད་ཚང་བ་ནི། །བདེ་བ་ཆེན་པོའི་ཚོགས་སུ་བཤད། །ཅེས་དང་། ཁུ་བྱུག རོལ་པའི་རྒྱུད་ཕྱི་མ་ལས། ཀུན་ཏུ་རྒྱུ་དང་གལ་ཕྱི་དང་། །ཟླ་རྒྱས་ཟླ་ཁྲོམ་ལྔ་གསུམ་རྫས། །སྒྲུབ་པ་ཚོགས་ཀྱི་རྫས་སུ་བཞག །ཅེས་སོ། །དཀྱིལ་འཁོར་དབང་གི་རྫས་ནི། མདའ་དང་དར་དང་རལ་གྲི་དང། །ཐུགས་རྗེའི་རྒྱུན་ཐག་ཕུར་བུ་དང་། །འཕན་དང་བླ་བྲེ་རྒྱལ་མཚན་དང་། །དོ་ཤལ་རྫས་རྣམས་བསྡུས་ཏེ་བཞག །ཅེས་གསུངས་པས། གཞུང་ནས་འབྱུང་བ་བཞིན་བཤམ་སྟེ་དབང་གི་བུམ་པ་ལྔ། ལས་བུམ་དང་ཕྱི་ནང་གསང་བའི་རྫས་རྣམས་ཚང་བར་བསགས་ལ། ཞེས་འབྱུང་བས་གོང་དུ་ཡོ་བྱད་ཕུན་ཚོགས་ཀྱི་སྐབས་ལྟར་བསག་གོ། །ཕྱི་འཇིག་རྟེན་པའི་ཐུགས་དམ་བསྐང་བ་ནི། དར་འཕྱར། རོལ་མོའི་སྒྲ་སྒྲོག །བྱིན་གྱིས་བརླབ་ལ་གསེར་སྐྱེམས་རྒྱས་པར་བཏང་། ཁྱད་པར་གཞི་བདག་ལ་གསེར་སྐྱེམས་དང་གཏོར་མ་བྱིན་ལ་སྡོང་གྲོགས་གཞོལ་ལོ། །ཞེས་པ་ནི་སྔ་འགྱུར་གྱི་རིང་ལུགས་ལས་ཇི་ལྟར་འབྱུང་བ་བཞིན་ཐོག་མཐའ་བར་མཚམས་ཐམས་ཅད་དུ་ལྷ་བསངས་རྒྱགས་རྔན་གསེར་སྐྱེམས་སོགས་རྒྱས་པ་ཡང་ཡང་བྱའོ། །གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་ཆ་གསུམ་བཏང་ལ་ཐུགས་དམ་བསྐང་། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ལ་ཕུད་གཏོར་སྦྱིན་ལ་སྒྲུབ་པ་ཆེན་པོ་འདི་ལ་ཞུགས་ནས་མ་ཐོན་གྱི་བར་ལ་བར་ཆད་མ་བྱེད་པར་བཀའ་བསྒོ། ཞེས་པ་ནི། སྔོན་འགྲོར་ཆ་གསུམ་གྱི་དཀྱིལ་འཁོར་བྲིས་ནས་དབང་མ་ཚར་གྱི་བར་དུ་ཉིན་རེ་བཞིན་ཆ་གསུམ་གྱི་ཆོ་ག་བྱེད་དགོས་པས་དེར་ཚང་། ཁྱད་པར་དུ་མགོན་པོ་དང་ལྷ་མོ་ལ་སྒྲུབ་པའི་སྡོང་གྲོགས་ཞུ། དཀོན་མཆོག་གསུམ་ལ་གསོལ་བ་དྲག་ཏུ་གདབ་བོ། །ཞེས་པ་ནི་སྤྱིར་བཀའ་གཏེར་གྱི་མ་མགོན་གང་རིགས་མཆོད་པས་ཀྱང་ཁྱབ་མོད་དེ། འདིར་ནི་མདོ་མགོན་ལེགས་ལྡན་ལྕམ་དྲལ་གྱི་གཏོར་བསྔོ་མཛད་སྲོལ་ཡོད། གཙོ་བོར་དཀོན་མཆོག་གསུམ་ལ་བར་གཅོད་མེད་ཅིང་སྨིན་གྲོལ་འབྱུང་བའི་གསོལ་བ་ཁ་ཞེ་མེད་པར་གདབ་བོ། །ནང་གི་ཐུགས་དམ་བསྐང་བ་ནི། ཆ་གསུམ་དྲི་ཆབ་ཁྱེར་ལ་ཚོགས་ལས་བྱ། །ཞེས་བྱ་བ་ནི་ཚུགས་ནས་མ་གྲོལ་གྱི་བར་ནུབ་རེ་བཞིན་ཞི་ཁྲོའི་ཕྲིན་ལས་ཚོགས་དང་བཅས་པ་རེ་བྱ་དགོས། མཆོད་པ་མདོས་ཀྱི་དཀྱིལ་འཁོར་བཞེངས་ལ་ཕྱི་ཆ་མཐུན་སྤྲུལ་པའི་མ་མོ་གཞུང་བཞིན་མཆོད་ལ་ཐུགས་དམ་བསྐུལ། ནང་ཏིང་ངེ་འཛིན་གྱི་མ་མོ་ཡིག་འབྲུའི་སྒོ་ནས་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས་བསྟིམ། མཆོད་བསྟོད་འདོད་པའི་དོན་ལ་གསོལ་བ་གདབ། གསང་བ་ཐིག་ལེའི་མ་མོ་ཙཎྜ་ལིའི་གནས་ཀྱིས་རྩ་རླུང་གཅུན། རང་བཞིན་ལྷུན་གྲུབ་ཀྱི་མ་མོ་མཁའ་ཀློང་གཉིས་སུ་མེད་པའི་ངང་དུ་ལ་བ ཟླ། སྲུང་མ་ཐུགས་དམ་ཅན་ལ་བར་ཆད་བསྲུང་བར་བཀའ་བསྒོ་བྱ། མ་འདྲེས་པ་བསྲེ་བའི་ཆོ་ག་བྱའོ། །ཞེས་གསུངས་པ་ནི། ཕྱིའི་མ་མོ་སྐོང་ཕྱིར་རྒྱས་པར་ན་མ་མོ་སྲིད་པ་བེམ་མདོས་ལྟ་བུ་གྲུབ་ན་བྱ། དེ་ལྟར་མིན་ཀྱང་མ་མོ་ཁྲག་མདོས་སམ། སྔགས་སྲུང་ཨེ་ཀ་ཛཱ་ཊིའམ། རེ་མ་ཏིའི་བསྐང་མདོས་སམ། ཆོས་རྒྱལ་དབང་པོའི་སྡེའི་དག་སྣང་སྲིད་པ་སྤྱི་མདོས་ལྟ་བུ་ཞིག་ངེས་པར་བཤམ་དགོས་ཤིང་ཚོགས་ཆེན་གྱི་དུས་ཀྱང་བྱང་ཤར་དུ་མདོས་རཀ་ཅེས་བྱུང་བས་བཤམ་དགོས་སོ། །ནང་གི་མ་མོ་མཆོད་བསྟོད་བྱ་བ་ནི། མངོན་རྫོགས་མ་མོའི་ལས་གཞུང་བསྲང་ཐུབ་ན་རབ། དེ་མིན་ཡེ་ཤེས་དང་འཇིག་རྟེན་གྱི་མ་མོ་ཐམས་ཅད་རྡོ་རྗེ་ཁྲོ་མོ་རག་གདོང་མ་ཉིད་ལ་འདུས་ཤིང་གསང་སྔགས་སྙིང་པོའི་བསྟན་སྲུང་གི་གཙོ་བོར་བཞུགས་པས་འདི་ཉིད་ཀྱི་མཆོད་བསྟོད་ལ་འབད་པས་འཐུས་པར་ཁོ་བོ་སེམས་སོ། །གསང་བ་དང་རང་བཞིན་གྱི་མ་མོ་གཅུན་ཐབས་ནི་ཨ་ནུ་དང་ཨ་ཏིའི་རྣལ་འབྱོར་ཟབ་མོ་ལས་མ་གཡོས་པར་བསྐྱངས། གཞན་ཡང་དམ་ཆོས་སྐྱོང་བའི་སྲུང་མ་སྤྱི་སྒེར་ཐམས་ཅད་ལ་ཚོགས་བསྐང་རྒྱས་པར་བྱ་ཞིང་ཕྲིན་ལས་གཞོལ། དམ་མ་འདྲེས་པ་བསྲེ་བའི་ཆོ་ག་ཡང་ཚོགས་ཆེན་གྱི་སྐབས་སུ་ཤེས་པར་བྱ་ལ། རྩ་བར། དེ་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་དེ། ཞེས་སློབ་མ་འདུས་པ་ལ་ཆོས་བཤད་སྐབས་འདིར་བྱེད་པར་བཤད་ཀྱང་འོག་ཏུ་གླེང་གཞི་བཤད་པ་དང་། གེགས་བརྒྱད་བཤད་པ་ནི་སྔོན་འགྲོའི་དབང་དུས་སུ་འབྱུང་བ་ལྟར་དེ་དང་སྦྱར་ཏེ་འཆད་པས་རྟོགས་པར་བྱའོ། །འོག་ནས་འབྱུང་བའི་དཀྱིལ་འཁོར་མཐའ་དག་གི་སའི་ཆོ་ག་རྣམས་འདིས་ཁྱབ་ལ། ལྷ་སྟ་གོན་བྱ་རྒྱུད་ཡན་ལ་མ་གསུངས་པ་དང་། ཐིག་ཚོན་བྱིན་རླབས་ཚོགས་ཆེན་འདུས་པའི་སྐབས་སུ་རྒྱས་པར་འབྱུང་ཞིང་དཀྱིལ་འཁོར་གཞན་རྣམས་ལ་མི་གསལ་ཡང་། ཐིག་ཚོན་བྱིན་གྱིས་མ་བརླབས་པར་བྲིར་མི་རུང་ཞིང་། འོན་ཀྱང་ལས་ཐིག་ཁོ་ན་ཡེ་ཐིག་ཏུ་བྱིན་གྱིས་བརླབ་པ་དང་། ཚོན་བྱིན་གྱིས་བརླབ་པའི་ཚུལ་མདོར་བསྡུས་པར་འདོད་ན། ལས་ཐིག་གི་སྲད་བུ་དཀར་ཆལ་ལ་སྦང་དུ་རུང་བ་དང་། ཚོན་ལྔ་རིན་པོ་ཆེའི་སྣོད་དུ་འདུ་བྱས་ཏེ། དབུས་སུ་སྔོན་པོ་ལ་ཧཱུཾ། ཤར་དུ་དཀར་པོ་ལ་ༀ། ལྷོར་སེར་པོ་ལ་སྭཱ། ནུབ་ཏུ་དམར་པོ་ལ་ཨཱཾ། བྱང་དུ་ལྗང་གུ་ལ་ཧཱ་རྣམས་རྡོ་རྗེའི་རྭ་རྩེས་བྲིས་ལ་བཀོད་པའི་མཐར་ཉེར་སྤྱོད་ལྔ་བཤམ་པའམ་ཡིད་མཆོད་ཀྱིས་ཀྱང་རུང་། གོང་དུ་ལྔ་པ་ས་སྦྱང་བ་ལ་བཞིའི་ཏིང་ངེ་འཛིན་གྱིས་སྦྱང་བ་ལ་གཉིས་ཀྱི་མཚན་མེད་དང་མཚན་བཅས་ཀྱི་སྐབས་སུ་སྣང་སྲིད་ཐམས་ཅད་དཀྱིལ་འཁོར་དུ་སྒོམ་པའི་ཚེ་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་ཟིན་པས། དེ་ལྟ་བུའི་ང་རྒྱལ་གནས་བཞིན་པས་ཐིག་ཚོན་བྱིན་བརླབ་བྱས་ཀྱང་མི་རུང་བ་མ་ཡིན་མོད། འོན་ཀྱང་སྐབས་སུ་བབས་པ་རང་ཐུན་མཚམས་ཀྱི་ལྷ་རྡོ་རྗེ་སེམས་དཔར་ལམ་གྱིས་བལྟས་ལ་དེའི་ང་རྒྱལ་གྱིས་ཐིག་ཚོན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལྔའི་སྟེང་དུ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་སྟེ་ཡིག་འབྲུ་ལྔར་གྱུར། ༀ་བཛྲ་ས་མ་ཡ་ཛཿཨེ་ཧྱེ་ཧི། ལན་གསུམ་གྱིས་རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་བཛྲ་ཏིཥྛ་ཏིཥྛ་གུ་ཧྱེ་ས་མ་ཡ་ཛྙཱ་ན་ཨཾ་གུ་ཤ་ཛཿ ཛཿ ལན་གསུམ་བརྗོད་པས། སངས་རྒྱས་རྣམས་ཀྱི་སྦྱོར་མཚམས་ནས་བྱང་སེམས་ཀྱི་ཆུ་རྒྱུན་ཡེ་ཤེས་ཁ་དོག་ལྔའི་རང་བཞིན་བྱུང་། ཐིག་ཚོན་ལ་ཐིམ་པར་བསམ་མོ། །ཚོན་གྱི་ཡིག་འབྲུ་རྣམས་སྲིན་ལག་གིས་མཉེ་ཞིང་ཐིག་སྐུད་འཕུར་རོ། །དེ་ལྟར་བྱིན་གྱིས་བརླབ་པའི་ལས་ཐིག་ཡེ་ཤེས་ཀྱི་ཐིག་གི་རང་བཞིན་ཅན་དེས་ཚོགས་ཆེན་ཡན་ཆོད་ཀྱི་དཀྱིལ་འཁོར་རྣམས་ཀྱི་ལས་ཐིག་བྱ། བྱིན་གྱིས་བརླབས་པའི་ཚོན་དེ་རྣམས་ཀྱིས་འོག་ཏུ་དཀྱིལ་འཁོར་གང་འབྲི་བ་དེ་རྣམས་ལ་འདྲེས་པར་བྱའོ། །ཐིག་ཚོན་གྱི་ཆོ་ག་མདོར་བསྡུས་པའོ། །དེ་ནས་སྔོན་འགྲོ་ཕྱག་ན་རྡོ་རྗེའི་དབང་བསྐུར་བ་ལ། དཀྱིལ་འཁོར་གཉིས་ཏེ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ཐིག་ལེ་དབང་གི་རྒྱུད་ལས་གསུངས་པ་དང་། དཔུང་བཟང་གི་རྒྱུད་ལས་གསུངས་པའི་ཆ་གསུམ་གྱི་དཀྱིལ་འཁོར་གཉིས་སོ། །ཇི་ལྟར་བྲི་བའི་ཚུལ་ནི། རྩ་བར། དང་པོ་དཀྱིལ་འཁོར་ཇི་ཙམ་རིགས་པར་འཁོར་ལོ་རྩིབས་བཞི་སེར། ལྟེ་བ་མཐིང་། མུ་ཁྱུད་ལྕགས་ཁ། གྲ་ཁྱམས་སྒོ་ཕྱོགས་མདོག །གཞན་སྤྱི་དང་མཐུན་ནོ། །ཆ་གསུམ་གྱི་དཀྱིལ་འཁོར་གྱི་དབུས་སུ་ལིང་ཚེ་དགུའི་དབུས་མཐིང་། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང། མཚམས་མཛེས་ཚོན། མུ་ཁྱུད་སོགས་སྒོ་རྟ་བབས་ཐམས་ཅད་མཐུན་ནོ། །ཞེས་གསུངས་པ་ལ། ཟུར་ཧྭཾ་ཤཱཀ་འབྱུང་གིས་ཕྱག་རྡོར་གྱི་དབང་ལོགས་སུ་བཀོལ་བའི་དཀྱིལ་འཁོར་བྲི་ཚུལ་ལས། དབུས་པདྨ་འདབ་བཞི་འཁོར་ལོ་རྩིབས་བཞི་རྒྱ་གྲམ་རྭ་བཞི་གང་བྱས་ཀྱང་རུང་ཞེས་གསུངས་ཀྱང་ཕྱག་ལེན་དུ་སྔ་མ་ལྟར་མཛད་ཅིང་། རྩིབས་ཕྱོགས་མདོག་གམ་སེར་པོ་གང་བདེར་མཛད། གློ་འབུར་གྱི་གྲུ་ཆད་ལྗང་གུ་དང་ཕྱིའི་ཁྱམས་ཕྱོགས་མདོག་ཏུ་བྲིའོ། །དཀྱིལ་འཁོར་གཉིས་ཀའི་རྩིག་པ་ནང་ནས་མཐིང་དཀར་སེར་དམར་ལྗང་བ། མུན་པ་དང་གླང་རྒྱབ་ནག་པོ། ཀ་བ་ཕྱོགས་མདོག །ཀ་རྒྱན་མཛེས་ཚོན། འདོད་སྣམ་དམར་པོ། ཕ་གུ་སེར་པོ། དྲྭ་གཞི་ནག་པོ་དྲྭ་ཕྱེད་དཀར་པོ། མདའ་ཡབ་སྔོན་པོ། པུ་ཤུ་དཀར་པོ། རྟ་བབས་བཞི་སེར། སྔོ། དམར། ལྗང་བ་པདྨ་ཆོས་འཁོར་གདུགས་ཏོག་ཅན། རྭ་ཕྱོགས་མདོག །ཉི་དཀྱིལ་ལྗང་སེར། པདྨ་སྣ་ཚོགས། རྡོ་ར་མེ་རི་སོགས་སྤྱི་ལྟར་རོ། །ཆ་གསུམ་གྱི་དཀྱིལ་འཁོར་ལ་ལྷ་སྣམ་ལྗང་གུ་ལ་ཕྱོགས་སྐྱོང་བཅུ། པདྨའི་ཕྱིར་ཁོར་ཡུག་ནག་པོ་ལ་འབྱུང་པོ་སྡེ་བརྒྱད་བགེགས་རིགས་ཀྱི་གནས་སོ། །དེ་གཉིས་ལ་འོག་ནས་འབྱུང་བའི་ལྷའི་མངོན་རྟོགས་དང་མཐུན་པར་ཕྱག་མཚན་ནམ་ས་བོན་ཚོན་སྤུངས་སོགས་ཀྱི་མཚན་མ་བཀོད། རྩ་བར། དཀྱིལ་འཁོར་བྲི་བ་ཟིན་ནས་དེའི་ཐ་མར་ཡན་ལག་མཆོད་པ། ཁྲུས་ཆུ། སྐུ་ཕྱིས། བཟེད་ཞལ་དུ་ཨརྒྷཾ། མེ་ཏོག །བདུག་པ། མར་མེ། དྲི། ཞལ་ཟས། མཎྜལ། རོལ་མོ་དང། ཕྱིའི་དཀོན་མཆོག་དང་། ཆོས་སྐྱོང་འགྲོ་དྲུག་བགེགས་རྣམས་ལ་དཀར་གཏོར་ཆ་གསུམ་དང་ཞེས་གསུངས་པས། དེ་ལྟར་བཤམ་ཚུལ་ནི། འདིའི་སྐབས་ཀྱི་དཀྱིལ་འཁོར་གཉིས་ཀ་སྤྱོད་རྒྱུད་ཡིན་ཕྱིར་ཞལ་ཕྱོགས་ཆེན་གྱི་ནུབ་ཏུ་གཟིགས་པར་བཤམ་ན་སྒོམ་བདེ། འོན་ཀྱང་གནས་ཁང་དང་སྦྱར་བའི་རྒྱབ་མ་ཡིན་པའི་གང་བདེར་བཤམ་པའམ་བླ་མའི་ཁྲི་དང་ཞལ་སྤྲོད་དུ་བྱ་ཐུབ་ན་སྒོམ་བདེ། དཀྱིལ་འཁོར་གཉིས་ཀའི་མེ་རིའི་ཕྱིར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས་རྣམས་བཀོད་ལེགས་སུ་བཤམ། ཕྱག་རྡོར་གྱི་དཀྱིལ་འཁོར་ལ་དཀར་གཏོར་ཟླུམ་པོ་མཐེབ་སྐྱུས་བསྐོར་བ་རྒྱན་གྱིས་བརྒྱན་པ་ཞིག་དང་། ཆ་གསུམ་གྱི་དཀྱིལ་འཁོར་ལ་ཆ་དང་པོ་ཕྱོགས་སྐྱོང་མགོན་པོ་རྣམས་དང་། ཆ་གཉིས་པ་འབྱུང་པོ་རྣམས་ལ་དཀར་གཏོར་ཟླུམ་པོ་མཐེབ་སྐྱུ་བཞིས་བསྐོར་བ་གཉིས། རིགས་དྲུག་དང་བྱེ་བྲག་ཡི་དྭགས་ལ་བསིལ་གཏོར་ཆ། ཆ་གསུམ་པ་བགེགས་རིགས་ལ་བགེགས་གཏོར་ཕྱག་ལེན་བཞིན་བཤམ་མོ། །རྩ་བར། ནང་གི་སྨན་གཏོར་རཀྟ་ཚོགས་དང་བཅས་པ་བཤམ་སྟེ་ཕྱི་ལྟར་ཕྱག་རྡོ་ཉིད། ནང་ལྟར་རྡོ་རྗེ་སེམས་དཔའ་དང་ཧེ་རུ་ཀ་དང་ཆོས་སྐྱོང་མགོན་པོ་ལྕམ་དྲལ་ལོ། །ཞེས་གསུངས་པས་སྨན་གཏོར་རཀྟ་ཚོགས་རྣམས་དཀྱིལ་འཁོར་གཉིས་ཀྱི་མཆོད་པའི་ཡོ་བྱད་དུ་བཤམ་ཀྱང་མི་འགལ་མོད། འོན་ཀྱང་གོང་དུ་ཞི་ཐུང་གི་ཆོ་ག་བྱས་མ་ཐག་ཡིན་པས་དེར་སླར་ཡང་རྩ་བ་གསུམ་ལ་མཆོད་གཏོར་ཚོགས་དང་བཅས་རྒྱ་ཆེར་བཤམ་པས་ཁྱབ་བོ། །རྩ་བར། དེ་ནས་གུ་གུལ་གྱིས་བུམ་པ་བསང་། དྲི་ཆུ་བུམ་རྫས་མགུལ་ཆིངས་ཁ་རྒྱན་དང་བཅས་པ། གཙོ་བོ་དང་། ལས་བུམ་དང་། དཀྱིལ་འཁོར་དང་བླ་མ་དང་གཞན་ཇི་ལྟར་འོས་པ་བཤམ་ཞིང་ཙཀླི་ཡང་འགོད་དོ། །སྐྱབས་འགྲོའི་རྟེན་ཐུབ་པའི་སྐུ་དང་འཐོར་ནས་དང་གསེར་སྐྱེམས་ཡང་བཤམ་མོ། །སྔ་དྲོ་གཏོར་མ་བརྒྱ་རྩ་དང་ཆབ་གཏོར་ཀླུ་གཏོར་ཡང་བཏང་ངོ་། །ཞེས་གསུངས་པས། རིན་པོ་ཆེའི་བུམ་པ་གཉིས་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། ཧཱུཾ་བཞིའི་སྔགས་ཀྱིས་བགེགས་བསྐྲད། རཾ་ཡཾ་ཁཾ་གིས་སྦྱང་། སྤོས་དྲི་ཞིམ་པོས་བདུག །ནང་གཙང་པོའི་ཆུ་ལ་སོགས་པ་རྒྱ་མཚོར་འབབ་པའི་ཆུས་སུམ་གཉིས་བཀང་དགོས་ཏེ་དྲང་སྲོང་མང་པོའི་ཁྲུས་ཆུའི་རྟ་ཡོད་པས་བྱིན་ཆེ་གསུང་ངོ་། གུར་གུམ་གྱིས་མདོག་བསྒྱུར། བུམ་རྫས་ཉེར་ལྔ་བླུག །རྣམ་རྒྱལ་ལ་མགུལ་ཆིངས་སྔོན་པོ་དང་རྡོ་རྗེའི་མཚན་མ། ལས་བུམ་ལ་ལྗང་གུ་དང་རྒྱ་གྲམ་གྱིས་མཚན་མ་བྱ། ཀུ་ཤ་དང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན། གཉིས་ཀ་ལ་གཟུངས་རྡོར་དང་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་བཞག་པ། རྣམ་རྒྱལ་ཕྱག་རྡོར་གྱི་དཀྱིལ་འཁོར་དབུས་སུ་མཉྫིའི་ཁྲིར་བཀོད། ལས་བུམ་སློབ་དཔོན་གྱི་མདུན་དུ་བཤམ། དཀྱིལ་འཁོར་གཉིས་ལ་ལྷ་རྣམས་ཀྱི་ཙཀླི་བཀོད་པར་འདིར་ཡང་བཤད་ཅིང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལས་ཀྱང་དེ་ལྟར་དུ་བཤད་པས་ཙཀླི་བཀོད་ཚེ་རྡུལ་ཚོན་གྱི་མཚན་མ་མི་དགོས། འོན་ཀྱང་ཕྱག་ལེན་དུ་གཙོ་བོ་ཙམ་མ་གཏོགས་འཁོར་ལ་ལྷ་དབང་མེད་ཕྱིར་ཙཀླི་མེད་པས་རྡུལ་ཚོན་གྱི་མཚན་མ་འགོད་པར་མཛད། འདི་ནས་བཟུང་ལྷ་མི་ཉན་རང་བྱང་སེམས་ཀྱི་སྡོམ་རྟེན་དུ་བཀོད་པས་མཛེས་པའི་ཁྲིར་སྟོན་པའི་སྐུ་བྱིན་རླབས་ཅན་ན་བཟའ་བཀླུབས་པ་བཞུགས་པའི་མདུན་དུ་མཆོད་སྟེགས་བང་རིམ་ཅན་ལ་ཉེར་སྤྱོད་ཀྱི་ཕྲེང་བ་ཚར་དུ་དང ར་བ་བཤམ། སློབ་དཔོན་གྱི་མདུན་དུ་དུང་ཆོས་ལྟ་བུར་དྲི་བཟང་བཏབ་པའི་བསང་ཆུ། འཐོར་བྱེད་ཀུ་ཤ་དང་བཅས་པ་དང་། རྡོར་དྲིལ་ཌཱ་མ་རུ་གདབ་ཕུར་འཐོར་ནས་ཡུངས་ཐུན་གུ་གུལ་སོགས་ཐམས་ཅད་འཚོགས་པར་བྱ། འོག་ཏུ་དགོས་པའི་བགེགས་གཏོར་དང་། མཎྜལ་མེ་ཏོག་དང་བཅས་པ། དཀྱིལ་འཁོར་གཉིས་ཀྱི་མཆོད་པ་ཁ་གསོ་བའི་ཡོ་བྱད་ཆུ་གཙང་། མེ་ཏོག །སྤོས་རེང་། མར་མེ། ཞལ་ཟས་སོགས་ཀྱང་ཅི་འབྱོར་མི་བྲེལ་བར་བཤམ་པར་བྱའོ། །དུས་ཐམས་ཅད་དུ་ཕྱི་གཏོར་བརྒྱ་རྩ་དང་། ཀླུ་ཐེབས་སོགས་ཀྱི་ཚེ་ཀླུ་གཏོར་ཡང་བྱ་སྟེ་ས་གཞི་རྣམས་ཀླུས་དབང་བྱེད་པའི་ཕྱིར་རོ། །རྩ་བར། དེ་ནས་རང་ཉིད་སྟན་བདེ་བ་ལ་འདུག་སྟེ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། ཞེས་འབྱུང་བས་སློབ་དཔོན་སྟན་ལ་འཁོད་དེ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་བཛྲ་ས་མཱ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ལན་གསུམ་དང་། འོག་ཏུ་དབང་གི་སྔོན་འགྲོ་ནས་འབྱུང་བ་ལྟར། ཕྱོགས་དུས་ཀུན་ནས་བརྩེ་བར་བཞུགས་པ་ཡི། །བླ་མ་དཀོན་མཆོག་ཐམས་ཅད་དགོངས་སུ་གསོལ། །ཞེས་སོགས་དང་། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི། ཞེས་སོགས་ཀྱི་སྐྱབས་འགྲོ་རྣམས་ལན་གསུམ་རེ་དང་། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་བསྐྱེད་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པའི་སེམས་བསྐྱེད་ལན་གསུམ་བྱ། འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་བླ་དཔེར་རིགས་སྲས་མངའ་རིས་པཎ་ཆེན་རིན་པོ་ཆེས་མཆན་བུ་མཛད་པ་ལས། དབང་འདི་ནས་འགོ་བཟུང་ནས་ཐེག་པ་རིམ་པ་ཐམས་ཅད་ཀྱི་དབང་ལ་བདག་མདུན་བུམ་པ་དབང་རྫས་རྣམས་སྒྲུབ་ཅིང་མཆོད་བསྟོད་གསོལ་བཏབ་སོགས་ཚར་མཚམས་སུ་སློབ་བུ་ལ་ཇི་ལྟར་བསྒོམ་བའི་ཚིག་དང་། དབང་རྣམས་མ་ལུས་པར་རང་གི་དབང་ནོས་པའི་བླ་མ་དེ་འདི་སྐབས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་དུ་བྱས་ནས། དེས་གནང་བར་མོས་ནས་ཡོངས་སུ་རྫོགས་པར་བླང་ཞིང་མཎྜལ་ཕྱག་སོགས་གཏང་རག་ཚར་རྗེས་སློབ་བུ་འཇུག་ཅིང་དབང་སྦྱིན་པ་གནད་ཆེ་གསུང་། ཐམས་ཅད་མཁྱེན་པ་ཟུར་ཧྭཾ་རིན་པོ་ཆེའི་ཞལ་གདམས་སོ། །ཞེས་གསུངས་པས། །བདག་མདུན་བུམ་གསུམ་གྱི་གོ་རིམས་སུ་སྡེབས་ན་བླ་མ་གོང་མའི་ཕྱག་བཞེས་དང་མཐུན་པར་འདུག་པས་དེ་ལྟར་བྱས་ན་འཐད་པར་མཐོང་ལ། འོན་ཀྱང་རྩ་བར་མདུན་བསྐྱེད་དང་བུམ་བསྐྱེད་ཙམ་ལས་བདག་བསྐྱེད་ཁ་གསལ་མི་འདུག་པ་བདག་མདུན་དབྱེར་མེད་ལ་དགོངས་ཤིང་། སློབ་མ་ལ་དབང་བསྐུར་ཁར་རང་གསང་བདག་གི་ང་རྒྱལ་དང་ལྡན་པས་ཞེས་གསུངས་པས་བདག་བསྐྱེད་ཟུར་ཙམ་སྨོས་པ་ཡིན་པས། བདག་བསྐྱེད་བྱ་བ་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ་རང་གི་སེམས་ཉིད་ཧཱུཾ་སྔོན་པོ་ཡོངས་སུ་གྱུར་པ་ལས། གསེར་གྱི་རྡོ་རྗེ་རྩེ་ལྔ་ཧཱུཾ་གིས་མཚན་པར་གྱུར། །དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་བཞེངས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་ཁྲོ་གཉེར་བསྡུས་པ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། སྤྱན་གསུམ་གྱེན་དུ་ལྡོག་ཅིང་། སྨ་ར་ཨག་ཚོམས་སྨིན་མ་མེ་ལྟར་འབར་བ། རུས་པ་དང་རིན་པོ་ཆེ་རྒྱན་གྱིས་བརྒྱན་ཅིང་། པ་ཏི་ཁྲ་བོའི་ན་བཟའ་དང་། དར་སྔོན་པོ་དང་། སེང་གེའི་པགས་པས་སྟོད་གཡོགས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་ༀ་བཛྲ་ས་མཱ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་སྤྱན་དྲངས་ལ་བསྟིམ། ༀ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ ༀ་ཨཱཿཧཱུཾ་ཞེས་དབང་བསྐུར་ཞིང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུཾ་ལ་སྔགས་ཕྲེང་གིས་བསྐོར་བ་ལ་འོད་ཟེར་འཕྲོས་ཤིང་དོན་གཉིས་བྱས། ཚུར་འདུས་བདག་ལ་ཐིམ་པས་བྱིན་གྱིས་བརླབ་པར་བསམ་ཞིང་། ༀ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྒྱ་སྟོང་དུ་བཟླའོ། །བཅོམ་ལྡན་འདས་བདག་ལ་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། རྩ་བར། མདུན་བསྐྱེད་ཟིན་ནས་ཆ་གསུམ་གྱི་སྔོན་དུ་སྐྱབས་འགྲོ་ཡན་ལག་བདུན་པས་ཕྱག་བཙལ་བས། རང་གཙོ་བོའི་ཐུགས་ཀའི་ལྷ་དང་མཆོད་རྫས་ཀྱི་དྲི་མ་ཐམས་ཅད་དག་པར་བསམ་ཞིང་ཡེ་དྷརྨཱ་བཟླས་ཏེ། ཕྱོགས་ཐམས་ཅད་དུ་མེ་ཏོག་གཏོར་ཞིང་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་བསམ་གྱིས་མི་ཁྱབ་པར་བསམ་ལ། ཞེས་གསུངས་པ་ནི་གབ་དཀྲུགས་ཡིན་པས། འདིར་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་རྫས་བྱིན་བརླབ་བྱེད་དགོས་པ་གསལ་པོར་བཤད་པ་ཡིན། དེ་ཡང་ཟུར་ཐམས་ཅད་མཁྱེན་པའི་ཕྱག་རྡོར་དབང་གི་ཟིན་བྲིས་ལས། ལྷའི་ཐུགས་ཀའི་འོད་ཟེར་གྱིས་བྱིན་གྱིས་བརླབ། མ་དག་པ་སྦྱང་། དངོས་གྲུབ་ཀྱི་རྫས་ཡེ་ཤེས་ཀྱི་རང་སྣང་དུ་བྱས་པ་ལ་ལྷའི་འཛབ་བཟླས་ཀྱིས་ནུས་པ་བསྐྱེད། ཡེ་དྷ རྨཱ་བགྲངས་ཤིང་བསྔགས་པའི་མེ་ཏོག་འཐོར། དཀོན་མཆོག་གསུམ་གྱི་འོད་ཟེར་བསྟིམ་ལ། རྡོ་རྗེ་དྲིལ་བུ་བཟུང་སྐོར་བ་ལན་བདུན་དང་། ཡིག་བརྒྱ་རོལ་མོ་དང་བཅས་པས་ལྷག་ཆད་ནོངས་པ་བསྐང་། ཤོམས་ཚར་བ་དང་རབ་གནས་དང་མཆོད་པ་བྱེད། ཅེས་གསུངས་པས་རྒྱས་པར་སྤྲོས་ན་དེ་ལྟར་བྱེད། ཧ་ཅང་སྤྲོས་པས་དུབ་ན་རང་ཕྱག་རྡོར་གྱི་ང་རྒྱལ་ལ་གནས་པའ་རྡོར་དྲིལ་འཛིན་ཅིང་རྩ་སྔགས་ཀྱིས་འགོ་མནན་པའི་རྟེན་འབྲེལ་སྙིང་པོས་བསྔགས་པའི་མེ་ཏོག་གནས་ཁང་། ཡོ་བྱད། མཆོད་རྫས། དཀྱིལ་འཁོར་ཐམས་ཅད་ལ་གཏོར་ལ། ཐུགས་ཀའི་འོད་ཟེར་གྱིས་མ་དག་པ་བསངས་ཤིང་བྱིན་གྱིས་བརླབ་བོ། །སྐྱབས་འགྲོ་དང་ཡན་ལག་བདུན་པ་སོང་མ་ཐག་པ་ཡིན་ལ། མཆོད་རྫས་རྣམས་བརླབ་པ་ནི། དཀྱིལ་འཁོར་གཉིས་ཀྱི་མཆོད་པ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཏོར་མ་རྣམས་དྭངས་ཤིང་ཐོགས་པ་མེད་པ་བསམ་གྱིས་མི་ཁྱབ་པར་གྱུར། སོ་སོའི་ཕྱག་རྒྱར་བཅས་ཏེ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ༀ་བཛྲ་པཱདྱ྄ཾ་ཨཱཿཧཱུཾ། ༀ་བཛྲ་པུཥྤེ་ཨཱཿ ཧཱུཾ། ༀ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿ ཧཱུཾ། ༀ་བཛྲ་གནྡྷེ་ཨཱཿ ཧཱུཾ། ༀ་བཛྲ་ནཻ་ཝིདྱེ་ཨཱཿཧཱུཾ། ༀ་བཛྲ་ཤཔྡ་ཨཱཿཧཱུཾ། དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ་རོལ་མོའི་སྔགས་ནི། ༀ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི་པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་ས་ཏྭ་ཧྲཱིཿ ད་ཡ་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སཱ་ཧཱ མཆོད་པའི་སྤྲིན་གྱི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྞོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབ་བོ། །མདུན་བསྐྱེད་ནི། ཐོག་མར་ཆ་གསུམ་གྱི་དཀྱིལ་འཁོར་བསྐྱེད་ལ། དེའི་ཐུགས་ཀ་ནས་ཕྱག་རྡོར་གྱི་དཀྱིལ་འཁོར་ལྷ་རྣམས་འཕྲོ་བར་གཞུང་ལས་གསལ་པོར་བཤད་ཅིང་། ངེད་རང་གི་སྔོན་སྨོན་བསོད་ནམས་ཀྱི་མཐུ་ལས་རྩོམ་པར་འཇུག་དུས་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཕྱག་བྲིས་མ་ཟུར་ཧཱཾ་ཤཱཀ་འབྱུང་གིས་མཛད་པའི་མདོ་དབང་གི་ལྷ་ཐེམས་སོགས་ཡིག་རྙིང་མང་དུ་རྙེད་པའི་ལྷ་ཐེམས་ལས། རང་ཤར་གཙོ་བོ་ནུབ་གཟིགས་མཛད། །པད་ཟླར་རྡོར་སེམས་ལས་ཀྱི་ལྷ། །ཕྱག་རྡོར་རྡོར་སེམས་ཐུགས་ལས་བསྐྱེད། །ཅེས་གཏན་ཚིགས་བཟང་པོའི་ངེས་ཤེས་རྙེད་དོ། །ཡི་གེ་རྙིང་པ་རྣམས་དང་རྩ་བར་ལྷ་རྣམས་བསྐྱེད་ཚུལ་ལམ་ཙམ་ལས་གཞལ་ཡས་ཁང་བསྐྱེད་ཚུལ་མེད་པས། ལས་དང་པོ་པ་རྣམས་ཤིན་ཏུ་སྒོམ་མི་བདེ་བས་གཞུང་དོན་ཇི་བཞིན་ལ་གཞལ་ཡས་ཁང་བསྐྱེད་པ་སོགས་རྒྱས་པར་འཆད་རིགས་པ་ཡིན་ལ། ཟུར་ཐམས་ཅད་མཁྱེན་པའི་ཟིན་བྲིས་སུ་སྔོན་ལ་བུམ་པ་བསྐྱེད་ནས། དཀྱིལ་འཁོར་བསང་ཆུ་དང་ལས་བུམ་གཉིས་ཀས་བསང་དགོས་པར་གསུངས་ཀྱང་། གཞུང་རྩ་བར་མདུན་བསྐྱེད་སྔོན་ལ་བསྒྲུབས། དེ་ནས་ལས་བུམ་དང་དྲི་ཆབ་ཀྱི་བསང་ཆུ་སྒྲུབ། དེ་གཉིས་ཀྱིས་གཙོ་བུམ་བསང་ཞིང་བསྒྲུབ་པར་གསུངས་པ་དང་། པཎ་ཆེན་རིན་པོ་ཆེས་ཀྱང་བདག་མདུན་བུམ་གསུམ་གོ་རིམ་དུ་བཤད་པ་ལྟར་ལེགས་པས། ཇི་ལྟར་བྱ་བའི་ཚུལ་ནི། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གཉིས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་འཁོར་གཉིས་ཀྱི་ནང་དུ་སྣ་ཚོགས་པདྨའི་གེ་སར་ཉི་མའི་དཀྱིལ་འཁོར་གྱིས་ཁེབས་པའི་ལྟེ་བར་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་ཕྱོགས་ཀྱི་མདོག་ཅན་ལྟེ་བ་སྔོན་པོ་གྲུ་བཞི་པའི་སྟེང་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རེ་རེར་གྱུར་པ་ནི། ནང་ནས་རིམ་པ་བཞིན་དུ་མཐིང་དཀར་སེར་དམར་ལྗང་བའི་རྩིག་སྟེང་ནས་ཕྱེད་འཕྱར་གྱི་ཕ་གུ་སེར་པོ་རིན་པོ་ཆེའི་ཕྲ་ཚོམས་ཅན། གསེར་གྱི་སྐ་རགས་ལས་འཕྱང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ། མདའ་ཡབ་སྔོན་པོ་ཕྱིར་འཕྱང་ཞིང་། པུ་ཤུ་དཀར་པོ་གྱེན་དུ་ལངས་པ། ཕྱི་རོལ་གྱི་འདོད་སྣམ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་བསྐོར་བ། ནང་ཀ་བ་བརྒྱད་དང་ལྡན་པ་ལ་རྡོ་རྗེའི་གདུང་བཞིས་བྲིས་པའི་དབུས་ཕྱུར་བུར་གྱུར་པ་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིའི་ཐད་སོར་ཀ་བ་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་པའི་སྟེང་དུ་པདྨ་ལ་གནས་པའི་བུམ་པ་དང་བྲེ་ཆོས་འཁོར་གདུགས་དང་ཏོག་གིས་མཛེས་པར་སྤྲས་པའི་གཡས་གཡོན་དུ་རི་དྭགས་ཕོ་མོ་གནས་པ། རྟ་བབས་ཀྱི་སྣམ་བུ་སོ་སོ་དང་ཏྭ་ར་ཎའི་རྩེར་གདུགས་རྒྱལ་མཚན་འཕན་ལ་སོགས་པ་རྒྱན་དུ་མས་སྤྲས་པའི་གཞལ་ཡས་ཁང་གཉིས་སུ་གྱུར། ཆ་གསུམ་གྱི་དཀྱིལ་འཁོར་ལིང་ཚེ་དགུ་པའི་དབུས་སྔོན། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ལྷ་རྣམ་ལྗང་གུས་མཛེས་ཤིང་ཕྱི་རོལ་ཏུ་འཇིག་རྟེན་པའི་ཁོར་ཡུག་ནག་པོ་ཅན། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་སྔོ། འཁོར་ལོ་རྩིབས་བཞི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ཕྱིར་མུ་ཁྱུད་སྔོན་པོ་ལ་རྡོ་རྗེ་ཕྲེང་བས་མཚན་པ། གློ་འབུར་ལྗང་གུའི་གྲུ་ཆད་ཀྱིས་མཛེས་པའོ། །དཀྱིལ་འཁོར་དང་པོ་བསྐྱེད་པ་ནི། དེ་ལྟར་བུའི་ཆ་གསུམ་གྱི་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་དར་དང་རིན་པོ་ཆེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བཏོད་དེ་འཛིན་པ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞལ་ནུབ་ཏུ་ཕྱོགས་པའོ། །དེ་ཡང་ཕྱི་ལྟར་ཕྱག་ན་རྡོ་རྗེ། ནང་རྡོ་རྗེ་སེམས་དཔའ་དང་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཁྱུང་གཤོག་ཅན་ཁྲག་ཞག་གི་ཚོམ་བུ། སྦྲུལ་སྟག་གླང་ཞིང་ཆེན་ཐོད་ཕྲེང་གིས་བརྒྱན་པ། རྩ་བར། གཉིས་ཀ་བསྙེན་དུས་སུ་རྡོར་དྲིལ་བསྣོལ་བའམ། རྡོར་སེམས་ལྟར་བསྣོལ་དུས་སུ་རྡོ་རྗེ་དུང་ཁྲག་འཛིན་པའོ། །ཞེས་གསུངས་པ་འདི་ཁོ་ནས་འཐུས་སོ། །གསང་བ་མ་ཧཱ་ཀཱ་ལ་ལེགས་ལྡན་ནག་པོ་ལྕམ་དྲལ་གྱི་བདག་ཉིད་ཅན་དུ་སྣང་བའོ། །ཕྱི་རིམ་ལིང་ཚེ་བརྒྱད་ཀྱི་གཙོ་བོའི་ཞལ་ཕྱོགས་ཆེན་གྱི་ནུབ་ཏུ་བལྟ་བའི་མདུན་ཤར་དུ་སྒེག་མོ་དཀར་མོ་མེ་ལོང་འཛིན་པ། གཙོ་བོའི་གཡས་སུ་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ། རྒྱབ་ཏུ་གླུ་མ་དམར་མོ་པི་ཝང་འཛིན་པ། གཡོན་དུ་གར་མ་ལྗང་གུ་གར་གྱི་ཕུ་རུང་འཛིན་ཅིང་གར་བསྒྱུར་བ། ལིང་ཚེའི་ནུབ་བྱང་སོགས་གྲ་བཞིར་ཕྱོགས་ཆེན་གྱི་ནུབ་བྱང་དུ་བདུག་སྤོས་མ་དཀར་སེར་སྤོས་ཁང་འཛིན་པ། བྱང་ཤར་དུ་མེ་ཏོག་མ་དམར་སེར་མེ་ཏོག་འཛིན་པ། ཤར་ལྷོར་མར་མེ་མ་དམར་ལྗང་མར་མེ་འཛིན་པ། ལྷོ་ནུབ་ཏུ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཆོས་འཛིན་པའོ། །ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། །བྱང་སྒོར་དྲིལ་བུ་མ་ལྗང་གུ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། །ལྷོ་སྒོར་ཞགས་པ་མ་སེར་མོ་རྣམས་རང་རྟགས་འཛིན་ཅིང་བཞེངས་ཏེ་སྒོ་སྐྱོང་བའོ། །རྩ་བར། སྐུ་མདོག་ཕྱག་མཚན་གཞན་དང་མཐུན་ནོ། །ཞེས་གསུངས་པ་གསལ་བར་བྱས་སོ། །ནང་གི་ལྷ་སྣམ་ལ་མགོན་པོ་བདུན་ཅུ་རྩ་ལྔ། ཕྱིའི་ཁོར་ཡུག་ལ་འགྲོ་བ་རིགས་དྲུག །མེ་རིའི་ཕྱི་རོལ་ཏུ་ལན་ཆགས་ཀྱི་མགྲོན་རྣམས་རང་རང་གི་ཆ་ལུགས་འཛིན་པའོ། །རྩ་བར། དེ་ནས་གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཨརྒྷཾ་ལ་སོགས་པ་མཆོད་པ་ལྔས་མཆོད་ནས། ཛཿཧཱུཾ་བཾ་ཧོཿས་དམ་ཚིག་པ་ལ་བསྟིམ་ནས་ཞེས་གསུངས་པའི་དོན་ནི། གཙོ་འཁོར་རྣམས་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛཿ ༀ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་ཨཱཿཧཱུཾ་ཞེས་མཆོད་ནས། ཛཿཧཱུཾ་བཾ་ཧོཿས་དམ་ཚིག་པ་ལ་བསྟིམ་མོ། །སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་མདུན་གྱི་ནམ་མཁར་དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ ༀ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཏུ་མཾཿ ཞེས་གསོལ་བ་བཏབ་པས། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཞེས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔས་དབུ་བརྒྱན། རྩ་བར། སླར་ཡང་མཆོད་ནས་ཞེས་པའི་དོན་ནི། ཆ་གསུམ་གྱི་དཀྱིལ་འཁོར་གྱི་སྤོས་དང་མར་མེ་རྣམས་སྤར་ལ། ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྡ་ཞེས་བཅུག་པ་ཕྱག་རྒྱར་བཅས་ཏེ་མཆོད། མཐར་དྲིལ་བུ་དཀྲོལ་ཞིང་། ༀ་བཛྲ་དྷརྨཱ་ར་ཎི་ཏ། ཞེས་སོགས་གོང་ལྟར་རོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །འཛབ་བཟླས་པ་ནི། དེ་ནས་གཙོ་བོའི་ཐུགས་ཀ་པདྨ་ཁ་བྱེ་བའི་སྟེང་དུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་དཀར་པོ་ཡེ་ཤེས་ལྔའི་རང་བཞིན་རིགས་ལྔའི་བདག་ཉིད་ཅན་དེ་ལ་ༀ་བཛྲ་སཏྭ་ཨ། ཞེས་པ་དངུལ་ཆུའི་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་བྱུང་། བདག་གཞན་གྱི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར་པར་བསམ་ཞིང་། སྙིང་པོ་དེ་ཉིད་སྒྲུབ་གྲོགས་ཡོད་ན་ཀུན་གྱིས་འཛབ་ཏུ་བཟླས་ཏེ་གྲངས་ནི་བརྒྱའམ་སྟོང་ལ་སོགས་པ་ཅི་འགྲུབ་ཏུ་བཟླའོ། །བཟླས་པ་སོང་ནས་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་གོ། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བསྐང་ངོ་། །རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་བརྗོད་ལ། དེའི་ངང་ལ་མ་བཅོས་པར་བཞག་གོ། །དཀྱིལ་འཁོར་ཕྱི་མ་བསྐྱེད་པ་ནི། རྩ་བར། དེ་ནས་གསང་བདག་གི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀའི་རིགས་ལྔའི་རྣམ་སྣང་གི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ཞིག་བྱུང་བ་ལས་ཉི་ཟླ་པདྨའི་གདན་ལ། ཞེས་གསུངས་པའིི་དོན་ནི། ཆ་གསུམ་གྱི་དཀྱིལ་འཁོར་དབུས་ཀྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུཾ་རིགས་ལྔའི་བདག་ཉིད་ཅན་དེ་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ཞིག་བྱུང་སྟེ། གསང་བའི་བདག་པོའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་འཁོད་པར་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་འཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། ཞབས་ནང་ལྟར་གཡས་བརྐྱང་བ་དང་། ཕྱི་ལྟར་ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་བཞེངས་པ། གདུལ་བྱ་ཞི་བའི་སྣང་ངོར་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྣང་ཚུལ་ཅིར་ཡང་འཆར་བ། ཞི་བ་བ་ཏི་ཁྲ་བོ་དང་དར་སྔོན་པོའི་ཆོས་གོས་ཏེ་ན་བཟའ། རྒྱས་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དབང་དར་ཟབ་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། དྲག་པོ་རུས་པའི་རྒྱན་གྱིས་བརྒྱན་ཅིང་སེང་གེ་དཀར་མོའི་པགས་པའི་སྟོད་གཡོགས་གསོལ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞལ་བགྲད་ཅིང་མཆེ་བ་གཙིག་པ་སྨ་ར་དང་ཨག་ཚོམས་མེ་ལྟར་འབར་བ། ཁྲོ་གཉེར་བསྡུས་པ་སྤྱན་གསུམ་བགྲད་ཅིང་སྨིན་མ་དམར་སེར་མེ་ལྟར་གཡོ་བ། དབུ་སྐྲ་ཁམ་པ་གྱེན་དུ་འབར་བ་ལ་ཐོད་སྐམ་རིན་པོ་ཆེ་འབར་བ་ལྔས་བཅིངས་པ་མི་བསྐྱོད་པའི་དབུ་རྒྱན་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །རྩ་བར། དཀྱིལ་འཁོར་བྲི་ཚུལ་བཤད་དུས་རྩིབས་བཞི་བཤད་ཅིང་། སྒོམ་དུས་ཕྱོགས་བཞིའི་གློ་འབུར་ལ། ཞེས་བཤད་ཀྱང་བྲི་བྱ་དང་མི་འགལ་ཞིང་གོང་མའི་ཕྱག་བཞེས་སུ་ཤར་གྱི་རྩིབས་ལ་སྒེག་མོ་མ། ལྷོར་ཕྲེང་བ་མ། ནུབ་ཏུ་གླུ་མ། བྱང་དུ་གར་མ། གློ་འབུར་གྱི་གྲྭ་བཞིར་ཤར་ལྷོར་བདུག་སྤོས་མ། ལྷོ་ནུབ་ཏུ་མེ་ཏོག་མ། ནུབ་བྱང་དུ་མར་མེ་མ། བྱང་ཤར་དུ་དྲི་ཆབ་མ། རྩ་བར། སྒོ་བཞིར་སྒོ་མ་བཞི། ཁྱམས་ལ་ཆོས་སྐྱོང་། ཁོར་ཡུག་ལ་འགྲོ་བ་རིགས་དྲུག །ཕྱི་རོལ་དུ་ལན་ཆགས་ཀྱི་མགྲོན་བསམ་མོ། །ཞེས་པ་རྣམས་ཀྱི་དོན་ནི། ཤར་སྒོར་ལྕགས་ཀྱུ་མ། ལྷོ་སྒོར་ཞགས་པ་མ། ནུབ་སྒོར་ལྕགས་སྒྲོག་མ། བྱང་སྒོར་དྲིལ་བུ་མ་རྣམས་སྐུ་མདོག་ཕྱག་མཚན་ཐམས་ཅད་སྔ་མ་དང་འདྲ་བའོ། །ཕྱག་རྡོར་གྱི་དཀྱིལ་འཁོར་འདི་ལ་ཟུར་ཧྭཾ་ཐམས་ཅད་མཁྱེན་པའི་ཟིན་བྲིས་སུ་གཙོ་བོ་གསང་བ་གསུམ་བཅས། རྩིབས་བཞི་ལ་གོས་སྔོན་ཅན་རིགས་བཞི་ཡུམ་བཅས་ཀྱི་ལུགས་དང་། ཡང་ན་ཤར་རྩིབས་ལ་ཁམས་གསུམ་རྣམ་རྒྱལ། ལྷོར་མགོན་པོ་ནག་པོ། ནུབ་ཏུ་རྣམ་སྲས་སེར་ཆེན། བྱང་དུ་ཀླུ་སོག་མ་མེད་རྣམས་བྱེད་པའི་ལུགས་དང་། ཕྱག་རྡོར་མདོ་ལུགས་ལྟར་ན་རྒྱལ་བྱེད་ཚལ་གྱི་སྲུང་མ་ལག་ན་རྡོ་རྗེ་གོས་སྔོན་ཅན་ཅེས་གྲགས་ཚུལ་གྱི་བཤད་ལུགས་དང་སྦྱར་བའི་འཁོར་ཕྱོགས་བཞིར་རང་འདྲ་བཞི། མཚམས་བཞིར་གནོད་སྦྱིན་སྡེ་བཞི་ནི། མེར་རྡོ་རྗེ་གནོད་སྦྱིན། བདེན་བྲལ་དུ་རྡོ་རྗེ་སྲིན་པོ། རླུང་དུ་རྡོ་རྗེ་གདོན་ཆེན། དབང་ལྡན་དུ་རྡོ་རྗེ་རོ་ལངས་རྣམས་ཏེ་མདོ་ལུགས་ལྷ་དགུ་མའི་ལུགས་དང་། ཡང་ན་མདོ་ལུགས་དཔའ་རྐྱང་སྟེ་བཞིར་གསུངས་ལ། ལྷ་ཐེབས་ལས་ཀྱང་དེ་ལྟར་དུ་བཤད། འོན་ཀྱང་འདིར་ཆ་གསུམ་གྱི་དཀྱིལ་འཁོར་དང་འབྲེལ་བའི་དབང་གིས་གཉིས་ཀའི་ཕྱི་འཁོར་རྣམས་མཐུན་པར་མཛད་པ་རྩ་བ་དང་ཡིག་རྙིང་གཞན་དག་ལས་ཀྱང་བཤད་དོ། །ཀཿཐོག་ལུགས་ལ་ཆོག་གཞུང་རང་ལ་ཆ་གསུམ་དང་ཕྱག་རྡོར་གྱི་དཀྱིལ་འཁོར་གཉིས་ཀ་མིང་ཙམ་ཡང་མི་གསལ་བ་འདྲ་ཞིག་འདུག་ནའང་། བླ་མ་རྣམས་ཟུར་ལུགས་ནས་ཁ་བཀང་སྟེ་མཛད་སྲོལ་ཡོད་འདྲ་བས་རྗེས་འཇུག་འགས་ཟིན་བྲིས་བཏབ་པར་དཀྱིལ་འཁོར་གཉིས་ཀ་འདུག་ཅིང་། ལྷ་ཚོགས་ཀྱི་གྲངས་དེས་ཀྱང་ཐུན་མོང་རྣམས་མཐུན་པར་འདུག །འོན་ཀྱང་ཐུན་མོང་མ་ཡིན་པའི་ལུགས་བཞི་པོ་ཀཿཐོག་ལུགས་སོགས་བརྒྱུད་པ་གཞན་ལ་མིང་ཙམ་ཡང་མ་གྲགས་འདུག་ཅིང་། ཟུར་ལུགས་སྙན་བརྒྱུད་ཡིན་ངེས་པར་གོ། །ལུགས་གཉིས་ཀ་ལ་ཆ་གསུམ་གྱི་མགྲོན་མགོན་པོ་བདུན་ཅུ་སོགས་ཕྱག་རྡོར་གྱི་དཀྱིལ་འཁོར་ལ་བཀོད་པ་ནི་ཐེ་ཚོམ་གྱི་གཞིར་འདུག་པར། ཟུར་ཧྭཾ་ཐམས་ཅད་མཁྱེན་པའི་ཟིན་བྲིས་ཟུར་བཀོལ་དུ་ཆ་གསུམ་གྱི་དཀྱིལ་འཁོར་ལོགས་སུ་མི་བྱེད་པར་ཕྱག་རྡོར་ལ་ཆ་གསུམ་གྱིས་ཁ་བསྐང་ན་ཆ་གསུམ་གྱི་མགྲོན་རྣམས་ཕྱག་རྡོར་དཀྱིལ་འཁོར་ལ་བཀོད་དེ། ཆ་གསུམ་གྱི་དཀྱིལ་འཁོར་མི་དགོས་པའི་ལུགས་སུ་མཛད་འདུག་པ་ལ་ཡིད་ཆེས་དང་ངེས་ཤེས་བརྟན་པོ་རྙེད་ཅིང་། དེ་ལྟར་ན་དཀྱིལ་འཁོར་གཉིས་སུ་བྱས་ཕྱིན་ཆ་གསུམ་གྱི་མགྲོན་རྣམས་ཆ་གསུམ་གྱི་དཀྱིལ་འཁོར་རང་ལ་བཀོད་ན་ལེགས་ཤིང་མཚན་དོན་མཐུན་པར་འདུག་ཅིང་། ལྷ་ཐེབས་ལས་ཀྱང་དེ་བཞིན་གསུངས་སོ། །ལག་ལེན་ཤིན་ཏུ་བསྡུས་པར་བྱ་དགོས་ན། ཆ་གསུམ་ལ་དཀྱིལ་འཁོར་མི་བྱ་བར་ཕྱག་རྡོར་ཁོ་ནར་བསྡུ་བ་ཟུར་ལུགས་རྩོད་བྲལ་ཡིན་འདུག་པས་མ་འདྲེས་པར་ཤེས་དགོས་སོ། །དེ་ནས་ལྷ་དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ༀ་བཛྲ་ས་མ་ཡ་ཛཿཛཿ ཞེས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས། རྩ་བར་ཆ་གསུམ་གྱི་དཀྱིལ་འཁོར་ལ་ནམ་མཁར་མཆོད་དེ་བསྟིམ་པར་བཤད་ལ། འདིར་གསལ་ཁ་མ་བྱུང་ཡང་ཆོ་ག་རིགས་མཐུན་ཕྱིན་གོང་གིས་ཤེས་ནུས་པར་བྱས་པས་ན། ༀ་བཛྲ་ཨརྒྷཾ་སོགས་སྔ་མ་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿས་དམ་ཚིག་པ་ལ་བསྟིམ། ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བཞུགས་སུ་གསོལ་ལོ། །སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་དབང་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ ༀ་སརྦ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾཿ ཞེས་གསོལ་བ་བཏབ་པས། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཞེས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔས་དབུ་བརྒྱ ན་པར་བསམ། ༀ་ཨཱཿཧཱུཾ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །ཕྱག་རྡོར་གྱི་མཆོད་པ་སྤར་ལ། ༀ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྡ་རྣམས་བཅུག་ལ་ཐོག་མཐར་སྔར་བཞིན་ནོ། །དྲིལ་བུ་དཀྲོལ་ཞིང་དྷརྨཱ་ར་ཎིའི་སྔགས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་མཆོད་པའི་སྤྲིན་གྱི་སྔགས་ཀྱང་བརྗོད། བསྟོད་ཅིང་ཕྱག་འཚལ་བ་ནི། ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་ཤིང་དབང་བསྐུར་བའི། །གསང་བདག་འཕགས་པ་གོས་སྔོན་ཅན། །འཁོར་བཅས་མ་ལུས་ཕྱག་འཚལ་བསྟོད། །བཟླས་པ་བྱ་བ་ནི། རྩ་བར། ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་བ་ཞིག་བསམ། དེ་ནས་མཆོད་པ་ལྔས་མཆོད་ནས་དབང་མ་བསྐུར་བའི་གོང་དུ་ཏདྱ་ཐཱ་དང་། དབང་བསྐུར་ནས། ༀ་ནཱི་ལཾ་ཞེས་སོགས་འཛབ་ཏུ་བཟླས་ཏེ་ཞེས་གསུངས་པའི་མཆོད་པ་གོང་དུ་སོང་། སྔགས་ལ་ༀ་འདོན་འཇུག་བྱ་བར་བཤད་པ་ནི། དབང་མ་བསྐུར་བའི་གོང་དུ་རིག་སྔགས་དང་གཟུངས་སྔགས་ལྟར་འདི་ལྟ་སྟེ། ཞེས་བས་འགོ་འདྲེན་ལ་དབང་བསྐུར་ནས་གསང་སྔགས་ཁོ་ན་ལྟར་ༀ་འཇུག་པ་ཡིན་འདྲ་ཞིང་། འོན་ཀྱང་བླ་མ་རྣམས་ཐོག་མ་ནས་ༀ་གསུངས་བར་འདུག་པས། ༀ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བཟླ་ཞིང་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་ཟླའི་གདན་ལ་ཧཱུཾ་སྔོན་པོ་ལ་སྔགས་ཕྲེང་ཀློག་ཐབས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཤིང་བདག་ལ་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་ལ་བཟླའོ། །བུམ་བསྐྱེད་ནི། རྩ་བར། དེ་ནས་ལས་བུམ་གཙོ་བོའི་ཐུགས་ཀ་ནས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་དྲིལ་བུ་བསྣམས་པ། ཉི་ཟླ་པདྨའི་གདན་ལ་བཞུགས་པ་ཞིག་བྱུང་བར་བསམས་ལ། དེའི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་ཧཱུཾ་གིས་མཚན་པ་འོད་འཕྲོ་བ་བསྒོམ། གཙོ་བོའི་ལས་བྱེད་བགེགས་མཐར་བྱེད་ལ་ༀ་ཨཱཿབིགྷྣཱནྟ་ཀྲྀ ཏ་ཧཱུཾ་ཕཊ། ཅེས་དང་། བདུད་རྩི་འཁྱིལ་བ་ལ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཅེས་བཟླས་ནས་མཆོད་པ་འབུལ། བསྟོད་ནས་ཞེས་གསུངས་པའི་དེའི་ཚུལ་ནི་ལས་བུམ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་དབྱིབས་ཟླུམ་པོ་ཚད་དང་མཚན་ཉིད་ཐམས་ཅད་ཚང་བ་ནང་དྲི་བཟང་གི་ཆུ་དང་བཅུད་ཀྱིས་གང་བར་གྱུར། དཀྱིལ་འཁོར་གྱི་གཙོ་བོ་གསང་བའི་བདག་པོའི་ཐུགས་ཀ་ནས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་དྲིལ་བུ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་སེམས་དཔའི་སྐྱིལ་མོ་ཀྲུང་ཅན་ཞིག་བྱུང་སྟེ་བུམ་ནང་དུ་པདྨ་དང་ཉི་ཟླའི་གདན་ལ་འཁོད་པར་གྱུར། དེའི་ཐུགས་ཀ་ནས་ཁྲོ་བོ་བགེགས་མཐར་བྱེད་ལྗང་ནག་རྡོ་རྗེ་རྒྱ་གྲམ་གནོན་ཐབས་སུ་འཛིན་པ་ཞིག་བྱུང་སྟེ། དྲི་ཆབ་ཀྱི་ནང་དུ་པད་ཉིའི་གདན་ལ་གནས་པར་གྱུར། ལྷ་འདི་གཉིས་གཙོ་བོའི་ཐུགས་ནས་སྤྲོས་ཕྱིར་ཡེ་ཤེས་དགུག་བསྟིམ་དབང་བསྐུར་སོགས་མི་དགོས་ཏེ། ལྷ་ཐེམས་ལས། དབང་བྱིན་ཡེ་ཤེས་མི་བསྐྱེད་པར། །ཞེས་གསུངས་པའི་ཕྱིར་བདག་གི་ཐུགས་ཀའི་འོད་ཟེར་གྱི་སྣེ་ལས་མཆོད་པའི་བྱེ་བྲག་བྱུང་སྟེ་བུམ་པ་དང་དྲི་ཆབ་ཀྱི་ལྷ་གཉིས་མཆོད་པར་བསམ་ལ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ༀ་བཛྲ་པཱ་དྱཾ་ཨཱཿཧཱུཾ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུཾ། ༀ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུཾ། ༀ་བཛྲ་ཤཔྡ་ཨཱཿཧཱུཾ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། གཟུངས་ཐག་ནས་བཟུང་སྟེ་བདག་གི་ཐུགས་ཀ་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ལྷ་གཉིས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པར་བསམ་ལ། ལས་བུམ་ལ་ༀ་ཨཱཿབཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཅེས་པ་བརྒྱ་ཙམ་དང་། དྲི་ཆབ་ལ་ༀ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུཾ་ཕཊ། ཅེས་ཉེར་གཅིག་ཙམ་བཟླས་སོ། །སླར་ཡང་གོང་བཞིན་མཆོད་བསྟོད་བྱས་ལ། ༀ་ཨཱཿཧཱུཾ་ཞེས་དུང་ཆོས་ཀྱི་མཆོད་ཡོན་ཕུལ་བས་གཉིས་ཀ་ཆུར་ཞུ་བར་བསམ་མོ། །ལས་བུམ་དང་དྲི་ཆབ་གཉིས་འོག་གི་ཆོ་ག་དམིགས་བསལ་མེད་པ་རྣམས་ལ་ནང་རེ་བཞིན་བུམ་ཆུ་ཁ་བསོས་ལ་འདི་ལྟར་བསྒྲུབ་དགོས་སོ། །རྣམ་རྒྱལ་བུམ་པ་བསྐྱེད་པ་ནི། རྩ་བར། དྲི་ཆབ་དང་ལས་བུམ་གཉིས་ཀས་གཙོ་བོའི་དབང་གི་ལྷ་བུམ་བསང་ལ་ལྷ་གོང་ལྟར་བསྐྱེད། ཡེ་ཤེས་པ་བསྟིམ། དབང་བསྐུར་བྱིན་གྱིས་བརླབས་ནས་རྩ་བའི་སྙིང་པོ་བཟླས་ཏེ་གསུངས་པས། ཇི་ལྟར་བྱ་བ་ནི། གཙོ་བུམ་ལ་དྲི་ཆབ་དང་ལས་བུམ་གྱི་ཆུ་གཉིས་ཀ་འཐོར་ཞིང་སོ་སོའི་རང་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེ་བུམ་པ་ཟླུམ་པོ་ལྟོ་བ་ཡངས་པ། མཆུ་འཕྱང་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པར་གྱུར་པའི་དབུས་སུ་པདྨ་དང་ཟླ་བ་ཉི་མའི་གདན་ལ་ཧཱུཾ་དང་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོན་བ་ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་ཞིང་ཨག་ཚོམས་འབར་བ། སྤྱན་གསུམ་དམར་ལ་ཟླུམ་ཞིང་འཁྱིལ་བའི་སྨིན་མ་དམར་སེར་མེ་ལྟར་འབར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ལ་ཐོད་སྐམ་གྱི་རྩ་ཆིངས་ཅན་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་འཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། དར་སྔོན་པོ་དང་སེང་གེའི་པགས་པས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འདི་ལ་ཟུར་ཧྭཾ་ཐམས་ཅད་མཁྱེན་པས་སྒེག་སོགས་ལྷ་མོ་བརྒྱད་ཆ་གསུམ་གྱི་དཀྱིལ་འཁོར་དང་ཐུན་མོང་བ་ཡིན་པར་གསུངས་ཕྱིར་གཙོ་རྐྱང་གིས་ཆོག་པར་སེམས་ཏེ། ལྷ་ཐེམས་ལས། ཕྱག་རྡོར་མདོ་ལུགས་དཔའ་རྐྱང་ངམ། །ཞེས་གསུངས་པའི་ཕྱིར། དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་འོག་མིན་ནས་གསང་བའི་བདག་པོའི་ལྷ་ཚོགས་ༀ་བཛྲ་ས་མ་ཡ་ཛཿཛཿ ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བྱས། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཞེས་དབང་བསྐུར། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ་བོ། །ༀ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་མཚན་སྔགས་སྔོན་འགྲོས་མཆོད། བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །རྡོ་རྗེ་སྟོབས་ཀྱིས་འབྱུང་བོ་འདུལ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། །གཟུངས་ཐག་ནས་བཟུང་སྟེ་རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་སྐུ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་བྱིན་རླབས་དངོས་གྲུབ་ཀྱི་བཅུད་རྣམས་ཚུར་འདུས་ཏེ་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་། ༀ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བཟླས་སོ། །རྩ་བར། རྩ་བའི་སྙིང་པོ་བཟླས་ཏེ་ཆུ་ཐིགས་གཅིག་བུམ་པར་བླུག་པས་བུམ་པ་ལྷའི་གཞལ་ཡས་ཁང་། བུམ་ཆུ་རྒྱ་མཚོའི་ཆུ་ཟིལ་པ་རེ་རེ་ཡང་ཚེ་དཔལ་བདེ་བ་སྐྱེད་བྱེད་ཀྱི་ལྷ། རིན་པོ་ཆེའི་རི་བོ། སྨན་གྱི་ནགས་ཚལ། སྤོས་ངད་ལྡན་པ། འབྲུའི་བང་མཛོད། བཅུད་ཀྱི་སྙིང་པོ། རྒྱན་ཆ་སྣ་ཚོགས། འདོད་རྒུ་འབྱུང་བ། རང་བྱོན་གྱི་ལྷའོ། །དེ་ལྟར་བཟླས་པ་བརྒྱ་རྩ་རེ་ལ་མཆོད་པ་ཚར་རེ། དེ་ལན་བཅུ་སྟོང་རྩའོ། །ཞེས་གསུངས་པས་བཟླས་པ་བརྒྱ་ཚར་བ་དང་། གོང་བཞིན་མཆོད་པ་ཚར་རེ་བྱ། ཡང་བཟླས་པ་བརྒྱ་རེ་དང་མཆོད་པ་ཚར་རེ་བྱ། དེ་ལྟར་ལན་བཅུ་བྱ་ཞིང་བཟླས་པ་སྟོང་ཕྲག་གཅིག་ངེས་པར་བྱ་དགོས་སོ། །ཡུངས་ཀར་ལ་ཡང་བསྔགས་ཏེ་བཞག་གོ། །དེ་ཡང་ཟུར་ཧྭཾ་ཐམས་ཅད་མཁྱེན་པས་ལྷ་མི་ཞུ་བར་ཆུ་ནང་གི་ཟླ་བ་དང་ནམ་མཁའི་གཟའ་སྐར་ལྟར་མཛད་གསུངས་པས་ན། དུང་ཆོས་ཀྱི་ཆུ་བུམ་པར་བླུག་པས་ལྷ་དང་གཞལ་ཡས་ཁང་གསལ་བ་ལ་བུམ་ཆུ་གོང་གི་ཡོན་ཏན་དེ་དག་དང་ལྡན་པར་བལྟའོ། །རྩ་བར། དེ་གྲུབ་པ་དང་བུམ་པའི་ཁ་རྒྱན་སྤྱི་བོར་བཞག །ཆུ་ཁར་བཏུང་པས་བདག་ཀྱང་ལྷར་ངེས་པའོ། །དེ་ནས་མདུན་གྱི་བྱིན་རླབས་རང་ལ་བསྡུས་པས་ཧཱུཾ་བཞིས་དཔྲལ་མགྲིན་སྙིང་ལྟེར་ཐིག་ལེ་བྱས་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་བསམ་ལ་མི་རྟོག་པ་ལ་དར་ཅིག་བཞག་གོ། །ཞེས་གསུངས་པའི་དོན་ནི་རྣམ་རྒྱལ་གྱི་ཁ་རྒྱན་བདག་གི་སྤྱི་བོར་བཞག །བུམ་ཆུ་ཧུབ་གཅིག་འཐུངས་པས་བདག་དང་ལྷ་གཉིས་སུ་མེད་པའི་རང་བཞིན་དུ་གྱུར་པར་མོས། ཧཱུཾ་བཞི་བརྗོད་ཅིང་སྤྱི་མགྲིན་སྙིང་ལྟེར་བུམ་ཆུའི་ཐིག་ལེ་བྱས་པས། དེ་ལྟ་བུའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་བསམ་ལ་མཉམ་བཞག་བསྐྱང་ངོ་། །དེ་ནས་ཆ་གསུམ་བཏང་བ་ནི། དཀྱིལ་འཁོར་གཉིས་ཀའི་མཆོད་ཕྲེང་དང་ཚུལ་མཚུངས་ཤིང་། དེ་ཡང་རྩ་བ་བཞིན་ལ་མི་གསལ་བ་རྣམས་ཅུང་ཟད་གསལ་བར་བྱས་པས་འཐུས་པར་སེམས། དཀྱིལ་འཁོར་གྱི་ལྷ་རྣམས་སྔོན་ནས་སྒྲུབ་མཆོད་རྒྱས་པར་གྲུབ་ཀྱང་། དང་པོ་འདས་གཏོར་འབུལ་བའི་དབང་གིས་སླར་ཡང་གཏོར་མགྲོན་དུ་སྤྱན་དྲངས་བའི་ཚུལ་གྱིས་སྤོས་དང་རོལ་མོའི་སྒྲ་དང་བཅས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་ནས་བདག་ལ་དགྱེས་པར་མཛོད། །ཡེ་ཤེས་ཕུང་པོ་མཁའ་འདྲ་བའི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྤྲུལ་པ་ཀུན་གྱི་འབྱུང་གནས་གཙོ། །རྡོ་རྗེ་སེམས་དཔའ་གཤེགས་སུ་གསོལ། །དམིགས་པ་ཀུན་ལས་རབ་འདས་ཤིང་། །བྱིན་རླབས་ཀུན་གྱི་གཞིར་གྱུར་པ། །རྣལ་འབྱོར་ཀུན་གྱི་དབང་ཕྱུག་ཆེ། །ས་གཞི་ལྟ་བུར་གཤེགས་སུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་བཅས་གཤེགས། །ༀ་ཨེ་ཧྱ་ཧི་བྷ་ག་ཝ ན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་འདྲེན་གྱི། །ལྕགས་སྒྲོག་བཀའ་ཡི་ཕོ་ཉ་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣལ་འབྱོར་དགྱེས་པ་བསྐྱེད། །ༀ་བཛྲ་ཨཾ་གུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གྷ ཎྜེ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་སྐུ་གསུང་ཐུགས་བརྟན་པར་བྱས། ༀ་ཨ་ནུཏྟ་ར་པཱུ་ཛ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ༀ། རིན་ཆེན་འཚེར་བས་བརྒྱན་པ་ཡི། །འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བའི། །ཕོ་བྲང་གཞལ་ཡས་དམ་པ་འདིར། །གདན་ཡང་འཚམས་པར་འབུལ་ལགས་ཀྱི། །རིམ་བཞིན་ཡངས་པར་བཞུགས་སུ་གསོལ། །ༀ་པདྨ་ཀ་མ་ལ་ལེ་སྭཱ་ཧཱ། ཞེས་གདན་ཕུལ་ཏེ་བཞུགས་སུ་གསོལ། མཆོད་པ་འབུལ་བ་ནི། སོ་སོའི་ཕྱག་རྒྱར་བཅས་ཏེ། ༀ་མ་ཧཱ་སུ་ཀ་བཛྲ་ས་ཏྭ་ཧཱུཾ། ཛཿ ཧཱུཾ་བཾ་ཧོཿ མ་ཧཱ་ཨ་རྒྷཾ་པྲ་ཏཱི ཙྪ་ཡེ་སྭཱ་ཧཱ། ནགས་ཚལ་བཅུད་ནི་ཡིད་ཁར་འོང་། །དྲི་ཞིམ་རྒྱས་པ་ལྷ་ཡི་རྫས། །གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་དྷཱུ་པེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་བས༴ བཞེས་ནས༴ ༀ་བཛྲ་པུཥྤེ༴ སྡུག་བསྔལ་འཇོམས་ཤིང་བཀྲ་ཤིས་པ། །དགྱེས་ཤིང་མུན་སེལ་མར་མེ་འདི། །བདག་གིས༴ བཞེས་ནས༴ ༀ་བཛྲ་ཨཱ་ལོ་ཀེ༴ གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་དྲི་ཆབ་འདི། །བདག་གིས༴ བཞེས་ནས༴ གནྡྷེ༴ སྨན་རྣམས་བཅུད་ནི་ཡིད་ཁར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས༴ བཞེས་ནས། ནཻ་ཝི་དྱེ༴ སྒྲ་དབྱངས་སྙན་ཞིང་ཡིད་འོང་ལྡན། །ལྷ་རྫས་དམ་པའི་རོལ་མོ་འདི། །བདག་གིས༴ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཤཔྡ༴ རོལ་མོ་རྒྱུན་ཆགས་སུ་དཀྲོལ་ཞིང་། ༀ་བཛྲ་དྷརྨཱ་ར་ཎི། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི་པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་སཏྭཱ་ཧྲཱིཿད་ཡ་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། མཆོད་པའི་སྤྲིན་གྱི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ཡིད་དུ་འོང་བའི་མཆོད་སྤྲིན་དང་། །རོལ་མོ་སིལ་སྙན་སྤྲིན་གྱི་ཚོགས། །མཆོད་འོས་ཚུལ་དང་མཐུན་པ་ཡིས། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་བྱས་ནས་དཀྱིལ་འཁོར་པ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང་ནམ་མཁའ་མཛོད་ཀྱི་རྒྱས་ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་དཀྱིལ་འཁོར་གཉིས་ཀའི་འདས་གཏོར་ཕུལ། བསྟོད་ཅིང་འདོད་དོན་གསོལ་བ་ནི། མི་མཉམ་མཉམ་པའི་ལྷ་ཁྱོད་རྟག་ཏུ་བདག་ལ་ནི། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་རྒྱུན་དུ་འགྲོ་བའི་དཔལ། །བྱང་ཆུབ་མཆོག་གི་སྤྱོད་པ་བསྒྲུབ་པར་དམ་བཅས་པའི། །བདག་གི་རེ་བའི་འབྲས་བུ་འདི་ཡང་མཆིས་པར་མཛོད། །གཏི་མུག་མུན་པའི་དྲྭ་བས་བག་ཆགས་ནོངས་གྱུར་ཏེ། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །ཁྱེད་ཀྱི་མཁྱེན་རབ་བསྐལ་པའི་མེ་འདྲ་བས། །སེམས་ཀྱི་མུན་སེལ་སྒྲོན་མེ་བདག་ལ་སྩོལ། །མགོན་པོ་མཆོག་དང་ཤིན་ཏུ་ལྡན་གྱུར་ན། །སེམས་ཅན་དོན་ལ་བསྐུལ་བ་མི་འཚལ་ཡང་། །སྡུག་བསྔལ་རང་བཞིན་དབང་དུ་བདག་གྱུར་པས། །སྐྱོབ་པའི་སྤྱན་སྔར་གདུང་བས་གསོལ་བ་འདེབས། །གང་ཞིག་ཕ་དང་མ་ལ་སློང་ན་ཡང་། །ཤིན་ཏུ་སྐྱོ་ངལ་མེད་པ་དེ་བཞིན་དུ། །འགྲོ་བའི་དོན་བརྩོན་མཛད་པ་ཁྱེད་ལགས་ཀྱིས། །ཚེ་རབས་ཀུན་ཏུ་བདག་གི་སྐྱབས་མཛོད་ཅིག །ན་མོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་གུས་པས་སྐྱབས་སུ་མཆིའོ། །བདེ་བར་གཤེགས་པ་རྣམས་ཀྱི་ཞལ་ནས་གསུངས་པའི་ཆོས་དཀོན་མཆོག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུ་དང་འབྲས་བུར་བཅས་པའི་ཆོས་བསམ་གྱིས་མི་ཁྱབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་སྲས་སུ་གྱུར་པ་དགེ་འདུན་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཀོན་མཆོག་རྣམས་ལ་མཆོད་པ་འབུལ་བ་ནི། ལྷ་དང་མིའི་ཞལ་ཟས། མེ་ཏོག་དང་བདུག་སྤོས། མར་མེ་དང་དྲི་ཆབ། བྱུག་པ་དང་འཕན་གདུགས། སིལ་སྙན་དང་རོལ་མོ། །དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཕུལ་བས་བདེ་བར་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཅིག །སེམས་ཅན་འཁོར་བ་ཐོག་མ་མེད་པ་ནས་གཟུང་འཛིན་རང་ག་མར་ཞེན་པའི་དབང་གིས་ཉོན་མོངས་པ་འཕེལ་ཞིང་རྒྱས་པའི་དབང་གིས་འཁོར་བ་ངན་སོང་གི་རྒྱུར་གྱུར་ཅིང་། མཐོ་རིས་དང་ཐར་པའི་སྒྲིབ་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ལྟར་བགྱིས་པའི་དགེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པས་སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །གནས་སྐབས་སུ་ཚེ་རིང་ནད་མེད་པ་དང་། དཔལ་དང་འབྱོར་པ་རྒྱས་པ། དགེ་བ་སྒྲུབ་པ་ལ་བར་ཆད་མེད་པ་དང་། ཕྲིན་ལས་ཕུན་སུམ་ཚོགས་པ་བསྒྲུབ་ནུས་པར་གྱུར་ཅིག །སངས་རྒྱས་སྐུ་གསུམ་མཉེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །ཅེས་བརྗོད། ༀ་བཛྲ་ས་ཏྭ་ཧཱུཾ། ཆ་གསུམ་གྱི་མགྲོན་དང་པོ་ནི། རང་རྟ་མགྲིན་དུ་གསལ་བའམ་དཀྱིལ་འཁོར་གྱི་གཙོ་བོ་ཡང་གནས་གྱུར་ཏེ་དེར་ཤེས་པའི་ང་རྒྱལ་གྱིས། ༀ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཨ་ཙནྡྲ་ཙཎྜ་ལ། སཱུརྱ་ཙནྡྲ་ཏ་ཨ། ཆ་གསུམ་གྱི་མཆོད་པ་ཁ་གསོས་ལ་བསང་ཆུའི་དྲི་ཆབ་འཐོར་ཞིང་། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱ་སི་ཏི་ཧཱུཾ། ལས་བུམ་གྱི་ཆུ་འཐོར་ཞིང་། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། རྩ་བར། ཨ་ལས་མཆོད་པ་བྱིན་བརླབ་གོང་ལྟར་བྱས། ཞེས་པའི་དོན་ནི། བྷཱུཾ་ལས་རིན་པོ་ཆེའི་སྣོད་དུ་ཨ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་བསམ་གྱིས་མི་ཁྱབ་པར་གྱུར། ཨརྒྷཾ་སོགས་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ་བོ། །གཏོར་མ་བརྟག་པ་བཞིས་བྱིན་གྱིས་བརླབ་དགོས་པར་ཆ་གསུམ་དཔལ་སྡོམ་མ་ལས་བཤད་པས་ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་དང་། སྭ་བྷཱ་ཝ་ལན་གསུམ་གྱིས་སྦྱང་། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ལན་གསུམ་གྱིས་སྤེལ། བདུད་རྩི་ཐལ་སྦྱོར་གྱི་ཕྱག་རྒྱ་དང་། ཨ་མྲྀ་ཏ་ལན་གསུམ་གྱིས་བདུད་རྩིར་བསྒྱུར། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་ཕྱག་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་གསུམ་གྱིས་ཐོབ་པའི་ནུས་ལྡན་དུ་བསམ་ལ། རྩ་བར། བདག་གི་བསོད་ནམས་སྟོབས་དང་ནི། །ཞེས་པ་ནས་གྱུར་ཤོག་གི་བར་བརྗོད། ཅེས་གསུངས་པས། དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སངས་རྒྱས་ཀུན་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་ནི་མ་ལུས་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཤོག །ཅེས་བྱིན་གྱིས་བརླབ་ལ་མགྲོན་འགུགས་པ་ནི་ནང་གི་ལྷ་སྣམ་ལ་བྱོན་པར་བསམ་ཞིང་། སརྦ་ཀ་རི་སརྦ་སིདྡྷི་ཧཱུཾ། ཚངས་པ་བརྒྱ་བྱིན་རྒྱལ་ཆེན་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྟོ་འཕྱེ་ལྷ་མ་ཡིན། །མཁའ་ལྡིང་གྲུལ་བུམ་སྲིན་པོ་མིའམ་ཅི། །སེམས་ཅན་གང་དག་བདེ་གཤེགས་སྲས་རྣམས་དང་། །ནོར་མེད་ཕུང་པོ་དཔལ་བཞེས་ཀུན་གཤེགས་བཞུགས། །ༀ་བཛྲ་ཨཾ་གུ་ཤ་ཨ་ཀཪྴ་ཡ་སརྦ་ༀ་ཌྷྀ་ཊ་རཥྚ་ཡ་གནྡྷརྦྷ་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ༀ་བི་རུ་ཌྷ་ཀཱ་ཡེ་ཀུར་བནྡྷེ་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ༀ་བི་རུ་པཀྵ་ཡེ་ནཱ་ག་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ༀ་བཻ་ཤྲ་བ་ཎ་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ༀ་བྲཧྨ་ཎེ་ཧཱུཾ་ཛཿ ༀ་ཨིནྡྲ་ཨ་ཧཱུཾ་ཛཿ ༀ་ཨགྣ་ཡེ་ཧཱུཾ་ཛཿ ༀ་ཡ་མ་ཡེ་ཧཱུཾ་ཛཿ ༀ་ནཱིརྟི་ཏྱ་ཡེ་ཧཱུཾ་ཛཿ ༀ་ཝ་རུ་ཎ་ཡེ་ཧཱུཾ་ཛཿ ༀ་ཝཱ་ཡ་ཝེ་ཧཱུཾ་ཛཿ ༀ་ཀུ་བེ་རཱ་ཡ་ཧཱུཾ་ཛཿ ༀ་ཨི་ཤཱ་ན་ཡེ་ཧཱུཾ་ཛཿ ༀ་པྱི་ཐི་ཝཱི་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ཞེས་བཀུག་སྟེ་མཆོད་ཡོན་འབུལ་བ་ནི། ཕྱག་རྒྱར་བཅས་ཏེ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཆོས་སྐྱོང་མགོན་པོ་རྣམས། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། རྣམ་ལྔ་འབུལ་བ་ནི་ཕྱག་རྒྱར་བཅས་ཏེ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །ཆོས་སྐྱོང་མགོན་པོ་རྣམས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ༀ་བཛྲ་དྷཱུ་པེ་སོགས་གོང་ལྟར་འབུལ་ཞེས་པ་དཀྲོལ་བ་ནི། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གཙང་ཞིང་གཙང་མར༴ ལྷ་རྫས་བཟང་པོའི་མེ་ཏོག་འདི། །ཆོས་སྐྱོང་མགོན་པོ༴ བསྟན་པ་བསྲུང་ཕྱིར༴ ༀ་བཛྲ་པུཥྤེ་པཱུ་ཛ་མེ་གྷ༴ གཙང་ཞིང་གཙང་མར༴ ལྷ་རྫས་བཟང་པོའི་མར་མེ་འདི། །ཆོས་སྐྱོང་མགོན་པོ༴ བསྟན་པ་བསྲུང་ཕྱིར༴ ༀ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ༴ གཙང་ཞིང་གཙང་མར༴ ལྷ་རྫས་བཟང་པོའི་དྲི་ཆབ་འདི། །ཆོས་སྐྱོང་མགོན་པོ༴ བསྟན་པ་བསྲུང་ཕྱིར༴ ༀ་བཛྲ་གནྡྷེ་པཱུ་ཛ་མེ་གྷ༴ གཙང་ཞིང་གཙང་མར༴ ལྷ་རྫས་བཟང་པོའི་ཞལ་ཟས་འདི། །ཆོས་སྐྱོང་མགོན་པོ༴ བསྟན་པ་བསྲུང་ཕྱིར༴ ༀ་བཛྲ་ནཻ་ཝིདྱ་པཱུ་ཛ་མེ་གྷ༴ གཙང་ཞིང་གཙང་མར༴ ལྷ་རྫས་བཟང་པོའི་སྒྲ་སྙན་འདི། །ཆོས་སྐྱོང་མགོན་པོ༴ བསྟན་པ་བསྲུང་ཕྱིར༴ ༀ་བཛྲ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རོལ་མོའི་སྔགས་ༀ་བཛྲ་གྷཎྜེ་ར་ཎི་ཏ་ཞེས་སོགས་དང་། མཆོད་པ་སྤྲིན་གྱི་གཟུངས་ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་བརྗོད། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། རི་རྒྱལ་ལྷུན་པོའི་ཕྱོགས་བཞི་ནས། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །འཁོར་དང་བཅས་ལ་མཆོད་པ་འབུལ། །བདག་གི་རེ་བ་བསྒྲུབ་ཏུ་གསོལ། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ༴ ཤར་ལྷོ་གདོན་གྱི༴ མཆོད་ཅིང་བསྟོད་དེ༴ གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ༴ ལྷོ་ཕྱོགས་གདོན་གྱི༴ མཆོད་ཅིང་བསྟོད་དེ༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ༴ སྣ་ཚོགས་གདོན་གྱི༴ མཆོད་ཅིང་བསྟོད་དེ༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་བསྲུང་བ་ནོར་གྱི་བདག །ནུབ་ཕྱོགས་གདོན་གྱི༴ མཆོད་ཅིང་བསྟོད་དེ༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིག་བསྲུང་གདོན་གྱི་བདག་པོ་སྟེ། །ནུབ་བྱང་གདོན་གྱི༴ མཆོད་ཅིང་བསྟོད་དེ༴ གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་བསྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་དོན་གྱི༴ མཆོད་ཅིང་བསྟོད་དེ༴ དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི༴ མཆོད་ཅིང་བསྟོད་དེ༴ འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་སྟེ། །དམ་ཚིག་ཤེས་བའི༴ མཆོད་ཅིང་བསྟོད་དེ༴ སྟེང་གི་ལྷ་རྣམས་ཐམས་ཅད་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ༀ་ཌྷྀ་ཊ་རཥྚཱ་ཡེ་སྭཱ་ཧཱ། ༀ་བི་རུ་ཌྷ་ཀ་ཡེ་སྭཱ་ཧཱ། ༀ་བི་རུ་བཀྵ་ཡེ་སྭཱ་ཧཱ། ༀ་བཻ་ཤྲ་ཝ་ཎ་སྭཱ་ཧཱ། ༀ་བྲཧྨ་ཎེ་སྭཱ་ཧཱ། ༀ་ཨིནྡྲ་ཡེ་སྭཱ་ཧཱ། ༀ་ཨགྣ་ཡེ་སྭཱ་ཧཱ། ༀ་ཡ་མ་ཡེ་སྭཱ་ཧཱ། ༀ་ནིརྟི་ཏྱ་ཡེ་སྭཱ་ཧཱ། ༀ་ཝ་རུ་ཎ་ཡེ་སྭཱ་ཧཱ། ༀ་ཝཱ་ཡ་ཝེ་ཡེ་སྭཱ་ཧཱ། ༀ་ཀུ་བེ་རཱ་ཡ་སྭཱ་ཧཱ། ༀ་ཨི་ཤཱ་ན་ཡེ་སྭཱ་ཧཱ། ༀ་སཱུརྻ་ཡེ་སྭཱ་ཧཱ། ༀ་ཙནྡྲ་ཡེ་སྭཱ་ཧཱ། ༀ་པྲི་ཐི་ཝཱི་བྷྱཿསྭཱ་ཧཱ། ༀ་ནཱ་གེ་བྷྱཿསྭཱ་ཧཱ། ༀ་ཨ་སུ་ར་བྷྱཿསྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་འབུལ་ལོ། །འདིར་ཡི་གེ་རྙིང་པ་རྣམས་ལ་མཚན་སྔགས་མ་གཏོགས་གཏོར་སྔགས་ངེས་པར་ཆད་སྐྱོན་འདུག་པས་འདི་ལྟར་འཐད། བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི། ཚད་མ་མཆིས་པའི་མཆོད་སྦྱིན་གྱི་གཏོར་མ་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། ཡོན་ཏན་གྱི་མགྲོན་ཚངས་པ་དང་བརྒྱ་བྱིན། རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱོགས་སྐྱོང་བ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། གནོད་སྦྱིན་གྱི་སྡེ་དཔོན་པཉྩི་ཀ་དང་། བཙུན་མོ་དཔལ་ལྡན་ཧ་རི་ཀ་དང་། སྲས་འཕྲོག་མའི་བུ་ལྔ་བརྒྱ་དང་། རྡོ་རྗེ་རིགས་ཀྱི་སྲུང་མ་ཐུགས་དམ་ཅན་གཙང་མར་གནས་པ་རྣམས་ལ་མཆོད་པ་འབུལ་བ་ནི། ཡིད་བཞིན་གྱི་ནོར་བུ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །ཁྲུས་ཀྱི་རྫིང་བུ། ཅང་ཤེས་ཀྱི་རྟ་ལ་སོགས་པ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་བསམ་གྱིས་མི་ཁྱབ་པ་འབྱུང་བར་གྱུར་ཅིག །དེ་ལྟར་བྱུང་བས་ཐུགས་བརྩེ་བས་དགོངས་ཏེ་བྱིན་གྱིས་བརླབས་ནས་བཞེས་སུ་གསོལ། ལོངས་སྤྱད་དུ་གསོལ། བདག་གིར་མཛད་དུ་གསོལ། དེ་ལྟར་ཕུལ་བས་བདག་ཅག་རྣམས་ཀྱི་མཆོད་པའི་ཡོ་བྱད་དམན་པ་དང་། རྒྱུ་རྐྱེན་མ་ཚོགས་པ་དང་། བརྗོད་པ་མ་དག་པ་དང་། ཏིང་ངེ་འཛིན་མི་གསལ་བ་དང་། སྤྱོད་ལམ་བག་མེད་པ་དང་། ལེ་ལོ་དང་སྙོམས་ལས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །དེ་ལྟར་མཐོལ་ཞིང་བཤགས་ནས་བདག་ཅག་དཔོན་སློབ་ཡོན་བདག་འཁོར་བཅས་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་ཀྱང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་། འཇིག་རྟེན་འདིར་ཡང་ནད་མང་བ་དང་། ཚེ་ཐུང་བ་དང་། སེམས་ཀྱི་སྡུག་བསྔལ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །གཞན་ཡང་སྡང་པའི་དགྲ། གནོད་པའི་བགེགས་ལ་སོགས་པ་བསམ་པ་ངན་པ་སྦྱོར་བ་རྩུབ་པ་བྱེད་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལྟས་ངན་པ་ཐམས་ཅད་ཟློག་ཅིང་ཞི་བར་མཛད་དུ་སོལ། གཞན་ཡང་འབྱུང་པོ་མི་དང་མི་མ་ཡིན་པ། སྡང་བའི་སེམས་དང་ལྡན་པ། གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ་དེ་དག་ཐམས་ཅད་བཟློག་ཅིང་གདུལ་བ་དང་ཞི་ཞིང་བསྒྱུར་བར་མཛད་དུ་གསོལ། གལ་ཏེ་ཞི་བས་འདུལ་དུ་མ་འཚལ་ན་གང་ལ་གང་འཚམས་པའི་ཆད་པས་བཅད་པ་དང་། བསྐྲད་ཅིང་གཟིར་བ་དང་། བསྡིགས་ཤིང་དཔའ་བཀོང་བར་མཛད་དུ་གསོལ། སྲུང་མ་དམ་ཚིག་དང་མཐུན་སྟོབས་ཅན་ཁྱེད་རྣམས་ཀྱི་མངའ་འོག་ཏུ་མ་འདུས་པ་དང་། སྡེ་རིགས་སུ་མ་གཏོགས་པ་གང་ཡང་མ་མཆིས་པས་དེ་དག་ཐམས་ཅད་ཞི་བ་དང་འདུལ་བར་མཛད་དུ་གསོལ། མདོར་ན་ཉེས་པའི་སྐྱོན་ཐམས་ཅད་བྱང་ཞིང་དག་པ་དང་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། རྩ་བར། གཏོར་མ་བར་པ་བསང་བ་དང་བདེན་སྦྱངས་གོང་བཞིན་བྱ། ཞེས་གསུངས་པས། ཡང་མཆོད་པ་གསོལ་བསང་སྦྱང་བྱིན་རླབས་དང་། གཏོར་མ་བར་པ་དང་བསིལ་གཏོར་གཉིས་བརྟག་པ་བཞིས་བརླབ་པ་དང་། བདག་གི་བསམ་པའི་སྟོབས་དང་ནི། སོགས་ཀྱི་བདེན་སྦྱངས་བྱིན་གྱིས་བརླབ་པ་རྣམས་གོང་བཞིན་བྱ། ཕྱིའི་ཁོར་ཡུག་ལ་མགྲོན་འགུགས་པ་ནི། སརྦ་ཀ་རི་སརྦ་སིདྡྷི་ཧཱུཾ། ༀ་པདྨཱནྟ་ཀྲྀ ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ལྷ་དང་ཀླུ་དང་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་སྦྱར་ཁྱེད་རྣམས་ལ་ཡང་གསོལ་འདེབས་ཀྱི། །བུ་སྨད་བཅས་ཤིང་གཡོག་འཁོར་ཚོགས་བཅས་རྣམས། །གནས་འདིར་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ༀ་ཨེ་ཧྱེ་ཧི་ལོ་ཀ་ཀཱ་ར་ཡ། དེ་ཝ། ནཱ་ཱག །ཡཀྵ། རཀྵ་ས། གནྡྷརྦྷ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་རཱ་ག །མ་ནུ་ཥྱ་ཡ། ཨ་མ་ནུ་ཥྱ། ས་པ་རི་ཝཱ་ར་ས་མཱ་ཡ་ཨ་ནྲི་སུ་ཏྲི་པྲེ་དུ་ཛཿཧཱུཾ་བཾ་ཧོཿ ཞེས་བཀུག་ལ། ༀ་དེ་ཝ་གནྡྷེ་བྷྱཿ ནཱ་ག་གནྡྷེ་བྷྱཿ ཡཀྵ་གནྡྷེ་བྷྱཿ རཀྵ་ས་གནྡྷེ་བྷྱཿ གནྡྷརྦྷ་གནྡྷེ་བྷྱཿ ཨ་སུ་ར་གནྡྷེ་བྷྱཿ ག་རུ་ཌ་གནྡྷེ་བྷྱཿ ཀིནྣ་ར་གནྡྷེ་བྷྱཿ མ་ཧོ་རཱ་ག་གནྡྷེ་བྷྱཿ མ་ནུ་ཥྱ་གནྡྷེ་བྷྱཿ ཨ་མ་ནུ་ཥྱ་གནྡྷེ་བྷྱཿསྭཱ་ཧཱ། ཞེས་དྲི་ཆ བ་ཀྱི་མཆོད་ཡོན་ཕུལ། རྩ་བར། བར་འདིར་མཆོད་པ་ལྔ་དང་གཏོར་མ་གོང་བཞིན་དུ་འབུལ་ལོ། །ཞེས་གསུངས་པས་མཆོད་པ་ནི། དེ་ཝ། ནཱ་ག །ཡཀྴ། རཀྵ་ས། གནྡྷརྦྷ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་རཱ་ག །མ་ནུ་ཥྱ། ཨ་མ་ནུ་ཥྱ་ས་བ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། གཏོར་མ་འབུལ་བ་ནི། ༀ་དེ་ཝ་ནཱ་ག་ཞེས་སོགས་རང་སྔགས་ཀྱི་མཇུག་ཏུ། ཨ་མ་ནུ་ཥྱ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྣ་དཾ་བ་ལིནྟ་ཡེ་སྭཱ་ཧཱ། ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ། བསྔོ་བ་སྨོན་ལམ་ནི། ན་མོ་མཆོད་སྦྱིན་གྱི་གཏོར་མ་བར་པ་འདི་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་མཐོ་སྲིད་པའི་རྩེ་མོ་མན་ཆད་ནས་ན་རག་དམྱལ་བ་ཡན་ཆད་དུ་འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་བ་རྣམ་པ་བཞིས་བསྡུས་པའི་སེམས་ཅན་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མགྲོན་ནོ། །དེ་ལྟར་བསྔོས་པས་ལྷ་ལྟུང་བའི་སྡུག་བསྔལ་དང་། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ། མི་སྐྱེ་འཆིའི་སྡུག་བསྔལ། བྱོལ་སོང་གཅིག་ལ་གཅིག་འཚེ་བའི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་ཐར་ནས་བདེ་འགྲོ་མཐོ་རིས་ཀྱི་གནས་སུ་སྐྱེ་བར་གྱུར་ཅིག །གཞན་ཡང་ལོང་བ་རྣམས་གཟུགས་མཐོང་བར་གྱུར་ཅིག །འོན་པ་རྣམས་རྣ་བས་སྒྲ་ཐོས་པར་གྱུར་ཅིག །དིག་པ་རྣམས་སྨྲ་ཤེས་པར་གྱུར་ཅིག །ཞ་བོ་རྣམས་འགྲོ་ཤེས་པར་གྱུར་ཅིག །གཅེར་བུ་རྣམས་གོས་རྙེད་པར་གྱུར་ཅིག །དབུལ་པོ་རྣམས་ནོར་རྙེད་པར་གྱུར་ཅིག །ལྟོགས་པ་རྣམས་ཟས་རྙེད་པར་གྱུར་ཅིག །འཇིགས་པ་རྣམས་སྐྱབས་རྙེད་པར་གྱུར་ཅིག །ནད་པ་རྣམས་ནད་ཞི་བར་གྱུར་ཅིག །སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་གྱུར་ཅིག །སེམས་ཀྱི་ཡོ་བྱད་དུ་གྱུར་ཅིག །དོན་གྱི་མཆོག་ཏུ་གྱུར་ཅིག །འདི་ལྟར་མཆོད་སྦྱིན་གྱི་གཏོར་མ་འདི་ལ་བརྟེན་ནས་བདག་ཅག་གི་གནས་སྐབས་སུ་ནད་དང་གནོད་པ་ཞི་ཞིང་ཚེ་དང་བསོད་ནམས་འཕེལ་བ་དང་། སེམས་ཅན་གྱི་སྒྲིབ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་ཁང་པ་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །རིན་ཆེན་གནས་ན་ལྷག་པར་གང་གནས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ངོགས་རྣམས་དང་། །གཡའ་ཆུ་བསིལ་མ་ཅན་ལ་གནས་པ་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་དག་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གནས་པ་དང་། །ལམ་འཕྲང་རྒྱན་སྲང་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་ཀྱང་། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང་། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཡང་ན་དེ་བཞིན་གཤེགས་གསུངས་པ། །བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཡང་ན་སེམས་ཅན་ཐམས་ཅད་ཀྱང་། །འདོད་ཡོན་ཕུན་སུམ་ཚོགས་གྱུར་ཅིག །བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །བྱོལ་སོང་གཅིག་ལ་གཅིག་ཟ་བ། །སྡུག་བསྔལ་རྣམས་ནི་ཡོངས་མི་འབྱུང་། །ཡི་དྭགས་རྣམས་ལ་ཟས་དང་སྐོམ། །ཐོགས་པ་མེད་པར་འབྱུང་བར་ཤོག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །རྣམ་པ་མང་པོ་གནོད་པ་ཡང་། །དེ་དག་ཐམས་ཅད་མ་ལུས་པ། །ཐོགས་པ་མེད་པར་ཞི་གྱུར་ཅིག །མཁའ་འམ་ས་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་མང་པོ་གང་འཁོད་པ། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཁྲོ་བོ་ཆེན་པོའི་བཀའ་ཡིས་ནི། །རང་རང་གནས་སུ་བདེ་བར་དེངས། །བཛྲ་མུཿ ཡ་ཧི་གཙྪ། ཞེས་བརྗོད་དོ། །གཏོར་མ་གསུམ་པ་བགེགས་གཏོར་བསང་སྦྱང་བརྟག་པ་བཞིས་བྱིན་གྱིས་བརླབས་ནས། བདག་གི་བསོད་ནམས་སྟོབས་དང་ནི། །ཞེས་སོགས་ཀྱི་བདེན་བརྗོད་བྱས་ལ། མེ་རིའི་ཕྱི་རོལ་ཏུ་བགེགས་རྣམས་འགུགས་ཕྱིར། སརྦ་ཀ་རི་སརྦ་སིདྡྷི་ཧཱུཾ། ༀ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཁྲོ་བོ་ལ་བསྟོད་པ་ནི། ཧྲཱིཿ རྒྱལ་བ་ཀུན་གྱི་བདག་པོ་ཆོས་ཀྱི་སྐུ། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཆོས། །སྦྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམས་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །དབང་ཆེན་དབང་འདུལ་དབང་གི་རྒྱལ་པོ་སྟེ། །དབང་གི་མདོག་དམར་བསྐལ་པའི་མེ་ལྟར་འབར། །དབང་ཆེན་རྔམས་བརྗིད་ཉི་མ་འབུམ་གྱི་གཟི། །དབང་མཛད་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཉིད་བདུད་རྩི་མཆོག་གིས་དབང་བསྐུར་ཞིང། །དུག་གསུམ་བརྟེན་པ་ཕུང་མཛད་དཔལ་འབར་བ། །གདུག་པའི་ཀླུ་རྣམས་བརྗིད་པའི་ཞབས་ཀྱིས་གནོན། །དུག་ཆེན་བདུད་རྩིར་བསྒྱུར་ལ་ཕྱག་འཚལ་ལོ། །རིག་པའི་རྒྱལ་པོ་ཁྲོ་བོ་ཀུན་གྱི་རྗེ། །བྱམས་ཆེན་རབ་ཁྲོས་ཁྲོ་རྒྱལ་ཀུན་གྱིས་བསྐོར། །སྟོང་ཉིད་དབྱིངས་ལས་མ་གཡོས་མཁའ་དཀྱིལ་ནས། །འཇིགས་གཟུགས་ཉི་ཟླ་འབར་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་ཅི་ཡང་མ་ཡིན་པ་ལ་ཇི་ལྟ་བསམ་པ་བཞིན་འབྱུང་བའི་བདེན་པ་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཡེ་ཤེས་ཐུགས་སུ་ཆུད་ཅིང་སེམས་ཅན་དོན་ལ་དགོངས་པ་སྐད་ཅིག་ཀྱང་མི་གཡེལ་བའི་བདེན་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་དགོངས་པ་བསྐང་ཞིང་སེམས་ཅན་གྱི་མགོན་སྐྱབས་མཛད་པར་ཞལ་གྱིས་བཞེས་པའི་བདེན་པའི་བྱིན་རླབས་དང་། བདག་གི་ལྷག་པའི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། དཀོན་མཆོག་གསུམ་དང་། བླ་མ་དམ་པའི་བཀའ་བདེན་པའི་བྱིན་གྱིས་བརླབས་ཀྱིས། གདུག་ཅིང་སྡང་བའི་སེམས་དང་ལྡན་པའི་བགེགས་ཀྱི་རིགས་ཐམས་ཅད་སྐད་ཅིག་ལ་འདིར་འདུས་ཤིག །ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུཾ་ཧཱུཾ་ཕཊ། ཏྲི་ཡཾ་ཛཿ བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོཊ་བཾ། བཛྲ་གྷཎྜེ་ཧོཿས་བཀུག་ལ། ༀ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིནྟ་ཡེ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་སྦྱིན། ན་མོ། མཆོད་སྦྱིན་གྱི་གཏོར་མ་ཐ་མ་འདི་སྦྱིན་ཞིང་བསྔོ་བའི་གནས་ནི་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཀྱི་ལན་ཆགས་བུ་ལོན་གྱི་མགྲོན་དུ་གྱུར་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་ལ་ལུས་དང་སྲོག་གི་གླུད་དང་ལོངས་སྤྱོད་ཀྱི་སྐྱིན་དུ་འབུལ་ལོ། །མཆོད་དོ། །མགྲོན་ནོ། །དེ་ལྟར་ཕུལ་བས་བསད་པས་ཚེ་ཐུང་བ། བརྡུངས་པས་ནད་མང་བ། ཕྲོགས་པས་ནོར་དབུལ་བའི་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །བུ་ལོན་ཐམས་ཅད་ཁྱེར་བར་གྱུར་ཅིག །འཁོན་རྩོད་ཐམས་ཅད་བྱང་བར་གྱུར་ཅིག །བགེགས་ཀྱི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །སྔར་གྱི་གནོད་པ་འཕྲོ་བསྡུས་ལ་ཕྱིན་ཆད་མི་བྱེད་པའི་དམ་བཅས་པ་བཞིན་ཁས་ལོང་ཞིག །ནང་མཆོད་ཀྱི་བདུད་རྩིའམ་ལས་བུམ་གྱི་ཆུ་འཐོར་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། དམ་ཚིག་ཉམས་ན་སྲེག་བར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅིས་ཏེ་དམ་ཚིག་འདས་ན་ནི། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །དེ་མ་ཐག་ཏུ་བཀས་ནས་གཤེགས། །བདུད་བརྒྱུད་རིགས་ནི་བརླག་པར་བྱེད། །དེ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག་པའི་ཚུལ་བྱ་ཞིང་། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། རྡོ་རྗེ་ཆེན་པོ་མཆོག་འཛིན་པ། །མགོན་པོ་ཆེན་པོས་བྱིན་བརླབས་པའི། །བློ་ལྡན་གང་ཞིག་འདའ་བ་ནི། །རྡོ་རྗེ་འཛིན་པས་མོད་ལ་སྤོངས། །སྤངས་པའི་སེམས་ཅན་ཆེན་པོ་དེ། །ཇི་སྙེད་འཁོར་བའི་སྤྱོད་རྒྱུད་དུ། །ངན་སོང་གསུམ་དུ་ཡང་ནས་ཡང་། །ཤིན་ཏུ་མི་བཟད་ཆོ་ངེ་འདེབས། །བདག་ཉིད་ཆེན་པོ་སངས་རྒྱས་བཀའ། །ཚིག་ལས་འདས་ན་རྡུལ་ཕྲན་བཞིན། །ང་ནི་དབང་ཕྱུག་ཆེན་པོ་སྟེ། །རྒྱལ་ཆེན་རིགས་བཞི་ང་ཡི་གཡོག །ལྷ་སྲིན་སྡེ་བརྒྱད་ང་ཡི་བྲན། །དམ་ཚིག་དག་ལ་འདའ་མི་བྱ། །དེ་ལྟར་ཁྱོད་ཀྱིས་ཤེས་ཀྱིས་ལ། །བདེ་བར་གཤེགས་པའི་བཀའ་མ་བཅོག །དམ་པ་ཆོས་ཀྱི་གཞུང་མ་དབྲལ། །སེམས་ཅན་དམྱལ་བའི་རྒྱུ་མ་གསོག །རྣལ་འབྱོར་རྣམས་ཀྱི་བཀའ་མ་འདའ། །སྔགས་ཀྱི་དམ་ཚིག་ཚུལ་མ་བཤིག །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་དུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །གང་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ལ་མཉམ་མེད་བྱོས། །ༀ་སརྦ་བིགྷྣན་ཡ་ཧི་གཙྪ། ཞེས་པས་སོ་སོའི་གནས་སུ་སོང་བར་བསམ་མོ། །སུམྦྷ་སོགས་ཁྲོ་བོའི་དྲག་སྔགས་ཀྱིས་བསྐྲད་དོ། །དེ་ལྟར་ཆ་གསུམ་གྱི་ཆོ་ག་འདི་རྩ་བར་དབང་རྡོར་མ་དང་། ལྷ་ཀླུ་མ། འབྱུང་པོ་གང་དག་རྣམས་སོགས་ཁོངས་སུ་བསྡུས་ཏེ་མི་གསལ་བར་འདུག་པར། སྤྱིར་གསར་རྙིང་གཉིས་ཀའི་ལུགས་ལ་ཆ་གསུམ་མི་འདྲ་བ་དུ་མ་འདུག་ཅིང་། ཁྱད་པར་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་ལས་བསྟན་པ་དང། ཤྲདྡྷ་ཀ་ར་ཝ་རྨའི་རྒྱ་གཞུང་བཞིན་ངོར་པ་རྡོ་རྗེ་འཆང་གིས་མཛད་པ་སོགས་ཁུངས་ཆེ་བ་འདུག་མོད་ཀྱང་། འདིར་བཀའ་མ་རང་གི་ཆ་གསུམ་དཔལ་སྡོམ་མའི་ཡིག་རྙིང་སོར་གནས་ལྟར་བྲིས་པ་ཡིན་པས། དེང་སང་ཡོངས་གྲགས་དང་ཚིག་གོང་འོག་མི་མཐུན་ཅིང་ཟུར་མི་འདྲ་བ་འགའ་རེ་འདུག་པ་འདི་ནི་རང་ལུགས་རྣམ་དག་ཡིན་ཕྱིར་མ་དག་པར་གོ་ནས་གསར་མའི་བསྲེ་ལྷད་ཀྱིས་བྲིས་བསུབ་མི་མཛད་པར་ཞུ། རྩ་བར། དེ་ནས་སྔར་བཞིན་གཞལ་ཡས་ཁང་ལྷ་དང་བཅས་པ་གསལ་བཏབ་ལ་སྔར་བཞིན་མཆོད་ཅིང་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ། དངོས་གྲུབ་བླངས་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་སོགས་ཀྱིས་གཤེགས་གསོལ་དང་། འཇིག་རྟེན་པའི་མགྲོན་རྣམས་གཤེགས་ལ་ཞེས་གསུངས་མོད། འོན་ཀྱང་བླ་མ་རྣམས་ཀྱི་ཕྱག་བཞེས་དང་གསུང་རྒྱུན་ལ་མདོ་དབང་ཚུགས་ནས་མ་གྲོལ་བར་ཉིན་སྟར་གྱི་ཆོ་ག་སོ་སོའི་སྐབས་ཐོབ་ཀྱི་དུས་ཆ་གསུམ་གཏོང་དགོས་པས་ཆ་གསུམ་དཀྱིལ་འཁོར་མ་བསྡུས་པར་བཞག་ཀྱང་ཆོག་གསུང་བ་ཤིན་ཏུ་འཐད་པར་སྣང་བས། གོ་ཡུལ་ཤོང་ན་དེ་བཞིན་བྱ། གལ་ཏེ་གནས་ཁང་སོགས་མ་ཤོང་ཚེ་ཕྱག་རྡོར་གྱི་དབང་གྲུབ་ནས་དཀྱིལ་འཁོར་གཉིས་ལྷན་དུ་གཤེགས་གསོལ་བྱས་ལ། ཉིན་ལྟར་གྱི་ཆ་གསུམ་སྐབས་དཀྱིལ་འཁོར་མེད་པར་གཏོར་མ་བཤམ་ཞིང་བཏང་བས་འགྲུབ་ལ། དེ་ལྟར་བགྱིད་ཚེ་ཆ་གསུམ་པོ་ཁོ་ན་མ་གཏོགས་འདས་གཏོར་གྱི་མཆོད་གཏོར་འབུལ་བ་རྣམས་མི་དགོས། དེ་ཡང་གཏོར་མ་དང་ལྷན་དུ་མཆོད་པ་ཕྲེང་ཚར་གཅིག་བཤམ་ན་ལེགས་ཤིང་། འོན་ཀྱང་དེང་སང་ཆ་གསུམ་ལ་མཆོད་པ་མི་བཤམ་པ་འདུག་མོད་ཀྱང་། ཕྱི་རོལ་གཏོར་མའི་སྐབས་ཕྱག་ལེན་རྣམ་དག་ལ་ཉེར་སྤྱོད་བཤམ་པའི་སྲོལ་ཡོད་པས་ལེགས་པར་སྣང་། འདི་ལ་གཙང་རོང་གོང་ར་ལོ་ཆེན་གྱིས། ཆ་གསུམ་ནི་འབྱུང་པོའི་དཀྱིལ་འཁོར་ཡིན་པས་རྒྱུན་པར་བཤམ་ན་མི་འཐད་ཅིང་བར་གཅོད་འཇུག་ཚུལ་གསུང་བ་ཐོས་པ་ཁོང་མཁས་པ་ཆེན་པོའི་ཐུགས་ཁུར་ལྕི་ཞིང་མཁས་པར་ཡང་སྣང་མོད་ཀྱི། འདི་རིགས་ཀྱི་གསུང་ཤིན་ཏུ་མང་བར་སྣང་སྟེ། རྡོ་རྗེ་ཕུར་པ་ལ་ཡི་དམ་དུ་བྱས་ན་ཕུར་པ་ཕྲིན་ལས་ཀྱི་ལྷ་ཡིན་པས་ཕྲིན་ལས་ཀྱིས་གཡེངས་ནས་བར་གཅོད་དུ་འགྱུར་བས་ཕུར་པ་ལ་ཡི་དམ་གཙོ་བོར་མི་བྱེད་ཅེས་ངེས་པར་སློབ་མ་རྣམས་ལ་ཡང་ཡང་གདམས་པར་དངོས་སློབ་རྣམས་ཀྱི་ངག་སྒྲོས་ལས་ཐོས། དེ་ལ་དང་པོ་ཆ་གསུམ་འབྱུང་པོའི་དཀྱིལ་འཁོར་ཡིན་པ་ཡང་དཀའ་སྟེ། དོན་ལ་རྒྱུད་སྡེའི་དཀྱིལ་འཁོར་གྱི་གཙོ་བོ་ནས་འཁོར་གྱི་བར་ཉི་མ་དང་ཟེར་གྱི་ཚུལ་དུ་དགོངས་པ་མཉམ་པར་བཞེད་པ་རང་ཅག་སྔ་འགྱུར་བ་རྣམས་ཀྱི་གྲུབ་མཐའ་ཡིན་པ་སྙན་དུ་མ་གསན་ནམ། ཆ་དང་པོ་གཙང་རིགས་ཀྱི་མགོན་པོ་རྣམས་ནི་རྣམ་པ་འཇིག་རྟེན་པ་ལྟར་སྣང་ཡང་དོན་དཀྱིལ་འཁོར་ཐམས་ཅད་ཀྱི་ཁོར་ཡུག་སྐྱོང་ཞིང་གཙོ་བོའི་ཞལ་མཐོང་བ་ཤ་སྟག་ཡིན། ཆ་བར་པ་ལྷ་ཀླུ་གནོད་སྦྱིན་སོགས་དང་། ཆ་ཐ་མའི་བགེགས་རིགས་རྣམས་ནི་གོང་འཁོད་ལྟར་དོན་ཡེ་ཤེས་ཀྱི་ཆ་ལས་སྤྲུལ་ཀྱང་། རྣམ་པ་འཇིག་རྟེན་པ་ཁོ་ན་ཡིན་ཕྱིར་གཏོར་མ་སོ་སོར་བཏང་རྗེས་བསྐྲད་ཟིན་པས་སླར་ཞུགས་དོགས་ཀྱི་ཐུགས་མཛངས་མི་དགོས་པ་འདྲ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་སྐུར་པ་ཚབས་ཆེན་དུ་སོང་བར་བསམ་ཤེས་ཀུན་གྱིས་གོ་མོད་ལ། དེ་ཡང་སྤྱིར་ལྷ་ལ་བཟང་ངན་མེད་ཀྱང་གང་འདུལ་གྱི་སྐུར་བསྟན་པའི་ཕྲིན་ལས་རྨད་དུ་བྱུང་བའི་རྣམ་པར་འཕྲུལ་པས་བར་གཅོད་སེལ་བའི་ལྷར་ཕུར་པ་ཁོ་ན་ཨ་ཌི་ཡ་ནའི་མཁན་པོ་ཆེན་པོ་དེས་ལན་བརྒྱར་བསྔགས་པ་དང་། དེར་མ་ཟད་གྲོང་གསེབ་ཀྱི་ཚེས་བཅུ་བ་རྣམས་ཀྱི་ཁ་ནས་ཀྱང་གསོལ་འདེབས་ལེའུ་བདུན་མའི་ཚེ། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་ཆེན་སྙིང་པོ་བསྒྲུབས་པའི་ཚེ༔ བར་གཅོད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ༔ ཟེར་བ་རླུང་ལྟར་གྲགས་མོད། སློབ་དཔོན་ཆེན་པོའི་མཆོག་གི་དངོས་གྲུབ་སྒྲུབ་པའི་ཚུལ་བསྟན་པའི་བར་གཅོད་ཀྱང་ཕུར་པས་སེལ་ཚུལ་བསྟན་པ་ཀུན་ལ་གྲགས་ཤིང་གྲུབ། ཕྲིན་ལས་ཡིན་ན་ཟང་ཟིང་གི་ཕྲིན་ལས་ཡིན་པས་ཁྱབ་པ་དེ་འདྲ་ནང་པའི་ཆོས་ལུགས་ཇི་ལྟར་ཡིན་ནམ། སྤྱིར་ཕྲིན་ལས་རྣམ་པ་བཞི་ཞེས་ཡོངས་སུ་གྲགས་པ་ལྟར་དང་། ནང་གསེས་ཀྱི་ཕྱེ་ན། ཆོས་ཀྱི་ཕྲིན་ལས་དང་། ཟང་ཟིང་གི་ཕྲིན་ལས་སོགས་གྲངས་མང་བར་འདུག་པས་བསྡུ་དངོས་བཞིའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའི་སྐྱེས་ཆེན་རྣམས་ཟང་ཟིང་ལ་ཡང་སྐྱོན་དུ་མི་བལྟ་ཞིང་། དེའི་ཞར་ལས་བསྟན་འགྲོར་ཕན་བདེ་འདྲ་ཡང་འགྲུབ་པར་གསུངས་པས་རྙིང་མ་བ་རྣམས་ལ་མགོ་རྨོག་བཅོག་གི་དབང་ཆེའི་བཀའ་སྐྱོན་མི་གནང་བར་ཞུ་ལགས། ཞེས་པ་ནི་བར་སྐབས་ཀྱི་བརྒལ་ལན་ཉམས་དགའི་ཚུལ་དུ་འབུལ་ལོ། །རྩ་བར། དེ་ནས་རང་ཉིད་འོག་ནས་འབྱུང་བ་ལྟར་གསོལ་བ་བཏབ་པ་ནས་བཟུང་སྟེ་དབང་རྣམས་རྫོགས་པར་བླངས་ལ། ཞེས་གསུངས་པའི་དོན། བདག་ཉིད་འཇུག་ཅིང་དབང་བླང་བར་དཀྱིལ་འཁོར་གྱི་གཙོ་བོ་དང་རང་གི་མདོ་དབང་ནོས་པའི་བླ་མ་ཐ་མི་དད་པར་བསམ་ལ། ལས་བུམ་གྱི་ཆུས་ཁྲུས་དང་། མཎྜལ་གསོལ་གདབ་ནས་བཟུང་སྟེ་བཀྲ་ཤིས་རྫས་བརྒྱད་ཀྱི་བར་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་དུ་བླངས་ལ་དབང་རྫས་རྣམས་རང་གི་སྤྱི་བོར་བཞག །ཚིག་རྣམས་ཇི་བཞིན་བརྗོད། བླ་མའི་བྱ་བ་ཐམས་ཅད་དཀྱིལ་འཁོར་གྱི་གཙོ་བོས་མཛད་པར་བསམ། མཐར་གཙོ་བུམ་གྱི་ཆུས་ཀྱང་བཀྲུ་ཞིང་བཏུང་། དམ་ཚིག་ཁས་བླངས། གཏང་རག་མཎྜལ། བྲན་དུ་ཁས་བླངས་སོགས་ཀྱང་བྱའོ། །དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཕྱག་ན་རྡོ་རྗེའི་དབང་བསྐུར་བར་བྱེད་པ་ལ། སློབ་མ་རྣམས་གྲལ་ལ་འཁོད། རྩ་བར། གླེང་གཞི་དང་དགག་བརྒྱད་བཤད་པའི་རྗེས་སུ། དེ་ནས་རང་གསང་བདག་གི་ང་རྒྱལ་དང་ལྡན་པས་བགེགས་གཏོར་སློབ་མ་རྣམས་ལ་བསྐོར་ཏེ་བཏང་། ལས་བུམ་གྱི་ཆུས་ཁྲུས་བྱ། དད་པ་སྐྱེད། མཎྜལ་ཕུལ་ལ། ཞེས་གསུངས་པ་འདིར་བླངས་ཏེ་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་སྔགས་དང་བཅས་པ་བརྗོད། བགེགས་གཏོར་བཤམ་ལ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ལས་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ༀ་ཨཱཿ ཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབ། གཡས་རྡོ་རྗེ་ཁུ་ཚུར་དང་བཅས་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་སློབ་མ་རྣམས་ལ་བསྐོར་ཞིང་མཐར་སེ་གོལ་དང་བཅས་ཏེ། ༀ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞ་དཾ་བ་ལིནྟ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས། ལག་པ་གཉིས་ཁུ་ཚུར་གཡས་སྟེང་དུ་བྱས་ལ་རྒྱབ་སྤྲད་པ་མཐེའུ་ཆུང་གཉིས་སྦྲེལ། མཛུབ་མོ་གཉིས་བརྐྱང་བ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྙིང་གར་བཅས་ཏེ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུགས་སྔགས་དང་སྙིང་པོ་ཕྱག་རྒྱ་རྣམ་པ་དག་པའི༴ ཁྱད་པར་དུ་ཡང་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབ་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་བར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་ལ་རྒྱུད་སྡེ་དང་མཐུན་པའི་གཏོར་མ་འདིས་ཚིམས་ཤིང་མགུ་བར་གྱིས་ལ་རང་རང་གི་གནས་སུ་སོང་ཞིག །གང་དག་མི་འགྲོ་ཞིང་བར་དུ་གཅོད་པའི་ཚོགས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་རོ། །སོ་ལུགས་མཚམས་གཅོད་ཀྱི་ཚིག་སྔ་མ་བསྒྱུར་བ་ནི། ཧཱུཾ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བཀང་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་བྱའོ། །ཧཱུཾ་ཧཱུཾ་ཧཱུཾ། ཕྱག་རྡོར་གྱི་སྔགས་དང་སུམྦྷ་བརྗོད། གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བསྡིགས་ཤིང་རོལ་མོ་དྲག་པོ་བྱའོ། །བླ་མ་ལ་ལ་གསར་མར་ཁྲུས་ཐོག་མར་བྱ་དེ་ནས་བགེགས་གཏོར་གཏོང་། རྙིང་མར་དེ་གཉིས་གོ་ལྡོག་དགོས་ཟེར་ཡང་གསར་མའི་དབང་རྣམས་ལ་ཁྲུས་མ་གཏོགས་བགེགས་གཏོར་མི་གཏོང་ཞིང་། གལ་ཏེ་གཏོང་བ་རྣམས་ཀྱང་རྙིང་མའི་རྒྱས་འགེབས་སུ་སྣང་ལ། དབྱེ་བ་ཕྱེས་མདོག་དེ་ཡང་ཏི་ཐུག་རིགས་འགྲེའོ། །དེ་ནས་མཎྜལ་གྱི་མེ་ཏོག་བཀྱེ་ཞིང་ཐམས་ཅད་ཀྱི་ནས་ཕུད་མཎྜལ་སྟེང་དུ་འབབ་ཕྱིར་ཕུད་བསྡུས། བླ་མས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འདིར་འདུས་པ་ཆེན་པོ་མདོ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་ཟབ་མོ་མཉན་ཏེ་དོན་ཚུལ་བཞིན་དུ་ཉམས་སུ་བླང་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་སྟེ་གསན་འཚལ། དེ་ལ་ཐོག་མར་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་གལ་ཆེ་བར་གདའ་སྟེ། དེ་ཡང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཐུབ་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་རྒྱལ་བུ་ཟླ་བར་གྱུར་པའི་ཚེ། བྲམ་ཟེ་ཆོས་སྨྲ་བ་ལས་འདི་ལྟར་ཐོས་ཏེ། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རབ་ཏུ་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ནད་པ་སྨན་པའི་ཚིག་མཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་བྱ་བ་དང་། གུ་རུ་པདྨའི་མན་ངག་ལས། མིག་གི་དབང་པོ་ཆོས་སྨྲའི་ཞལ་ལ་བལྟ། །རྣ་བའི་དབང་པོ་མ་ཡེངས་གསུང་ལ་ཉན། །ཡིད་ཀྱི་དབང་པོ་ཚིག་ཟུང་དོན་ལ་བརྟག །ཅེས་གསུངས་པ་དང་། མདོ་ལས་ཀྱང་། དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་། ངས་ཁྱོད་ལ་བསྟན་པར་བྱའོ། །ཞེས་གསུངས་པ་ལྟར་གུས་པས་ཉན་དགོས་ཤིང་། དེའི་མི་མཐུན་ཕྱོགས་སྣོད་ཀྱི་དྲི་མ་དྲུག་ཀྱང་སྤང་དགོས་ཏེ། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་བསྡུས་དང་། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་གསུངས་པའི་ཕྱིར། གཞན་ཡང་། རྟོགས་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ལྟར་སྒོ་གསུམ་ལེགས་པར་བསྡམས་ཏེ་གཞན་དུ་མ་ཡེངས་པར་གསན་དགོས་སོ། །གསན་བྱའི་ཆོས་ནི་ཞེས་འབྲེལ་དགོད། རྩ་བར་གསུངས་པའི་དེ་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་དེ་ཞེས་དཀྱིལ་འཁོར་གཉིས་ཀྱི་སྒྲུབ་མཆོད་ཀྱི་དབུ་ན་འདུག་པ་དེ་འདིར་བླངས་ན་སྐབས་སུ་བབས་ཤིང་། དེ་ཡང་རྩ་བ་ཇི་བཞིན་པར་བཤད་ན་རིག་འཛིན་གོང་མ་རྣམས་ཀྱི་གསུང་རྒྱུན་བྱིན་རླབས་ཀྱི་མཐུ་དཔུང་ཆེ་བས་སོར་གནས་སུ་བྲིས་ལ། འོན་ཀྱང་ལུང་ཁུངས་མ་དག་པ་དང་ལུང་སྔ་ཕྱིའི་གོ་རིམ་ལྡོག་སྟེ་ཐར་ཆགས་སུ་བྲིས་པ་སོགས་མ་དག་པ་རྣམས་དག་པར་བཅོས་ཤིང་གཞན་རྩ་བ་སྒྲ་ཇི་བཞིན་པར་བྲིས་པ་ལ། དེ་ཡང་འོ་སྐོལ་འཁོར་བ་ཁྲག་གི་རྒྱ་མཚོ་ལྟ་བུའི་ནང་ན་སྡུག་བསྔལ་གྱི་རྦ་ཀློང་དཔག་ཏུ་མེད་པ་ལ་ལོངས་སྤྱོད་ཅིང་ཞེན། བྱ་བ་མ་ཡིན་པ་ལ་མངོན་པར་ཞེན་པ་ནི་བཤང་པའི་སྲིན་བུ་དང་འདྲ། འདོད་ཡོན་ལ་མངོན་པར་ཆགས་པ་ནི་ལན་ཚྭའི་ཆུ་དང་འདྲ། ཅི་བྱས་སྡུག་བསྔལ་ལ་སྤྱོད་པ་ནི་རྒྱ་མོའི་གཟན་དང་འདྲ་སྟེ། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་བདེ་བ་སྐད་ཅིག་ཀྱང་མེད་དེ། རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞི མ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་དང་། སྡུད་པ་ལས། འགྲོ་བ་འདི་དག་མིང་དང་གཟུགས་ཀྱི་འདམ་ལ་ཆགས། །རླུང་གི་འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམས། །ཞེས་གསུངས་སོ། །འཁོར་བའི་གནས་ནའང་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ལ་ལོངས་སྤྱོད་དེ། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གཅིག་ལ་གཅིག་ཟ། མི་ལ་འགྱུར་བའི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་ལྟུང་བ། དེ་ཐམས་ཅད་ལ་ཐུན་མོང་དུ་སྐྱེ་འཆིའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །འཁོར་བའི་སེམས་ཅན་གྱི་ཚོགས་དེ་དག་ལ་བསམ་ན་སེམས་ཅན་ཙམ་པོའི་ལུས་མཐོང་ན་མི་ལུས་ཐོབ་པ་མེད་པ་ཙམ། ཁ་འཐོར་བའི་ཚོགས་མཐོང་ན་མི་ལུས་ཐོབ་པ་སྲིད་པ་ཙམ་སྟེ། དེ་ལྟར་སློབ་དཔོན་ཞི་བ་ལྷས། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱ་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི། །བུ་གར་རུས་སྤལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །ཞེས་དང་། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུམ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པ་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུར་སྐད་ཅིག་བར་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་དལ་འབྱོར་གྱི་མི་ལུས་ཤིན་ཏུ་ཐོབ་པར་དཀའ་བར་གསུངས་ལ། གལ་ཏེ་མི་ལུས་ཐང་གཅིག་ཐོབ་སྲིད་ཀྱང་དགེ་བ་མ་བསགས་ན་དོན་མེད་སྟོང་ལོག་ཡིན་ཏེ། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུངས་ཤིང་། ནམ་འཆིའི་ཚེ་ལ་ངེས་པ་མེད་དེ། ཡིད་གཏན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཐམས་ཅད་བོར་ཏེ་ཆས་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ན། །ཞེས་གསུངས་ལ། ཚེ་མ་ཚོར་བར་ཟད་པ་ཡང་། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ན་ཡོད་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །བདག་ནི་མལ་ན་འདུག་བཞིན་དུ། །གཉེར་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་། །སྲོག་འཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་སྐྱབས་གཅིག་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་གསུངས་པས་འཆི་བ་རྗེས་སུ་དྲན་དགོས་ཏེ། ནད་མེད་ཉི་མ་འདི་ལྟ་བུར། །ཟས་བཅས་འཚེ་བ་མེད་ཀྱང་ནི། །ཚེ་ནི་སྐད་ཅིག་བསླུ་བ་སྟེ། །ལུས་ནི་ཐང་གཅིག་བརྙན་པོ་བཞིན། །ཞེས་དང་། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་པས་འཆི་བ་མ་དྲན་ན་གང་བྱ་བ་ཆོས་སུ་མི་འགྱུར་ཏེ། སློབ་སྤྲིང་ལས། འདི་ནི་སང་བྱ་འདི་ནི་ཐང་གཅིག་འོག་ཏུ་བྱ། །འདི་ནི་དེ་རིང་བྱ་ཞེས་སྐྱེ་བོ་སེམས་བྱེད་ན། །གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་བལྟ་བ་ཡིས། །མིག་རྩ་དམར་ཁྲོས་མ་རངས་གད་མོ་རེ་སྙམ་འདེབས། །སོས་ཀ་མེ་ཏོག་རྒྱས་པའི་དུས་འདི་འབྱུང་འགྱུར་ཞིང་། །ཟླ་བ་གསལ་བ་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་འགྱུར་བ་མེད། །ཅེས་གསུངས་པའི་ཕྱིར། ངེས་འབྱུང་ཆེན་པོས་དལ་འབྱོར་གྱི་སྙིང་པོ་བླངས་པའི་ཕྱིར་ཚོགས་གཉིས་བསགས་པ་ལ་འབད་དགོས་ཏེ། མདོ་ལས། འཇིག་རྟེན་སྡུག་བསྔལ་ཇི་སྙེད་ཀུན། །དེ་ཀུན་མི་དགེ་བྱས་ལས་བྱུང་། །ལྷ་མིའི་བདེ་བ་ཇི་སྙེད་ཀུན། །དེ་ཀུན་བསོད་ནམས་བསགས་ལས་ཐོབ། །བསོད་ནམས་བསགས་པས་བདེ་བ་ཐོབ། །དེ་ཕྱིར་ཡང་དང་ཡང་དུ་བསག །ཅེས་གསུངས་སོ། །དེ་ལྟར་དུ་འཆི་བ་མི་རྟག་བའི་གསལ་འདེབས་དང་། ངེས་འབྱུང་གི་བརྩོན་འགྲུས་དང་། བདེ་འགྲོ་མཐོ་རིས་དང་དགེ་བ་བཅུའི་ཕན་ཡོན་དང་། མི་དགེ་བ་བཅུའི་ཉེས་དམིགས་དང་། ངན་སོང་གསུམ་གྱི་སྡུག་བསྔལ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་བསྐྱེད་པ་ལ་སོགས་ཆོས་ཟབ་ཅིང་རྒྱ་ཆེ་བ་བཤད་ཅིང་། རྒྱུད་སྣོད་དུ་རུང་བའི་ངེས་ཤེས་བསྐྱེད་ལ། ཁྱད་པར་ཐེག་པའི་རིམ་པ་དང་། སྒོས་གསང་སྔགས་དང་། ཡང་སྒོས་ཆོས་འདིའི་བཀའ་བབས་ཚུལ་དང་། བླ་མ་བརྒྱུད་པའི་རིམ་པ་བཤད་དེ་སྤྲོ་བ་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར། གསུང་རབ་སྤྱི་བཤད་དང་། བྱེ་བྲག་སྔ་འགྱུར་གྱི་ཆོས་ཁྱད་པར་འཕགས་ཚུལ། ཁྱད་པར་བཀའ་མའི་ཆོས་ཀྱི་བབས་ཚུལ་སོགས་བློ་གྲོས་ཡངས་པར་བྱས་ཏེ་འཆད། དེ་ལྟར་མི་ནུས་ན་འདིའི་དབུ་ན་བཞུགས་པའི་བླ་མ་བརྒྱུད་པའི་ཚུལ་དང་། བརྒྱུད་པ་དེ་ལས་བྱུང་བའི་མན་ངག་གི་སྦྱི་དོན་རྣམས་བཀླགས་སོ། །དེ་ལྟར་བཀའ་སྲོལ་བཟང་པོ་འདིར་འཇུག་པ་ལ། ནང་དུ་འདུས་ལ་གླེང་གཞི་བཤད་པ་འདིར་སྐབས་སུ་བབས་པས། དེ་ལ་དང་པོ་གླེང་གཞི་ནི་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་གབ་པའི་དབང་ལེ་དྲུག་གི་དང་པོར། སྤྱི་དབང་ཆེན་པོའི་གླེང་གཞི་དང་། །ཞེས་གསུངས་པ་ལྟར། རྩ་བར། སློབ་མ་རྣམས་ལ་དབང་གི་གླེང་གཞི་བཤད་པར་བྱ་སྟེ། དེའང་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་རྒྱུད་ལས། འདོད་པ་ཁམས་ཀྱི་གནས་རིགས་འདི་ན་བྲམ་ཟེའི་སློབ་དཔོན་དུང་གི་ཕྲེང་བ་ཅན་ཞེས་བྱ་བ། གོས་སུ་དུང་གི་ཕྲེང་བ་གྱོན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ལ། སློབ་མ་རྒྱལ་བུ་ཞིག་ཡོད་དེ། དེ་ལ་བྲམ་ཟེས་སློབ་སྦྱང་དུ་བྱས་པས་རིག་པའི་གནས་ལྔ་ལ་མཁས་པར་གྱུར་པས་རྒྱལ་བུའི་བསམ་པ་ལ། ད་ནི་བདག་ཀྱང་ཤེས་པ་མང་པོ་དང་ལྡན། བྲམ་ཟེ་འདི་མིན་པ་གོང་ན་མེད་པས་འདི་གོང་དུ་མི་བཏང་སྙམ་ནས། བྲམ་ཟེ་ལ་རྒུན་ཆང་བླུད་དེ་བརྒྱལ་བ་དང་། མིག་ཁབ་ཀྱིས་བཙག །ལྕེ་ལྕགས་ཀྱུས་དྲངས་ཏེ་བཅད། ལུས་རུས་སྦལ་གྱི་ཁྲག་གིས་བྱུག་སྟེ་བུད་མེད་མང་པོས་མནན། སྒྱིད་པ་བཅད་དེ་བཞག་པས་རེ་ཞིག་ན་བྲམ་ཟེ་བརྒྱལ་བ་སངས་ནས་རྩ་ན་སུ་ཡོད་སྙམ་འབོད་པར་སྨྲ་མ་ཤེས། བལྟ་བསམ་པ་ལས་མིག་མེད། ལངས་པར་བསམ་པས་སྒྱིད་པ་མེད། བུད་མེད་མང་པོས་མནན་པས་དྲན་པ་ཉམས། ལུས་ཆུ་ལྦུར་དང་རྐོང་པས་གང་བར་གྱུར་པས། དེས་བསམ་པ་འདི་ལྟར་སྡུག་བསྔལ་ཞིང་ཉམས་ཐག་པ་འདི་སྔོན་ལས་ཡིན་ནམ། གཞན་ཕྲག་དོག་གིས་བྱས་པ་ཡིན་བརྟགས་པས་རྒྱལ་བུས་བྱས་པར་རིག་ནས་སྨོད་བོར་བ། རྒྱལ་བུ་ཁྱོད་ལ་ང་དེ་ཙམ་དུ་དྲིན་ཆེ་ཡང་འདི་ལྟ་བུ་བྱེད་པ་ཁྱོད་སྐྱེ་བ་གཅིག་གི་ཚེ་ལུས་ལ་མཛེ་དང་། ཕོལ་མིག་དང་། གཡན་པ་དང་། ལྷོག་པ་དང་། ཤ་བཀྲ་དང་། བ་ལྡགས་དང་། ཆུ་བུར་དང་། ནད་རྣམ་པ་དྲུག་གིས་ཐེབས་ཤིང་། ལུས་ལ་ཤ་ཟ་མོ་སྟོང་གི་ཚང་བཅའ་བ་དང་། མིག་ལོང་ཞིང་ངག་ལྐུགས་པ་དང་ཡན་ལག་ཞ་ཞིང་འགྲོ་མི་ཤེས་པར་གྱུར་ཅིག །དེ་ནས་ཚེ་འཕོས་ནས་ངན་སོང་གསུམ་རིམ་པར་བརྒྱུད་དེ་དམྱལ་བར་སྐྱེས་ནས་ཚེ་རབས་གྲངས་མེད་པར་འཕགས་པའི་འབྲལ་བུ་མི་ཐོབ་ཅིང་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་ཅིག །ཅེས་སྨོད་པ་བྱས་པས་རྒྱལ་བུ་དེ་ཡང་མྱུར་དུ་ཚེ་འཕོས་ནས་རང་གི་ཉེས་བྱས་ཀྱི་རྣམ་སྨིན་དང་བྲམ་ཟེའི་སྨོད་པ་འདོམས་པའི་དབང་གིས་སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་ཞེས་བྱ་བར་སྐྱེས་ཏེ། ལུས་ལ་ནད་དྲུག་གིས་ཐེབས། ཤ་ཟ་མོ་སྟོང་གི་ཚང་བཅས། མིག་ལོང་། ལྕེ་ལྐུགས། རྐང་པ་ཞ་སྟེ་སྡུག་བསྔལ་བར་གྱུར་ཏོ། །དེ་ནས་ཚེ་འཕོས་ནས་དམྱལ་ཁམས་བཅུ་དྲུག་གི་ཁ་བརྒྱུད་ནས་བསྐལ་པ་གྲངས་མེད་པར་འཕགས་པའི་ཞལ་མ་མཐོང་སྟེ། བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་ལ་ཐུག་པ་ན། བཅོམ་ལྡན་འདས་ཉིད་ཀྱི་ཐུགས་ཀ་ནས་དཔལ་ཕྱག་ན་རྡོ་རྗེ་ཕྱུངས་ནས་བཀའ་ནོད་པ་ནི། ཁྱོད་སོང་ལ་འདོད་ཁམས་འདི་ན་སེམས་ཅན་ལུས་སྲུལ་པོ་ཅན་ཞེས་ཚེ་སྔ་མ་སློབ་དཔོན་ལ་ངན་སེམས་བྱས་པའི་རྣམ་སྨིན་ཉམས་སུ་མྱོང་བ་སྟེ། དེ་ལྟ་བུ་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་ལ་ཐུག་ཅིང་སྡུག་བསྔལ་ལ། ཚེ་འཕོས་ནས་དམྱལ་བར་ལྷུང་བ་ནི་ལས་གཞན་གྱི་རྣམ་སྨིན་ལ་ཐར་སྲིད་ཀྱང་སློབ་དཔོན་ལ་ངན་སེམས་བྱས་པའི་རྣམ་སྨིན་ཤིན་ཏུ་སྦྱང་དཀའ་བས་ལག་ན་རྡོ་རྗེ་ཁྱོད་སོང་ལ་ཆོ་ག་ཟབ་མོའི་བྱིན་རླབས་མཆོག་དབང་འདི་རྣམས་བསྐུར་ལ་མཐོ་རིས་ཀྱི་གནས་སུ་སྐྱེལ་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ཡི་རངས་ཏེ་བཅོམ་ལྡན་འདས་སླར་གསོལ་པ། བཅོམ་ལྡན་འདས་དབང་རྣམས་ཀྱི་རང་བཞིན་བཤད་དུ་གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་རིགས་བཙུན་པར་སྐྱེས་པའི་ཚེ། །རྒྱལ་སྲིད་འབངས་ཀྱིས་ཕུལ་བས་ན། །ཚིག་བཙན་ཡུལ་ལ་དབང་བསྒྱུར་བའི། །ས་བདག་རྒྱལ་པོར་གནས་པ་བཞིན། །བཅོམ་ལྡན་བྱང་ཆུབ་སྤྱོད་པའི་ཚེ། །ལྷ་དང་ལྷ་མིན་འཁོར་བཅས་ལ། །དབང་བསྐུར་རྫས་ཀྱིས་མངའ་གསོལ་བས། །དེ་ནས་བྱང་ཆུབ་མངོན་སངས་རྒྱས། །ཕྱག་རྒྱ་གསང་བའི་གནས་བསྲུང་སྟེ། །བདུད་རྩི་བུམ་པས་སྡིག་རྣམས་བཀྲུས། །ཕྲེང་བ་ཅོད་པན་ཚུལ་ཁྲིམས་དང་། །རྣམ་ལྔའི་ཐུར་མས་བག་ཆགས་བསལ། །མེ་ལོང་འཁོར་ལོ་དུང་རྒྱ་གྲམ། །སྣ་བདུན་འཁོར་ལོས་སྟེགས་བཙུགས་ཏེ། །རལ་གྲི་ཤེས་རབ་མདའ་གཞུ་དང་། །སེང་གེ་ཉི་ཟླ་ལྟ་བུ་དང་། །མཐའ་ཡས་བཀྲ་ཤིས་རྫས་བརྒྱད་བྱིན། །བདེན་པའི་བཀའ་བརྗོད་བདེན་བརྡར་དང། །ཏིང་འཛིན་ཚངས་པའི་གླུ་དབྱངས་དང་། །རྟེན་འབྲེལ་རྫས་རྣམས་བཤམ་ནས་ནི། །དབང་མཆོག་དེས་ནི་དབང་བསྐུར་རོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་རྣམས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་དག་པའི་ཕྱག་རྒྱ་བཅིངས་ཏེ། སེམས་ཅན་ལུས་སྲུལ་པོ་ཅན་གྱི་གནས་ལྔར་བཀོད་པས་ཤ་ཟ་མོ་སྟོང་གི་གནས་ཀྱང་བྱེར་རོ། །དེ་ནས་འདུ་འབྲལ་མེད་པ་གསང་བའི་དབང་གིས་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་ལ་ཐུག་པ་སོས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་སོ། །དེ་ནས་དམ་པ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱི་བདུད་རྩི་བུམ་པས་དབང་བསྐུར་ནས་ལུས་མི་བདེ་བ་རྣམས་བཀྲུས་ནས་དག་པར་གྱུར་ཏོ། །མེ་ཏོག་ཕྲེང་བའི་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕྲེང་བ་ཞིག་རལ་ཡོངས་སུ་རྫོགས་ནས་ངན་སོང་ནས་ཡོངས་སུ་བཟློག་པའི་དབང་དང་ལྡན་པར་གྱུར་ཏོ། །ཅོད་པན་གྱི་དབང་བསྐུར་བས་ཁམས་གསུམ་ན་གནས་པའི་བསམ་སྦྱོར་ངན་པའི་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་ནས་གསེར་གྱི་ཐུར་མའི་དབང་བསྐུར་བས་མ་རིག་པའི་ལིང་ཏོག་གི་ཐིབས་པོ་ཕྱུངས་ནས་གསལ་བར་གྱུར་ཏོ། །མེ་ལོང་གིས་ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ལྟ་བུ་མཐོང་ངོ་། །གསེར་གྱི་འཁོར་ལོས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ནས་ཁམས་གསུམ་ཐམས་ཅད་དུ་འགྲོ་ནུས་པར་གྱུར་ཏོ། །དུང་གིས་ཚངས་བའི་སྒྲ་སྐད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏོ། །རྒྱ་གྲམ་གྱིས་ཕྱོགས་བཅུ་ནས་སྔགས་འཆང་རྣམས་ཀྱིས་རྟག་ཏུ་བསྲུང་བར་གྱུར་ཏོ། །དེ་ནས་རིན་པོ་ཆེ་སྣ་བདུན་མཁའ་ལ་བརྒྱུད་མར་བྱུང་སྟེ་འཁོར་ལོ། །ནོར་བུ། བཙུན་མོ། །ཁྱིམ་བདག །བློན་པོ་དང་། རྟ། གླང་པོ་ཆེ་རྣམས་ཀྱི་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྤྲིན་ཕུང་ཞེས་བྱ་བར་གྱུར་ཏོ། །དེ་ལ་ཡེ་ཤེས་ཀྱི་རལ་གྲི་དང་། ཐབས་ཤེས་ཟུང་དུ་འབྲེལ་བའི་མདའ་གཞུ་དང་། བརྗོད་པ་སེང་གེ་མྱུར་བའི་གཟུགས་བརྙན་རྣམས་ཀྱི་དབང་བསྐུར་བས་སྐད་ཅིག་མ་ལ་སངས་རྒྱས་ཏེ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་ཞེས་བསྟོད་ནས་ཉི་མ་དང་ཟླ་བ་ཕྱག་ཏུ་ཕུལ་མ་ཐག་ཏུ་ཉི་མས་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་དུས་མཐའ་མེད་པར་ཤར་ནས་དྲོ་ཞིང་འཇམ་པར་གྱུར་ཏོ། །ཟླ་བས་ནི་སྟོང་གསུམ་གྱི་མུན་པ་ཐམས་ཅད་དུས་གཅིག་ཏུ་བསལ་ནས་རྣམ་པ་ཐམས་ཅད་དུ་བསིལ་ཞིང་སྣང་བར་གྱུར་ཏོ། །དེ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་འཕང་ཆེན་པོ་རྫོགས་པར་གྱུར་ཏེ། ཐམས་ཅད་ནས་ཐམས་ཅད་དུ་བཀྲ་ཤིས་ཤིང་གྲུབ་པའི་རྫས་སུ་གསུངས་པ་དང་། འདོད་པ་ཁམས་ཀྱི་ལྷ་དང་། འོག་མིན་གྱི་ལྷ་དང་། འོག་གི་ས་བདག་དང་། རིགས་ཀྱི་བྲམ་ཟེ་དང་། གང་ཟག་དག་པ་གསལ་ཞིང་རིག་པའི་གླང་པོ་དང་། མཁྱེན་པའི་དཔལ་ལ་སོགས་ཏེ་སྦྱིན་པའི་གནས་སུ་བསྐྱེད་པའི་ཕྱིར་བཀྲ་ཤིས་ཀྱིས་མངའ་གསོལ་ནས་གཞན་ལ་ཕན་པའི་དོན་དུ་ཚིགས་སུ་བཅད་དེ་བསྟོད་པ། དེ་བཞིན་གཤེགས་པ་དགྱེས་པ་དགྱེས་པ་ཆེ། །རྡོ་རྗེ་བདག་ནི་གཏན་དུ་མ་བཏང་ཞིག །ཡུངས་ཀར་དངོས་གྲུབ་རྫས་ཀྱིས་བགེགས་ཀྱི་སྦྱོར་བ་རྣམས་འཇོམས་ཤིང་། །ཞོ་ཡིས་རྣམ་པར་རྒྱས་བྱེད་ཏིང་འཛིན་བཅུད་ཀྱིས་འཚོ་བ་དང་། །དཱུརྦས་དགེ་བའི་རྩ་བ་དཔག་མེད་ཚོགས་ལྡན་ཞིང་། །ལི་ཁྲིས་ལྷ་མོ་མང་པོ་དབང་དུ་སྡུད་པར་བྱེད་པར་ཤོག །མེ་ལོང་གིས་ནི་ཆོས་ཀུན་གཟུགས་བརྙན་ལྟ་བུར་རྟོགས་པ་དང་། །དུང་གིས་འཇིག་རྟེན་གསུམ་དུ་ཆོས་ཀྱི་གྲགས་པ་ཐོབ་གྱུར་ནས། །གྷི་ཝཾ་གིས་ནི་དུག་གསུམ་ཞི་བྱེད་ཆོས་སྲོག་མང་པོ་འཚོ་བ་དང་། །བིལ་བས་མཚུངས་མེད་བླ་མེད་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །ཅེས་བརྗོད་དེ། བཀྲ་ཤིས་རྫས་ཀྱིས་མངའ་གསོལ་ནས་སོ་སོའི་ཡོན་ཏན་ཇི་སྐད་གསུངས་པ་བཞིན་བཀྲ་ཤིས་པར་གྱུར་ཏོ། །དེ་ལྟ་བས་ན་གཞན་གྱི་སྡིག་པ་མཚམས་མེད་པ་ལྔ་དང་། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རྣམས་འདག་པ་ལྟ་ཅི་སྨོས། བླ་མ་ལ་བརྙས་པ་བྱས་པའི་རྣམ་སྨིན་ཡང་དབང་བསྐུར་བའི་ཕྲིན་ལས་ཁྱད་པར་ཅན་གྱིས་འདག་པར་འགྱུར་པ་ནི་ཁྱད་པར་རྨད་དུ་བྱུང་བའི་ཕྲིན་ལས་ཏེ། དོན་ཆེན་པོ་དང་ལྡན་པར་ཐུགས་ལ་དགོངས་ཏེ་སྤྲོ་བ་ཆེན་པོ་མཛོད་ཅིག །དེ་དག་ནི་དབང་གི་གླེང་གཞི་བཤད་པའོ། །དེ་ནས་དབང་དེ་དག་བསྐུར་ཡང་མི་ཆགས་པའི་གེགས་བརྒྱད་བཤད་པར་བྱ་སྟེ། འདི་ལྟར་ཐུགས་ལ་བཞག་འཚལ་ལོ། །དཔེར་ན་ཆུ་རང་བཞིན་གྱི་རྣམ་པར་དྭངས་པ་ལ་གློ་བུར་དུ་རྙོག་མ་བྱུང་ན་མི་གསལ་བའམ། འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་སྤྲིན་དང་ཁུ་ནས་སྒྲིབ་ན་མི་གསལ་བ་བཞིན། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་གསལ་ཡང་གློ་བུར་གྱི་རྣམ་རྟོག་གམ་བག་ཆགས་ཀྱིས་སྒྲིབ་པ་ནི་འདི་ལྟ་སྟེ། སངས་རྒྱས་ཀུན་གྱི་དངོས་གྲུབ་དང་། །བྱིན་རླབས་དབང་མཆོག་འབྱུང་བ་ནི། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །ཉི་ཟླའི་གཟུགས་བརྙན་འབྱུང་བ་ཡང་། །རྙོག་པ་ཆུ་ཡིས་གེགས་འགྱུར་བཞིན། །བྱིན་རླབས་དབང་མཆོག་འབྱུང་བའི་གེགས། །རྣམ་པ་བརྒྱད་དུ་འབྱུང་བར་བཤད། །ཅེས་པའི་དང་པོ་ནི། སྔོན་འབྱུང་སྟོན་པ་སློབ་དཔོན་ལ། །བཀའ་ཅོག་བརྙས་པ་བྱེད་པ་ནི། །དབང་དང་དངོས་གྲུབ་དང་པོའི་གེགས། །ཞེས་པས་བླ་མ་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དངོས་གྲུབ་འབྱུང་བའི་རྩ་བ་ལགས་པས་བཀའ་ལ་བརྙས་པ་སྤང་བར་བྱའོ། །བླ་མེད་རྡོ་རྗེ་འགྲོ་བའི་སྤུན། །འཁུ་ལྡོག་གདུང་བའི་སེམས་མེད་ན། །དབང་དང་དངོས་གྲུབ་གེགས་གཉིས་པ། །ཞེས་པས་མཆེད་གྲོགས་ལ་གདུང་སེམས་ཆེར་བྱའོ། །བྱང་ཆུབ་ལམ་ལ་འདུད་མེད་ཅིང་། །ཐར་པ་འདྲེན་པའི་ལྷ་སྤོང་བ། །དངོས་གྲུབ་འབྱུང་བའི་གེགས་གསུམ་པ། །ཞེས་པས་དོན་དམ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མ་སྤོང་ཞིག །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་གེགས་བཞི་པ། །ཞེས་པས། སེམས་ཅན་བློས་མི་བཏང་བར་བྱའོ། །གསང་སྔགས་གསང་བའི་ལོངས་སྤྱོད་རྣམས། །ཡོངས་ལ་སྦྱིན་པ་ལྔ་པའི་གེགས། །ཞེས་པས། སྣོད་ཀྱིས་མ་སྨིན་པ་དང་། ཟབ་པའི་མ་སྨིན་པ་དང་། ཆོས་ཀྱིས་མ་སྨིན་པའི་གང་ཟག་ནི་སྣོད་དུ་མི་རུང་བས་གསང་སྔགས་ཀྱི་དོན་མ་སྟོན་ཅིག་པའོ། །ཐར་ལམ་སྟོན་ལ་འདུད་མེད་ཅིང་། །སེར་སྣས་བཅིངས་པ་དྲུག་པའི་གེགས། །ཞེས་པས། དབང་བསྐུར་བའི་བླ་མ་ལ་མོས་གུས་མེད་པ་དང་། ཕྱག་རྟེན་ལ་སེར་སྣ་མ་བྱེད་ཅིག །གཟུ་ལུམ་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གེགས་བདུན་པ། །ཞེས་པས་བླ་མ་ལ་བཀའ་ལུང་མ་ཐོབ་པར་གཞན་ལ་སྟོན་པ་ལ་སོགས་པ་གཟུ་ལུམ་རས་ཆོད་མ་བྱེད་ཅིག །འདོད་པ་ཁེ་གྲགས་ལྷུར་ལེན་ཅིང་། །གསང་བའི་དམ་ཚིག་སྤོང་བ་ནི། །འདི་ནི་བརྒྱད་པའི་གེགས་སུ་བསྟན། །ཞེས་པས། འདོད་པ་ཁེ་གྲགས་ལྷུར་མ་ལེན་པར་སྔགས་ཀྱི་དམ་ཚིག་རིན་པོ་ཆེ་དང་འདྲ་བ་འདི་མ་སྤོང་ཞིག །ཉམས་པ་འདི་དག་སུ་སྤོང་བ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །འདི་ལྟར་ཁྱོད་ཀྱིས་རབ་བརྟན་ན། །བུ་ཁྱོད་ནང་པར་དྲི་བྱེད་པ། །དཀྱིལ་འཁོར་དྲུང་དུ་ལེགས་པར་ཉོལ། །ཞེས་པས་གེགས་བརྒྱད་པོ་དེ་དག་ཤེས་པར་བྱས་ལ་ཉེས་པ་དེ་དག་ལས་བཟློག་པར་བྱའོ། །དེ་དག་གིས་བར་སྐབས་སུ་འཕྲོས་དོན་གྱི་བཤད་པ་དང་། མཚམས་སྦྱོར་བ་དང་། མི་གོ་བ་རྣམས་རྒྱས་པར་བཀྲོལ་ཏེ་བཤད་པ་སོགས་སློབ་མ་རྣམས་གོ་བ་ལེགས་པར་རྙེད་པར་བྱའོ། །མཚམས་སྦྱོར་བ་ནི། དེ་ལྟར་ཕན་ཡོན་དེ་དག་དང་ལྡན་ཞིང་ཉམས་པའི་རྒྱུ་དེ་རྣམས་སྤོང་བའི་སློབ་མ་ཡོངས་སུ་བཟུང་བར་བྱ་དགོས་ཞིང་། དེ་ལ་ཡང་བསྐུར་བྱེད་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང་། ཉན་བྱེད་སློབ་མའི་མཚན་ཉིད་དང་། ཇི་ལྟར་བྱ་བའི་ཆོ་གའི་མཚན་ཉིད་དང་གསུམ་ལས། དང་པོ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེན་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་གསུངས་པ་ལ་འབྲུ་གཉེར་བའི་ཚེ། སྟོན་པ་ནི་འདི་ལྟ་བུའི་ལམ་སྟོན་པའོ། །མཛོད་ལྡན་ནི། ལྟ་བའི་མཛོད་ཨ་ཏི། ཏིང་ངེ་འཛིན་གྱི་མཛོད་ཨ་ནུ། སྤྱོད་པའི་མཛོད་མ་ཧཱ་ཡོ་ག་གསུམ་དང་ལྡན་པའམ། ཡང་ན་ལྟ་བ་བདེན་གཉིས་དབྱེར་མེད་མངོན་སུམ་དུ་རྟོགས་པ། ཏིང་ངེ་འཛིན་སྤྲོས་བཅས་མཐར་ཕྱིན་པ། དམ་ཚིག་སྦྱིན་ཀུན་དང་ལྡན་ཞིང་ཁྱད་པར་སྒྲུབ་པའི་དོན་ལས་མི་འདའ་བས་ལྟ་སྤྱོད་སྒོམ་གསུམ་གྱི་མཛོད་དང་ལྡན་པའོ། །ཆུ་བོ་རྫོགས་པ་ནི་དབང་བཞིའི་ཆུ་བོ་མ་ཉམས་པར་རྫོགས་པར་བཞུགས་པའོ། །གཉེན་ལྡན་ནི་ཕྱི་དགྲ་བགེགས་ཀྱི་བར་གཅོད་བཟློག་པ། ནང་ཉོན་མོངས་ལམ་དུ་ལོང་ཞིང་བདེ་སྡུག་རོ་སྙོམས་པ། སྙིང་རྗེ་དང་ཕན་སེམས་ཀྱིས་སློབ་བུ་རྗེས་སུ་འཛིན་ནུས་པའོ། །རྒྱུད་ནི་རྒྱུད་སྡེ་མཐའ་དག་ལ་མཁས་ཤིང་དོན་ཁྲོལ་བའོ། །ལས་ནི་ཕྲིན་ལས་རྣམ་པ་བཞི་ལ་མཁས་པའོ། །མན་ངག་ནི་བླ་མ་བརྒྱུད་པའི་མན་ངག་དང་ལྡན་པའོ། །དྲོད་འཆང་ནི་ཉམས་མྱོང་གི་དྲོད་འཆང་བའོ། །བརྒྱད་འཆང་བ་ནི། སྟོན་པ། མཛོད་ལྡན། ཆུ་རྫོགས། གཉེན་ལྡན། རྒྱུད། ལས། མན་ངག །དྲོད་དེ་གོང་དུ་བཤད་པའི་ཡོན་ཏན་བརྒྱད་དང་ལྡན་ཞིང་འཆང་བའོ། །རྣལ་འབྱོར་མཐར་ལྡན་ནི། རྣལ་འབྱོར་པ་གང་ཟག་སྤྲོས་པ་མཐར་ཕྱིན་པས་དང་ལྡན་ནས། ཟག་མེད་ལ་སྦྱོར་ནུས་པའི་སྟོན་པ་དེ་ཤིན་ཏུ་བསྟེན་པར་བྱའོ། །དེ་ལྟར་ཡིན་ཚུལ་ལམ་རིམ་གྱི་མཆན་བུ་སོགས་ལས་ཀྱང་ཤེས་པར་ནུས་སོ། །གཞན་ཡང་མདོ་རྒྱུད་ནས་གསུངས་པའི་སྤྱི་བྱེ་བྲག་གི་མཚན་ཉིད་དེ་དག་དང་ལྡན་པ་ཞིག་བསྟེན་པར་བྱའོ། །གཉིས་པ་སློབ་མའི་མཚན་ཉིད་ནི། རྩ་རྒྱུད་གསང་སྙིང་ལས། ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་གསུངས་པས་དེ་ལ་ཡང་ཅུང་ཟད་འབྲུ་གཉེར་ན། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཟབ་མོ་ལ་བློོ་རབ་ཏུ་སྦྱངས་པའི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བས་ན་ཤེས་རབ་ཀྱི་མིག་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ཟུང་ཞིག་དང་། སྣོད་ཁ་སྦུབ་ཞབས་བརྡོལ་སོགས་ཀྱི་སྐྱོན་དང་བྲལ་ཞིང་ཡོན་ཏན་དང་ལྡན་པ། ངང་ཆུ་བོ་ཆེན་པོའི་རྒྱུན་ལྟར་རིང་བ། ཚུལ་དགེ་སློང་གསར་བུ་ལྟར་ཞིབ་པ། བསམ་པ་རིན་པོ་ཆེ་གསེར་ལྟར་བཟང་བ། བློ་རི་རབ་ལྟར་བརྟན་ཞིང་མི་འགྱུར་བ། ལུས་དང་ལོངས་སྤྱོད་ཆོས་ཕྱིར་འཕངས་པ་མེད་པར་གཏོང་ཕོད་པའི་སློབ་མ་ལ་ཟབ་མོའི་ཆོས་སྦྱིན་པར་བྱའོ། །ཞེས་འགྲེལ་བྱེད་མཁན་པོ་དག་གིས་བཤད་པས་དེ་ལྟ་བུའི་མཚན་ཉིད་དང་། གཞན་ཡང་གསུང་རབ་ཟབ་མོ་ལས་བཤད་པ་ལྟར་གྱི་མཚན་ཉིད་ཀུན་ལྡན་ནམ་ཕྱོགས་འདྲ་ཙམ་ཞིག་ངེས་པར་དགོས། གསུམ་པ་ཇི་ལྟར་བྱ་བའི་ཆོ་གའི་མཚན་ཉིད་ནི་སྤྱིར་རྒྱུད་སྡེ་སོ་སོའི་སྒོས་བཀའ་ལྟ་བུའི་ཚེ་རང་རང་གི་ལུགས་རྣམས་མ་འདྲེས་པར་ཤེས་དགོས་ཤིང་། དེ་ཡང་གོང་མ་འོག་མར་འབྲེལ་མི་རུང་ལ། འོག་མ་གོང་མར་བཀྲལ་ཆོག་པར་མཁས་པ་རྣམས་བཞེད་པས་འདིར་རྒྱུད་སྡེ་གོང་མ་དང་འབྲེལ་བས་ན་གོང་མས་འོག་མ་ཟིལ་གྱིས་གནོན་པ་སྟེ། ཟུར་ཧྭཾ་རིན་པོ་ཆེའི་ལྷ་ཐེམས་ལས། བློར་ཤོང་ཐམས་ཅད་ཡེ་ཤེས་སྐུ། །རྒྱུད་ལུང་ཕྱག་ལེན་བཤད་མཛད་པ། །ཞེས་གསུངས་པའི་ཕྱིར། སྔོན་འགྲོའི་དཀྱིལ་འཁོར་འདི་གཉིས་སྤྱོད་རྒྱུད་ལས་གསུངས་ཀྱང་ཕྱག་ལེན་ཕལ་ཆེར་གོང་མ་དང་མཐུན་ཚབས་ཆེ་ཞིང་། དེ་ཡང་སྤྱོད་རྒྱུད་ཁོ་ན་ལྟར་ན་ཐེམས་ཡིག་ལས། བདག་ཉིད་དམ་ཚིག་མདུན་ཡེ་ཤེས། །འདྲེས་དང་གསུམ་ཀ་མཆོད་པའི་ཕྱིར། །ཞེས་གསུངས་པས། བདག་དམ་ཚིག་པའི་ང་རྒྱལ་དང་། མདུན་བསྐྱེད་ལ་དམ་ཡེ་གཉིས་ཏེ་གསུམ་དུ་གསུངས་ཤིང་། གོང་མར་བཀྲལ་བ་ལྟར་ཡང་དེ་ཉིད་ལས། བུམ་དང་ཙ་ཀ་དཀྱིལ་བླ་མ། །ཐམས་ཅད་ལྷར་གསལ་མཆོད་བཟླས་ལ། །ཕྱི་སྣོད་འཇིག་རྟེན་ཀུན་གཞལ་ཡས། །ནང་བཅུད་སྐྱེ་འགྲོ་ཀུན་ལྷ་མཉེས། །ལྷ་ཡི་རང་སྣང་མཆོད་རྫས་ཞེས། །ལྷ་ཐུགས་རང་གྲོལ་མཆོད་པའི་ཚོགས། །ཞེས་གསུངས་པས། གོང་མ་ཁོ་ན་ལྟར་བཀྲལ་བ་ཡིན། འདིར་སྔོན་འགྲོ་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་འདི་ཉིད་ལ་བརྟེན་ནས་ཐེག་པའི་རིམ་པའི་དབང་འདིར་འཇུག་པའི་སྒོ་གསང་བདག་གི་དཀྱིལ་འཁོར་ནས་བྱས་པས་ཕྱག་ན་རྡོ་རྗེ་གསང་བ་ཐམས་ཅད་ཀྱི་མཛོད་འཛིན་པ་ཡིན་པ་དང་། ལམ་འདི་ཡང་རྡོ་རྗེ་ཐེག་པ་གཙོ་བོར་བྱས་ཏེ་བསྟན་པ་ཡོངས་རྫོགས་ཀྱི་སྲོལ་ཆེན་པོའི་གཞུང་ལམ་ཡིན་ནོ་ཞེས་སྟོན་པར་བྱེད་པའི་རྟགས་ཡིན་ནོ། །མདོར་ན་སྔོན་ཆད་བསྟན་པ་སྤྱི་དང་ཁྱད་པར་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་དབྱར་མཚོ་ལྟར་འཕེལ་ཞིང་གདུལ་བྱ་རྣམས་ཀྱང་དད་བརྩོན་ཤེས་རབ་དང་ལྡན་ཕྱིར། གོང་མ་རྣམས་ཀྱི་ཡིག་རྙིང་དུ་ཆོག་ཁྲིགས་དེ་དག་མདོར་བསྟན་གྱིས་ཤེས་བར་ནུས་པ་བྱུང་ནའང་དེང་སང་དེ་ལས་ལྡོག་པའི་ཕྱིར་ཚིག་ཚོགས་ཀྱི་དཀའ་བ་ལ་མ་བསམ་པར་སློབ་དཔོན་གྱི་བགྱི་འོས་རྣམས་ཀྱང་རང་གཞུང་དང་མི་འགལ་བའི་ཆོ་ག་རྒྱས་པར་གྲུབ་ཁུལ་ཡིན། སློབ་མའི་ངོ་སྐལ་ནི། མཎྜལ་མེ་ཏོག་བཅས་ཐལ་མོ། །ཉན་སོགས་འདོད་པས་གསོལ་གསུམ་བཏབ། །ཅེས་འབྱུང་བས་ན་བླ་མ་དང་གསང་བའི་བདག་པོ་ཐ་མི་དད་པ་ལ་སྔོན་འགྲོ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། དང་པོ་གསོལ་བ་གདབ་པ་ནི་འདིའི་རྗེས་ཟློས་མཛོད། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བས་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་སྩལ་དུ་གསོལ། །ཞེས་པའི་གསོལ་བ་ལན་གསུམ་བཏབ། རྩ་བར། དེ་ནས་བླ་མའི་རྗེས་སུ་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་ཞེས་པ་ཙམ་ལས་ཕྱག་འཚལ་བར་མ་གསུངས་ཀྱང་། སྒྲོལ་ཆེན་བསམ་གྲུབ་རྡོ་རྗེའི་ཕྱག་བཞེས་ཟུར་ཧྭཾ་ཐམས་ཅད་མཁྱེན་པའི་ཟིན་བྲིས་ལས་བརྡ་སྤྲོད་དང་བཅས་ཏེ་གསུངས་པ་ལེགས་པར་མཐོང་སྟེ་འདི་ལྟར། བདག་གཞན་ཐམས་ཅད་ཀྱི་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་བྱས་པ་དང་། བྱེད་འགྱུར་གྱི་སྡིག་སྒྲིབ་སྦྱང་བ་དང་། འཕགས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་གསུམ་དགེ་བ་མཛད་པའི་བྱིན་རླབས་རྣམས་ཐོབ་པའི་སླད་དུ་ལུས་ངག་ཡིད་གུས་པས་ཕྱག་བགྱི་བ་དང་ལྷན་ཅིག་འདིའི་རྗེས་ཟློས་ཀྱང་མཛོད། ན་མོ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བུ་བཞིན་སྐྱོབ་པའི་ཐུགས་མངའ་བ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མེད་མགོན་ལ་ཕྱག་འཚལ་ལོ། །ཞེས་བླ་མ་ལ་ཕྱག་བཙལ། བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །རྡོ་རྗེའི་སྟོབས་ཀྱིས་འབྱུང་པོ་འདུལ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཞེས་ཡི་དམ་གསང་བའི་བདག་པོ་དང་། ལས་ཀྱི་གནོད་སྦྱིན་ཆེན་པོ་ནི། །འཇིགས་སུ་རུང་བའི་ཆ་བྱད་ཅན། །ཐམས་ཅད་མ་ལུས་འདུལ་མཛད་པ། །འཇིགས་བྱེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གནོད་སྦྱིན་ལག་ན་རྡོ་རྗེ་སོགས་ཆོས་སྐྱོང་དང་། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་དཀོན་མཆོག་སྤྱི་ཕྱག་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པ་ཡན་ལག་བརྒྱད་པས་ཕྱག་བྱས་ལ་འདུག་གོ། །སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། མདུན་གྱི་ནམ་མཁར་གསང་བའི་བདག་པོའི་དཀྱིལ་འཁོར་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་འཐིབས་པ་ལྟར་བཞུགས་པ་ལ། སྐྱབས་སུ་འགྲོ་བ་དང་སྨོན་པ་སེམས་བསྐྱེད་པའི་དོན་དུ་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་ཀུན་ནས་བརྩེ་བར་བཞུགས་པ་ཡི། །བླ་མ་དཀོན་མཆོག་ཐམས་ཅད་དགོངས་སུ་གསོལ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་བགྱི། །ཞེས་བརྗོད་ལ། འཇུག་པ་སེམས་བསྐྱེད་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་བསྐྱེད་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་བརྗོད། དེ་ནས་སླར་ཡང་དམིགས་ཀྱིས་ཕྱེ་ནས་ཕྱི་ནང་གསང་བ་དེ་ཁོ་ནའི་ཡུལ་ལ་ནན་ཏན་དུ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ༴ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ༴ རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ༴ བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། ད་ནི་ཀུན་དྲིལ་ནས་སླར་ཡང་སྐྱབས་སུ་འགྲོ་ཞིང་ཐུན་མོང་མ་ཡིན་པའི་གསོལ་གདབ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །བླ་མ་རྣམས་ལ་སྐྱབས་སུ་མཆི། །དབང་བསྐུར་དངོས་གྲུབ་སྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་གསོལ་བ་གདབ་བོ། །སྐྱབས་སེམས་ཀྱི་གོ་རིམ་འདི་རྣམས་འཆོལ་བ་འདྲ་ཞིག་འདུག་ཀྱང་སྐྱོན་ཆེར་མེད་ཅིང་གཞུང་ལྟར་དུ་བྲིས་སོ། །དེ་ལྟར་ཕྱག་འཚལ། ཡན་ལག་བརྒྱད་པ། སྨོན་འཇུག་སེམས་བསྐྱེད། ཕྱི་ནང་གསང་བ་དེ་ཁོ་ནའི་སྐྱབས་སུ་འགྲོ་བ་སོགས་ཀྱིས་རྒྱུད་དག་པར་བྱས་ནས། དབང་དངོས་ལ་མཆོག་དབང་བཅུ་དྲུག་བསྐུར་བ་ནི། རྩ་བར། ཐོག་མར་ངན་སོང་གནས་འདྲེན་གྱི་ཕྱག་ན་རྡོ་རྗེ་གཡོན་སྡིགས་མཛུབ་བསྒྲེངས་པའི་སྐུ་དེ་བླ་མར་སྒོམ་ཞིང་སློབ་མའི་མགོར་བཞག །དེ་ཡང་དབང་མཆོག་རྒྱལ་པོའི་རྒྱུད་ལས། ངན་སོང་གསུམ་དང་རིགས་དྲུག་ཀའི་བག་ཆགས་དག་པར་བྱས་ཏེ། བུ་དམྱལ་བའི་ཡི་གེ་དུཿར་སྒོམ། བདེན་པ་བརྗོད་ཅིང་། ན་རཀ་ཤུདྷེ་ཙཀྵུ་པྲ་བེ་ཤ་ཨ་ཨ། ཐལ་མོ་བསྡམས་པ་དྲལ། འོད་འཕྲོས་པས་སྡིག་སྒྲིབ་སྦྱངས་ཞེས་གསུངས་པས། ཐུགས་འདུན་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་ད་ལྟར་གྱི་རྡོ་རྗེ་སློབ་དཔོན་འདི་ཉིད་ཐ་མལ་པ་མ་ཡིན་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གཡས་རྡོ་རྗེ་འཕྱར་ཞིང་གཡོན་སྡིགས་མཛུབ་བསྒྲེངས་པ་ཁྱེར་རང་རྣམས་ཀྱི་མགོ་བོར་བཞག་པ་ཞིག་ལམ་གྱིས་གསལ་གདབ། དེའི་ངང་ནས་ཁྱེད་རང་རྣམས་ཀྱི་ཚེ་རབས་སུ་ཉོན་མོངས་པ་ཞེ་སྡང་གི་ལས་བསགས་པའི་དབང་གིས་དམྱལ་བར་སྐྱེ་འགྱུར་གྱི་ལས་ངན་གྱི་རང་གཟུགས་ཡི་གེ་དུཿནག་པོ་ཞིག་ཏུ་སྒོམས་མཛོད། དེ་ལ་སློབ་དཔོན་གྱི་ཕྱག་རྒྱ་བསྡམས་ཤིང་བདེན་པ་བརྗོད་དེ་མཐར་ཕྱག་རྒྱ་ཕྲལ་ཞིང་དཀྲུགས་པས་དེ་ལས་བྱུང་བའི་འོད་ཟེར་གྱིས་དུཿཡིག་རང་བཞིན་མེད་པར་སྦྱངས་པས་དམྱལ་བར་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་པའི་མོས་པ་མཛོད། སློབ་དཔོན་གྱིས་ཕྱག་རྒྱ་རྡོ་རྗེ་ཕྱིར་བསྡམས་བཅས་ལ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རིགས་ཀྱི་བུ་འདི་རྣམས་ཀྱི་རྒྱུ་ཉོན་མོངས་པ་ཞེ་སྡང་དང་རྐྱེན་སྲོག་གཅོད་པ་ལ་སོགས་ཀྱིས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་སྐད་ཅིག་ལ་བྱང་བར་གྱུར་ཅིག །སླར་གང་ནས་ཀྱང་མི་ལྡང་བར་གྱུར་ཅིག །ན་རཀ་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཨ་ཨ། ཞེས་ཕྱག་རྒྱལ་བཀྲོལ་ལ་སྤྲུག་གོ། །སྡིག་འགྱོད་ཕྱིས་བསྡམས། ཕྱག་རྡོར་ལ་དད་པ་དང་གསོལ་བ་འདེབས་པ་ནི། དེ་ལྟར་དམྱལ་བར་སྐྱེ་བའི་ལས་ངན་དེ་ཉིད། བླ་མས་ཕྱག་ན་རྡོ་རྗེའི་མཐུས་ཟད་པར་བྱས་པ་ཡིན་ཏེ། སྤྱོད་འཇུག་ལས། ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། །གྱེན་དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོགས་པར་ཤོག །ཅེས་གསུངས་པའི་ཕྱིར་རྩེ་གཅིག་ཏུ་དད་པས་གསོལ་བ་འདེབས་ཤིང་། སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྡོམ་གྱི་སླད་དུ་འདིའི་རྗེ་ཟློས་མཛོད། ཀྱེ་མ་ཀྱེ་ཧུད་གང་ནས་བྱོན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོངས་ཤིག །དབང་མཆོག་རྒྱལ་པོས་བསྒྲལ་དུ་གསོལ། །སླན་ཆད་མི་འཆབ་མི་བགྱིད་དོ། །ཞེས་བརྗོད། བླ་མ་ཆས་གོས་སྔོན་པོ་དང་ལྡན་པས་སློབ་བུའི་ལག་ཏུ་རྡོ་རྗེ་གཏད་དེ། རིགས་ཀྱི་བུ་ཁྱོད་འདིར་ཤོག་ཅིག །རང་གིས་ཉམས་དང་ཟླས་ཉམས་པས། །ན་རཀ་དམྱལ་བར་ལྷུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་རྡོ་རྗེས་གྲལ་དུ་དྲངས་སྔོན་དུ་བསྔགས་པའི་ཡུངས་ཀར་གྱིས་སློབ་མ་རྣམས་ལ་བྲབ་ཅིང་། ༀ་ད་ཧ་ད་ཧ་སརྦ་ན་ར་ག་ཏ་ཧེ་དུ་ཧཱུཾ་ཕཊ། ཅེས་བརྗོད། རཾ་ཡཾ་ཁཾ་ཞེས་བརྗོད་པས། བླ་མའི་ཐུགས་ལས་འཕྲོས་པའི་མེ་རླུང་ཆུས་ཀྱང་སྦྱངས་པའི་དམིགས་པ་བྱ། ཨ་ཞེས་བརྗོད་པས་སྟོང་པ་ཉིད་དུ་དག་པར་མོས། དེ་ནས་བདེན་བརྗོད་ནི། སླར་ཡང་སྔར་བཞིན་བདེན་པ་ཚར་གཅིག་བརྗོད་དོ། །འདི་ལ་ཕྱག་རྒྱ་བསྡམ་སྤྲུག་སོགས་མི་བྱའོ། །རྩ་བ་དང་ཟུར་ཧྭཾ་རིན་པོ་ཆེའི་ཟིན་བྲིས་སུ་ཡི་དྭགས་དང་། དུད་འགྲོའི་གནས་སྦྱོང་གི་སྔགས་ཙམ་དང་འདོན་པ་བསྒྱུར་ཚུལ་ཙམ་ལས་མ་གསུངས་པས་ལག་ལེན་བདེ་ཕྱིར་བཀྲལ་བ་ནི། བླ་མ་སྔར་བཞིན་གསང་བདག་ཏུ་གསལ་བའི་མདུན་དུ་སློབ་མ་རྣམས་ཚེ་རབས་སུ་ཉོན་མོངས་པ་འདོད་ཆགས་ཀྱི་ལས་བསགས་པའི་དབང་གིས་ཡི་དྭགས་སུ་སྐྱེ་འགྱུར་གྱི་རང་གཟུགས་ཡི་གེ་པྲེ་དམར་སྐྱ་ཞིག་ཏུ་སྒོམས་མཛོད། དེ་ལ་སྔར་བཞིན་སློབ་དཔོན་གྱིས་བདེན་བརྡར་ཕྱག་རྒྱ་འཆིང་འགྲོལ་སོགས་བྱས་པས་ཕྱག་རྒྱའི་འོད་ཟེར་གྱིས་པྲེ་ཡིག་རང་བཞིན་མེད་པར་སྦྱངས་པས་ཡི་དྭགས་སུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་སྦྱངས་པའི་མོས་པ་མཛོད། ཕྱག་རྒྱ་བཅས་ལ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་སོགས་སྔར་ལྟར་ལ། རིགས་ཀྱི་བུ་འདི་རྣམས་ཀྱི་རྒྱུ་འདོད་ཆགས་དང་རྐྱེན་མ་སྦྱིན་པ་ལེན་པ་སོགས་ཀྱིས་ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་སྐད་ཅིག་ལ་བྱང་བར་གྱུར་ཅིག །སླར་གང་ནས་ཀྱང་སོགས་རིགས་འགྲེ། པྲེ་ཏ་ཀ་ཙཀྵུ་པྲ་བེ་ཤ་ཨ་ཨ། ཞེས་ཕྱག་རྒྱ་སྤྲུག་གོ། །དད་པས་གསོལ་བ་བཏབ་པ་ནི། ཀྱེ་མ་ཀྱེ་ཧུད་སོགས་ཀྱི་རྗེས་ཟློས། རིགས་ཀྱི་བུ་ཁྱོད་འདིར་ཤོག་ཅིག །རང་གིས་ཉམས་དང་ཟླས་ཉམས་དང་། །ཡི་དྭགས་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་རྡོ་རྗེས་གྲལ་དུ་དྲང་བ་དང་། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་དུ་ཧཱུཾ་ཕཊ། ཅེས་ཡུངས་ཀར་གྱིས་བྲབ་པ་དང་། རཾ་ཡཾ་ཁཾ། ཨ་སོགས་འགྲེ། སླར་ཡང་བདེན་བརྗོད་ཚར་གཅིག་བྱའོ། །ཡང་སྔར་བཞིན་སློབ་མ་རྣམས་ཚེ་རབས་སུ་ཉོན་མོངས་པ་གཏི་མུག་གི་ལས་བསགས་པའི་དབང་གིས་དུད་འགྲོར་སྐྱེ་འགྱུར་གྱི་རང་གཟུགས་ཡི་གེ་ཏྲི་སྨུག་ནག་ཞིག་ཏུ་སྒོམས་མཛོད། ཕྱག་རྒྱ་བཅས་ཏེ། ན་མོ། ཕྱོགས་བཅུ་ཞེས་སོགས་སྔར་ལྟར། རིགས་ཀྱི་བུ་འདི་རྣམས་ཀྱི་རྒྱུ་གཏི་མུག་དང་རྐྱེན་ལོག་ལྟ་སོགས་ཀྱིས་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྐད་ཅིག་ལ་བྱང་ཞིང་དག་པར་གྱུར་ཅིག །སླར་གང་ནས་ཀྱང་སོགས་རིགས་འགྲེ། ཏྲི་ཏིརྻ་ག་ཏེ་ཙཀྵུ་པྲ་བེ་ཤ་ཨ་ཨ། ཞེས་ཕྱག་རྒྱ་སྤྲུག་གོ། །དད་པས་གསོལ་བཏབ་ཀྱི་རྗེས་ཟློས་དང་། གྲལ་དུ་དྲང་བའི་ཚིགས་བཅད། རིགས་ཀྱི་བུ་ཁྱོད་འདིར་ཤོག་ཅིག །ཅེས་པའི་རྐང་པ་གསུམ་པ། བྱོལ་སོང་གནས་སུ་ལྟུང་བ་ལས། །ཞེས་བསྒྱུར། རྡོ་རྗེས་གྲལ་དུ་དྲང་བ། ཡུངས་ཀར་གྱིས་བྲབ་པ། རཾ་ཡཾ་ཁཾ། ཨ་དང་བདེན་བརྗོད་གཉིས་པ་སོགས་འགྲེའོ། །དེ་ཡང་བླ་མ་ཕྱག་རྡོར་དུ་གསལ་བ་རྟེན་གྱི་སྟོབས། ཕྱག་རྒྱ་འཆིང་འགྲོལ་བདེན་བརྗོད་འོད་ཟེར་གྱིས་སྦྱང་བ་སོགས་རྣམ་པར་སུན་འབྱིན་པའི་སྟོབས། དད་པས་གསོལ་བཏབ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། བདེན་བརྗོད་གཉིས་པ་དང་། རཾ་ཡཾ་ཁཾ། ཨ་སོགས་ཀྱིས་སྦྱངས་པ་སོར་ཆུད་པའི་སྟོབས་ཏེ་བཞི་ཀ་ལེགས་པར་ཚང་ཞིང་། ངན་སོང་གནས་འདྲེན་གྱི་ཆོ་ག་དངོས་གནས་སྦྱོང་འདི་ཉིད་གཞན་ལས་ཁྱད་པར་ཤིན་ཏུ་འཕགས་པར་སྣང་ངོ་། །དེ་དག་གི་ཞར་ལ་ང་རྒྱལ་ཕྲག་དོག་སེར་སྣ་རྫུན་ཚིག་སོགས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་ངན་སོང་སྤྱི་གཅོད་དུ། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོདྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་དང་། ནང་སེམས་མི་འཁྲུག་ཅིང་སངས་རྒྱས་མི་བསྐྱོད་པའི་ཐུགས་རྗེས་ཞིང་ཁམས་རྣམ་པར་དག་པར་སྐྱེ་བའི་ཕྱིར། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། ཞེས་པས་ངན་སོང་གནས་འདྲེན་ནོ། །འདི་ལ་རྩ་བར་མི་གསལ་ཡང་སྔ་མའི་འགྲོས་ཀྱི་བཟླས་ཡུངས་ཀྱིས་བྲབ་ན་འཐད་པར་མངོན། རྩ་བར་དེ་ནས་དབུ་རྒྱན་ཐོགས་ཏེ། དེ་ནས་ལག་ན་རྡོ་རྗེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ་གནས་ལྔར་གཏུགས་པས་ཤ་ཟ་མོ་སྟོང་གི་ཚང་དཀྲོགས་ནས་བྱེར་བ་དེ་བཞིན་དུ་དབང་བསྐུར་ཏེ། ཞེས་འབྱུང་ཡང་། འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡབ་སྲས་ཀྱིས་འདི་ལ་ཕྱག་རྒྱ་བཅས་ཏེ་དབང་བསྐུར་བ་ལས་ཙཀླི་མི་དགོས་གསུང་། ཞེས་པའི་མཆན་བུ་འདུག་ཅིང་རྣམ་སྣང་ཐིག་ལེ་དབང་གི་རྒྱུད་ལས་ཀྱང་། ཕྱག་རྒྱས་གསང་བའི་གནས་སྲུང་སྟེ། །ཞེས་གསུངས་པས་དེ་ལྟར་འཐད་པར་སེམས་པས་ལག་པ་རྡོ་རྗེ་སྡམས་པ་ལས་གུང་མོ་གཤིབས། མཐེ་བོང་དང་མཐེའུ་ཆུང་གཉིས་བརྐྱང་བ་སྤྱི་བོར་བཞག་ལ། མི་བསྐྱོད་པ་ཡབ་ཡུམ་གྱི་སྔགས། བཛྲ་ཧཱུཾ། དྭེ་ཥ་ར་ཏི་ཧཱུཾ། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བྱས་ཏེ། རྣམ་སྣང་ཡབ་ཡུམ་གྱི་ཕྱག་རྒྱ་དཔྲལ་བར་བཞག་ལ་རྣམ་སྣང་ཡབ་ཡུམ་གྱི་སྔགས། བཻ་རོ་ཙ་ན་ༀ། དྷཱ་ཏྭི་ཤྭ་རི་ༀ། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་ཏེ། རྣ་ལྟག་གཡས་སུ་བཞག་ལ། རཏྣ་སམྦྷ་ཝ་ཏྲཾ། དྭ་ཏི་ཏྲཾ། མཐེ་བོང་དང་མཐེའུ་ཆུང་སོ་སོར་མཉམ་ལ་ལྷག་མ་ཐམས་ཅད་བརྐྱང་བ་ལྟག་པར་བཞག་ལ། ཨ་མི་དེ་ཝ་ཧྲཱིཿ རཱ་ག་ར་ཏི་ཧྲཱིཿ དེ་ཉིད་གཡོན་ཕྱོགས་སུ་ཡོ་བར་བྱས་ཏེ་ལྟག་གཡོན་དུ་བཞག་ལ། ཨ་མོ་གྷ་སིདྡྷི་ཨཱཿ ཏ་ར་ཏ་རི་ཨཱཿ དེའི་རྗེས་སུ་འཇམ་དབྱངས་ཡབ་སྲས་ཀྱི་མཆན་བུར་འདི་ནི་དབུ་རྒྱན་དངོས་སུ་སྦྱིན་པའོ། །ཞེས་གསུངས་པས། རིན་པོ་ཆེ་དངོས་སམ་བྲིས་པའི་དབུ་རྒྱན་གྱི་དབང་བསྐུར་ཞིང་། ཡེ་ཤེས་རིན་ཆེན་དབུ་རྒྱན་འདིས། །རྒྱལ་བ་སངས་རྒྱས་ཀུན་འདུས་པ། །གཟི་བརྗིད་རིག་སྔགས་རྒྱལ་བའི་དབུ། །བུ་ཁྱོད་གཙུག་ན་ནོར་བུ་འབར། །ༀ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཏེ། རིགས་ཀྱི་བུ་ལ་དབུ་རྒྱན་གྱི་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་གསང་བའི་རྟེན་ཐོགས་ལ་ཞེས་གསུངས་པ་ནི་གསང་བདག་དཀྱིལ་འཁོར་གྱི་གཙོ་བོའི་སྐུ་ཐོགས་ཏེ་དབང་བསྐུར་ཞིང་། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །སྐུ་གསུང་ཐུགས་དང་ལྡན་པ་དང་། །གསང་བ་གསང་ཆེན་ཡང་གསང་ནི། །བདག་པོར་ཁྱོད་ནི་དབང་བསྐུར་རོ། །བུདྡྷ་ཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིགས་ཀྱི་བུ་ལ་གསང་བའི་དབང་བསྐུར་བས་བྱང་ཆུབ་ཀྱི་མྱུ་གུ་སྐམས་པ་སོས་ནས་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་གྱུར་ནས། གསང་བའི་བདག་པོའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ་ཀྱིས་གཡས་སུ་རྡོ་རྗེ། གཡོན་དུ་དྲིལ་བུ་བྱིན་ནོ། །དེ་ནས་རྣམ་རྒྱལ་བུམ་པ་ཐོགས་ལ། རིན་ཆེན་སྣ་ཚོགས་རྒྱུ་ལས་བྱུང་། ཁ་དོག་དབྱིབས་དང་ལྡན་པ་ཡི། །ཤེས་རབ་ཡུམ་གྱི་བུམ་པ་འདིས། །འགྲོ་དོན་མཆོག་གི་དབང་བསྐུར་རོ། །ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། ན་མོ་སོགས། རིགས་ཀྱི་བུ་ལ་བུམ་པའི་དབང་བསྐུར་བས་ནད་རྣམས་བྱང་ཞིང་དག་ནས་རང་སེམས་སྤྲོས་པ་བྲལ་ནས་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པས་འགྲོ་བའི་དོན་ཆུ་བོའི་རྒྱུན་བཞིན་དུ་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །བུམ་ཁྲུས་བྱར་གཞུག་གོ། །མེ་ཏོག་གི་ཕྲེང་བ་ཐོགས་ཏེ། བྱང་ཆུབ་ཡན་ལག་མེ་ཏོག་འཐོར། ཁམས་གསུམ་བཙུན་པའི་བདག་པོ་སྟེ། །བདེ་གཤེགས་མཆོད་པ་ཐོབ་པ་དང་། །འགྲོ་དོན་བྱེད་པར་དབང་བསྐུར་རོ། །ན་མོ་སོགས། །རིགས་ཀྱི་བུ་ལ་མེ་ཏོག་ཐོད་ཀྱི་དབང་བསྐུར་བས་ཚུལ་ཁྲིམས་ཡོངས་སུ་རྫོགས་ཏེ་སྒྲིབ་གཉིས་བྱང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅོད་པན་ཐོགས་ཏེ། ཡེ་ཤེས་བདག་ཉིད་ཅོད་པན་ནི། །ཀླུ་གདུག་གནོད་པས་མི་བརྫིད་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །རྒྱན་མཆོག་དམ་པས་དབང་བསྐུར་རོ། །ༀ་བཛྲ་སཏྭཱ་ཨ་བྷི་མཾ་ས་ན་ཨ་བྷི་ཥིཉྩ་ཧྲཱིཿ ན་མོ་སོགས། རིགས་ཀྱི་བུ་ལ་ཅོད་པན་གྱི་དབང་བསྐུར་བས་མྱ་ངན་ལས་འདས་ཀྱང་ཁམས་གསུམ་དུ་གནས་ནས་སྲིད་པ་གསུམ་གྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཐུར་མ་ཐོགས་ཏེ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །ༀ་ཙཀྵུ་ཙཀྵཱུ་ཛྙཱ་ན་ཙཀྵུ་ཡེ་སྭཱ་ཧཱ། ན་མོ་སོགས། རིགས་ཀྱི་བུ་ལ་ཐུར་མ་རྣམ་པ་ལྔས་དབང་བསྐུར་བས་མ་རིག་པའི་ལིང་ཐོག་བསལ་ཏེ་སྤྱན་ལྔ་དང་ལྡན་པར་གྱུར་ཅིག །མེ་ལོང་ཐོགས་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུན་ལ་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པས་ན། །དོན་དམ་ཆོས་ཉིད་བརྗོད་པར་འགྱུར། །ༀ་བཛྲ་ཨཱ་དཪྴ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ་སོགས། རིགས་ཀྱི་བུ་ལ་མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་གཟུགས་བརྙན་ལྟར་དུ་རྟེན་འབྲེལ་སྒྱུ་མར་མཐོང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །འཁོར་ལོ་ཐོགས་ཏེ་ཞེས་འབྱུང་བས། རྐང་འོག་ཏུ་འཁོར་ལོ་འདྲུད་ཅིང་། འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗོད་པའི་དོན་དུ་མཐུ་བཀོད་ནས། །གཞན་དོན་འདི་ལས་ཕན་བྱའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་མཛོད། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ན་མོ་སོགས། རིགས་ཀྱི་བུ་ལ་འཁོར་ལོའི་དབང་བསྐུར་བས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པས་ཁམས་གསུམ་ཀུན་ཏུ་བགྲོད་ཅིང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་གྱུར་ཅིག །དུང་ཐོགས་ཏེ། ཆོས་དུང་རྒྱས་པ་བུས་ནས་ནི། འཇིག་རྟེན་སེམས་ཅན་སྐལ་ཅན་ལ། །གཉིད་བསལ་སྡིག་སྦྱངས་ཆོས་ཐོབ་པའི། །སྐྱོབ་པ་མགོན་པོའི་ཚངས་སྐད་སྒྲོག །ༀ་བྷྲ་མ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ན་མོ་སོགས། རིགས་ཀྱི་བུ་ལ་དུང་གི་དབང་བསྐུར་བས་ཆོས་སྟོན་པ་ལ་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྡོ་རྗེ་རྒྱ་གྲམ་ཐོགས་ཏེ། རྡོ་རྗེ་འདི་ནི་སྣ་ཚོགས་པའི། །ལས་རྣམས་རྒྱ་མཚོའི་དབང་བསྐུར་གྱིས། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །འགྲོ་བའི་དོན་ལ་འབད་པར་གྱིས། །ༀ་བྷི་ཤྭ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ན་མོ་སོགས། རིགས་ཀྱི་བུ་ལ་རྡོ་རྗེ་རྒྱ་གྲམ་གྱི་དབང་བསྐུར་བས་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རིགས་སྔགས་འཆང་གྲུབ་པ་རྣམས་ཀྱིས་རྟག་ཏུ་བསྲུང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྒྱལ་སྲིད་སྣ་བདུན་ཐོགས་ཏེ། བསོད་ནམས་དཔལ་ལས་ལེགས་གྲུབ་པའི། །རྒྱལ་སྲིད་རིན་ཆེན་སྣ་བདུན་འདི། །འགྲོ་བའི་བདེ་ལེགས་འབྱུང་བའི་གནས། །ཕྱོགས་བཅུར་དགེ་བཅུ་བསྐོར་བར་གྱིས། །འཁོར་ལོའི་དབང་བསྐུར་བས་སངས་རྒྱས་ཀྱི་ས་ལ་ངེས་པར་ལུང་བསྟན་པ་ཐོབ་པར་གྱུར་ཅིག །བཙུན་མོའི་དབང་བསྐུར་བས་གཟུངས་དང་ཏིང་ངེ་འཛིན་གྱི་ངེས་པའི་དོན་དང་ལྡན་པར་གྱུར་ཅིག །དམག་དཔོན་གྱི་དབང་བསྐུར་བས་ཕས་ཀྱིས་རྒོལ་བ་ཟིལ་གྱིས་གནོན་པར་གྱུར་ཅིག །བློན་པོའི་དབང་བསྐུར་བས་བློ་དང་བརྩོན་འགྲུས་སུ་ལྡན་པར་གྱུར་ཅིག །རྟ་མཆོག་གི་དབང་བསྐུར་བས་མི་གནས་པའི་དབྱིངས་སུ་ཐོགས་མེད་དུ་བགྲོད་ནུས་པར་གྱུར་ཅིག །གླང་པོའི་དབང་བསྐུར་བས་རིགས་དྲུག་ཐན་པའི་གནས་སུ་འདྲེན་ནུས་པར་གྱུར་ཅིག །ནོར་བུའི་དབང་བསྐུར་བས་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཡོན་ཏན་ཐོབ་པར་གྱུར་ཅིག །ༀ་ཙཀྲ་རཏྣ། ཝ་ཏི་རཏྣ། ཏ་པ་ཏྲེ་རཏྣ། མ་ཐ་རཏྣ། ཏུ་རང་ག་རཏྣ། ཧསྟི་རཏྣ། མ་ཎི་རཏྣ། ཨ་བྷི་ཥིཉྩ་ཨཱཿན་མོ་སོགས། རིགས་ཀྱི་བུ་ལ་རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོས་སྒྱུར་བའི་དབང་ཕྱུག་དམ་པ་ཐོབ་པར་གྱུར་ཅིག །རལ་གྲི་ཐོགས་ཏེ། ལག་ཏུ་སྦྱིན་པས་དུག་གསུམ་གྱི་འཁྲུལ་པ་རྒྱུན་བཅད་དེ་བག་ཆགས་ཐམས་ཅད་རྩ་བ་ནས་དག་པར་གྱུར་ཅིག །མདའ་གཞུ་ཐོགས་ཏེ། མདའ་གཞུ་ལག་ཏུ་སྦྱིན་པས་ཐབས་ཤེས་ཟུང་དུ་འབྲེལ་ནས་ཡེ་ཤེས་དག་པའི་རྩེ་མོར་གནས་པར་གྱུར་ཅིག །སེང་གེ་ཐོགས་ཏེ། བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བ་ཡི། །གཟུགས་ཅན་མཆོག་འདི་ལག་ཏུ་སྦྱིན་པ་ཡིས། །གསུང་རབ་རྒྱ་མཚོ་ཀུན་གྱི་སྒྲ་སྒྲོགས་ཏེ། །ལོག་པའི་ཕྱོགས་ཀུན་ཟིལ་གྱིས་གནོན་པར་ཤོག །ༀ་བཛྲ་སིང་ཧ་ཨ་བྷི་ཥིཉྩ་ཨཱཿ ན་མོ་སོགས། རིགས་ཀྱི་བུ་ལ་བརྗིད་པ་སེང་གེའི་དབང་བསྐུར་བས་གསུང་རབ་རྒྱ་མཚོའི་སྒྲ་སྒྲོགས་པས་ལོག་པའི་ཕྱོགས་ཟིལ་གྱིས་གནོན་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཉི་ཟླ་ཐོགས་ཏེ། སྟེང་ཕྱོགས་མངའ་མཛད་ཐུགས་རྗེ་ཉི་མ་བརྡལ། །བརྩེ་བས་མུན་སེལ་ཐུགས་རྗེ་ཟླ་བའི་འོད། །སྟོང་གསུམ་མུན་པ་དུས་གཅིག་བསལ་ནས་ནི། །འཇིག་རྟེན་ཀུན་ཏུ་སྣང་བ་བསྐྱེད་པར་ཤོག །ༀ་སཱུརྻ་ཙནྡྲ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ་སོགས། རིགས་ཀྱི་བུ་ལ་ཉི་ཟླའི་དབང་བསྐུར་བས་སྐྱེ་འགྲོ་མ་ལུས་པའི་སེམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཤར་ནས་ཁམས་གསུམ་གྱི་མུན་པ་ཐམས་ཅད་སྐད་ཅིག་ལ་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཀྲ་ཤིས་པའི་རྫས་བརྒྱད་རིམ་བཞིན་ཐོགས་ཏེ། གསང་བདག་བསྟན་པ་རྒྱས་པ་ནི། །ཡུན་རིང་གནས་པར་གྱུར་པ་ཡིན། །བཀྲ་ཤིས་རྫས་ཀྱི་དབང་མཆོག་ནི། །གསང་བ་རབ་ཏུ་སྦྱིན་པར་བྱ། །ཡུངས་ཀར་རྡོ་རྗེས་བགེགས་ཚོགས་འདུལ། །བགེགས་རྣམས་འཇོམས་པའི་མཐུ་སྟོབས་ཅན། །དགྲ་བགེགས་ཀུན་ལས་རྒྱལ་བ་ཡི། །བྱིན་རླབས་མཆོག་གི་དབང་ཐོབ་ཤོག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་ནི། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་བ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དུརྦས་ཚེ་འདི་འཕེལ་བར་བྱེད་པ་སྟེ། །འཆི་མེད་རྡོ་རྗེ་ཚེ་ནི་རབ་གྲུབ་པས། །སྡུག་བསྔལ་སྐྱེ་ཤིའི་རྩ་བ་རྒྱུན་བཅད་དེ། །བཀྲ་ཤིས་དེས་ཀྱང་ཚེ་འདི་བརྟན་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཅན། །ཆོས་རྣམས་མ་ལུས་དབང་དུ་གྱུར་པ་ཡི། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་ཏེ། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡོན་ཏན་རྒྱ་མཚོའི་མཆོག་ཏུ་བདག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་ཚིག་གི་དབང་ཐོབ་ཤོག །གྷི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྡུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་དོན་གྱི་དབང་ཐོབ་ཤོག །བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེ་ནི་འགྲོ་བས་ཐོབ་པར་ཤོག །ཅེས་མཆོག་དབང་བཅུ་དྲུག་རྫོགས་པར་བསྐུར་ནས། རྗེས་སུ་བུམ་ཆུས་ཀྱང་བཀྲུ་བཏུང་ངོ་། །ཞེས་གསུངས་པས་སླར་ཡང་རྣམ་རྒྱལ་གྱི་ཆུས་ཁྲུས་བྱ་ཞིང་ཁར་བཏུང་ངོ་། །རྩ་བར། དེ་ནས་ལམ་འཁྱེར་བཞི་ལ་ཐེག་པ་ཆེན་པོའི་སྐྱབས་འགྲོའི་བསླབ་བྱ། དབང་གི་དམ་ཚིག་གེགས་བརྒྱད་བསྲུང་བ་དབང་མཆོག་དབང་བཅུ་དྲུག །ལྷ་གསང་བའི་བདག་པོ། སྙིང་པོ་ནཱི་ལཾ་བྷ་ར་དྷ་ར་བཟླས་པའོ། །ཞེས་གསུངས་པས་དེ་དག་གི་དོན་རྒྱས་པར་བཤད་པ་ནི། དེ་ལ་དོན་རྣམ་པ་བཞི་ལས་དང་པོ་ཐེག་ཆེན་གྱི་སྐྱབས་འགྲོའི་བསླབ་བྱ། སྤྱིར་མདོ་རྒྱུད་བསྟན་བཅོས་མཐའ་དག་ནས་རྒྱས་པར་བཤད་པ་བསམ་གྱིས་མི་ཁྱབ་མོད་ཀྱང་། འདིར་བརྒྱུད་པའི་བླ་མ་གོང་མ་དག་གི་གསུང་དང་སྦྱར་ན་སྐབས་སུ་བབས་ཤིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བས། མཁས་ཤིང་གྲུབ་བརྙེས་གླན་བན་བསོད་ནམས་མགོན་པོའི་ཆོག་ཁྲིགས་ཀྱི་ཡིག་རྙིང་ལས་བྱུང་བ་མ་ཉམས་པར་བཀོད་པ་ནི་འདི་ལྟ་སྟེ། སྐྱབས་སུ་འགྲོ་བ་ལ་དོན་དྲུག་གིས་སྟོན་པར་བྱེད་དེ། གང་ལ་སྐྱབས་སུ་འགྲོ་བ་དང་། གང་གིས་འགྲོ་བ་དང་། ཚུལ་ལམ་ཐབས་ཇི་ལྟར་དང་། དངོས་གཞི་དབྱེ་བ་དང་བཅས་པ་དང་། སྐྱབས་སུ་མ་སོང་བའི་སྐྱོན་ནམ་ཉེས་དམིགས་དང་། སོང་བའི་ཡོན་ཏན་ནོ། །དེ་ལ་དང་པོ་གང་ལ་སྐྱབས་སུ་འགྲོ་བ་ནི། ཡུལ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ལྷ་དང་མཁའ་འགྲོ་རིག་འཛིན། རིག་པ་འཛིན་པ་དང་བཅས་པ་རྣམས་ནི་སྐྱབས་སུ་འགྲོ་བའི་ཡུལ་ལོ། །གཉིས་པ་གང་གིས་འགྲོ་ན་རྟེན་གྱི་གང་ཟག །མོས་པ་དང་། གུས་པ་དང་། དད་པ་གསུམ་དང་ལྡན་ཞིང་སྐྱབས་སུ་འགྲོ་བའི་ཡུལ་དེ་རྣམས་ཀྱི་ཡོན་ཏན་དྲན་པ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་ཅིང་། ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་པའི་གང་ཟག་དེ་རྣམས་སྐྱབས་སུ་འགྲོ་བའོ། །ཚུལ་ལམ་ཐབས་ཇི་ལྟར་སྐྱབས་སུ་འགྲོ་སྙམ་ན། འདུ་ཤེས་གསུམ་ལྡན་གྱི་གང་ཟག་གིས་ཆོས་བཞི་ལྡན་གྱི་སྒོ་ནས་འགྲོ་དགོས་ཏེ། དེ་གང་ཞེ་ན། དད་པ་དང་ལྡན་པ། ལས་དང་ལས་ཀྱི་རྣམ་སྨིན་ལ་འཛེམ་ཞིང་། ལས་རྒྱུ་འབྲས་ཀྱི་ཆོས་ལ་ཡིད་ཆེས་པ། དུས་རྟག་ཏུ་བླ་མ་བསྟེན་ཞིང་བླ་མ་ལ་གུས་པ། དེས་བསྟན་པའི་ཆོས་ལ་ཐེ་ཚོམ་མི་ཟ་བ་དང་བཞི་ཡིན་ཏེ། དེ་ལྟར་ཡང་མདོ་སྡེ་ཁང་བཟང་རྩེ་མོ་ལས། དད་པའི་སྔོན་འགྲོ་མ་ལྟར་བསྐྱེད་པ་ནི། །དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པའི་གནས། །ལོག་པའི་སྦྱོར་བས་མི་ཕྱེད་རྟག་ཏུ་བཟུང་། །དགེ་བའི་མཆོག་ནི་ཡིད་ཆེས་སྟོབས་ལས་བྱུང་། །ཐེག་ཆེན་དོན་མཁས་བླ་མ་བསྟེན་བྱེད་ཅིང་། །སྨྲས་པའི་དོན་ལ་ཐེ་ཚོམ་མི་ཟ་བ། །བདེ་བར་གཤེགས་པའི་ཞིང་མཆོག་ཤིན་ཏུ་ཉེ། །ཞེས་གསུངས་སོ། །དངོས་གཞིའམ་དབྱེ་བའི་དབང་དུ་བྱས་ན་དོན་གསུམ་སྟེ། སྤང་བྱ་དང་། བླང་བྱ་དང་། ཆོ་ག་དངོས་སོ། །དང་པོ་སྤང་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་རང་རྒྱུད་པའི་ལྷ་ལ་སྐྱབས་སུ་མི་འགྲོ་སྟེ་སྤང་། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ཐམས་ཅད་ལ་འཚེ་བའི་སེམས་སྤངས་ཏེ་ཕན་གདགས་པ་འབའ་ཞིག་གི་སེམས་སུ་བྱས་ལ་གནོད་པའི་སེམས་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མི་ལོག་ལྟ་ཅན་དང་། མུ་སྟེགས་ཅན་དང་། སྡིག་སེམས་ཅན་རྣམས་སྤང་བར་བྱའོ། །དེ་དག་མི་ལྡན་ཞིང་སྤང་བར་མ་བྱས་ན་སྐྱོན་ནམ་ཉེས་དམིགས་ནི། ནང་པ་སངས་རྒྱས་པའི་ཁོངས་སུ་མི་ཆུད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རིག་འཛིན་དང་རིག་པ་འཛིན་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་མི་འགྱུར་བ་དང་། འདུལ་སྡོམ་དང་དམ་ཚིག་རྣམས་ཀྱི་རྟེན་མེད་པར་འགྱུར་བ་དང་། ཚེ་འདིར་བསམ་པ་མི་འགྲུབ་ཅིང་མཐར་འཁོར་བ་སྡུག་བསྔལ་གྱི་རྒྱུར་འགྱུར་བའི་ཕྱིར་སྤང་བྱ་དེ་དག་དུས་རྟག་ཏུ་དྲན་པར་བྱའོ། །གཉིས་པ་བླང་བྱ་ལ། ཐུན་མོང་སྤྱིའི་བླང་བྱ་དང་། ཁྱད་པར་གྱི་བླང་བྱ་གཉིས་ལས། དང་པོ་ནི་དུས་རྟག་ཏུ་བྱ་བ་དང་སྤྱོད་པ་ཅི་དང་ཅི་བྱེད་རུང་། ན་ཚ་དང་སྡུག་བསྔལ་ལ་སོགས་པའི་རྐྱེན་ཅི་དང་ཅི་བྱུང་རུང་། ཕྱོགས་གང་དང་གང་དུ་འགྲོ་རུང་། ཐ་ན་ཟས་ཁམ་ཅིག་ཙམ་ཟའང་། དཀོན་མཆོག་གསུམ་གྱི་ཡོན་ཏན་འབའ་ཞིག་ཡིད་ལ་དྲན་པར་བྱའོ། །ཁྱད་པར་དུ་ཕྱེ་བའི་བླང་བྱ་ནི་སངས་རྒྱས་ལ་སྐྱབས་སུ་སོང་ནས། མཆོད་པའི་རྟེན་དུ་བཞེངས་པ་ལུགས་སུ་བླུག་པ་དང་། འབུར་དུ་གཏོད་པ་དང་། རིས་སུ་བྲིས་པ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གང་ན་འདུག་ཀྱང་། དེ་དག་ཐམས་ཅད་ལ་དད་ཅིང་གུས་པར་བྱ། ཆོས་ལ་སྐྱབས་སུ་སོང་བས་གླེགས་བམ་དང་། པོ་ཏི་ལ་སོགས་པ་དང་། མདོ་སྡེ་རྒྱུད་སྡེ་ལ་སོགས་པ་ཐམས་ཅད་ལ་དད་ཅིང་གུས་པར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་སློང་དང་། དགེ་བསྙེན། རབ་ཏུ་བྱུང་བ་དང་། ཚངས་པར་སྤྱོད་པ་ལ་སོགས་པ་དེ་དག་ཐམས་ཅད་ལ་དད་ཅིང་གུས་པར་བྱའོ། །དེ་ལྟར་དཀོན་མཆོག་གསུམ་པོ་དེ་དག་ལ་གུས་པར་བྱ་དགོས་པའི་རྒྱུ་མཚན་ཡང་། སྒྱུ་འཕྲུལ་ལེ་ལག་ལས། དཀོན་མཆོག་གསུམ་སྤངས་ཚངས་པར་སྤྱད་པ་དགེ་མེད་འགྱུར། །ཞེས་དང་། ཡང་། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པའི་ཕྱིར་བླང་བྱ་དེ་དག་དུས་རྟག་ཏུ་དྲན་པར་བྱའོ། །དེ་དག་དང་ལྡན་པའི་གང་ཟག་གིས་སྐྱབས་སུ་འགྲོ་བའི་ཆོ་ག་དངོས་ལ་འཇུག་པར་འཚལ་ཏེ། དེ་ལ་ཕྱིའི་སྐྱབས་འགྲོ་དང་། ནང་གི་དང་། གསང་བའི་དང་། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་སྐྱབས་སུ་འགྲོ་བ་དང་བཞི་ལས། དང་པོ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྐྱོབ་པར་བྱེད་པ་ཡིན་ཏེ། དེ་ལྟར་ཡང་མདོ་ཁང་བུ་བརྩེགས་པ་ལས། སངས་རྒྱས་ལྟ་བུའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་ལྟ་བུའི་ཞིང་ས་མེད། །དེས་ན་གསུམ་ལ་བསྙེན་བཀུར་བྱ། །ཞེས་གསུངས་པ་དང་། ཡང་། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་ན་མེད་པའི་དཀོན་མཆོག་གསུམ། །འགྲོ་བའི་བླ་མར་མཆོད་པར་བགྱི། །དེ་ལ་རྟག་ཏུ་གུས་ཕྱག་འཚལ། །ཞེས་གསུངས་པས། དེ་དག་ལ་བསླབ་པར་བྱ་བ་ནི་མདུན་གྱི་ནམ་མཁའ་ལ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ལྷ་དང་མཁའ་འགྲོ། རིག་འཛིན་རིག་པ་འཛིན་པ་རྣམས་མདུན་གྱི་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་བསྒོམས་ནས་རང་གི་ལུས་དང་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ཀྱང་ཕངས་པ་མེད་པར་ད་ལྟ་སྤྱན་དྲངས་པ་དེ་རྣམས་ལ་ཕུལ། དེ་བས་མི་འདོས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པ་དང་། མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་བཀང་ནས་ཕུལ་ཏེ། དུས་འདི་ནས་བཟུང་ནས་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཤེས་སོ་སྙམ་བགྱི་བ་དེ་དག་ནི་ཕྱིའི་སྐྱབས་འགྲོའོ། །གཉིས་པ་ནང་གི་ནི། བླ་མ་དང་ཡི་དམ་གྱི་ལྷ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། དེ་ལ་བླ་མའི་སྐྱབས་སུ་འགྲོ་བ་ནི། དགོངས་པ་འདུས་པ་ལས། བསྐལ་པ་འབུམ་གྱི་སངས་རྒྱས་པས། །སློབ་དཔོན་གཉན་པར་ཤེས་པར་བྱ། །ཞེས་གསུངས་པ་དང་། གསང་འདུས་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་ལྟའོ། །ཞེས་གསུངས་པ་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། སྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་པོ་མཆོད་པ་དང་། །སྲོག་ཆགས་བྱེ་བའི་ཚེ་སྐྱབས་པས། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དད་པའི་ཡིད་ཀྱིས་མཆོད་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་འགྲུབ་པར་ངེས། །ཞེས་གསུངས་པ་དང་། ཡང་། སྤྱི་རྒྱུད་མཚན་བརྗོད་ལས། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །ཞེས་གསུངས་པ་དང་། ཡང་། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱབས་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་གསུངས་པ་དང་། ཡང་། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་གསུངས་པ་དང་། ལུང་ལས། ཉན་ཐོས་བྱེ་བ་ཕྲག་བརྒྱ་མཆོད་པ་བས། །མཚན་ཉིད་ལྡན་པའི་བླ་མ་དམ་པ་ལ། །བསྙེན་བཀུར་བྱས་པའི་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་པ་དང་། མཁའ་འགྲོ་ཟིལ་གནོན་གྱི་རྒྱུད་ལས། དུས་གསུམ་སངས་རྒྱས་རྟག་ཏུ་མཆོད་པ་བས། །མཚན་ཉིད་ལྡན་པའི་བླ་མ་དམ་པ་ལ། །བ་སྤུའི་ཁུང་བུར་སྣུམ་གྱི་ཐིགས་གཅིག་གིས། །བཀུ་མཉེ་བྱས་པའི་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་པ་དང་། རྒྱུད་གསང་སྙིང་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་གསུངས་པ་དང་། བསྙེན་བཀུར་གསལ་བྱེད་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །དམ་པར་གྱུར་པའི་བླ་མ་ལ། །བཀུར་སྟི་རིམ་གྲོ་ཆེར་བྱས་ན། །འཁོར་བའི་རྒྱ་མཚོ་ལས་བརྒལ་འགྱུར། །ཅི་ཕྱིར་ཞིང་རབ་གཤིན་པ་ལ། །ས་བོན་བཏབ་ན་རྒྱས་འཕེལ་བཞིན། །བསོད་ནམས་དམ་པའི་ཞིང་མཆོག་ལ། །ཏིལ་འབྲུའང་མི་གཏོར་འཕེལ་སྨིན་འགྱུར། །ཞེས་གསུངས་པ་དང་། དཔལ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་པས་བླ་མ་ལ་སྐྱབས་སུ་འགྲོ་བ་ཤིན་ཏུ་གལ་ཆེ་བར་གསུངས། ཡང་ཡི་དམ་གྱི་ལྷ་ལ་སྐྱབས་སུ་འགྲོ་བ་ཡང་གལ་ཆེ་ཞིང་། ལྷ་མ་བསྒོམ་ན་སྐྱོན་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ན། དད་མེད་ཉམས་ན་ཕུང་བར་འགྱུར། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཀྱོམ་པ་ངན་སོང་གསུམ་དུ་སྐྱེ། །བླ་མེད་འགྲོ་བའི་རྒྱུན་ནས་བཅད། །རིགས་ཆད་ཉིད་དུ་གནས་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པས། ལྷ་སྤངས་ན་དགེ་བ་ཅི་སྤྱད་ཀྱང་དོན་མེད་པར་འགྱུར་བ་ཡིན་ལ། ཡང་ཡི་དམ་གྱི་ལྷ་ཚོགས་རྣམས་དང་དུས་གསུམ་རྒྱུན་དུ་མ་བྲལ་བར་བསྒོམས་པས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བར་གསུངས་ཏེ། ལྷ་ཡི་སྐུ་ཉིད་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་འགྲུབ་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་འགྲུབ་པར་འགྱུར། །བདག་ཉིད་ལྷ་དང་མཉམ་སྦྱོར་ན། །ཡོན་ཏན་སྣ་ཚོགས་འགྲུབ་པར་འགྱུར། །ཞེས་གསུངས་པས། བླ་མ་དང་ཡི་དམ་གྱི་ལྷ་ལ་སྐྱབས་སུ་འགྲོ་བར་བྱ་བ་ནི་ནང་གི་སྐྱབས་འགྲོའོ། །གསང་བའི་སྐྱབས་འགྲོ་ནི། ལྟ་སྒོམ་སྤྱོད་འབྲས་བཞིའི་ངང་ལ་གནས་པ་ལའང་སྐྱབས་སུ་འགྲོ་བར་ཤེས་པར་གསུངས་པ་ཡིན་ཏེ། ལྟ་བ་དབྱིངས་ཡེ་ཤེས་དབྱེར་མེད། སྒོམ་པ་ཏིང་ངེ་འཛིན་བསྲན་ཚུགས། སྤྱོད་པ་བདག་གཞན་དོན་གྲུབ། འབྲས་བུ་སྐུ་ལྔ་ལྷུན་གྲུབ། དེའི་ངང་ལས་མི་འདའ་མི་ཡེངས། མི་འགྱུར་བར་ཉམས་སུ་ལེན་པའོ། །མཐར་ཐུག་དེ་ཁོ་ན་ཉིད་ནི་གཞི་གནས་ལུགས། ལམ་རང་གནས། སྤྱོད་པ་རང་ཤར། འབྲས་བུ་རང་གྲོལ། དེ་ལས་མི་འདའ་བར་ཉམས་སུ་ལེན་པའོ། །དེ་ལྟར་སྐྱབས་སུ་སོང་བའི་ཡོན་ཏན་ནི། འདུལ་སྡོམ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའི་ཡོན་ཏན་དང་། ནང་པ་སངས་རྒྱས་པའི་སྡེ་ཚན་དུ་ཚུད་པ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱི་གནོད་པས་མི་ཚུགས་པ་དང་། ལམ་ལོག་པར་མི་འགྱུར་ཞིང་ངན་སོང་གསུམ་དུ་མི་སྐྱེ་བ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པ་དང་། བླ་མ་དཀོན་མཆོག་གིས་བྱིན་གྱིས་བརླབ་པར་འགྱུར་བ་ལ་སོགས་ཏེ་དེ་ལྟར་ཡོན་ཏན་དུ་མ་དང་ལྡན་པའི་ཕྱིར་སྐྱབས་སུ་འགྲོ་བའི་སྡོམ་པ་ལ་གནས་པ་ཤིན་ཏུའང་གལ་ཆེ་བར་གསུངས་སོ། །ཞེས་གསུངས་པ་ལྟར་སྐྱབས་འགྲོའི་སྡོམ་པ་ལམ་དུ་འཁྱེར་རོ། །རྩ་བའི་ས་བཅད་གཉིས་པ་དབང་གི་དམ་ཚིག་གེགས་བརྒྱད་བསྲུང་བ་ནི་གོང་དུ་སྔོན་འགྲོའི་ཆོས་བཤད་ཀྱི་སྐབས་སུ་རྒྱས་པར་གསུངས་པ་ལྟར་ལམ་དུ་འཁྱེར་རོ། །དབང་མཆོག་དབང་བཅུ་དྲུག་བསྐུར་མ་ཐག་པ་ལྟར་གྲངས་ངེས་པར་བྱས་ནས་ལྷ་གསང་པའི་བདག་པོ་ཕྱི་ནང་གསང་གསུམ་གྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་རྣམས་སྐབས་བསྟུན་གྱི་དབྱེ་བ་ཕྱེད་པར་བྱས་ཏེ་ལམ་དུ་འཁྱེར་རོ། །སྙིང་པོ། ༀ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྒྱ་སྟོང་ནས་བདུན་ནམ་གསུམ་གྱི་བར་མི་ཆག་པར་བཟླ་ཞིང་ལམ་དུ་འཁྱེར་རོ། །དེ་ལྟ་བུའི་ལམ་འཁྱེར་རྣམས་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ལན་གསུམ། གསང་བའི་བདག་པོའི་དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་འབུལ་ལོ་ཆ་ཤས་ནས་ལོངས་སྤྱོད་པ་དང་སློབ་མར་བཟུང་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཀྱིས། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ལན་གཅིག་གམ་གསུམ་བརྗོད། དེས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན་པ་དགེ་བ་སེམས་ཅན་ལ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད། སློབ་མ་རྣམས་རང་གནས་སུ་བཏང་ངོ་། །དེ་ནས་དཀྱིལ་འཁོར་གཉིས་ཀྱི་མཆོད་པ་རྣམས་ཁ་གསོས་ཏེ། ༀ་བཛྲ་ཨ་རྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། དཱི་པཾ། གནྡྷེ། ནཻ་ཝི་དྱ། ཤཔྡ། བ་ལིནྟ་སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། དྷརྨ་ར་ཎི་དང་། མཆོད་པའི་སྤྲིན་གྱི་སྔགས་ཀྱིས་མཆོད་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་ཤིང་དབང་བསྐུར་བའི། །གསང་བདག་འཕགས་པ་གོས་སྔོན་ཅན། །འཁོར་བཅས་མ་ལུས་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་བ་དང་ཉམས་པ་དང་། །ཞེས་སོགས་ཀྱི་ཚིགས་སུ་བཅད་པས་བཟོད་པར་གསོལ། ཆ་གསུམ་གྱི་དཀྱིལ་འཁོར་མི་བསྡུ་ན་ཆ་གསུམ་དཀྱིལ་འཁོར་དང་དཀྱིལ་འཁོར་གཉིས་ཀ་ལ་བཀོད་པའི་ཙཀླིའི་ལྷ་རྣམས་ལ་བརྟན་བཞུགས་ཀྱི་ཕྱིར་མེ་ཏོག་འཐོར་ཞིང་། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེ་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད། ཙཀླི་མེད་པའི་དཀྱིལ་འཁོར་གྱི་ལྷ་གཞན་རྣམས་དང་བུམ་པའི་ལྷ་ལ་དམིགས་ཏེ། ༀ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨ་ཧཾ་ཡུ་ཏི་ཛཿབཛྲ་མུཿ ཞེས་ལག་གཉིས་ཁ་ཕྱིར་བསྟན་པ་བསྣོལ་བས་སེ་གོལ་གཏོགས་པས་ཆ་གསུམ་བསྡུ་ན་དཀྱིལ་འཁོར་གཉིས་ཀྱི་ལྷ་རྣམས་ཀྱི་ཡེ་ཤེས་པ་བུམ་པའི་ལྷ་དང་བཅས་པ་ཆོས་སྐུའི་ངང་དུ་གཤེགས། ཞེས་དང་། མི་བསྡུ་ན་གསང་བདག་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡེ་ཤེས་པ་བུམ་པའི་ལྷ་དང་བཅས་པ་ཞེས་སོགས་གོང་བཞིན་བརྗོད། བདག་བསྐྱེད་ཀྱི་ཡེ་ཤེས་པ་ཡང་བཛྲ་མུཿས་གཤེགས་སུ་གསོལ། རྡུལ་ཚོན་ཀྱང་དབང་ལྡན་ནས་བཟུང་རྡོ་རྗེས་གཤིག་ལ་བསྡུའོ། །མཐར་དགེ་བ་བསྔོ་ཞིང་རྒྱུན་སྤྱོད་བྱ། དེའི་རྗེས་སུ་ནུབ་མོ་སླར་ཡང་ཞི་ཁྲོའི་ཕྲིན་ལས་རྒྱས་པའམ། ཞི་ཐུང་ཁྲོ་ཐུང་ངམ། གཞན་དུ་ན་བཀའ་བརྒྱད་སྤྱི་བཀའ་དང་སྒོས་བཀའི་དཀྱིལ་འཁོར་གང་ཡང་རུང་བའི་ལས་གཞུང་ལ་བརྟེན་ནས་ལེགས་ལྡན་ལྕམ་དྲལ་སོགས་ཆོས་སྲུང་རྣམས་ལ་མཆོད་གཏོར་འབུལ། གོང་དུ་བཤད་པའི་ཡེ་ཤེས་དང་འཇིག་རྟེན་གྱི་མ་མོར་མདོས་གཏོར་བསྐང་བ་སོགས་ཀྱང་ཅི་ནུས་སུ་བགྱིས་པའི་མཐར། ཚོགས་ཀྱི་འཁོར་ལོའི་ཆོ་ག་བྱ་སྟེ། རྩ་བར། དཔོན་སློབ་ཚོགས་ལ་རོལ་གཏོར་མ་བཏང་། ལྷག་མས་འབྱུང་པོ་ཚིམ་པར་བྱས། ཞེས་གསུངས་པ་ལྟར་ལས་གཞུང་གང་ཡིན་ལྟར་ཆད་ལྷག་མེད་པར་བྱ། རྩ་བར། ཡོ་བྱད་ལྷག་མ་གསོག་ནའང་དེའི་ཉིན་མོ་འཛོམ་པར་བསག་གོ། །དེ་ཡན་ཆད་སྔོན་འགྲོའི་ཆོ་གའོ། །ཞེས་གསུངས་པས། ཡོ་བྱད་རྣམས་འཛོམ་པར་བསག་དགོས་ཤིང་། འདི་ཡན་ཆད་སྔོན་འགྲོ་ཡིན་པས་ཉིན་གཅིག་ལ་ཚང་བར་གྲུབ་ན་ལེགས། གལ་ཏེ་ཉི་མ་ཐུང་བ་ལྟ་བུའི་སྐབས་ཅིས་ཀྱང་མི་གྲུབ་པར་བྱུང་ནས་བཟུང་ཡན་ལག་ཞག་གཅིག་དང་། དེ་མན་ཆད་ལ་གཅིག་སྟེ་ཞག་གཉིས་ལ་ངེས་པར་གྲུབ་པར་བྱའོ། །མདོ་དབང་ཉིན་བྱེད་མཁའ་ལ་དབང་འཆར་བའི། །སྔ་ལྟས་ས་ཡི་ཆོ་གའི་སྐྱ་རེངས་དང་། །གསང་བདག་དབང་གི་ཐུན་མཚམས་དང་པོའི་འོད། །ལྷན་ཅིག་ཤར་བས་གདུལ་བྱའི་པདྨ་འཛུམ། །རྒྱལ་ཀུན་གསང་བའི་མཛོད་འཛིན་མཐུ་སྟོབས་བདག །ཕྱག་རྡོར་དབང་བསྐུར་རྒྱུ་སྐར་གྲངས་མང་ཡང་། །ངན་སོང་གནས་འདྲེན་ཆོ་གའི་འོད་སྟོང་ཅན། །སྡུག་བསྔལ་མུན་འཇོམས་རྒྱུད་དོན་འདི་ཉིད་ཙམ། །སྨིན་བྱེད་ཟབ་མོའི་སྒོ་འཕར་རབ་འབྱེད་པའི། །ཐབས་མཁས་ངོ་མཚར་ཕྲིན་ལས་དཔལ་འབར་བ། །བླ་མ་ཡི་དམ་དབྱེར་མེད་འཁོར་ལོའི་མགོན། །དེང་ནས་བྱང་ཆུབ་བར་དུ་བདག་སྲུངས་ཤིག །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
༈ དེ་ནས་དངོས་གཞིའི་ཆོ་ག་ལ། མདོ་ཡོངས་རྫོགས་དང་། ཁྱད་པར་གཉིས་ལས། དང་པོ་ཡན་ལག་གི་དཀྱིལ་འཁོར་དང་། རྩ་བའི་དཀྱིལ་འཁོར་རོ། །དེ་ལ་དབང་གི་ཆུ་བོ་བཞི་ལས། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །ཞེས་གསུངས་པས། ཐོག་མར་ཡན་ལག་གི་དཀྱིལ་འཁོར་བསྟན་པ་ནི། ལྷ་མི། ཉན་རང་། བྱང་སེམས། ཀྲྀ་ཡ། ཨུ་པ། ཡོ་ག་དྲུག་གོ། །དེ་ལ་དང་པོ་ལྷ་མིའི་ཐེག་པའི་སྒྲུབ་ཁྲིགས་ལ། དཀྱིལ་འཁོར་བཤམ་ཁུངས་མཆོད་པ་བཤམ། །རབ་གནས་ཆོག་གཞུང་ཆ་གསུམ་དང་། །དཔང་སྐོང་ཁྲུས་བྱས་སྡོམ་རྟེན་ཁྲི། །རྒྱན་ལྡན་ཁྲིར་འཛེགས་ཐུབ་པ་བསྒོམ། །གསོལ་གདབ་སྡོམ་པ་དུས་ཁྲིམས་དཔོག །རིན་ཆེན་ལྡན་པའི་བུམ་པ་ལ། །བདག་འཇུག་རིན་ཆེན་ཆོས་བཤད་དང་། །ཀ་སྨད་ལྷ་དབང་ལམ་འཁྱེར་བཞི། །ཐེག་པ་ལྷ་སྙིང་བསླབ་བྱ་ལའང་། །ཐེག་སྒོ་ལྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །གདམས་ངག་ངང་སྒོམ་བཀྲ་ཤིས་བསྔོ། །ཞེས་དོན་སུམ་ཅུས་བསྟན་ནོ། །དེ་ཡང་། རྩ་བར། དང་པོ་དཀྱིལ་འཁོར་བཤམ་པ་ལ་དགོངས་པ་གསུམ་སྟེ། ས་མཚམས། གོམ་པ། བྲི་ཐབས་སོ། །དང་པོ་ཆོ་ག་འཛུགས་པ་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གཞི་བདག་ལ་མཆོད་གཏོར་བཤམ། ཚོགས་དང་ཟས་ཕུད་ཕུལ། ཁྱད་པར་ཨེ་ཡཾ་རཾ་ཁཾ་ཞེས་ནམ་མཁའ་རླུང་མེ་ཆུ་རྣམས་མས་བརྩེགས་སུ་ཆགས་པའི་ཆུའི་དཀྱིལ་འཁོར་ལ་ལྷ་མི་དགོད་པའོ། །གཉིས་པ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་རྫོགས་པའི་རྟ་བབས་ལ་ལྷ་མིའི་ཐེག་པ་སྒོམ་པའོ། །གསུམ་པ་ལྷ་མིའི་དཀྱིལ་འཁོར་སྒོས་སུ་བྲི་བ་ནི། ཞེས་གསུངས་པའི་དོན་གསུམ་གྱིས་བསྟན་པ་ལས། དང་པོར་སྔོན་འགྲོའི་སྐབས་ནས་ཉེ་བར་བརྩམས་ཏེ། ལུང་ལས། འབུམ་ལྔ་འདོན་ཞིང་སྦྱིན་པ་དགྱེ། །སྲོག་བསླུ་རྒྱ་གཟུག་ལམ་འཕྲང་བསལ། །ཚྭ་ཚྭ་ཆུ་གཏོར་ལ་སོགས་པའི། །ཆོས་སྤྱོད་སྐྱབས་འགྲོ་སེམས་བསྐྱེད་སོགས། །དགེ་ཚོགས་དཔུང་བསྐྱེད་བསྔོ་བ་བྱ། །ཞེས་གསུངས་པས། བྱ་བ་གང་དག་གང་བྱེད་པའི་སྔོན་དུ་འགྲོ་བ་དགེ་བའི་ལས་དཔུང་ཆེར་བསྐྱེད་ན་ལས་དེ་མཐར་ཕྱིན་ལ་བསམ་དོན་ཚུལ་བཞིན་གྲུབ་པ་རྒྱལ་བ་རྣམས་ཀྱིས་གསུངས་ཏེ། ཚོགས་བསགས་པ་ལས་བདེ་བ་འབྱུང་། །ཞེས་གསུངས་པའི་ཕྱིར་འབུམ་ལྔ་འདོན་པ་ནི། འབུམ་ལྔའི་ངོས་འཛིན་ཚུལ་མཁས་པ་དག་གི་གསུང་རབ་ལས། སྐུའི་འབུམ་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་འབུམ་ལས་བསྡུས་པ་ལྟུང་བཤགས། གསུང་གི་འབུམ་མྱང་འདས་ཞལ་ཆེམས་འབུམ་ལས་བསྡུས་པ་འདའ་ཁ་ཡེ་ཤེས། ཐུགས་ཀྱི་འབུམ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལས་བསྡུས་པ་ཤེར་སྙིང་། ཡོན་ཏན་གྱི་འབུམ་ཕལ་པོ་ཆེ་སྨོན་ལམ་འབུམ་ལས་བསྡུས་པ་བཟང་སྤྱོད། ཕྲིན་ལས་ཀྱི་འབུམ་ལངྐར་གཤེགས་པ་སྲིན་པོ་འབུམ་བཏུལ་བའི་ཚུལ་ལས་བསྡུས་པ་རྣམ་འཇོམས་ཞེས་རྒྱས་བསྡུས་གཉིས་འབྱུང་བ་ལྟར་སྤྲོ་ན། དཀོན་བརྩེགས། མྱང་འདས། འབུམ། ཕལ་ཆེན། ལང་གཤེགས་ལྔ་འདོན་ཞིང་། བསྡུ་ན་ལྟུང་བཤགས། འདའ་ཁ་ཡེ་ཤེས། ཤེས་རབ་སྙིང་པོ། བཟང་སྤྱོད། རྣམ་འཇོམས་ལྔ་འདོན་པ་དང་། སྦྱིན་གཏོང་རྒྱ་ཆེར་བྱ། སེམས་ཅན་འཆི་ངེས་པའི་སྲོག་བསླུ་བ་དང་ལམ་འཕྲང་བཟོ་བ་དང་། ཚྭ་ཚྭ་གདབ་པ་དང་ཆུ་གཏོར་གཏོང་བ་སོགས་ལ་འབད་དགོས་ཤིང་། སྔོན་འགྲོ་ལ་ནན་ཆེར་བྱས་པས་བར་ཆད་འབྱུང་མི་སྲིད་པ་ཡིན་གསུངས ། གཞན་ཡང་ཉིན་རེ་བཞིན་ཞི་ཁྲོའི་ཕྲིན་ལས་ཚོགས་དང་བཅས་པ་རེ་བྱ་ཞིང་ཆོས་སྲུང་ལ་མཆོད་གཏོར་བསྔོ་ཞིང་ཕྲིན་ལས་བཅོལ་བ་དང་ཆ་གསུམ་གཏོང་། དཀྱིལ་འཁོར་ལ་གསུམ་སྟེ། གཞིའི་དཀྱིལ་འཁོར་གནས་ཚུལ། ལམ་དུ་དཀྱིལ་འཁོར་སྒོམ་ཚུལ་དང་། དེ་ལྟར་བྲི་བའི་ཚུལ་གསུམ་ལས། དང་པོ། ཨེ་ལས་ནམ་མཁའ་དང་ཡཾ་ལས་རླུང་རཾ་ལས་མེ་ཁཾ་ལས་ཆུ་རྣམས་མས་རིམ་གྱིས་ཆགས་པའི་ཆུའི་དཀྱིལ་འཁོར་ལ་ལྷ་མི་དགོད་པ་ནི་ས་མཚམས་ཞེས་བཤད་པ་ཡིན་པས། བཀའ་གཏེར་གྱི་ཕུར་པ་རྣམས་ལ་སྲིད་པའི་ཕུར་པ་ཞེས་པ་དབལ་ལ་ངན་སོང་གནས་བཅུ་ནས་རྒྱ་མདུན་འོག་མར་ལྷ་མི་སོགས་འདོད་ཁམས། ཆངས་བཟུང་སྨད་ལ་གཟུགས་ཁམས། སྟོད་ལ་གཟུགས་མེད་ཁམས། རྒྱ་མདུད་གོང་མ་དཀྱིལ་འཁོར་དུ་བཞེད་པ་དང་ཆོས་མཚུངས། གཉིས་པ་ལམ་དུ་དཀྱིལ་འཁོར་སྒོམ་ཚུལ་ནི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་རྟ་བབས་དང་པོ་ལ་ལྷ་མིའི་ཐེག་པའི་ལྷ་རྣམས་སྒོམ་པ་ཡིན། གསུམ་པ་བྲི་ཚུལ་ནི། ཀཿཐོག་ལུགས་ལྟར་ན། ཐོག་མ་རང་ནས་དབུས་སུ་ཨ་ནུ་ཡོ་ག་ཚོགས་ཆེན་འདུས་པ་རྩ་བའི་དཀྱིལ་འཁོར་གྱི་སྔོན་འགྲོའི་ཆོས་རྣམས་ཚང་བ་བྱས་ཏེ། ཐིག་གདབ་ཚོམ་བུ་བཀོད་དེ། ཡན་ལག་གི་དཀྱིལ་འཁོར་རྣམས་འཁོར་དུ་བཀོད་པ་ལ། ཤར་དུ་ལྷ་མི། ཤར་ལྷོར་ཉན་ཐོས། ལྷོར་རང་རྒྱལ། ལྷོ་ནུབ་ཏུ་བྱང་ཆུབ་སེམས་དཔའ། ནུབ་ཏུ་ཀྲྀ་ཡ། ནུབ་བྱང་དུ་ཨུ་པ་ཡ། བྱང་དུ་མ་ཧཱ་ཡོ་ག་སྒྱུ་འཕྲུལ་ཁྲོ་བོ། བྱང་ཤར་དུ་མ་ཧཱ་ཡོ་ག་སྒྱུ་འཕྲུལ་ཞི་བ། སྟེང་དུ་རྫོགས་ཆེན་ཨ་ཏི་ཡོ་གའི་དཀྱིལ་འཁོར་བྲི་བའི་ལུགས་དང་། ཡང་ན་ཤར་ལྷོར་ལྷ་མི ། ལྷོ་ནུབ་ཏུ་ཉན་ཐོས། ནུབ་བྱང་དུ་རང་རྒྱལ། བྱང་ཤར་དུ་བྱང་ཆུབ་སེམས་དཔའ་རྣམས་བྱེད་པའི་ལུགས་གཉིས་སུ་བཤད། གླན་སྟོན་བསོད་ནམས་མགོན་པོས། ནུབ་དང་པོ་ལ་སྔོན་འགྲོ་དང་། གཉིས་པ་ལྷ་མི་ཉན་རང་རྣམས་གཅིག་ཏུ་དྲིལ་ནས་དབང་བསྐུར་བའི་ལྷོ་ནུབ་ཏུ་ལྷ་མི། ཟུར་གཅིག་ཏུ་ཉན་ཐོས། ཟུར་གཅིག་ཏུ་རང་རྒྱལ་ཞེས་གསུངས་པས། དབུས་སུ་ཚོགས་ཆེན་གྱི་དཀྱིལ་འཁོར་ཡོད་པ་འདྲ་ཡང་བྱེད་པའི་གསལ་ཁ་མ་བྱུང་བས་ཚོགས་ཆེན་ཨ་ནུའི་སྐབས་སུ་རྒྱས་པར་འཆད་རྩིས་སུ་མངོན། ཟུར་ལུགས་ལ་ཐེག་པ་འོག་མ་རྣམས་ལ་རེ་རེ་བཞིན་དུ་ས་མཚམས་ཀྱི་དགོད་ཚུལ་དང་། ཚོགས་ཆེན་གྱི་དཀྱིལ་འཁོར་ལ་སྒོམ་ཚུལ་དང་། བྲི་བའི་དཀྱིལ་འཁོར་དང་གསུམ་དུ་བཞེད་དེ། རྩ་བར། གསུམ་པ་ལྷ་མིའི་དཀྱིལ་འཁོར་སྒོས་སུ་བྲི་བ་ནི། རི་རྒྱལ་ཕྱོགས་མདོག །རི་བདུན་གསེར། རོལ་མཚོ་སྣ་ཚོགས། ནང་གི་ལྕགས་རི་སྔོ། ཕྱིའི་རྒྱ་མཚོའི་གླིང་བཅུ་གཉིས་ལ། ཤར་ཟླུམ་དཀར། ལྷོ་སོག་ཀ་སྔོ། ནུབ་ཟླ་གམ་དམར། བྱང་གྲུ་བཞི་སེར། ཕྱིའི་ལྕགས་རི་ལ་གླིང་བཞི་བྱེ་བ་ཕྲག་བརྒྱའི་ཐིག་འགོད་དོ། །ཞེས་དང་། མི་འཁྲུགས་པའི་དཀྱིལ་འཁོར་འདབ་བརྒྱད་དབུས་སྔོ། འདབ་བཞི་ཕྱོགས་མདོག །མཚམས་མཛེས་ཚོན། དུས་བཟང་གི་དཀྱིལ་འཁོར་གསུམ་འདབ་བཞི་ཕྱོགས་མདོག །དབུས་སེར་པོ། དམར་པོ། སྔོན་པོ་བྱ། གཞན་སྤྱི་དང་མཐུན། དུས་གསུམ་སངས་རྒྱས་དང་དཀོན་མཆོག་གསུམ་གྱི་དཀྱིལ་འཁོར་པདྨ་བརྒྱད་ལྡན་དབུས་སེར། འདབ་མ་སྣ་ཚོགས་པ་སྟེ་དེ་རྣམས་སྒོ་རྟ་བབས་ཡོད་མེད་གང་འོས་བྱའོ། །ཞེས་གསུངས་པས། འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡབ་སྲས་ཀྱི་བླ་དཔེའི་མཆན་བུར། ཚོགས་ཆེན་གྱི་དཀྱིལ་འཁོར་ལ་རྩ་བ་སྤྱི་ཁྱབ་ཀྱི་དཀྱིལ་འཁོར་དང་། བྱེ་བྲག་སོ་སོའི་དཀྱིལ་འཁོར་གཉིས་ཞེས་དང་། གཉིས་པ་ལ་ཡང་གཉིས་ཀྱི་རི་རབ་གླིང་བཞི་དང་བཅས་པ་ལ་གླིང་བཞི་ལྷ་མོའི་དཀྱིལ་འཁོར་ཞེས་རྩ་བའི་དཀྱིལ་འཁོར་དུ་བཞེད། བྱེ་བྲག་ལ་བཞིར་གསུངས་ཏེ་མི་འཁྲུགས་པ། དུས་བཟང་གི་དཀྱིལ་འཁོར་གསུམ་མཛད་པས་ཡོངས་དྲིལ་དཀྱིལ་འཁོར་ལྔ་སྟེ། རིག་འཛིན་རྗེའི་གསན་ཡིག་དང་དངོས་སློབ་ཨོ་རྒྱན་པའི་གསན་ཡིག་གཉིས་ཚིག་མཐུན་པར། ལྷ་མིའི་ཐེག་པ་ལ་ལྔ་སྟེ། ངན་སོང་སྦྱོང་བ་ཀུན་རིག་རྣམ་སྣང་། ལས་སྒྲིབ་གཅོད་པ་མི་འཁྲུགས་པ། ནད་ཀྱི་བསྐལ་པ་ཞི་བྱེད་ཚེས་བརྒྱད་སྨན་བླ། མཚོན་གྱི་བསྐལ་པ་ཞི་བྱེད་ཉའི་སྣང་བ་མཐའ་ཡས། མུ་གེའི་བསྐལ་པ་ཞི་བྱེད་སྟོང་གི་ཤཱཀྱ་ཐུབ་པ་དང་ལྔའོ། །ཞེས་གསུངས་པས། སྔ་མ་རྩ་བའི་དཀྱིལ་འཁོར་དང་ཕྱི་མ་བཞི་པོ་བྱེ་བྲག་གི་དཀྱིལ་འཁོར་བཞིར་ངེས་ལ། རྒྱལ་དབང་མཆོག་གི་གསན་ཡིག་ཏུ་གོང་དུ་བཤད་པའི་ལྔ་ལ་བྱེ་བྲག་གི་དཀྱིལ་འཁོར་དང་། དེ་རྣམས་གཅིག་ཏུ་དྲིལ་བ་ལྷ་ཉེར་ལྔ་མ་རྩ་བའི་དཀྱིལ་འཁོར་ཏེ་དྲུག་ཏུ་བཞེད་པ་ནི། རིག་འཛིན་རྗེ་དཔོན་སློབ་ཀྱི་གསན་ཡིག་ལ་ཡང་དེ་ལྟར་འདུག་ཅིང་། ཟུར་ལུགས་དང་ཀཿཐོག་ལུགས་གཉིས་ཀར་བསྡུ་ན་གཅིག་དྲིལ་གྱི་དཀྱིལ་འཁོར་རེ་རེ་ལས་བྱེ་བྲག་གི་དཀྱིལ་འཁོར་རྣམས་མི་མཛད་པའི་ལུགས་ཡིན། ཀཿཐོག་ལུགས་ཀྱི་བླ་མ་འདྲའི་ཐོབ་ཡིག་ཏུ་དཀྱིལ་འཁོར་བདུན་འདུག་པ་ནི། རྩ་བའི་དཀྱིལ་འཁོར་མི་འཁྲུགས་པ། དུས་བཟང་གསུམ་སོ་སོར་རེ་རེ། དུས་གསུམ་སངས་རྒྱས་ལ་བསྡོམས་ཏེ་གཅིག །དཀོན་མཆོག་གསུམ་ལ་བསྡོམས་ཏེ་གཅིག་རྣམས་འདོད་པ་ཡིན་མོད། འདིར་རང་ལུགས་ཟུར་ལུགས་ཀྱི་རྩ་བ་ལ་ཞིབ་མོར་དཔྱད་ཅིང་གོང་མའི་ཟིན་བྲིས་རྣམས་ཀྱི་དོན་བསྡུས་ན་ལྷ་མི་ལ་དཀྱིལ་འཁོར་རྒྱས་པར་ཕྱེ་ན་བཅུ་གཉིས་སུ་འགྱུར་ཏེ། རྩ་བའི་དཀྱིལ་འཁོར་རི་རབ་གླིང་བཞི་མ། བྱེ་བྲག་གི་དཀྱིལ་འཁོར་མི་འཁྲུགས་པ། དུས་བཟང་གི་ལྷ་གསུམ་ལ་དཀྱིལ་འཁོར་རེ་རེ། དུས་གསུམ་སངས་རྒྱས་ལ་གཙོ་བོ་གོ་འཕོ་བའི་དཀྱིལ་འཁོར་རེ་རེ། དཀོན་མཆོག་གསུམ་ལས་སངས་རྒྱས་དང་། དགེ་འདུན་གཉིས་ལ་གཙོ་བོ་ཐུབ་ཆེན་དང་། ཆོས་ལ་ཡུམ་ཆེན་པོ་སྟེ་དཀྱིལ་འཁོར་གསུམ། གཅིག་དྲིལ་ལྷ་ཉེར་ལྔ་མ་སྟེ་བཅུ་གཉིས་སུ་འགྱུར་ལ། དེ་ཡང་དཀྱིལ་འཁོར་ལྔ་ནི་མེད་ཐབས་མེད་ལ། རྒྱས་པར་ན་བཅུ་གཅིག །འབྲིང་ལྔ་བདུན་གང་རིགས། ཐ་མ་རྩ་བའི་དཀྱིལ་འཁོར་དང་ལྷ་ཉེར་ལྔ་མ་གང་རིགས་བྲི་དགོས་པར་ཐེ་ཚོམ་མེད། ཇི་ལྟར་བྲི་བ་ནི་ཐོག་མར་རྒྱས་པའི་དབང་དུ་བྱས་ན། དང་པོ་རྩ་བའི་དཀྱིལ་འཁོར་གླིང་བཞི་ལྷ་མིའི་དཀྱིལ་འཁོར་འདི་ལ་ཐིག་རྩ་ཟུར་པ་ཞིག་ཡོད་པས། དེ་ཡང་རྒྱུད་ཐིག་གི་ཆ་ཆེན་བཅུ་དྲུག་གདབ། དང་པོ་དང་གཉིས་པའི་ཐིག །ལྔ་པ་ཕན་ཆད་དུ་མནན་ནས་བཏབ་པས་ནང་དུ་ཐིག་རོ་མི་ཡོང་བའི་ཁྱད་ཡོད། ནང་ཐིག་གི་དང་པོ་ཟླུམ་པོར་བསྐོར་བ་པདྨ། གཉིས་པ་ཆ་བཞིར་བགོས་པ་རི་རབ། གསུམ་པ་ཆ་ཕྲན་ཕྱེད་ཚད་ཀྱི་བདུན་དུ་བཏང་བ་མཐའ་ནས་ཟླུམ་པོར་ཆ་ཆུང་གཅིག་བསྐོར་བ་ལྕགས་རི་དང་། དེའི་ནང་དུ་མཚོ་གླིང་ངོ་། །རྩིག་པ་ཕན་ཆད། ལྔ་པ་དབུས་དོར་མཐའ་གཉིས་གདབ། །ཅེས་སོགས་སྤྱི་ལྟར་རོ། །ཚོན་ནི་ལྟེ་བ་དཀར་པོ། དེའི་ཕྱིར་ཕྱོགས་མདོག་གི་པདྨ་འདབ་མ་བཞི། དེའི་ཕྱིར་རི་རབ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་བ་ཆ་ཆུང་བདུན་གྱི་བཅད་རྣམས་སེར་པོ་བྱས་པ་ནི་གསེར་རི་བདུན་དང་། བར་རོལ་མཚོ་བདུན་སྔོན་པོ། དེའི་ཕྱིར་ལྕགས་རི་སྔོན་པོ་ཆ་ཆུང་གཅིག་ཟླུམ་པོར་བསྐོར་བའི་ནང་གི་ཕྱོགས་བཞིར་རྒྱ་མཚོ་རི་རབ་ཀྱི་མདོག་དང་མཚུངས་པའི་ནང་དུ་གླིང་བཞི་གླིང་ཕྲན་བརྒྱད་ནི་ཤར་ཟླུམ་པོ་ཆེ་བ་དབུས་དང་གཡས་གཡོན་དུ་ཆུང་བ་རེ་རེ་དཀར་པོ། དེ་བཞིན་དུ་ལྷོར་སོག་ཁ་གསུམ་སྔོ། ནུབ་ཏུ་ཟླ་གམ་གསུམ་དམར་པོ། བྱང་དུ་གྲུ་བཞི་གསུམ་སེར་པོ། སོ་སོར་ཡུལ་ལྗོངས་དང་ཁང་བཟང་གི་རྣམ་པ་བྲིའོ། །ཁོར་ཡུག་སྔོན་པོའི་ཕྱིར་རྩིག་པ་དཀར། སྔོ། སེར། དམར། ལྗང་བ་ནང་རིམ་བཞིན་ནམ། རྩིག་ལྗང། ཕ་གུ། དྲྭ་ཕྱེད། མདའ་ཡབ། ཤར་བུ། སྒོ། རྟ་བབས། ཉི་དཀྱིལ། པདྨ། རྡོ་ར། མེ་རིའོ། །ལྷ་མཚན་ནི་འདབ་བཞིའི་དབུས་སུ་རྣམ་སྣང་དང་། ཤར་གླིང་གི་ལྷ་གསུམ་གྱི་མཚན་མ་ཤར་གླིང་དབུས་སུ་བརྒྱ་བྱིན་ཡབ་ཡུམ་དང་ནང་དུ་བལྟ་བའི་གཡས་སུ་མངའ་གཞུག་པ། གཡོན་དུ་ཕོ་ཉའི་མཚན་མ་མངོན་རྟོགས་ལྟར་བཀོད། དེ་བཞིན་དུ་གླིང་གཞན་རྣམས་ཀྱང་ཕྱོགས་ཀྱི་གླིང་གསུམ་པོ་སོ་སོ་དང་རྒྱལ་ཆེན་བཞི་སྒོ་བཞིར་བཀོད་པར་ཟུར་ལུགས་དང་། ཀཿཐོག་ལུགས་ལྟེ་བར་འདབ་མ་བཅུ་གཉིས་ལ་ལྷ་བཀོད་སྲོལ་འདུག་ཅིང་གླན་བན་གྱིས་ཀྱང་འདམ་ཁར་གསུངས། སྒོ་རྫོགས་མི་བྱེད་ན་དབུས་སུ་པད་འདབ་བཞི་པ་ཞིག །དེའི་ཕྱིར་རི་རབ་ནས་ལྕགས་རིའི་བར་བྲི་ཞིང་དབུས་སུ་རྣམ་སྣང་དང་། པད་འདབ་བཞིས་ཕྱོགས་བཞིར་རྒྱལ་པོ་བཞི་བཀོད་ན་འཐད་པར་མཐོང་། ལྷ་གཞན་རྣམས་གླིང་བཞི་གླིང་ཕྲན་ལ་བཀོད་པར་བཤད། མདུན་བསྐྱེད་དུས་གཞལ་ཡས་ཁང་མཚན་ཉིད་ཚང་བའི་ནང་དུ་རི་གླིང་རྣམས་སྒོམ་དགོས་པའི་ཕྱིར་སྒོ་རྫོགས་བྲི་བ་འཐད་ལ། མ་བྲིས་ཀྱང་སྐྱོན་ཆེར་མེད་དེ། ཟུར་ལུགས་རྩ་བར། དེ་རྣམས་སྒོ་རྟ་བབས་ཡོད་མེད་གང་བདེ་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་མི་འཁྲུགས་པའི་དཀྱིལ་འཁོར་པདྨ་འདབ་བརྒྱད་ཀྱི་དབུས་སྔོ། ཤར་དཀར ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་མཛེས་ཚོན། རྩིག་ལྗང་ཁྱམས་སྒོ་ཕན་ཆད་སྤྱི་ལྟར་རོ། །དུས་བཟང་གསུམ་གྱི་དཀྱིལ་འཁོར་བཀྲལ་བའི་དབང་དུ་བྱས་ཏེ་དཀྱིལ་འཁོར་གསུམ་པ་མུ་གེའི་བསྐལ་པ་ཞི་བྱེད་གནམ་སྟོང་གི་ལྷ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དཀྱིལ་འཁོར། བཞི་པ་མཚོན་གྱི་བསྐལ་པ་ཞི་བྱེད་བཅོ་ལྔ་ཉའི་ལྷ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར། ལྔ་པ་ནད་ཀྱི་བསྐལ་པ་ཞི་བྱེད་ཚེས་བརྒྱད་ཀྱི་ལྷ་སྨན་བླའི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་གསུམ་ཀ་དབུས་སུ་པདྨ་འདབ་བཞི་ཕྱོགས་མདོག་རྩིག་ལྗང་ཁྱམས་སྒོ་སོགས་སྤྱི་མཐུན། ལྟེ་བ་གནམ་སྟོང་སེར། ཉ་དམར། ཚེས་བརྒྱད་སྔོན་པོ་བྱ། དུས་གསུམ་སངས་རྒྱས་དང་དཀོན་མཆོག་གསུམ་གྱི་དཀྱིལ་འཁོར་བཀྲལ་བ་ལྟར་ན། དཀྱིལ་འཁོར་དྲུག་པ་མར་མེ་མཛད་ཀྱི་དཀྱིལ་འཁོར། བདུན་པ་ཐུབ་དབང་གི་དཀྱིལ་འཁོར། བརྒྱད་པ་བྱམས་པའི་དཀྱིལ་འཁོར། དགུ་པ་སངས་རྒྱས་ཀྱི་དཀྱིལ་འཁོར། བཅུ་པ་ཆོས་ཀྱི་དཀྱིལ་འཁོར། བཅུ་གཅིག་པ་དགེ་འདུན་གྱི་དཀྱིལ་འཁོར་ཏེ་དྲུག་པོ་ཐམས་ཅད་ལྟེ་བ་སེར། པད་འདབ་བརྒྱད་མཛེས་ཚོན། རྩིག་ལྗང་། ཁྱམས་སྒོ་རྟ་བབས་པད་རྡོར་མེ་རི་སོགས་རིགས་འགྲེའོ། །བཅུ་གཉིས་པ་གཅིག་དྲིལ་གྱི་དཀྱིལ་འཁོར། འདི་གོང་བཞིན་རྒྱས་པར་བྲིས་ན་དེར་ཚང་བས་མི་དགོས་ཀྱང་བསྡུས་པར་བྱེད་ན་གཅིག་དྲིལ་གྱི་དཀྱིལ་འཁོར་བླ་མའི་མན་ངག་བཞིན་འདི་ལྟར་བྲིས་ཏེ། རི་རབ་གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་ཁོར་ཡུག་དང་བཅས་པའི་ཕྱིར་སྒོ་རྫོགས་ཡོད་མེད་གང་བདེའི་ལྟེ་བ་པད་འདབ་བཞི་པའི་དབུས་སུ་རྣམ་སྣང་། འདབ་བཞིའི་ཤར་དུ་མི་འཁྲུགས་པ། ལྷོ་ནུབ་བྱང་གསུམ་དུ་དུས་བཟང་གི་ལྷ་གསུམ། རི་རབ་གླིང་བཞི་གླིང་ཕྲན་རྣམས་ལ་རྒྱལ་ཆེན་བཞི། ལྷ་ཆེན་ཡབ་ཡུམ། ཕོ་ཉ་མངག་གཞུག་རྣམས་བཀོད་པའི་ལྷ་ཉེར་ལྔ་མའི་ལུགས་འདི་འདོམས་ཆེ་ཞིང་འཐད་པར་མངོན། ཟུར་ལུགས་ཀཿཐོག་གཉིས་ཀའི་ལུགས་ལ་བསྡུ་ན་རྩ་བའི་དཀྱིལ་འཁོར་ལ་བསྔགས་པ་ཙམ་མཛད་འདུག་ཀྱང་རྩ་བའི་དཀྱིལ་འཁོར་ལ་རྣམ་སྣང་དང་། རྒྱལ་ཆེན། ལྷ་ཆེན། ཕོ་ཉ་མངག་གཞུག་རྣམས་མ་གཏོགས་མི་འཁྲུགས་པ་དང་དུས་བཟང་གི་ལྷ་གསུམ་མེད་ཕྱིར་ཆད་སྐྱོན་དུ་འདུག་པས་དཀྱིལ་འཁོར་གཅིག་ཏུ་བསྡུ་ན་ཕྱི་མ་ཁོ་ན་འཐད་པར་སེམས། དཀོན་མཆོག་གསུམ་ལ་བསྡུས་པའི་ཚེ་དངོས་སུ་ལྷ་གནས་མེད་ཀྱང་དེ་དག་ལ་དོན་གྱི་ཚང་བ་ཡིན་ནོ། འབྲིང་པོ་དཀྱིལ་འཁོར་ལྔར་དབྱེ་ན་རྩ་བའི་དཀྱིལ་འཁོར་དང་། མི་འཁྲུགས་པའི་དཀྱིལ་འཁོར། དུས་བཟང་གི་ལྷའི་དཀྱིལ་འཁོར་གསུམ་སྟེ་ལྔའོ། །འབྲིང་པོ་བདུན་དུ་བྱེད་ན་གོང་གི་ལྔའི་སྟེང་དུས་གསུམ་སངས་རྒྱས་བསྡོམས་པར་དཀྱིལ་འཁོར་པདྨ་འདབ་བརྒྱད་པ་གཅིག་དང་། དཀོན་མཆོག་གསུམ་བསྡོམས་པའི་དཀྱིལ་འཁོར་འདབ་བརྒྱད་པ་གཅིག་སྟེ་བདུན་ནོ། །བསྡུས་པའི་ལུགས་ནི་གཅིག་དྲིལ་གྱི་དཀྱིལ་འཁོར་ལས་འཕྲོས་ཏེ་གོང་དུ་བཤད་ཟིན་ཏོ། །རྩ་བའི་ས་བཅད་སུམ་ཅུའི་སྐབས། དཀྱིལ་འཁོར་བཤམ་ཁྲུས་མཆོད་པ་བཤམ། །ཞེས་གསུངས་པས། དང་པོ་དཀྱིལ་འཁོར་བཤམ་པ་རྒྱས་པར་བཤད་ཟིན། གཉིས་པ་ཁྲུས་ཟེར་བ་འདུག་ཀྱང་། རྩ་བར་ས་བཅད་གཉིས་པ་འཆད་སྐབས། གཉིས་པ་ནི། སྐང་རྟང་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཞེས་པ་མི་ཆོས་བཅུ་དྲུག་པོ་འདི་འཁོར་བ་དང་ངན་སོང་ལས་སྐྱོབ་པའི་མགོན་དུ་བསྟན་ནོ། །ཞེས་གསུངས་པས། དེ་ལྟར་ན་ཁྲུས་ཟེར་བ་དང་སྐང་རྟང་ལས་ཟེར་བ་གཉིས་ཀ་ཡི་གེ་མ་དག་པའི་སྐྱོན་ཏེ། མདོ་དབང་གི་རྩ་བ་དབང་རིན་ཆེན་སྐས་གདང་ཞེས་པ་ལས་ཁུངས་ཀྱི་ལུང་དྲངས་པས་མི་ཆོས་བཅུ་དྲུག་ལྷ་མིའི་ཉམས་ལེན་གྱི་རྩ་བར་འདུག་པས་དེ་ལ་ཁུངས་བྱས་ཤིང་། གླན་སྟོན་བསོད་ནམས་མགོན་པོས། ཁུངས་ནི་འཁྲུལ་སྣང་རྩད་གཅོད་ནམ་མཁའ་དང་མཉམ་པའི་རྒྱུད་ལས་གསུངས་པར་བཤད། དེ་ལྟར་ན་དཀྱིལ་འཁོར་བཤམ་ཁྲུས་ཟེར་བ་བཤམ་ཁུངས་དང་། སྐང་རྟང་ལས་ཟེར་བ་སྐས་གདང་ལས་ཞེས་པ་ཡིན་པའི་ཕྱིར། གསུམ་པ་མཆོད་བཤམ་ནི། རྩ་བར། ཚྭ་ཚྭ་དཀར་ཞལ་སྟོན་པའི་མི་གྲངས་སམ་སོ་སོའི་ལོ་གྲངས་དཀྱིལ་འཁོར་གྱི་མཐའ་སྐོར་དུ་བཞག །བསྙེན་སྔགས་ཀྱི་རབ་གནས་བྱ། ཙ ཀླི་ཡང་དགྲམ། བུམ་པ་རིན་པོ་ཆེ་སྨན་འབྲུ་སྣ་དྲི་བཟང་དང་ལྷ་ཁྲུས་མེ་ལོང་ལ་བྱས་པའི་ཆུ་བླུག །ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་པའི་མཆུ་བླ་མ་ལ་བསྟན་པ་བཞག་ལ། གཙོ་བོ་ལྷ་ལྔའི་སྙིང་པོ་བརྒྱ་རྩ་བཟླས་ལ་ཕོ་བྲང་དུ་འགོད་ཅེས་དང་། ཨརྒྷཾ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ལྷ་བཤོས། རོལ་མོ་དང་། གཏོར་མ་ཆ་གསུམ་དང་། མཎྜལ་ཡང་བཤམ་མོ། །ཞེས་གསུངས་པས། དཀྱིལ་འཁོར་དེ་རྣམས་ཇི་ལྟར་བཤམ་ཚུལ་ནི། དབུས་སུ་རྩ་བའི་དཀྱིལ་འཁོར། དེའི་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས་མི་འཁྲུགས་པ། དུས་བཟང་གསུམ། དུས་གསུམ་སངས་རྒྱས། དཀོན་མཆོག་གསུམ་སོགས་བསྐོར་ཏེ་ཐམས་ཅད་ཀྱི་མདུན་ཕྱོགས་གཅིག་ཏུ་བསྟན་ནོ། །ཚྭ་ཚྭ་དཀྱིལ་འཁོར་ཐམས་ཅད་ལ་མི་བསྐོར་བར་རྩ་བའི་དཀྱིལ་འཁོར་ལ་བསྐོར་བའི་ཕྱག་ལེན་ཡོད། དཀྱིལ་འཁོར་གཅིག་ལས་མེད་ན་དེ་གར་བསྐོར། ཚྭ་ཚྭའི་གྲངས་ནི་སློབ་མ་མང་དུ་ཡོད་ན་མི་གྲངས་སམ། ཉུང་ན་སློབ་མའི་ལོ་གྲངས་བྱེད། དཀྱིལ་འཁོར་སོ་སོའི་ལྷ་གནས་སུ་འཇིམ་པ་ལྟ་བུའི་རྟེན་བྱེད་ལ་ལྷ་ཙཀ་རྣམས་སྨྱུག་ཐུར་ལ་བཅིངས་ཏེ་བཙུགས། རྒྱ་བོད་ཀྱི་ཡི་གེ་སོགས་དབང་རྫས་རྣམས་ཀྱང་བཤམ། དེ་ཡང་ཙཀླི་སྐུ། རྒྱ་བོད་ཀྱི་ཡི་གེའི་དབང་རྟེན་གསུང་། ཚྭ་ཚྭ་ཐུགས་རྟེན་ཡིན་ཞེས་གསུངས། དཀྱིལ་འཁོར་སོ་སོའི་མཐར་མཚམས་འཛིན་ནས་བཟུང་ཆུ་གཉིས་སྔོན་འགྲོའི་མཆོད་པ་གཡས་སྐོར་དང་། དཀོན་མཆོག་སྤྱི་གཏོར་དཀར་ཟླུམ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཟང་བ་རེ་རེ་ཡང་བཤམ། རྩ་བའི་ས་བཅད་བཅུ་བདུན་པར། རིན་ཆེན་ལྡན་པའི་བུམ་པ་ནི། །རྒྱལ་རིགས་མ་ཉམས་པ་ལ་གསེར་དངུལ་གྱི་བུམ་པ། ཉམས་ན་རྫ་བུམ། མ་འབྱོར་ན་རྫ་བུམ། རིན་པོ་ཆེ་བཅུག་ལ་བྱའོ། །ཞེས་གསུངས་པའི་དོན་སློབ་མ་རྒྱལ་རིགས་ལ་དབང་བུམ་རིན་པོ་ཆེ། རིགས་ཉམས་ལ་སོགས་ཕལ་ལ་རྫ་བུམ་ཡིན་འདྲ་ཡང་དེ་འདྲའི་དབྱེ་བ་དཀའ་བས་ན་རྩ་བའི་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་དྲི་བཟང་གི་ཆུ་དང་བུམ་རྫས་ཉེར་ལྔའི་བཅུད་ལྡན་རྟེན་ཁྱད་པར་ཅན་ལ་ཁྲུས་གསོལ་བའི་ཁྲུས་ཆུ་དང་བཅས་པ་བླུག །དར་དཀར་སེར་གང་རིགས་ཀྱིས་མགུལ་ཆིངས་ཁ་རྒྱན་དུང་ཆོས་རྡོ་རྗེ་གཟུངས་ཐག་དང་བཅས་པ་བཤམ། གཞན་ཡང་སྡོམ་རྟེན་སྟོན་པའི་སྐུའི་མདུན་དུ་མཆོད་པའི་ཁྱད་པར་རྒྱ་ཆེ་བ་དང་། ཞི་ཁྲོ་ཆོས་སྲུང་གི་གཏོར་མ་རྣམས་ལ་ཁ་བསོས། ཆ་གསུམ་གྱི་གཏོར་མ་གསར་པ། སློབ་མར་དབང་གི་སྔོན་འགྲོའི་བགེགས་གཏོར་སོགས་མ་ཚང་བ་མེད་པར་བཤམ་མོ། །རྩ་བར། བཞི་པ་རབ་གནས་ནི་རྟེན་འབྲེལ་རབ་གནས་བྱ། ཞེས་གསུངས་པས། མཆོད་པ་བཤམ་པའི་སྐབས་བསྙེན་སྔགས་ཀྱི་རབ་གནས་བྱ། ཞེས་གསུངས་པ་དང་དོན་གཅིག་པས་གོང་དུ་ཕྱག་རྡོར་སྐབས་བཤད་པ་ལྟར་གྱི་ཏིང་ངེ་འཛིན་དང་བཅས་རྡོར་དྲིལ་འཛིན་པས་དཀྱིལ་འཁོར་སོ་སོའི་ལྷ་སྔགས་ཀྱིས་འགོ་མནན་པའི་རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་དཀྱིལ་འཁོར་གནས་ཁང་མཆོད་རྫས་ཐམས་ཅད་ལ་འཐོར་ཞིང་རབ་གནས་བྱ། བསྡོམས་ཚིག་ཏུ། རབ་གནས་ཆོག་གཞུང་ཆ་གསུམ་དང་། །དཔང་སྐོང་ཁྲུས་བྱ་སྡོམ་རྟེན་ཁྲི། །ཞེས་གསུངས་པས། ཆོག་གཞུང་དངོས་ཐར་པ་ཆེན་པོའི་མདོར་ངོས་བཟུང་ཞིང་། ཡང་ན་དཔང་སྐོང་ཕྱག་རྒྱ་པའི་མདོ་ཀླག་པར་གསུངས་པས་ས་བཅད་ལྔ་པ་ཆོག་གཞུང་དང་འོག་གི་དཔང་སྐོར་གཉིས་སྦྱར་དགོས་ཤིང་དཔང་སྐོང་ས་བཅད་ལྔ་པའི་ཁོངས་སུ་འདུ་བས་ཟུར་དུ་མི་དགོས་ཏེ། རྩ་བར། ལྔ་པ་ནི་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའམ། རྟོགས་པ་ཆེན་པོའི་དཔང་སྐོང་ཕྱག་རྒྱ་བའི་ཆོ་ག་གཞུང་བསྲང་ངོ་། །ཞེས་གསུངས་པའི་ཕྱིར། བླ་མ་གོང་མ་མཁྱེན་པའི་སྤྱན་དང་ལྡན་པ་དེ་དག་གིས་ཚིག་རིགས་དེ་ཙམ་ལ་བརྟེན་ནས་བདག་མདུན་བུམ་གསུམ་གྱི་སྒྲུབ་མཆོད་དང་། མདོ་སྡེ་ཀློག་པ་སོགས་མཛད་པ་ཐེ་ཚོམ་མེད་ཀྱང་དེང་སང་ཆོ་ག་ཟུར་དུ་མི་གསལ་གཤིས་དཀྱིལ་འཁོར་བཤམས་ཏེ་དབང་བསྐུར་ལ་འཇུག་པ་མ་གཏོགས་སྒྲུབ་མཆོད་དང་མདོ་སྡེ་ཀློག་པ་སོགས་མི་མཛད་པ་མང་བས་ལག་ལེན་འཁྲུལ་པ་སྣ་ཚོགས་འདུག་ཅིང་། ཀཿཐོག་ལུགས་ལ་སྒྲུབ་མཆོད་མཛད་སྲོལ་དང་། ཐར་པ་ཆེན་པོའི་ཆོག་གཞུང་སྔགས་ཀྱི་ཆོ་ག་འདྲ་བ་ཞིག་འདུག་མོད། འོན་ཀྱང་བདག་མདུན་བུམ་གསུམ་པར་བཀའ་མ་ཞིག་ལན་གསུམ་འདོན་པ་ལྟ་བུའི་ཐེ་ཚོམ་གྱི་གཞིར་འདུག་པས་འདིར་གོང་མའི་གསུང་རབ་ལ་བརྟེན་ནས་བཤད་པར་བྱའོ། །དེ་ལ་དང་པོ་བླ་མ་དགེ་སློང་ཡིན་ན་རང་ཉིད་ཀྱིས་རྟེན་གྱི་དྲུང་དུ་འོག་གི་ཉན་ཐོས་ཀྱི་ཆོ་གའི་སྐབས་ན་ཡོད་པའི་གསོ་སྤྱོང་དེ་ཉིད་བླངས། དགེ་བསྙེན་དང་སྔགས་པ་ཡིན་ན་ལྷ་མིའི་དུས་ཁྲིམས་ཡན་ལག་བརྒྱད་པ་ཆོ་ག་འདི་གའི་འོག་ནས་འབྱུང་བ་ལྟར་བསྙེན་གནས་གསོ་སྦྱོང་གི་ཚུལ་དུ་བླངས། དགེ་བསྙེན་གྱི་བསྙེན་གནས་ལ་གསོ་སྦྱོང་གི་མིང་བཏགས་སུ་རུང་སྟེ། བུ་སྟོན་ཐམས་ཅད་མཁྱེན་པས། འདི་དགེ་བསྙེན་རྣམས་ཀྱི་དགེ་བའི་རྩ་བ་གསོ་ཞིང་སྡིག་པ་སྦྱོང་བས་དགེ་བསྙེན་གྱིས་ཚེས་བརྒྱད་སོགས་ལ་རྟག་ཏུ་བསྲུང་དགོས་ཤིང་དགེ་བསྙེན་གྱི་གསོ་སྦྱོང་ཡིན་པས་གསོ་སྦྱོང་། ཞེས་གསུངས་པའི་ཕྱིར། ཆོ་ག་དངོས་ལ་བདག་མདུན་བུམ་གསུམ་ལས། ཐོག་མར་མཆོད་པ་བྱིན་རླབས་ཕྱག་རྡོར་སྐབས་ལྟར་བྱ་ཞིང་རོལ་མོའི་སྔགས་དང་མཆོད་པའི་སྤྲིན་གྱི་གཟུངས་འདོན། དེ་ནས་སྐྱབས་འགྲོ་ནི། བདག་སོགས་འགྲོ་བ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་དེང་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ ལན་གསུམ་སོགས་བརྗོད། སྐྱབས་སེམས་ཐུན་མོང་གི་སླད་དུ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །ཞེས་སོགས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་ལན་གཅིག་བྱའོ། །བདག་བསྐྱེད་ནི། འོག་གི་ས་བཅད་བཅུ་གཉིས་པ་དང་། བཅུ་དགུ་པ་གཉིས་ཀྱི་དོན་ལྟར་ན་ཐུབ་པ་བསྒོམ་པར་གསུངས་ཤིང་། སྟོན་པ་ནི་ལྷ་མི་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཕྱིར་རིགས་པས་བརྟགས་ཀྱང་མི་འགལ་མོད། འོན་ཀྱང་རྣམ་པ་ལྷ་མིའི་ཐེག་པ་ལྟར་སྣང་ཡང་དོན་སྔགས་ལམ་ཁོ་ན་ཡིན་པས་གཅིག་དྲིལ་གྱི་དཀྱིལ་འཁོར་བདག་བསྐྱེད་དུ་བྱེད་པ་ཡིག་རྙིང་མཐའ་དག་ལས་གསུངས་ཤིང་ཕྱག་ལེན་དུ་ཡང་མཛད་པས་དེའི་ཚུལ་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་རི་རབ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་བ་རི་བདུན། རོལ་མཚོ། གླིང་བཞི། གླིང་ཕྲན་ཁོར་ཡུག་དང་བཅས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་དབུས་སུ་ཉི་ཟླའི་གདན་ལ་བདག་ཉིད་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཞལ་བཞི་དང་སྐུ་མདོག་དཀར་བ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཤར་གྱི་འདབ་མར་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྔོན་པོ་གཡས་ས་གནོན་གཡོན་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་གསེར་གྱི་རྡོ་རྗེ་འགྲེང་བུར་འཛིན་པ། ལྷོར་སྟོན་པ་ཤཱཀྱའི་རྒྱལ་པོ་གསེར་མདོག་ཅན་ས་གནོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ནུབ་ཏུ་སངས་རྒྱས་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་སྟེང་ན་ཚེ་བུམ་ཅན། བྱང་དུ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་མཐིང་ཁ་གཡས་མཆོག་སྦྱིན་གྱིས་ཨ་རུ་ར་དང་གཡོན་མཉམ་གཞག་གི་སྟེང་དུ་བདུད་རྩིས་གང་བའི་ལྷུང་བཟེད་ཅན། བཞི་ཀའང་སྤྲུལ་སྐུའི་ཆ་བྱད་ཆོས་གོས་རྣམ་པ་གསུམ་དང་ལྡན་ཅིང་མཚན་དཔེས་སྤྲས་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཞལ་དབུས་སུ་ཕྱོགས་པའོ། །ཤར་གླིང་དུ་བརྒྱ་བྱིན་ཡབ་ཡུམ་མངག་གཞུག་ཕོ་ཉ་དང་བཅས་པ། ལྷོ་གླིང་དུ་ཚངས་པ་ཡབ་ཡུམ་མངག་གཞུག་ཕོ་ཉ་དང་བཅས་པ། ནུབ་གླིང་དུ་ཁྱབ་འཇུག་ཡབ་ཡུམ་མངག་གཞུག་ཕོ་ཉ་དང་བཅས་པ། བྱང་གླིང་དུ་དབང་ཕྱུག་ཡབ་ཡུམ་མངག་གཞུག་ཕོ་ཉ་དང་བཅས་པ། སྒོ་བཞིར་རྒྱལ་ཆེན་བཞི། ཐམས་ཅད་ཀྱང་རང་རང་གི་རྒྱན་ཆ་ལུགས་སྐུ་མདོག་ཕྱག་མཚན་དང་བཅས་པ། དེ་དག་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱར་བཅས་ཏེ་སྙན་གསན་དབབ་ཅིང་མདུན་གྱི་ནམ་མཁར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་ཡེ་ཤེས་པ་གཞུག །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨ་རྒྷཾ། པདྱཱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་པཱུ་ཛ་ཨཱཿཧཱུཾ་ཞེས་མཆོད། བསྟོད་པ་ནི། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་འདའ་བར། །མཐའ་ཡས་འགྲོ་བའི་དོན་གྲུབ་ལྷུར་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན པོ་འདྲ། །གྲགས་པ་འཇིག་རྟེན་བཀྲམ་ནས་ལྷམ་མེ་བ། །མགོན་པོ་ཁྱོད་ཉིད་ལ་ནི་ཕྱག་འཚལ་ལོ། །ཤླ་ཀ་འོག་མ་འདི་ཏོག་གཟུངས་ལྟར་བྲིས་པ་ཡིན། འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །བཟླས་པ་ནི། ལྷ་སོ་སོའི་ཐུགས་ཀར་ཟླ་བ་ལ་གནས་པའི་ས་བོན་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་སྐུ་མདོག་དང་མཐུན་པས་བསྐོར་བ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་བདག་ལ་ཐིམ་བས་དངོས་གྲུབ་ཐོབ་པར་བསམ་ཞིང་། གཙོ་བོ་ལ་དམིགས་ཏེ། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ན་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏ་དྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། མི་འཁྲུགས་པར། ན་མོ་རཏྣ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཱཉྩ་སྭཱ་ཧཱ། ཐུབ་པ་ལ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། སྣང་བ་མཐའ་ཡས་ལ། ༀ་པདྨ་ཨ་མི་དེ་ཝ་ཧྲཱིཿ སྨན་བླར། ཏདྱ་ཐཱ། ༀ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ། དེ་རྣམས་ཅི་ནུས་སུ་བཟླས། གོང་བཞིན་མཆོད་བསྟོད་བྱས། བདག་བསྐྱེད་གཞལ་ཡས་ཁང་ལྷ་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། བུམ་བསྐྱེད་ནི་བུམ་དབང་གི་དུས་རྣམ་སྣང་འོད་དུ་ཞུ་བའི་བུམ་པས་སློབ་བུ་ལ་ཞེས་གསུངས་པས་གཙོ་རྐྱང་བསྐྱེད་པ་འདྲ་ཞིག་འདུག་མོད་ཀྱང་། ཡོ་བྱད་བཤམ་པའི་སྐབས་གཙོ་བོ་ལྷ་ལྔའི་སྙིང་པོ་བརྒྱ་རྩ་བཟླས་ལ་ཕོ་བྲང་དུ་འགོད། ཅེས་གསུངས་པ་ལྟར་ན་གཙོ་བོ་ལྔ་བསྐྱེད་དགོས་པར་གསུངས་ཤིང་། བླ་མ་རྣམས་ཀྱང་དེ་ལྟར་བཞེད་པས། བུམ་པ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུཾ་ཡིག་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་གཞལ་ཡས་ཁང་པར་གྱུར་པའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར་པད་ཟླའི་གདན་ལ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཅེས་པ་ནས། ཞལ་དབུས་སུ་ཕྱོགས་པའོ། །ཞེས་པའི་བར་བདག་བསྐྱེད་ལྟར་གཙོ་བོ་ལྷ་ལྔ་སྒོམ། ལྷ་ལྔའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བཛྲ་ས་མཱ་ཛཿ ཞེས་པ་ནས། སྤྱན་འདྲེན་མཆོད་བསྟོད་ཀྱི་བར་གོང་བཞིན། གཟུངས་ཐག་བླངས་ལ་རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བ་ལྷ་ལྔའི་ཐུགས་ཀར་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། སྐུའི་ཆ་ལས་བདུད་རྩིའི་རྒྱུ་བབས་པས་བུམ་པ་གང་བར་བསམ་ཞིང་གོང་གི་ལྷ་ལྔའི་སྙིང་པོ་བརྒྱ་རྩ་རེ་བཟླས་མཐར་མཆོད་བསྟོད་བྱས་ཏེ་དུང་ཆོས་ཀྱི་ཆུ་ཕུལ་བས་ལྷ་རྣམས་ཞུ་བར་བསམ་མོ། །ལས་བུམ་བསྐྱེད་ཆོག་འདིར་གསལ་ཁ་མ་བྱུང་ཡང་ཕྱག་རྡོར་དབང་གི་སྐབས་བསྒྲུབས་པ་དེས་འཐུས་པར་བྱེད་དམ་ཡང་ན་གོང་བཞིན་འདིར་ཡང་བསྒྲུབ་བོ། །མདུན་བསྐྱེད་ནི། དཀྱིལ་འཁོར་སོ་སོ་ལྟར་སྒྲུབ་མཆོད་བྱ་དགོས་ཞེས་བླ་མ་རྣམས་གསུངས་བས། ཐོག་མར་རྒྱས་པ་དཀྱིལ་འཁོར་བཅུ་གཅིག་པ་ལྟར་བསྐྱེད་པའི་ཚུལ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། དཀྱིལ་འཁོར་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། གཙོ་བོའི་ཁ་དོག་ཅན་གྱི་རྩིག་པ་ནང་དུ་བྱས་པའི་རིམ་པ་ལྔ་པ། ཕ་གུ་སེར་པོ། རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པས་ཀུན་ནས་མཛེས་པ། མདའ་ཡབ་སྔོན་པོ་ཕྱིར་འཕྱང་ཞིང་། པུ་ཤུ་དཀར་པོ་པདྨ་ཕྱེད་པའི་དབྱིབས་ཅན་གྱེན་དུ་ལངས་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་གདུང་གིས་བཏེག་པའི་དབུས་ཕྱུར་བུར་གྱུར་པ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞིས་བཏེག་པའི་རྟ་བབས་རིམ་པ་བཞི་ལ་གནས་པའི་བུམ་པ་བྲེ་ཆོས་ཀྱི་འཁོར་གདུགས་དང་ཏོག་གིས་སྤྲས་པ། ཕྱི་རོལ་གྱི་འདོད་སྣམ་ལ་མཆོད་པའི་ལྷ་མོས་བསྐོར་བ། ཁོར་ཡུག་ཏུ་སྣ་ཚོགས་པདྨ་རྡོ་རྗེའི་ར་བ་འོད་ཟེར་གྱི་ཕྲེང་བ་ཀུན་ན་འཕྲོ་བའི་ནང་གི་ཁྱམས་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་པའི་དཀྱིལ་འཁོར་བཅུ་གཅིག་ཏུ་གྱུར། རྩ་བར་ལྷ་ལམ་འཁྱེར་གྱི་དུས་ལྷ་རྣམས་ཀྱི་མངོན་རྟོགས་བཤད་ཅིང་སྒྲུབ་མཆོད་དཔང་སྐོང་དང་། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོས་ཆོག་གཞུང་གི་གོ་བཅད་པ་ཞིག་འདུག་ཀྱང་། འདིར་སྒྲུབ་མཆོད་གསར་དུ་སྒྲིགས་པས་འོག་གི་ལྷ་ལམ་འཁྱེར་གྱི་མངོན་རྟོགས་རྣམས་འདིར་བླངས་སོ། །དཀྱིལ་འཁོར་དང་པོ་ལྷ་མིའི་དཀྱིལ་འཁོར་གྱི་དབུས་སུ་རི་བོ་མཆོག་རབ། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་བ། གསེར་རི་རོལ་མཚོ་བདུན་གྱིས་བསྐོར་བའི་མཐའ་ལྕགས་རི་སྔོན་པོས་བསྐོར་བའི་ནང་གི་ཁྱམས་རྒྱ་མཚོར་གྱུར་པའི་སྟེང་ཤར་གླིང་གསུམ་ཟླ་གམ་དཀར། ལྷོ་གླིང་གསུམ་སོག་ཁ་སྔོ། ནུབ་གླིང་གསུམ་ཟླུམ་པོ་དམར། བྱང་གླིང་གསུམ་གྲུ་བཞི་སེར། རི་རབ་ཀྱི་སྟེང་དུ་པདྨ་འདབ་བཞི་དབུས་དང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ལྟེ་བར་ཟུར་ལུགས་རྩ་བར་ལྷ་ལམ་འཁྱེར་སྐབས་སེང་གེའི་ཁྲི་བཤད་ཀྱང་། ལྷ་ཐེམས་སུ། ལྷ་མི་ཉན་རང་ཁྲི་གདན་ལ། །སེང་གེ་མི་འོས་པད་ཟླར་བཤད། །ཅེས་གསུངས་པས་བླ་མའི་མན་ངག་བཙན་བར་བྱས་ཏེ། པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ཤར་གླིང་དབུས་མར་བརྒྱ་བྱིན་དཀར་པོ་གཡས་རྡོ་རྗེ་གདེངས་པ་ལ་གཡོན་ནོར་བུ་ལས་མཆོད་སྦྱིན་སྟེར་བ་ལ། དབང་མོ་གོ་བོ་རྒྱུད་མང་བསྣམས་པས་གཡོན་ནས་བརྟེན་པའོ། །གཡས་ཀྱི་གླིང་དུ་མངག་གཞུག་པ་འགྲོ་བའི་ཡིད་འོང་ལྗང་གུ་གཡས་རལ་གྲི་འཛིན་པ། གཡོན་གླིང་དུ་ཕོ་ཉ་མྱུར་བའི་ཤུགས་ཅན་སྔོན་པོ་གཡས་མདུང་རྩེ་གསུམ་པ་འཛིན་པའོ། །ལྷོའི་གླིང་གི་དབུས་སུ་ཚངས་པ་སེར་པོ་གཡས་སྤྱི་བླུགས་འཛིན་པ་ལ། ཚངས་མ་གུནྡྷེ་འཛིན་པས་གཡོན་ནས་བརྟེན་པ། གཡས་སུ་མངག་གཞུག་པ་ལྟ་ན་སྡུག་ལྗང་གུ་རལ་གྲི་འཛིན་པ། གཡོན་ན་ཕོ་ཉ་མགྱོགས་བྱེད་དམར་པོ་པད་དཀར་དང་སྐར་མདའ་འཛིན་པའོ། །ནུབ་གླིང་གི་དབུས་སུ་ཁྱབ་འཇུག་སྔོ་ནག་འཁོར་ལོ་འཛིན་པ་ལ། དཔལ་ལྷ་མོ་གསལ་ཤིང་འཛིན་པས་གཡོན་ནས་བརྟེན་པས། གཡས་སུ་མངག་གཞུག་པ་རྡོ་རྗེ་བདེ་བ་དཀར་མོ་མཆེ་བ་འཛིན་པ། གཡོན་དུ་ཕོ་ཉ་རྡོ་རྗེ་སྡེ་དཔོན་ལྗང་སེར་འཁོར་ལོ་འཛིན་པའོ། །བྱང་གླིང་གི་དབུས་སུ་དབང་ཕྱུག་ཆེན་པོ་དམར་པོ་རྩེ་གསུམ་འཛིན་པ་ལ། དཀར་བཟློག་མ་པདྨ་འཛིན་པས་གཡོན་ནས་བརྟེན་པ། གཡས་སུ་མངག་གཞུག་པ་དེད་དཔོན་ནག་པོ་མདུང་ཐུང་འཛིན་པ། གཡོན་དུ་ཕོ་ཉ་དྲང་སྲོང་ཁྲོས་པ་དམར་པོ་མདའ་གཞུ་འགེངས་པའོ། །ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །སྒོ་བཞིར་ཡུལ་འཁོར་བསྲུང་དཀར་པོ་པི་ཝང་འཛིན་པ། འཕགས་སྐྱེས་པོ་སྔོན་པོ་རལ་གྲི་གདེངས་པ། སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་བསྣམས་པ། རྣམ་ཐོས་སྲས་སེར་པོ་ནེའུ་ལེ་འཛིན་པ་བཞི་ཀ་གོ་མཚོན་དང་ལྡན་པའོ། །གཞན་ཡང་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་རྟེན་དང་བརྟེན་པ་ཐམས་ཅད་ཀྱང་གསལ་བར་གྱུར། དཀྱིལ་འཁོར་གཉིས་པ་མི་འཁྲུགས་པའི་ཀྱིལ་འཁོར་གྱི་དབུས་སྔོན་པོ་པདྨ་འདབ་བརྒྱད། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་དབུས་སུ་པད་ཟླའི་གདན་ལ་ཞིང་སྦྱོང་གི་ལྷ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྔོན་པོ་གཡས་ས་གནོན་གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་འཛིན་པ་སྤྲུལ་སྐུའི་ཆ་བྱད་ཅན་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །འདབ་མ་བཞི་ལ་ཤར་དུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་རིན་འབྱུང་སེར་པོ་མཆོག་སྦྱིན། ནུབ་ཏུ་སྣང་མཐའ་དམར་པོ་མཉམ་གཞག །བྱང་དུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཛད་པ་སྤྲུལ་སྐུའི་ཆ་ལུགས་ཅན། ཤར་ལྷོར་སྤྱན་མ་དཀར་མོ་སྤྱན་གྱིས་མཚན་པའི་འཁོར་ལོ། །ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ་རྡོ་རྗེ། ནུབ་བྱང་དུ་གོས་དཀར་མོ་དམར་མོ་པདྨ། བྱང་ཤར་དུ་སྒྲོལ་མ་ལྗང་གུ་ཨུཏྤལ་འཛིན་པ་རྒྱན་གྱིས་བརྒྱན་པ། སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་རྣམས་བཞུགས་པའོ། །དཀྱིལ་འཁོར་གསུམ་པ་གནམ་སྟོང་གི་ལྷའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བཞི་ཕྱོགས་མདོག་ལྟེ་བ་སེར་པོར་གྱུར་པའི་དབུས་སུ་པད་ཟླའི་གདན་ལ། གནམ་སྟོང་གི་ལྷ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཡས་ས་གནོན། གཡོན་མཉམ་གཞག་གི་སྟེང་ན་ལྷུང་བཟེད་བསོད་སྙོམས་ཀྱི་ཟས་ཀྱིས་ཁེངས་ཤིང་ལུད་པའི་ཚུལ་ཅན། ཆོས་གོས་རྣམ་པ་གསུམ་དང་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །དུས་བཟང་གི་དཀྱིལ་འཁོར་གསུམ་གྱི་འཁོར་མི་བསྐྱོད་པ་སོགས་རིགས་བཞིའམ་སྒེག་སོགས་བཞི་གང་བདེར་མཛད་པ་ལས་ཕྱི་མ་ལེགས་པས། ཤར་གྱི་འདབ་མར་སྒེག་མོ་དཀར་མོ་མེ་ལོང་འཛིན་པ། ལྷོར་ཕྲེང་བ་སྔོན་མོ་ཕྲེང་བ་འཛིན་པ། ནུབ་ཏུ་ཀླུ་མ་དམར་མོ་པི་ཝང་བརྡུང་བ། བྱང་དུ་གར་མ་ལྗང་གུ་གར་པད་བསྒྱུར་བ། སྒོ་བཞིར་སྒོ་མ་བཞིའོ། །དཀྱིལ་འཁོར་བཞི་པ་བཅོ་ལྔའི་ལྷའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བཞི་ཕྱོགས་མདོག་ལྟེ་བ་དམར་པོར་གྱུར་པའི་དབུས་སུ་པད་ཟླའི་གདན་ལ་ཉའི་ལྷ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སངས་རྒྱས་སྣ་བ་མཐའ་ཡས་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་བའི་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་བསྣམས་པ། ཆོས་གོས་གསུམ་དང་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །ཤར་དུ་སྒེག་མོ་མ། ལྷོར་ཕྲེང་བ་མ། ནུབ་ཏུ་གླུ་མ། བྱང་དུ་གར་མ། སྒོ་བཞིར་སྒོ་མ་བཞི་དང་བཅས་པའོ། །དཀྱིལ་འཁོར་ལྔ་པ་ཚེས་བརྒྱད་ལྷའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བཞི་ཕྱོགས་མདོག་ལྟེ་བ་སྔོན་པོར་གྱུར་པའི་དབུས་སུ་པད་ཟླའི་གདན་ལ་ཚེས་བརྒྱད་ལྷ་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ཁ་གཡས་པ་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་ར། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིའི་ལྷུང་བཟེད་བསྣམས་པ་ཆོས་གོས་གསུམ་དང་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱོགས་བཞིར་སྒེག་ཕྲེང་གླུ་གར་མ་བཞི། སྒོ་བཞིར་སྒོ་མ་བཞི་དང་བཅས་པའོ། །དཀྱིལ་འཁོར་དྲུག་པ་འདས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བརྒྱད་མཛེས་ཚོན་ལྟེ་བ་སེར་པོར་གྱུར་པའི་དབུས་སུ་པད་ཟླའི་གདན་ལ་འདས་པའི་སངས་རྒྱས་མར་མེ་མཛད་གསེར་མདོག་དོན་དམ་པའི་ཆོས་སྟོན་པས་རྟེན་འབྲེལ་གྱི་ཕྱག་རྒྱ་མཛད་པ། ཆོས་གོས་གསུམ་དང་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱོགས་ཀྱི་འདབ་བཞིར་སྒེག་ཕྲེང་གླུ་གར་མ། མཚམས་བཞིར་ཤར་ལྷོར་སྤོས་མ་དུད་ཁ་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ་པུཥྤེ་མ་དཀར་མོ་མེ་ཏོག་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱང་ཤར་དུ་དྲི་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ། སྒོ་བཞིར་སྒོ་མ་བཞི་དང་བཅས་པའོ། །དཀྱིལ་འཁོར་བདུན་པ་ད་ལྟར་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བརྒྱད་མཛེས་ཚོན་ལྟེ་བ་སེར་པོར་གྱུར་པའི་དབུས་སུ་པད་ཟླའི་གདན་ལ་ད་ལྟའི་སངས་རྒྱས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་གསེར་མདོག་ཅན་ས་གནོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཆོས་གོས་གསུམ་དང་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། འདབ་མ་བརྒྱད་ལ་ཕྱོགས་བཞིར་སྒེག་ཕྲེང་གླུ་གར་མ་བཞི། མཚམས་བཞིར་སྤོས་མེ་ཏོག་མར་མེ་དྲི་ཆབ་འཛིན་པའི་ལྷ་མོ་བཞི། སྒོ་བཞིར་སྒོ་མ་བཞི་དང་བཅས་པའོ། །དཀྱིལ་འཁོར་བརྒྱད་པ་མ་འོངས་སངས་རྒྱས་ཀྱི་དཀྱིལ་འཁོར་དབུས་སུ་པདྨ་འདབ་བརྒྱད་མཛེས་ཚོན་ལྟེ་བ་སེར་པོར་གྱུར་པའི་དབུས་སུ་པད་ཟླའི་གདན་ལ་མ་འོངས་སངས་རྒྱས་བྱམས་པ་མགོན་པོ་གསེར་མདོག་ཅན་གདུལ་བྱ་རྗེས་སུ་འཛིན་པས་མཆོག་སྦྱིན་སྤྱི་བླུགས་ཅན། ཆོས་གོས་དང་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། འདབ་མ་བརྒྱད་ལ་ཕྱོགས་བཞིར་སྒེག་སོགས་བཞི། མཚམས་བཞིར་སྤོས་མ་སོགས་བཞི། སྒོ་བཞིར་སྒོ་མ་བཞི་དང་བཅས་པའོ། །དཀྱིལ་འཁོར་དགུ་པ་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བརྒྱད་མཛེས་ཚོན་ལྟེ་བ་སེར་པོར་གྱུར་པའི་དབུས་སུ་པད་ཟླའི་གདན་ལ་སངས་རྒྱས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་མི་བསྐྱོད་པ་སྔོན་པོ་མཉམ་གཞག །ལྷོར་རིན་འབྱུང་སེར་པོ་མཆོག་སྦྱིན། ནུབ་ཏུ་སྣང་མཐའ་དམར་པོ་མཉམ་གཞག །བྱང་དུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན། །མཚམས་བཞིར་སྤྱན་མ་དཀར་མོ་འཁོར་ལོ། མཱ་མ་ཀཱི་སྔོན་མོ་རྡོ་རྗེ། གོས་དཀར་མོ་དམར་མོ་པདྨ། སྒྲོལ་མ་ལྗང་གུ་ཨུཏྤལ་འཛིན་པ། སྒོ་བཞིར་སྒོ་མ་བཞི་དང་བཅས་པའོ། །དཀྱིལ་འཁོར་བཅུ་པ་དམ་ཆོས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བརྒྱད་མཛེས་ཚོན་ལྟེ་བ་སེར་པོར་གྱུར་པའི་དབུས་སུ་པད་ཟླའི་གདན་ལ་དམ་ཆོས་དཀོན་མཆོག་གི་ངོ་བོ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེར་མདོག་ཅན་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་མཉམ་གཞག །གཡས་འོག་མ་ཆོས་འཆད་དང་གཡོན་འོག་མ་གླེགས་བམ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །པད་འདབ་བརྒྱད་ལ་ཤར་དུ་ཤཱཀ་ཐུབ་སེར་པོ་ས་གནོན་མཉམ་གཞག་ཅན། ལྷོར་སྒྲ་དབྱངས་སེར་པོ་མཆོག་སྦྱིན་མཉམ་གཞག་ཅན། ནུབ་ཏུ་མྱ་ངན་མེད་མཆོག་དམར་སྐྱ་མཉམ་གཞག་ཅན། བྱང་དུ་མཚན་ལེགས་སེར་པོ་མི་འཇིགས་སྦྱིན་དང་མཉམ་གཞག་ཅན། བྱང་ཤར་དུ་སྨན་བླ་སྔོན་པོ་མཆོག་སྦྱིན་གྱིས་ཨ་རུ་ར་དང་མཉམ་གཞག་སྟེང་ན་ལྷུང་བཟེད་ཅན། ཤར་ལྷོར་གསེར་བཟང་སེར་པོ་ཆོས་འཆད་ཅན། ལྷོ་ནུབ་ཏུ་ཆོས་བསྒྲགས་དཀར་དམར་ཆོས་འཆད་ཅན། ནུབ་བྱང་དུ་མངོན་མཁྱེན་དམར་པོ་མཆོག་སྦྱིན་མཉམ་གཞག་ཅན། བརྒྱད་ཀའང་ཆོས་གོས་སུམ་ལྡན་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་ཀྲུང་ཅན། སྒོ་བཞིར་སྒོ་མ་བཞི་དང་བཅས་པའོ། །དཀྱིལ་འཁོར་བཅུ་གཅིག་པ་དགེ་འདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བརྒྱད་མཛེས་ཚོན་ལྟེ་བ་སེར་པོར་གྱུར་པའི་དབུས་སུ་ཐུབ་དབང་སེར་པོ་བདུད་འདུལ་གྱི་ཕྱག་རྒྱ་ཅན། ཆོས་གོས་གསུམ་དང་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་བྱང་ཆུབ་སེམས་དཔའི་དགེ་འདུན། ཤར་དུ་སྤྱན་རས་གཟིགས་དཀར་པོ་པདྨ་འཛིན་པ། ལྷོར་བྱམས་པ་སེར་པོ་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་རིལ་པ་སྦྱི་བླུགས་ཀྱིས་མཚན་པ་འཛིན་པ། ནུབ་ཏུ་ཕྱག་རྡོར་ལྗང་གུ་གཡས་རྡོ་རྗེ་དང་གཡོན་རིན་པོ་ཆེའི་ཕྲེང་བ་འཛིན་པ། བྱང་དུ་འཇམ་དབྱངས་དམར་སེར་གླེགས་བམ་དང་རལ་གྲི་འཛིན་པ་བྱང་ཆུབ་སེམས་དཔའི་ཆ་ལུགས་ཅན་ནོ། །མཚམས་བཞིར་ཉན་ཐོས་ཀྱི་དགེ་འདུན་ཤར་ལྷོར་ཤཱ་རིའི་བུ། ལྷོ་ནུབ་ཏུ་མདྒལ་གྱི་བུ། ནུབ་བྱང་དུ་རབ་འབྱོར། བྱང་ཤར་དུ་ཀུན་དགའ་བོ་རྣམས་ཉན་ཐོས་ཀྱི་ཆ་ལུགས་ལྷུང་བཟེད་དང་འཁར་གསིལ་འཛིན་པ། སྒོ་བཞིར་སྒོ་མ་བཞི་དང་བཅས་པའོ། །རྒྱས་པར་ན་དཀྱིལ་འཁོར་བཅུ་གཅིག་པོ་འདི་བཞིན་ཡིན་མོད་ཀྱང་གལ་ཏེ་འབྲིང་པོ་དཀྱིལ་འཁོར་ལྔ་མ་དང་བདུན་མ་གཉིས་ལས། འབྲིང་པོ་དཀྱིལ་འཁོར་ལྔ་མ་ལྟར་ན་རྩ་བའི་དཀྱིལ་འཁོར་དང་མི་འཁྲུགས་པ་དུས་བཟང་གསུམ་སོ་སོར་ཕྲལ་བ་རྣམས་མངོན་རྟོགས་གོང་བཞིན་ལ། དུས་གསུམ་སངས་རྒྱས་དང་དཀོན་མཆོག་གསུམ་དེ་དག་ལ་དོན་གྱིས་ཚང་བས་མེད་པ་ཡིན་ནོ། །འབྲིང་པོ་དཀྱིལ་འཁོར་བདུན་མ་ལྟར་ན་རྩ་བའི་དཀྱིལ་འཁོར་དང་མི་འཁྲུགས་པའི་དཀྱིལ་འཁོར་གཉིས་དུས་བཟང་གི་དཀྱིལ་འཁོར་གསུམ་སོ་སོར་ཁ་ཕྲལ་ཏེ་དཀྱིལ་འཁོར་ལྔའི་མངོན་རྟོགས་རྒྱས་པ་ལྟར་ལ། དྲུག་པ་དུས་གསུམ་སངས་རྒྱས་ཀྱི་དཀྱིལ་འཁོར་བསྡོམས་ཏེ་ལྟེ་དབུས་སུ་ཐུབ་དབང་། གཡས་སུ་མར་མེ་མཛད། གཡོན་དུ་བྱམས་པ། འདབ་མ་བརྒྱད་ལ་སྒེག་སོགས་ལྷ་མོ་བརྒྱད་དང་། སྒོ་བཞིར་སྒོ་མ་བཞི་སོགས་གོང་ལྟར་རོ། །བདུན་པ་དཀོན་མཆོག་གསུམ་གྱི་དཀྱིལ་འཁོར་ཡང་བསྡོམས་ཏེ་ལྟེ་དབུས་སུ་ཐུབ་དབང་། མདུན་དུ་ཡུམ་ཆེན་མོ་གཙོ་བོ་ལ་ཞལ་བསྟན་པ་འཁོར་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན་སྒོམ་ཚུལ་གོང་ལྟར་རོ། །འོན་ཀྱང་འབྲིང་པོའི་ལུགས་གཉིས་རྣམ་གྲངས་ཙམ་དུ་བཤད་ཀྱི། གཞན་དུ་ན་རྒྱས་པའི་ཚེ་དཀྱིལ་འཁོར་བཅུ་གཅིག་ཁོ་ན་འཐད་ཅིང་། དེ་ཡང་ཟུར་ལུགས་རྩ་བར་དཀྱིལ་འཁོར་དེ་རྣམས་ཀྱི་གྲངས་ངེས་བཤད་ཚུལ་གོང་དུ་དཀྱིལ་འཁོར་བྲི་ཚུལ་འཆད་སྐབས་རྩ་བ་ནས་ལུང་དྲངས་པ་ལྟར་ཡིན་ལ། འཁོར་རྣམས་ཀྱི་ངེས་པ་ནི་ཟུར་ལུགས་རྩ་བར། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། ཞེས་པ་ཙམ་ལས་མ་གསུངས་ཀྱང་ཟུར་ལུགས་ཀྱི་ཡི་གེ་རྙིང་པ་དག་ལས་བཏུས་ཤིང་། མངོན་རྟོགས་རྣམས་གསལ་བར་བྲིས་པ་ཡིན་པས་རང་གཞུང་དང་མི་འགལ་ཞིང་ཤིན་ཏུ་འཐད་པར་ཡོད། དེ་ཙམ་མ་ལྕོགས་ན་དཀྱིལ་འཁོར་བཅུ་གཉིས་སུ་གྲངས་ངེས་པའི་ཚེ་གཅིག་དྲིལ་གྱི་དཀྱིལ་འཁོར་རམ་དྲུག་དུ་བྱེད་པའི་ཚེ་དྲུག་པ། ཤིན་ཏུ་བསྡུས་ན་དཀྱིལ་འཁོར་གཅིག་པོ་འདི་ཁོ་ནར་ཚང་བ་ཟུར་དང་ཀཿཐོག་གཉིས་ཀ་བཞེད་པ་དེ་ཉིད་སྒོམ་པའི་ཚུལ་ནི་རྟེན་གཞལ་ཡས་ཁང་སྒོམ་ཚུལ་གོང་དང་འདྲ་ལ། འོན་ཀྱང་དཀྱིལ་འཁོར་བཅུ་གཅིག་ཏུ་གྱུར་ཟེར་བ་ལ། དཀྱིལ་འཁོར་དུ་གྱུར་ཞེས་དང་། དཀྱིལ་འཁོར་དང་པོ་ལྷ་མིའི་དཀྱིལ་འཁོར་གྱི་དབུས་སུ་ཞེས་པ་ལ། དེ་ལྟ་བུའི་དཀྱིལ་འཁོར་གྱི་དབུས་སུ་རི་བོ་མཆོག་རབ་ཅེས་པ་ནས་གཙོ་བོ་བསྐྱེད་པའི་བར་གོང་གི་རྩ་བའི་དཀྱིལ་འཁོར་བཞིན་ལ། འདབ་བཞིའི་ཤར་དུ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྔོན་པོ་ཞེས་སོགས་དང་། ལྷོར་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་སོགས་དང་། ནུབ་ཏུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྣང་བ་མཐའ་ཡས་ཞེས་སོགས་དང་། བྱང་དུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་སོགས་ཀྱིས་མི་འཁྲུགས་པ་དང་། དུས་བཟང་གསུམ་གྱི་གཙོ་བོའི་མངོན་རྟོགས་རྣམས་ལེན། ཤར་གླིང་དབུས་མར་བརྒྱ་བྱིན་དཀར་པོ་ཞེས་པ་མན་ཆད་རྩ་བའི་དཀྱིལ་འཁོར་དང་པོ་ལྟར་རོ། །དེ་ལྟར་ན་ལག་ལེན་དུ་སྤྲོ་ན་རྒྱས་པ་དཀྱིལ་འཁོར་བཅུ་གཅིག་དང་། བསྡུ་ན་འདི་ཁོ་ན་བཞིན་ངེས་པར་བྱ་དགོས་སོ། །ལྷ་ཚོགས་དེ་རྣམས་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ཏེ། ༀ་བཛྲ་ས་མ་ཡ་ཛཿ ཞེས་སྙན་གསན་ཕབ་ལ་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་ཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུང་། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱོད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུལ་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཞེས་ནམ་མཁར་སྤྱན་དྲངས་ཏེ་བཞུགས་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཧཱུཾ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་མཆོད་ཡོན་དང་སྐུ་ཁྲུས་ཕུལ། ༀ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་གདན་ཕུལ། ༀ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་ཨཱཿཧཱུཾ། ཞེས་མཆོད་ཅིང་། ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨཱ་བེ་ཤ་ཨ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་མདུན་བསྐྱེད་ཀྱི་རྟེན་ལ་ཡེ་ཤེས་པ་བཅུག་གོ། །དཔང་སྐོང་ཕྱག་རྒྱ་པས་ཆོ་ག་གཞུང་བསྲང་བར་གཞུང་ལས་གསུངས་ཕྱིན་སྐབས་འདིར་ཕྱག་འཚལ་བའི་དོན་དུ་བཏོན་ན་ལེགས་པས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། བདག་ཉིད་མྱུར་དུ་མངོན་པར་སངས་རྒྱས་ཤོག །ཅེས་པའི་བར་ཚར་གཅིག་འདོན། མཆོད་པ་འབུལ་བ་ལ་བྱིན་རླབས་གོང་དུ་སོང་བས་འཐུས། སྤོས་མར་མེ་རྣམས་སྤར་ཞིང་ཐལ་མོ་སྦྱར་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱོད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུཾ། གར་སྐོར་སྔོན་དུ་འགྲོ་བས་སོ་སོའི་ཕྱག་རྒྱ་བཅས་པའི་མཐར་སེ་གོལ་གཏོགས་པ་འདི་མན་ཆོད་ཀྱི་མཆོད་ཕྲེང་ཀུན་ལ་རིགས་འགྲེའོ། །རབ་འབྱམས༴ མེ་ཏོག༴ བདག་གིས༴ ཇི་སྙེད༴ དེ་སྙེད༴ ཐུགས་རྗེ༴ ཅི་བདེ༴ སེམས་ཅན༴ ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ༴ རབ་འབྱམས༴ བདུག་སྤོས་སོགས། ༀ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ༴ རབ་འབྱམས༴ སྣང་གསལ་སོགས། ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ༴ རབ་འབྱམས༴ དྲི་ཆབ་སོགས། ༀ་སརྦ་ཏ་ཐཱ་ག་ཏ་གནྡྷེ༴ རབ་འབྱམས༴ ཞལ་ཟས་སོགས། ༀ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱ༴ རབ་འབྱམས༴ རོལ་མོ༴ བདག་གིས༴ ཇི་སྙེད༴ དེ་སྙེད༴ ཐུགས་རྗེ༴ ཅི་བདེ༴ སེམས་ཅན༴ ༀ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུཾ། ཞེས་དང་། དྷརྨ་ར་ཎི་ཏ་སོགས་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ཞིང་དབུལ་ལོ། །རྒྱས་པར་སྤྲོ་ན་རིན་ཆེན་སྣ་བདུན་དང་འདོད་ཡོན་དྲུག་སོགས་འོག་ནས་འབྱུང་བའི་དཀྱིལ་ཆོག་རྣམས་ནས་བླངས་ཏེ་འབུལ་ལོ། །བསྟོད་པ་ནི། དང་པོ་རྩ་བའི་དཀྱིལ་འཁོར་གྱི་གཙོ་བོར། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །ཅེས་པའི་ཤློ་ཀ་གཅིག་དང་། མི་འཁྲུགས་པར་ཆོས་ཉིད་མ། ཐུབ་དབང་ལ་རྣམ་དག་སྐུ་མངའ། སྨན་བླར་ཐུགས་རྗེ་ཀུན་ལ་སྙོམས་མཛད། འོད་དཔག་མེད་ལ་འདོད་ཆགས་རྡོ་རྗེ། དུས་གསུམ་སངས་རྒྱས་ལ། འདས་པའི་སངས་རྒྱས་མར་མེ་མཛད། །མ་བྱོན་སངས་རྒྱས་བྱམས་པ་མགོན། །ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ། །དུས་གསུམ་སངས་རྒྱས་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་ལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ༴ གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་༴ ཞེས་པ་དང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་དང་། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ཞེས་སོགས་དང་། གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་བཞིའི་སྐུར་བསྟན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །ཞེས་དང་། མཚན་ལེགས་རིན་ཆེན་དཔལ་དང་གསེར་བཟང་དང་། །མྱ་ངན་མེད་མཆོག་ཆོས་བསྒྲགས་མངོན་མཁྱེན་དང་། །སྨན་གྱི་བླ་དང་ཤཱཀྱའི་རྒྱལ་པོ་སོགས། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་བསྟོད། །ཅེས་དང་། སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་མཆོད་པའི་ལྷ་མོ་དང་། །སྤོས་མ་མེ་ཏོག་མར་མེ་མ། །དྲི་ཡི་ལྷ་མོ་ཁྱོད་ཕྱག་འཚལ། །སྒོ་བཞིའི་དབུས་སུ་ལེགས་བཞུགས་ཤིང་། །དད་སོགས་ངོ་བོ་རྣམ་དག་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྲུང་རྣམས་ལ་ཕྱག་འཚལ་བསྟོད། །རྩ་བའི་དཀྱིལ་འཁོར་སྤྱི་ལ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད། མདུན་བསྐྱེད་ཀྱི་བཟླས་པ་ནི། རྩ་བའི་དཀྱིལ་འཁོར་ལ་དུརྒ། མི་འཁྲུགས་པར་ཀཾ་ཀ་ནི། ཐུབ་པ་ལ་མུ་ནེ། སྨན་བླར་བྷཻ་ཥ་ཛྱེ། སྣང་བ་མཐའ་ཡས་ལ་པདྨ་ཨ་མི་དེ་ཝ། མར་མེ་མཛད་དང་བྱམས་པ་ལ་ཤཱཀྱ་མ་སྦྱར་བའི་མུ་ནེ། ཡུམ་ཆེན་མོར་ཤེས་རབ་སྙིང་པོའི་སྔགས་རྣམས་ཅུང་ཟད་བཟླ་ཞིང་དཀྱིལ་འཁོར་རྣམས་གསལ་བཏབ། སླར་ཡང་ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་ཞེས་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད། ཆོ་ག་གཞུང་དུ་ཐར་པ་ཆེན་པོའི་མདོ་བཀླག་པར་གསུངས་པས། སློབ་དཔོན་གྱིས་འདོན་པར་ནུས་ན་སྐབས་འདིར་འདོན། དེ་ཡང་མདོ་འདི་རྒྱ་ནག་འགྱུར་དུ་འདུག་པས་རྒྱ་གར་སྐད་མེད་ལ། བོད་སྐད་དུ། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱི་སྡིག་སྦྱངས་ཏེ། སངས་རྒྱས་སུ་བསྒྲུབ་པ་རྣམ་པར་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། ཞེས་པ་ནས་རྫོགས་བྱང་གི་བར་ཤོག་བུ་དྲུག་ཅུ་རེ་འདྲེན་ཙམ་ཡོད་པ་དེ་ཉིད་མ་ཚང་བ་མེད་པར་བཀླག །འདོན་པར་མ་ནུས་ན་འོག་ཏུ་སློབ་མ་འདུས་མ་ཐག་ཆོས་བཀྲམ་སྟེ་འུར་འདོན་དུ་བཀླག །བསྡོམས་ཚིག་ཏུ་དྲུག་པ་ཆ་གསུམ་དགོས་པར་གསུངས་པ་བཞིན་འདིར་བབས་པས་ཁ་སང་གི་ཆ་གསུམ་དཀྱིལ་འཁོར་བསྡུས་མ་ཚར་ན་མཆོད་གཏོར་བཤམ་སྟེ་བྱིན་རླབས་གོང་ལྟར་བྱས་ཏེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །ཞེས་སོགས་ནས་བཟུང་། །དཀྱིལ་འཁོར་གྱི་གཙོ་བོར་འདས་གཏོར་འབུལ་བ་སྔོན་དུ་འགྲོ་བས་བགེགས་སྐྲོད་ཀྱི་སུམྦྷའི་བར་བྱ་ཞིང་དཀྱིལ་འཁོར་བརྟན་བཞུགས་བྱའོ། །དཀྱིལ་འཁོར་བསྡུས་ཟིན་ན་འདས་གཏོར་མི་འབུལ་ཞིང་ཆ་དང་པོའི་མཆོད་གཏོར་བརླབ་པ་ནས་བཟུང་གཞུང་བཞིན་བཏང་ངོ་། །དེས་ས་བཅད་ལྔ་པ་དང་དྲུག་པ་སོང་ནས། བདུན་པ་ཁྲུས་ཡིན་འདུག་ནའང་གབ་འཁྲུགས་ཡིན་ཕྱིར། བཅོ་བརྒྱད་པ་བདག་འཇུག་དང་བཅུ་དགུ་པ་རིན་ཆེན་འདིར་བླང་དགོས་ལ། དེ་ཡང་རྩ་བར། བཅོ་བརྒྱད་པ་བདག་འཇུག་ནི་སྔར་དབང་ཐོབ་པའི་བླ་མ་ལ་ཡིད་ཀྱིས་བླངས། བསྙེན་གནས་སྔར་བླངས་དུས་ལ་བླངས་ཀྱང་བསྐྱར་མ་མ་བསྐྱར་ཡང་སྐྱེ། འཇུག་སྒོམ་བསྐྱར་ཡང་ཆོག །བསྐྱར་ཡང་འགལ་བ་མེད། ངང་སྒོམ་དང་ལམ་འཁྱེར་ཡང་བསྐྱར་མ་བཟང་དུ་འགྲོའོ། །ཞེས་གསུངས་པའི་དོན་བདག་འཇུག་བླང་དགོས་ཤིང་། བསྙེན་གནས་ནི། རྡོ་རྗེ་སློབ་དཔོན་ཁྱིམ་པ་ཡིན་ན་བསྙེན་གནས་སམ་གསོ་སྦྱོང་གི་མིང་འདོགས་ཤིང་ལྷ་མིའི་ཐེག་པ་ནས་བཤད་པའི་དུས་ཁྲིམས་བསྙེན་གནས་ཡན་ལག་བརྒྱད་པ་དེ་ཡིན། སུམ་ལྡན་ལ་ཐེག་པ་ཆེན་པོའི་གསོ་སྦྱོང་གི་མིང་འདོགས་ཤིང་ཆོ་ག་ཉན་ཐོས་ཀྱི་སྐབས་ན་ཡོད་པ་དེ་ཡིན་པས་གསར་མའི་དོན་ཞགས་ནས་གསུངས་པ་དང་མཐུན། དོན་བསྐྱར་ཡང་འགལ་བ་མེད། ཐེག་ཆེན་གསོ་སྦྱོང་གི་ཆོ་ག་ཉན་ཐོས་ཀྱི་སྐབས་ན་ཡོད་པ་མི་རིགས་པ་མིན་ཏེ། རབ་དབྱེར། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །ཞེས་གསུངས་པའི་ཕྱིར། འདི་ལ་པཎ་ཆེན་གསེར་མདོག་ཅན་པས་དགེ་སློང་གིས་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་དུ་མི་རུང་བའི་རིགས་པ་ཕྲ་མོ་གཏོང་བར་མཛད་པ། ཀུན་མཁྱེན་བསོད་ནམས་སེང་གེའི་ལུང་རིགས་ཀྱིས་ཚར་བཅད་པ་ལྟར་འདིར་ཡང་དོན་ལ་གནས་ཤིང་བླ་མས་གོང་དུ་བླངས་ཟིན་པ་དེས་ཁྱབ། འཇུག་སྒོ་ནི་ཆོས་སྤྱོད་བཅུ་ཡིན་པར་ལམ་འཁྱེར་ལས་བཤད་པས་རྟག་པར་ཉམས་སུ་བླང་བྱར་འདུག །ངང་སྒོམ་ནི་སྤྱིར་ཐོས་བསམ་གྱིས་དཔྱད་དེ་རྒྱུད་ལ་ངོ་འཕྲོད་པར་ཡོད་པས་ཁྱབ་མོད་ཀྱང་ལམ་འདིར་སོ་སོར་ངང་སྒོམ་བཤད་པ་ལྟར་བླ་མས་ཐུན་མཚམས་སུ་བསྒོམ། ལམ་འཁྱེར་བཞི་ལ་ཐེག་པ་ལྟ་བ་བསྲུང་བྱ་སྒོམ་པ་བཞི་ཡིན་པ་འོག་ཏུ་རྒྱས་པར་འཆད། ལྷ་སྔགས་ལམ་འཁྱེར་ནི་སྒྲུབ་མཆོད་སྐབས་རྒྱས་པར་བསྟན་ཟིན་ཏོ། །བདག་འཇུག་བླང་བ་ནི་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་མཎྜལ་གསོལ་བཏབ་ནས་བཟུང་སློབ་མ་ལ་ཇི་ལྟར་དབང་བསྐུར་བ་བཞིན་ཚང་མར་བླངས། གསོ་སྦྱོང་ཆོ་གའི་སྔོན་དུ་བླངས་ཟིན་པས་བདག་འཇུག་སྐབས་ལེན་མི་དགོས། རྩ་བར། བཅུ་དགུ་པ་རིན་ཆེན་ནི། བདག་ཤཱཀྱ་ཐུབ་པའི་ང་རྒྱལ་བྱས་ཏེ་སྣང་སྲིད་ཀྱི་བཅུད་ཐམས་ཅད་བསྡུས་ལ་བདག་གི་སྤྱི་བོར་བསྟིམ་པས་རིན་པོ་ཆེ་འབར་བར་གྱུར། དེ་ལས་འོད་འཕྲོས། དཀྱིལ་འཁོར་གྱི་ལྷ་དང་དཀོན་མཆོག་མཆོད་པའི་བྱིན་རླབས་ཀྱི་འོད་ཟེར་རང་ལ་བསྟིམ། ལྷ་ལ་རྗེས་སུ་གནང་བ་ཞུ། ཡང་འོད་འཕྲོས། སེམས་ཅན་གྱི་དགོས་འདོད་ཐམས་ཅད་སྐོང་བའི་ཡི་གེའི་རྣམ་པར་རང་ལ་ཐིམ་པས་ཆོས་ཐམས་ཅད་རང་ལུགས་ལྷུན་གྲུབ་ཏུ་འབྱུང་བ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་བསམ་མོ། །ཞེས་གསུངས་པའི་དོན་ནི། ཀཿཐོག་ལུགས་སུ་སྒྱུ་འཕྲུལ་ལྟར་རིག་པའི་མེ་ཏོག་དོར་བ་སོགས་མཛད་འདུག་པས་མདོ་སྒྱུ་སེམས་སོགས་ཐེག་པ་གོང་འོག་ཐམས་ཅད་ཀྱི་ལྷ་སྟ་གོན་ཚོམ་བུའི་དཀྱིལ་འཁོར་ཡོད་པས་མི་འགལ་མོད། འདིར་ནི་དེ་བཞིན་བྱེད་པ་གཞུང་ལས་ཀྱང་མ་གསུངས་ཤིང་། དཀྱིལ་འཁོར་དེ་རྣམས་ད་ལྟ་མེད་པས་སྐབས་སུ་མ་བབས་ཕྱིར་དེའི་དོད་དུ་ས་བཅད་བཅུ་དགུ་པ་འདི་ཁོ་ནས་འཐུས་པར་སེམས་ཤིང་། དེ་ཡང་རྩ་བའི་ས་བཅད་བཅུ་གཉིས་པ་ལས་ཀྱང་ཐུབ་པ་སྒོམ་པར་གསུངས་པ་བཞིན་བདག་འཇུག་གྲུབ་ནས་རང་ཐུབ་པའི་ང་རྒྱལ་བྱ་ཞིང་། དེ་ལས་འོད་ཟེར་འཕྲོས་སྣང་སྲིད་ཀྱི་བཅུད་ཐམས་ཅད་བསྡུས་བདག་གི་སྤྱི་བོར་བསྟིམ་པས་དབང་རྟགས་རིན་པོ་ཆེ་འབར་བས་གཙུག་ཏོར་གྱི་རྩེར་མཚན་པར་མོས། སླར་ཡང་འོད་འཕྲོས། དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ། ཚུར་འདུས་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་རང་ལ་ཐིམ་པས་སློབ་མ་ལ་དབང་བསྐུར་བའི་གནང་བ་ཐོབ་པར་བསམ། ཡང་ནོར་བུ་ལས་འོད་འཕྲོས། སེམས་ཅན་གྱི་དགོས་འདོད་ཐམས་ཅད་སྐོང་བར་བྱས། ཚུར་འདུས་འོད་ཟེར་རྒྱ་བོད་ཀྱི་ཡི་གེའི་རྣམ་པར་རང་ལ་ཐིམ་པར་བསམ་ལ་གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག་གོ། །དེ་ཡན་ཆད་སློབ་དཔོན་གྱི་བྱ་བའོ། །སློབ་མའི་བྱ་བ་ནི་ས་བཅད་བདུན་པ་ནས་བརྩམས་ཏེ་ཡིན་པས་སློབ་མ་རྣམས་བོས་ཏེ་གྲལ་ལ་འཁོད། རྩ་བར། དྲུག་པ་ཁྲུས་ནི་བུམ་པའི་ཆུས་ཐམས་ཅད་ཁྲུས་བྱས་ལ་གོས་གསར་པ་གྱོན་པར་བྱའོ། །ཞེས་གསུངས་པ་ཡི་གེ་ནོར་བའི་སྐྱོན་གྱིས་ས་བཅད་བདུན་པ་ཆད་འདུག་ཅིང་སྡོམས་ཀྱི་དབང་དུ་བྱས་ན་དྲུག་པ་ཆ་གསུམ་དང་བདུན་པ་ཁྲུས་ཡིན་པར་འདུག་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་སྔགས་དང་བཅས་ཏེ་ལས་བུམ་གྱི་ཆུས་ཁྲུས་བྱ། འདིར་མི་གསལ་ཡང་སྤྱི་ཁྱབ་ཏུ་བགེགས་གཏོར་མཛད་སྲོལ་འདུག་པས་བགེགས་གཏོར་བཤམ། བླ་མ་ལས་ཀྱི་ལྷ་གང་ཡིན་གྱི་ང་རྒྱལ་གྱིས་གཏོར་མ་བསང་སྦྱང་བྱིན་བརླབ་སྔགས་བསྔོས་བདེན་བརྡར་བཀའ་བསྒོ་སོགས་ཕྱག་རྡོར་དབང་གི་སྐབས་བཞིན་ལ། ཕྱག་རྡོར་གྱི་ཚབ་ཏུ་ཁྱད་པར་དུ་ཡང་འཇིན་རྟེན་ལྷ་མིའི་ཐེག་པའི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་དང་། བཀའ་བསྒོའི་ཚིག་རྐང་དང་པོ། ལྷ་མིའི་ཐེག་པའི་དཀྱིལ་འཁོར་འདིར། །ཞེས་བསྒྱུར་ལ་བགེགས་བསྐྲད། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་ཚར་རྗེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འདིར་འདུས་པ་ཆེན་པོའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བའི་དང་པོ་ཡན་ལག་གི་དཀྱིལ་འཁོར་ལས་འཇིག་རྟེན་ལྷ་མིའི་ཐེག་པའི་སྒོར་ཞུགས་ཤིང་། ལམ་དེའི་སྨིན་གྲོལ་རྣམས་ཚུལ་བཞིན་དུ་ཉན་ཏེ་སེམས་ཅན་གྱི་དོན་བགྱིད་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་སྟེ་གསན་འཚལ། ཞེས་ཐུགས་བསྐྱེད་ཕོག་ཅིང་ཆོས་ཉན་པར་གདམས་པ་སོགས་སྤྱི་བཤད་རྒྱས་བསྡུས་སྐབས་སྦྱར་བགྱིས་པའི་མཐར། འདིར་ཐེག་པའི་ཁྱད་པར་ནི་སློབ་དཔོན་ཆེན་པོ་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲའི་བཞེད་པར་མངོན་པར་མཐོ་བའི་ཐེག་པ་དང་། ངེས་པར་ལེགས་པའི་ཐེག་པ་གཉིས་སུ་གསུངས་ཏེ། དང་པོ་མངོན་མཐོའི་ཐེག་པ་ནི་ལྷ་མིའི་ཐེག་པ་ཡིན་ཏེ། སྒྱུ་འཕྲུལ་ལེ་ལག་ལས། དགེ་བཅུ་སྒྲུབ་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་གསུངས་པས་མི་དགེ་བཅུ་སྤོང་ཞིང་དགེ་བཅུ་སྒྲུབ་པ་རྒྱུ་དང་ལམ། ལྷ་མིའི་གོ་འཕང་ནི་འབྲས་བུ་ཡིན། དེ་ཡང་སྤྱོད་བ སྡུས་ལས། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པའི་སྐས་གདང་འོག་མ་དང་ཆོས་མཚུངས་པ་ལྷ་མིའི་ཐེག་པ་ཡིན་ཅིང་། དེའི་ལམ་གྱི་འཇུག་སྒོ་བསྙེན་གནས་སམ་རྙིང་མ་རང་སྐད་ལ་དུས་ཁྲིམས་དང་། གཏན་ཁྲིམས་ཀྱི་གསོ་སྦྱོང་སྦྱིན་པ་སོགས་ཀྱི་སྒོ་ནས་བསླབ་དགོས་ཏེ། བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཐོག་མར་རྩ་བའི་སྡོམས་ཚིག་དོན་སུམ་ཅུས་བསྟན་པའི་ས་བཅད་དྲུག་པ་ཆ་གསུམ་ཡན་ཆད་ལ་བཅུ་བདུན་པ་བསྣན་ཅིང་། འོག་ནས་ས་བཅད་བཅོ་བརྒྱད་པ་བདག་འཇུག་དང་བཅུ་དགུ་པ་རིན་ཆེན་གཉིས་ཀྱང་བླངས་ཏེ་ཁྱོན་སྡོམས་དོན་དགུ་ནི་སློབ་དཔོན་ཁོ་ནའི་བྱ་བར་འདུག་པས་གོང་དུ་ལྷག་ཆད་མེད་ཙམ་དུ་གྲུབ་པ་ཡིན། སློབ་མའི་བྱ་བ་ལ་དོན་ཚན་བདུན་པ་ཁྲུས་ནས་སྟོན་པར་བྱེད་པ་དང་། བགེགས་བསྐྲད་གཞུང་ནས་མི་གསལ་ཡང་། གླན་བན་བསོད་ནམས་མགོན་པོས། ལྷའི་ང་རྒྱལ་གྱིས་བགེགས་བསྐྲད་ཅེས་གསུངས་པས་ཁྲུས་དང་བགེགས་སྐྲོད་གཉིས་གྲུབ་པ་དེར་གདའ། རྩ་བར། བརྒྱད་པ་སྡོམ་རྟེན་ལ་གསུམ་སྟེ། མདོ་དབང་ཐོས་པའི་ཤེས་རབ་ལ་དབང་བསྐུར་བྱེད་དུ་གཞུག་པ་དང་། བསམ་པའི་ཤེས་རབ་ལ་བཤད་པར་བྱེད་པ་དང་། སྒོམ་པའི་ཤེས་རབ་ལ་ཁྲིད་དུ་བྱེད་པ་དང་གསུམ་ལས། དབང་བསྐུར་མཇུག་ཆོག་དང་བཅས་པ་ཙཀླིའི་ཡིན། བཤད་སྒོ་རིམ་པས་བསྟན། སྐབས་འདིར་ཕྱག་རྟེན་གང་ཡོད་ངན་སོང་ལས་ངེས་པར་འབྱུང་བའི་བློས་འབུལ་ལོ། །ཞེས་གསུངས་པའི་དོན་སྡོམ་རྟེན་གྱི་གཞི་འམ་རྒྱུ་སློབ་མའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཡིན་ལ། དེ་ཡང་ཐོས་པའི་ཤེས་རབ་ལ་དབང་བསྐུར་ཏེ་སྨིན་པར་བྱས། བསམ་པའི་ཤེས་རབ་ལ་བཤད་པ་བྱས་ཏེ་གཏན་ལ་ཕབ། སྒོམ་པའི་ཤེས་རབ་ལ་ངང་སྒོམ་དང་ལམ་འཁྱེར་གྱི་ཁྲིད་བསྐྱང་བ་དང་གསུམ་ཡིན་པས་དེར་ཤེས་དགོས། སྡོམ་པ་ཞུ་བའི་རྟེན་ནམ་ཕྱག་རྟེན་ནི་འདིར་ཕྱག་རྟེན་གང་ཡོད་ངེས་འབྱུང་གི་བློས་འབུལ་བར་བཤད་ཅིང་། གླན་སྟོན་གྱིས་ཀྱང་སྡོམ་རྟེན་ཅི་རིགས་པ་བླ་མ་ལ་འབུལ་ལོ། །ཞེས་གསུངས་པས་ཕྱག་རྟེན་ཅི་རིགས་ཀྱང་ཕུལ་གྲུབ་ཅིང་། ཁྱད་པར་མཎྜལ་འབུལ་བ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཁྱད་ཆོས་ཡིན། རྩ་བར། དགུ་པ་ཁྲི་ནི། བླ་མ་འཇིག་རྟེན་སྐྱོང་བ་དེ་སེམས་ཅན་ལ་བརྩེ་བས་ཞིང་ཁམས་ལ་དབང་སྒྱུར་བའི་ཕྱིར་སློབ་མས་བརྩིག་གོ། །ཞེས་གསུངས་པ་སྤྱིར་ཐེག་དམན་ལ་ཁྲི་སྟན་ཆེ་མཐོ་སོགས་སྤང་བྱར་གསུངས་ཀྱང་ཆོས་སྨྲ་བ་པོ་ལ་བཀུར་སྟི་ཆེན་པོས་ཁྲི་སྟན་བཤམ་པ་ཐེག་པ་ཆེ་ཆུང་ཐམས་ཅད་ལ་བཤད་ཅིང་། སློབ་མས་བླ་མ་ལ་བཀུར་སྟི་བྱ་བའི་ཕྱིར་ཆོས་སྟོན་པའི་ཁྲི་སྟན་བརྩིག་པ་ཡིན། རྩ་བར། བཅུ་པ་རྒྱན་ནི་ཞིང་ཁམས་ལ་དབང་མཛད་པ་སྟེ། མངའ་གསོལ་བའི་ཕྱིར་རྒྱན་མཛེས་ཤིང་བརྗིད་པར་བྱའོ། །ཞེས་གསུངས་པས་བླ་མ་རབ་ཏུ་བྱུང་བ་ཡིན་ན་དྲི་མ་མེད་པའི་ཆོས་གོས་རྣམ་པ་གསུམ་ལེགས་པར་བགོ་ཞིང་། དགེ་བསྙེན་ནམ་རིག་སྔགས་འཆང་བའི་རྟེན་ཅན་ཡིན་ཀྱང་རང་རང་གི་རྒྱན་གོས་ཕུན་སུམ་ཚོགས་པས་མཛེས་པར་བྱ་དགོས། རྩ་བར། བཅུ་གཅིག་པ་ཁྲིར་འཛེག་པ་ནི། ལྷས་གནང་བར་བསམ་ལ་ལུས་སྐྱིལ་ཀྲུང་དང་ཚུགས་ཐུབ་པར་བྱའོ། །ཞེས་གསུངས་པ་ནི་དཀོན་མཆོག་གསུམ་གྱི་གནང་བ་ཐོབ་པའི་བློ་དང་། གཞན་ཡང་དཀོན་མཆོག་ལ་གསོལ་བ་གདབ་པ་དང་། བདུད་ཚར་བཅད་ཅིང་འཁོར་ལ་བྱམས་པས་ཁྱབ་པར་བྱ་བ་ལ་སོགས་བྱ་དགོས་ཤིང་། དམ་པའི་ཆོས་པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བ། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །རྡུལ་གཟན་ནག་པོ་དེ་བཞིན་བཤམས་བྱས་ནས། །ཤམ་ཐབས་ཆེ་ཚད་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང་། །རྐང་པ་ལེགས་པར་བཀྲུས་ཏེ་སྟེགས་འཛེགས་ནས། །གདོང་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང་། །ཆོས་ཀྱི་བསྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །དགེ་སློང་དག་དང་དགེ་སློང་མ་རྣམས་དང་། །དགེ་བསྙེན་རྣམས་དང་དགེ་བསྙེན་མ་དག་དང་། །རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང་། །མཁས་དེས་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཏདྱ་ཐཱ། ཤ་མ་ཤ་མ་བ་ཏི། ཤ་མི་ཏ་ཤ་ཏྲུ། ཨཾ་གུ་རེ། མཾ་གུ་རེ། མཱ་རི་ཛ་ཏེ། མཱ་ར་ཛི་ཏེ། ཀ་ར་ཌེ། ཀེ་ཡཱུ་རེ། ཏེ་ཛོ་བ་ཏི། ཨ་ལོ་ཡ་ནི། བི་ཥ་ཋ་ནིརྨ་ལེ། མཱ་ལ་པཱ་ཎ་ཡེ་ཁུ་ཁུ་རེ། ཁ་གེ། གྲ་སེ། གྲཾ་ས་ནེ། ཨོ་མུ་ཁི། པ་རཱཾ་མུ་ཁི། ཨ་མུ་ཁི་ཤ་མི་ཏ་ནི། སརྦ་གྲ་ཧཱ་བནྡྷ་ནཱ་ནི། ནི་གྲི་ཧི་ཏ། སརྦ་པ་ར་པྲ་བིརྔྷ་ན། བི་མུག་ཏ་མཱ་ར་པཱ་ཤ་སྠ་པ་ཊ། བུདྡྷ་མུ་ཊ། ཨ་ནུ་ག་ཏི་ཊ། སརྦ་མཱ་རཻ་སུ་ཙ་རི་ཏ་པཱ་ད་པ་རི་ཤུདྡྷྱ་བི་གཙྪནྟུ་སརྦ་མཱ་ར་ཀརྨ་ཎི། སྔགས་འདི་བུ་སྟོན་ཆོས་འབྱུང་དུ་འདུག་པ་མདོ་དངོས་དང་ཅུང་ཟད་མ་མཐུན་པས་འདིར་མདོ་རང་ནས་བཏུས་སོ། །ཕན་ཡོན་ནི་དེ་ཉིད་ལས། སྔགས་ཀྱི་ཚིག་འདི་དག་སྔོན་དུ་བྱས་ཏེ་ཆོས་ཀྱི་གཏམ་བྱེད་ན་དེའི་ཁོར་ཡུག་དཔག་ཚད་བརྒྱད་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་རྣམས་མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་ཀྱང་བར་ཆད་བྱེད་པར་མི་ནུས་སོ། །ཞེས་གསུངས་པས་ཁྲིར་འཛེག་པའི་འཕྲོས་ལས་གདམས་ངག་ཟབ་མོ་འདི་རྣམས་ཀྱང་ངེས་པར་བྱ་དགོས། རྩ་བར། བཅུ་གཉིས་པ་ཐུབ་པ་སྒོམ་པ་ནི། དགེ་བཅུ་འཁོར་ལོས་སྒྱུར་བ་རྒྱལ་པོའི་ཁྲིམས་ཡིན། དེའང་བསྟན་པ་དང་ལྷ་མིའི་གཙོ་བོ་སྟོན་པ་སངས་རྒྱས་ཡིན། དེ་ལ་ལྷ་མིའི་འཁོར་བཞི་ཡོད་པས་དེ་བསྒོམས་ནས་བསྙེན་གནས་སོགས་པའོ། །ཞེས་གསུངས་པའི་དོན་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ཁྲིམས་དགེ་བཅུ་སྒྲུབ་དགོས་ལ། དེ་ཡང་ཐུབ་པའི་བསྟན་པ་དང་སྟོན་པ་ཡིན་པས་ད་ལྟར་གྱི་ཆོས་སྟོན་པའི་བླ་མ་ལ་ཐ་མལ་པར་མི་བལྟ་བར་སྟོན་པ་ཐུབ་པའི་དབང་པོ་ལ་འཁོར་རྣམ་པ་བཞིས་བསྐོར་བ་དངོས་ཡིན་སྙམ་པའི་མོས་གུས་བགྱིད་དགོས་ཤིང་། བླ་མས་ཀྱང་ཐུབ་པའི་ཏིང་ངེ་འཛིན་བརྟན་པོ་དགོས་ལ། དེའི་དགོས་པ་ནི། དགྲ་བཅོམ་པ་ས་གའི་ལྷས། སྟོན་པ་དང་ནི་དགེ་བདུན་བཅས། །འཇིག་རྟེན་གསུམ་སྣང་ཁྱབ་བདག་ཡིན། །ཞེས་གསུངས། དེ་ཡང་འཇིག་རྟེན་ལྷ་མིའི་ཐེག་པའི་སྐབས་འདིར་བསྙེན་གནས་དང་བསླབ་བྱ་ཙམ་འཐད་ཅིང་དབང་བསྐུར་བར་མི་རིགས་སོ་ཞེས་ལོག་པར་རྟོག་པ་ཡོད་སྲིད་ཀྱང་། འདིར་ནི་གཙོ་བོ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བར་དབང་བསྐུར་ཞིང་། དེའི་འཇུག་སྒོར་འཇིག་རྟེན་པ་རྣམས་དགེ་བཅུའི་ལམ་ལས་རིམ་གྱིས་དྲངས་ཏེ་རྫོགས་ཆེན་ཨ་ཏི་ཡོ་གའི་བར་དུ་འཁྲིད་པར་བྱེད་པའི་ཕྱིར་ཐབས་སམ། རྒྱུ་རྐྱེན་དུ་ལམ་མས་འཛེག་གིས་སྟོན་པར་བྱེད་པའི་ཐབས་ཟབ་མོ་ཡིན། དེ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་རྩ་བའི་དཀྱིལ་འཁོར་གྱི་གཙོ་བོ་དང་ཡུམ་ཆེན་མོ་ཙམ་མ་གཏོགས་གཞན་ཕལ་ཆེར་གྱི་གཙོ་བོ་སྤྲུལ་སྐུ་ལྟ་བུ་མང་བར་ཡོད་པ་ལ་ལོག་པར་སྨྲ་ན། ཉེས་པའི་སྐྱོན་མེད་དེ། གསར་མ་ལ་ཡང་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ལ་བསྐལ་བཟང་གི་སངས་རྒྱས་སྟོང་སྤྲུལ་སྐུའི་ཆ་བྱད་དུ་བཞུགས་པར་བཤད་ཅིང་། སྒྲུབ་ཐབས་བརྒྱ་རྩར། བྱམས་པ་མགོན་པོ་ཞལ་གསུམ་ཕྱག་བཞི་པའི་རྗེས་གནང་སོགས་བཤད་པ་དེ་དག་དང་ཆོས་མཚུངས་པའི་ཕྱིར་རོ། །མདོར་ན་འཇིག་རྟེན་དང་མཐུན་པ་རྩ་བའི་དཀྱིལ་འཁོར་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བཅུ་སོགས་ལ་སྔགས་ལུགས་དང་འབྲེལ་བའི་སྒྲུབ་མཆོད་སྨིན་རྒྱས་སུ་གྲུབ་པས། འདིར་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་སྟོན་པ་ཐུབ་པའི་དབང་པོ་ཐ་མི་དད་པ་ལ་འཇིག་རྟེན་ལྷ་མིའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། བཅུ་གསུམ་པ་གསོལ་བ་གདབ་པའི་སླད་དུ་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་མཆོག །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ལན་གསུམ། རྩ་བར་ཞེས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། མཐོ་རིས་ཀྱི་ལེགས་སྨོན་དང་། ངན་འགྲོའི་ངེས་འབྱུང་གི་བློ་བྱའོ། །ཞེས་གསུངས་པའི་དོན་འདིར་འཇིག་རྟེན་པ་རྣམས་ཚེ་འདིའི་བདེ་འབྲས་ཁོ་ན་དོན་དུ་གཉེར་བ་ཡིན་པས་དེ་ལྟ་བུའི་བློ་སྤངས་དེ་མི་དགེ་བའི་རྒྱུ་ལས་བྱུང་བའི་ངན་འགྲོའི་གཡང་ས་བཟོད་པར་དཀའ་བའི་མེ་དོང་ལྟ་བུའི་ནང་ནས་ཐར་པ་ལ་ངེས་པར་འབྱུང་འདོད་ཀྱི་བློ་དང་། མཐོ་རིས་ལེགས་སྨོན་གྱི་རྒྱུ་དགེ་བཅུ་སྤྱད་པའི་འབྲས་བུ་ལྷ་དང་། ཁྱད་པར་མྱ་ངན་ལས་འདས་པ་སྒྲུབ་སྙམ་པའི་སྨོན་སེམས་དུང་བ་བསྐྱེད་མཛོད། རྩ་བར། བཅུ་བཞི་པ་སྡོམ་པ་ནི། སྐྱབས་འགྲོ་དཔང་པོར་གསོལ་ནས་སྡོམ་པའི་ཚུལ་ཁྲིམས་ཇི་སྲིད་འཚོའི་བར་དུ་བསྲུང་བའོ། །ཞེས་དང་། བཅུ་བཞི་པ་གཏན་ཁྲིམས། བཅོ་ལྔ་པ་དུས་ཁྲིམས་བསྙེན་གནས་ཡན་ལག་བརྒྱད་པ་དང་། བཅུ་དྲུག་པ་དེ་ལྟ་བུའི་སྡོམ་པ་འབོགས་པའི་ཆོ་ག་དང་གསུམ་གྱིས་གསུངས་ཤིང་། དེ་ཡང་ཆོ་ག་འཁྲུགས་སྡེབས་མ་བྱས་པས་གོ་དཀའ་བ་དང་ཆོ་ག་མ་ཚང་བ་སོགས་ལེགས་པར་བཅོས་ཏེ་འཆད་པར་བྱ་བ་ལ། རྩ་བར། བཅོ་ལྔ་པ་དུས་ཁྲིམས་ནི་ཉ་སྟོང་ཚེས་བརྒྱད་དེ། དེའང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། མཆོད་པ་བཤམས། ཕྱག་འཚལ། ཙོག་པུར་འདུག་ལ་ངན་སོང་ལས་ཐར་བའི་ཕྱིར་ཇི་སྲིད་འཚོའི་བར་དུ་ལྷ་མིའི་ཐེག་པ་ལ་འཇུག་སྙམ་དུ་བསམ། ཞེས་གསུངས་པས་དང་པོ་གཏན་ཁྲིམས་ནི་རྩ་བའི་ས་བཅད་བཅུ་བཞི་པ་ཡིན་ཏེ། སློབ་མ་རྣམས་མཆིལ་ལྷམ་ཕུད། ཁྲུས་བྱས་ཏེ་སྡོམ་རྟེན་སྟོན་པའི་སྐུ་དང་རང་ལ་ཕྱག་གསུམ་གསུམ་འཚལ་ཞིང་ཙོག་པུར་འདུག་ཏུ་བཅུག་གོ། །འདུག་ཟིན་པ་དང་། བླ་མས། དེ་ཡང་ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་འགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་ལྟར་ལྷ་མིའི་ཐེག་པ་འདིར་འཇུག་སྒོ་བསྙེན་གནས་ཀྱི་སྡོམ་པ་ཞིག་ལེན་དགོས་ལ། དེ་ཡང་ཁྱད་པར་ཅུང་ཟད་ཕྱེ་ན། རབ་དབྱེར། བསྙེན་གནས་སོ་སོ་ཐར་པའི་ལུགས། །གཙོ་ཆེར་ཉན་ཐོས་གཞུང་ལུགས་ཡིན། །ཞེས་གསུངས་པའི་ཉན་ཐོས་ལུགས་ལ་ཡང་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའི་ལུགས་གཉིས་ལས། དང་པོ་ནི། བྱེ་བྲག་སྨྲ་བའི་བསྙེན་གནས་ཀྱང་། །དགེ་སློང་ལས་ལེན་གང་ཟག་ནི། །གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །ཅེས་གསུངས་པས་ན་ལེན་ཡུལ་ཡང་དགེ་སློང་ཞིག་ལ་ངེས་པར་ལེན། རྟེན་ཡང་སྒྲ་མི་སྙན་པ་མ་ཡིན་པའི་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་བུད་མེད་དེ། མཛོད་ལས། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་སྡོམ་པའང་དེ་བཞིན་ལ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དེ་ཉིད་ལས། མདོ་སྡེ་པ་རྣམས་དུད་འགྲོ་སོགས། །འགྲོ་བ་གཞན་ལའང་སྐྱེ་བར་བཤད། །བླང་བའི་ཡུལ་ཡང་དགེ་བསྙེན་སོགས། །གང་ཡང་རུང་ལས་བླང་བར་བཤད། །ཅེས་གསུངས་པས་མདོ་སྡེ་པའི་ལུགས་སུ་ལེན་ཡུལ་ཡང་དགེ་སློང་ཁོ་ན་མི་དགོས་ཏེ། གནས་འཇོག་གིས་ཞུས་པའི་མདོ་ལས། དགེ་སྦྱོང་ངམ། བྲམ་ཟེའམ། རབ་ཏུ་བྱུང་བ་ཆོ་ག་ཤེས་པ་ཞིག་གི་གམ་དུ་སོང་སྟེ། ཞེས་དང་། འདུལ་བར། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རང་གི་འཁོར་འབངས་རྣམས་བསྙེན་གནས་ལ་བཀོད་པར་གསུངས་པའི་ཕྱིར་ན། དགེ་སློང་ངམ་དགེ་བསྙེན་གསོ་སྦྱོང་ལ་གནས་པ་སྡོམ་པ་དག་པ་འབོགས་པའི་ཆོ་ག་ཤེས་པ་ཞིག་ལས་ལེན། རྟེན་ནི་ཀླུ་གཞོན་ནུ་ཙམ་པ་ཞེས་བྱ་བ་དུས་བཟང་ལ་ཡན་ལག་བརྒྱད་ཀྱི་བསྙེན་གནས་བསྲུང་བ་སོགས་བཤད་པས་ཀླུ་སོགས་དུད་འགྲོ་དང་འགྲོ་བ་གཞན་ལ་ཡང་སྐྱེ་བར་བཤད། དེ་བཞིན་དུ་ཐེག་པ་ཆེ་ཆུང་གི་བསྙེན་གནས་ཀྱི་ཆོ་ག་ལ་ཡང་ཁྱད་པར་ཡོད་དེ། ཐེག་པ་ཆུང་ངུར། ཉན་ཐོས་རྣམས་ཀྱི་ཆོ་ག་ཡང་། །སྐྱབས་སུ་འགྲོ་བའི་ཚུལ་གྱིས་འབོགས། །ཞེས་གསུངས་པས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་གང་ཟག་གཞན་ལ་རྟེན་ནས་ལེན་དགོས། ཐེག་ཆེན་ལ། དོན་ཡོད་ཞགས་པའི་རྟོག་པ་ལས། བསྙེན་གནས་རང་གིས་ལེན་པ་ཡི། །ཆོ་ག་སེམས་བསྐྱེད་འདྲ་བར་གསུངས། །ཞེས་གསུངས་པས་རྟེན་གྱི་དྲུང་དུ་དང་པོ་ཉིད་ནས་རང་གིས་བླངས་ཆོག་པར་བཤད། མདོར་ན་དེ་ལྟ་བུའི་སྤྱིར་བཤད་པ་རྣམས་ངོས་ཟིན་པར་བྱས་ནས་འདིར་ནི། བསམ་པ་སེམས་བསྐྱེད་ཀྱིས་བཟུང་བའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོར་ཐར་པ་རིགས་བརྒྱད་པོ། །བྱང་སེམས་སོ་སོར་ཐར་པར་འགྱུར། །ཞེས་གསུངས་པ་ལྟར་སྤྱིར་ཐེག་ཆེན་དང་། ཁྱད་པར་སྔགས་ལམ་དང་འབྲེལ་བའི་བསྙེན་གནས་ཀྱི་ཆོ་ག་ཉན་ཐོས་ལུགས་ལྟར་ལེན་པར་བྱེད་དགོས་ཤིང་། དེ་ཡང་རྙིང་མ་རང་ལུགས་ཀྱི་ཆོ་ག་འདིར་གཏན་ཁྲིམས་ལྷ་མིའི་ཐེག་པའི་ལུགས་ལྟར་ལེན་པ་དང་། དུས་ཁྲིམས་བསྙེན་གནས་ཡན་ལག་བརྒྱད་པ་ལེན་ཚུལ་གཉིས་ཡོད་པའི་དང་པོ་ནི། ཆོ་གའི་འགྲོས་ལ་དཔགས་ན་ཕལ་ཆེར་སྤྱོད་པ་རྩ་བཞི་འཛིན་པའི་དགེ་བསྙེན་དུ་མིང་འདོགས་སུ་རུང་བ་ཙམ་འདུག་ལ། དེའི་རྒྱུ་མཚན་མི་དགེ་བཅུ་སྤོང་བ་ལ་ཕལ་ཆེར་སྤྱོད་པའི་དགེ་བསྙེན་དུ་བུ་སྟོན་ཐམས་ཅད་མཁྱེན་པ་བཞེད་ཅིང་། དགེ་བསྙེན་གྱི་སྡོམ་པ་བརྒྱད་པར། རྫུན་གྱི་ཚིག་ནི་ཟློག་པ་ཡི། །དེ་ཡི་སྐྱོན་ནི་གཞན་ལས་ཀྱང་། །གང་ཕྱིར་ལུས་ངག་མི་དགེ་ལས། །ལྡོག་པ་ཡིད་ཀྱི་དགེ་ལས་སོ། །དེ་ཕྱིར་བརྣབ་སེམས་གནོད་པའི་སེམས། །ལྟ་ལས་ལྡོག་རྣམས་གྲུབ་པ་ཡིན། །ཞེས་པའི་ལུང་ཡང་འདྲེན་པར་མཛད། འོན་ཀྱང་དབང་གི་སྐབས་འདིར་ཞུ་མཁན་གྱི་གང་ཟག་གིས་ངེས་པར་བསྲུང་ནུས་མི་ནུས་ལ་ལྟོས་པའི་དབང་དུ་མི་མཛད་པར་སྔགས་སྡོམ་ལྟར་སྤྱི་ཁྱབ་ཏུ་མཛད་སྲོལ་འདུག་པས། དེང་སངས་དབང་བསྐུར་ཐོབ་ཚད་ཀྱིས་སྔགས་སྡོམ་མཚན་ཉིད་པ་སྲུང་མི་ཐུབ་པས་སྐྱོན་མེད་འདྲ་སྙམ་ཞིང་། ཚུལ་བཞིན་སྲུང་སྡོམ་ཐུབ་ན་ལེགས་པ་ལྟ་ཅི་སྨོས། དེ་ལྟར་གཏན་ཁྲིམས་ལེན་པ་ལ། མཛོད་དུ། བསྙེན་གནས་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་དང་། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པས་དཀོན་མཆོག་གསུམ་དཔང་པོར་གསོལ་ནས་ལེན་དགོས་ཤིང་། དེ་ལྟ་བུའི་སྐྱབས་ཡུལ་གྱི་དཀོན་མཆོག་ངོས་འཛིན་ལུགས་མང་ཞིང་སོ་སོར་ཐར་པའི་ལུགས་བྱེ་མདོ་གཉིས་ལ་ཡང་སྐྱབས་ཡུལ་ངོས་འཛིན་ཚུལ་མི་འདྲ་མོད་ཀྱང་། འདིར་ཐེག་དམན་སྤྱི་ལུགས་ཀྱི་དཀོན་མཆོག་གསུམ་ནི། སངས་རྒྱས་སུ་བྱེད་པའི་ཆོས་སངས་རྒྱས་མི་སློབ་པའི་ལམ་བདེན་ཆོས་སྐུ་དང་གཟུགས་སྐུ་གཉིས་ཀྱི་བདག་ཉིད། ཆོས་མྱང་འདས་སོ་སོར་བརྟགས་འགོག །དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་ཀྱི་ལམ་བདེན་གཟུགས་སྐུ་དང་བཅས་པ་རྣམས་ཡིན་པར་གསུངས་ལ། མཚོན་བྱེད་དུ་ཀུན་རྫོབ་བརྡར་བཏགས་པའི་སངས་རྒྱས་སྟོན་པའི་སྐུ་གཟུགས་སྡོམ་རྟེན་དུ་བཞུགས་དགོས་པར་གཞུང་འདིར་ཡང་གསུངས་ཤིང་། དེ་མཚུངས་ས་ག་ལྷས། དགའ་སྟོན་དུས་ཚེ་སྐུ་གཟུགས་ནི། །རྒན་པོའི་གོང་དུ་རྟག་ཏུ་བཞག །ཅེས་གསུངས་པས་སྡོམ་རྟེན་སྟོན་པའི་སྐུ་དང་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ལ་སྟོན་པ་དངོས་ཀྱི་འདུ་ཤེས་ཞོག་མཛོད། ཆོས་ནི་ལུང་རྟོགས་གཉིས་ལས། རྟོགས་པའི་ཆོས་ལམ་དུ་སྒྲུབ་པ། ལུང་གི་ཆོས་ལམ་གྱི་འཇུག་སྒོམ། སྡོམ་པ་འབོགས་པའི་ལས་ཀྱི་ཆོ་ག་རྣམས་ཡིན་པ་ལ་དངོས་སུ་ཚང་། དགེ་འདུན་ནི་དཀྱིལ་འཁོར་གྱི་འཁོར་གྱི་ལྷ་རྣམས་དང་། ཁྱད་པར་དགེ་འདུན་གྱི་དཀྱིལ་འཁོར་ལ་རིགས་གསུམ་མགོན་པོ་དང་། བྱམས་པ། མཆོག་ཟུང་རབ་འབྱོར་ཀུན་དགའ་བོ་སྟེ། ཐེག་པ་ཆེ་ཆུང་གི་དགེ་འདུན་རྣམས་ཏིང་ངེ་འཛིན་གྱིས་བསྐྱེད་ཅིང་སྤྱན་དྲངས་ཏེ་མངོན་སུམ་དུ་བཞུགས་པས་ཚང་ཞིང་གང་ཟག་གཞན་ལས་ཁྱད་པར་འཕགས། གཞན་ཡང་སྡོམ་གནས་ཀྱི་བླ་མ་ཡང་དགོས་ཏེ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པར། སྡོམ་གནས་བླ་མ་མཁས་པ་ལ། །ཞེས་གསུངས་པའི་ཕྱིར་ན་ཆོ་ག་བརྡ་སྤྲོད་པ་ཡང་བདག་གིས་བགྱིད། དེ་ལྟར་དཀོན་མཆོག་གསུམ་བླ་མ་དང་བཅས་པའི་དྲུང་དུ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ཐར་པར་བྱ་བའི་ཕྱིར་སྐྱབས་སངས་རྒྱས་ལ་དེའི་ཐབས་སྟོན་པའི་སྟོན་པ་ཞུ། ཆོས་མི་གནས་པའི་མྱང་འདས་ལ་སྐྱབས་དངོས། དགེ་འདུན་ལ་དེ་སྒྲུབ་པའི་གྲོགས་ཞུས་ཏེ་དེང་ཕྱིན་ཆད་སྐྱབས་གཞན་སྤངས་ལ་མི་དགེ་བཅུ་སྤོང་སེམས་ཀྱི་གཏན་ཁྲིམས་ཇི་སྲིད་འཚོའི་བར་དུ་ལེན་སྙམ་པ་དང་། རྩ་བར། སྡོམ་པ་ཐོབ་འདོད་ཀྱི་བློས་དུངས་པ་བྱའོ། །ཞེས་གསུངས་པས་ཐོབ་འདོད་ཀྱི་བློ་དང་བཅས་ཏེ། བཅུ་དྲུག་བསྡོམ་པ་དཔོག་པ་ནི་སྔར་ཆོས་འབྲེལ་མེད་ན་བཙུན་པ་ཞེས་བརྗོད་དགོས་པས། འདིའི་རྗེས་ཟློས་ལན་གསུམ་མཛོད། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་དམ་པ་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་ལྷ་མིའི་ཐེག་པ་ལ་གནས་པར་བཙུན་པས་བཟུང་དུ་གསོལ། གཉིས་པའི་ཡང་རྗེས་ཟློས་མཛོད་བྱས་ལ་གཉིས་པ་བསྐྱར། རྩ་བར། བརྗོད་པ་གསུམ་པའི་མཐར་སློབ་དཔོན་གྱི་བཟུང་དུ་གསོལ་བྱ། ཞེས་གསུངས་པས་གསུམ་པའི་སྐབས་སུ་ཆོ་ག་འདི་ལ་ཆ་གསུམ་དུ་ཡོད་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ་ཡན་ཆད་སྐྱབས་བརྗོད་པ། ལྷ་མིའི་ཐེག་པ་ལ་གནས་པར་ཡན་ཆད་བདག་བརྗོད་པ། བཙུན་པས་བཟུང་དུ་གསོལ་ཞེས་གཞན་བརྗོད་པ་ཡིན་པས་བདག་བརྗོད་རྫོགས་པ་དང་སྡོམ་པ་སྐྱེ་ཞིང་དེའི་ཚེ་ངེད་ཀྱང་སློབ་དཔོན་དུ་འགྱུར་བ་ཡིན་པས་བཙུན་པ་ཞེས་མི་བརྗོད་པར་སློབ་དཔོན་གྱི་བཟུང་དུ་གསོལ་ཞེས་བརྗོད་དགོས་པས་དེ་ཡིད་ལ་ཞོག་ལ་གསུམ་པའི་ཡང་རྗེས་ཟློས་མཛོད་བྱས་ལ་གསུམ་པ་བྱ། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བྱའོ། །དེ་ནས་བསླབ་པ་བརྗོད་པ་ནི། དེས་སྡོམ་པ་ཐོབ་པ་ཡིན། །ཐོབ་ཀྱང་མ་བསྲུང་ན་ཉེས་དམིགས་ཆེན་པོ་ཡོད་པས་བསྲུང་དགོས། བསྲུང་ལུགས་དགྲ་བཅོམ་པ་རྣམས་ཀྱིས་མི་དགེ་བ་བཅུ་པོ་ཡིད་ཀྱིས་སྤངས་ནས་ལུས་ངག་གི་དེ་ལས་སླར་ལོག་པ་བཞིན་དུ་བདག་གིས་ཀྱང་མི་དགེ་བཅུ་ཡིད་ཀྱིས་སྤངས་ཏེ་ལུས་ངག་གིས་སླར་ལྡོག་པར་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གཅིག་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ལྷ་མིའི་ཐེག་པ་ལ་ཞུགས་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་འཁྱལ་དང་། ཚིག་རྩུབ་པོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་བལྟ་བ་ལ་སོགས་པ་མི་དགེ་བ་བཅུ་སྤངས་ཏེ། མི་དགེ་བ་བཅུ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། མི་དགེ་བ་བཅུ་སྤངས་ཏེ་མི་དགེ་བཅུ་ལས་སླར་ལོག་པར་བགྱིའོ། །སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པའི་ལྷ་མིའི་ཐེག་པ་བཟང་པོ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བྱ། ཡང་། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་རིམ་པར་སྐྱེ་བའི་རྒྱུ། །ཞེས་གསུངས་པས་དེ་ལྟ་བུའི་ལམ་ལ་སློབ་པའི་དོན་དུ་འདིའི་རྗེས་ཟློས་ལན་གཅིག་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དྲང་སྲོང་ཆེན་པོ་དེ་དག་གི་ལྷ་མིའི་ཐེག་པར་ཞུགས་ཏེ། བསམ་གཏན་དང་སྙོམས་འཇུག་གི་སེམས་བསྒྲུབས་ཏེ། བསམ་གཏན་དང་མངོན་པར་ཤེས་པ་བརྙེས་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པ་དང་། བསམ་གཏན་གྱི་སེམས་རྟོག་དཔྱོད་བྲལ་བ་དང་། སྙོམས་འཇུག་མི་གཡོ་བ་དང་། གནས་ཏེ་འཕགས་པའི་བསམ་གཏན་དང་མངོན་པར་ཤེས་པ་ཐོབ་པར་བགྱིའོ། །ཇི་ལྟར་སྔོན་གྱི་འཕགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱི་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བྱ། གཉིས་པ་དུས་ཁྲིམས་ནི། རྩ་བའི་ས་བཅད་བཅོ་ལྔ་པ་བསྙེན་གནས་ཉིད་ཡིན་ཏེ། བྱམས་པ་ལུང་བསྟན་པའི་མདོ་ལས། བཅུ་བཞི་དང་ནི་བཅོ་ལྔ་དང་། །དེ་བཞིན་ཟླ་གཅིག་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །ཡན་ལག་བརྒྱད་ལེགས་མཉམ་གཞག་ཅིང་། །བསྙེན་གནས་གསོ་སྦྱོང་བྱས་ནས་ནི། །ཞེས་དང་། བརྒྱ་བྱིན་གྱིས། ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །དེ་ནི་ང་དང་འདྲ་བར་འགྱུར། །ཞེས་སྨྲས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་དེ་སྐད་མ་ཟེར་ཅིག །ཚིག་རྐང་སྔ་མ་གསུམ་གོང་བཞིན་ལ་ཐ་མར། དེ་ནི་ང་དང་འདྲ་བར་འགྱུར། །ཞེས་གསུངས་པས་དུས་ཁྲིམས་འདི་ཉིད་མཆོག་ཏུ་བསྔགས། དེ་ཡང་། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །ཞེས་གསུངས་པས་ན་ཐོག་མར་ཇི་སྲིད་འཚོའི་བར་གྱི་ཟླ་བ་བྱུང་ངོ་ཅོག་གི་དུས་བཟང་གསུམ་པོར་བསྙེན་གནས་བྱ་བར་ཁས་བླངས་ཤིང་ཕྱིས་དུས་བཟང་དེ་གསུམ་ལ་བསྙེན་གནས་ལེན་པའི་ཚེ་ཐོ་མར་འདིར་བླངས་པའམ་ཐོབ་པས་གོ་བཅད་དེ་སླར་སྡོམ་པ་ལེན་མི་དགོས་པ་ནི་མ་ཡིན་ཏེ། དཔེར་ན་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་བསྲུང་ཡང་ཞག་རེ་བཞིན་ལེན་དགོས་ལ། དེ་ལྟར་ལེན་པའི་ཚུལ་ནི། ཐེག་དམན་ལྟར་ན་གཞན་ལས་ལེན་ཅིང་། ཐེག་ཆེན་ལ་རང་གིས་བླངས་ཆོག་པར་གསུངས། དེ་ཡང་ཐེག་དམན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཐོག་མར་གཞན་ལས་ལེན་པའི་དགོས་པ་ནི། སླར་ལེན་པའི་ཚེ་གཞན་ལས་ངེས་པར་བླང་དགོས་ཀྱང་དུས་ཀྱི་ཁྱད་པར་ཟས་ཟོས་ནས་བླངས་ཀྱང་སྡོམ་པ་སྐྱེ་བའི་ཁྱད་ཡིན་ལ། འོན་ཀྱང་ཟས་དེ་གུང་ཚིགས་ལྟ་བུ་མ་ཡིན་པར་སྔ་དྲོའི་ཚ་བ་ལྟ་བུ་ཡིན། དེ་ལྟ་ཡིན་པའི་ཤེས་བྱེད། མཛོད་འགྲེལ་ལས། གང་གི་ཚེས་བརྒྱད་ལ་བསྙེན་གནས་ལ་གནས་པར་བྱའོ། །ཞེས་སྔོན་ཡང་དག་པར་བླངས་པ་བྱས་པ་དེས་ནི་ཟས་ཟོས་ནས་ཀྱང་ནོད་པར་བྱའོ། །གཞན་ལས་ནོད་པར་བྱ་ཡི། །བདག་ཉིད་ལས་ནི་མ་ཡིན་ཏེ། །ཞེས་གསུངས། དེ་ཡང་སློབ་དཔོན་ཙནྡྲ་གོ་མི་ལྟར་བསྙེན་གནས་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་བསྲུང་བ་ལ་གོ་མིའི་དགེ་བསྙེན་ཞེས་གྲགས་ཀྱང་། ལུགས་དེ་ནི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་མ་གྲགས་ཤིང་གནས་བརྟན་སྡེ་པའི་ལུགས་ཡིན་ཏེ། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་སྡོམ་གསུམ་རྣམ་ངེས་ལས། འདི་བརྒྱད་ཇི་སྲིད་འཚོ་ཡི་བར་བསྲུངས་ན། །གོ་མིའི་དགེ་བསྙེན་ཡིན་ཀྱང་ཡོད་སྨྲའི་མིན། །གནས་བརྟན་སྡེ་པའི་ལུགས་སུ་དབྱིག་གཉེན་བཞེད། །ཅེས་གསུངས་པའི་ཕྱིར། །བུ་སྟོན་གྱིས་ས་སྟོན་སྡེ་པའི་ལུགས་ཡིན་ཡང་གསུངས ། འདིར་ནི་དེ་ལྟ་བུའི་གཏན་ཁྲིམས་མ་ཡིན་པར་དུས་ཁྲིམས་ལྟར་ཡིན་ཏེ་ཉིན་ཞག་གཅིག་འདས་མ་ཐག་སྡོམ་པ་གཏོང་བས་ན། བསྙེན་གནས་མཚན་མོ་འདས་པ་ན། །གཏོང་ཕྱིར་འདི་ལ་འབུལ་མི་དགོས། །མདོ་སྡེ་པ་ཡི་ལུགས་བཞིན་དུ། །ཇི་ལྟར་འདོད་ཚེ་ལེན་ན་ཡང་། །ནང་པར་ཕན་ཆད་སྲུང་བ་ཡི། །བསམ་པ་མེད་ཕྱིར་སྡོམ་པ་བཏང་། །དེ་ཡི་ཕྱིར་ན་འབུལ་མི་དགོས། །ཞེས་གསུངས་པས་དོན་བསྡུ་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་བསྙེན་གནས་ངེས་པར་གང་ཟག་གཞན་ཁོ་ན་ལས་ལེན་དགོས། མདོ་སྡེ་པའི་ལུགས་སུ་དང་པོར་གཞན་ལས་ངེས་པར་ལེན་ལ་ཕྱིས་རྟེན་གྱི་དྲུང་དུ་རང་གིས་བླངས་ཀྱང་སྐྱེ་བར་འདོད། ཐེག་ཆེན་ལུགས་ལ་དང་པོ་ནས་ཀྱང་རྟེན་ཁོ་ནའི་དྲུང་དུ་བླངས་པས་སྐྱེ་བར་བཤད་པས་དེ་དག་མ་འདྲེས་པར་ཤེས་དགོས་ཤིང་། དེ་ཕྱིར་ད་རེས་ཐེག་དམན་གྱི་ལུགས་ལྟར་ཐོག་མར་སློབ་དཔོན་གྱི་དྲུང་དུ་ལེན། སླར་སློབ་དཔོན་འབྱོར་ན་བྱེ་བྲག་ཏུ་སྨྲ་བ་ལྟར་སློབ་དཔོན་ལས་ལེན་ལ། མ་འབྱོར་ན་མདོ་སྡེ་པ་བཞིན་ཆོ་ག་འདི་ལྟར་རྟེན་གྱི་དྲུང་དུ་ལེན། ཡང་ན་གསར་མ་བ་རྣམས་དོན་ཞགས་ལས་གསུངས་ཞེས་འཆད་ལ། རང་ལུགས་ཉན་ཐོས་ཀྱི་སྐབས་ན་ཡོད་པའི་ཆོ་ག་དེ་ཉིད་རྟེན་གྱི་དྲུང་དུ་ལེན་པ་སྟེ། དེ་གསུམ་ཇི་ལྟར་བདེ་བ་ལྟར་ལེན་པར་བྱ་དགོས། དེ་ཡང་ཀུན་སྤྱོད་སྟན་དམའ་བར་འདུག་ཅིང་རྒྱན་གསར་པ་མི་གདགས་དུས་ཉིན་ཞག་ཕྲུགས་གཅིག །ཆོ་ག་སློབ་དཔོན་གྱི་རྗེས་ཟློས་ཚིག་གསལ་ལ་བརྗོད་པ་དག་པ་ལན་གསུམ་བགྱིད་དགོས་ཏེ། མཛོད་ལས། དམའ་བར་འདུག་སྨྲས་བཟླ་པ་ཡི། །མི་བརྒྱན་ནམ་ནི་ལངས་བར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་གསུངས་པས་དོན་ཡིད་ལ་འཇོག་དགོས་ཤིང་། རྩ་བར། གནམ་སྟོང་ནི་གསོ་སྦྱོང་མི་ཐུབ་པ་ན་ཚེས་གཅིག་ལའང་རུང་སྟེ། འདུལ་བ་ལས། ཉ་ནས་གནམ་སྟོང་གི་བར་ལ་ཚེས་གང་ཡང་རུང་བ་གཅིག་ཆད་ནའང་གནམ་སྟོང་གི་ངོ་བོ་དེ་ཉིད་ཡིན་ནོ་ཞེས་སྐྱབས་འགྲོ་བྱས་ནས། ཞེས་གསུངས་པས་སྐྱབས་འགྲོ་ད་ལྟ་སོང་མ་ཐག་པ་ཡིན་ནའང་གཏན་ཁྲིམས་དང་དུས་ཁྲིམས་ཆོ་ག་ཐ་དད་པས་སླར་ཡང་སྐྱབས་འགྲོ་བྱ་དགོས་ཏེ་སྔར་བཤད་པ་བཞིན་སྐྱབས་འགྲོའི་དོན་དྲན་པར་བྱ། དེའི་ཆེད་དུ་བསྙེན་གནས་ཡན་ལག་བརྒྱད་པ་ལེན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་དམ་པ་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་འབྲལ་བ་རྣམས་ཀྱི་མཆོག་ཆོས་ལ༴ ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ༴ བདག་མིང་འདི་ཞེས་བྱ་བ་ཇི་སྲིད་འཚོའི་བར་གྱི་ཟླ་བ་བྱུང་ངོ་ཅོག་གི་ཉ་དང་གནམ་སྟོང་དང་ཚེས་བརྒྱད་ལ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་བཟུང་དུ་གསོལ། དང་པོ་བྱ། གཉིས་པ འི་ཡང་རྗེས་ཟློས་གྱིས་བྱས་ལ་གཉིས་པ་བྱ། གསུམ་པ་དུམ་བུ་གསུམ་ལས། དགེ་འདུན་ལ་སྐྱབས་སུ་མཆིའོ་ཡན་ཆད་སྐྱབས་བརྗོད་པ། བསྙེན་གནས་ཡན་ལག་བརྒྱད་པར་ཞེས་པ་བདག་བརྗོད་པ། བཙུན་པས་བཟུང་དུ་གསོལ་གཞན་བརྗོད་པ་ཡིན་པས་སྐྱབས་བརྗོད་བདག་བརྗོད་གཉིས་རྫོགས་རྗེས་ཁྱོད་ཀྱི་རྒྱུད་ལ་སྡོམ་པ་སྐྱེ། ངེད་སློབ་དཔོན་དུ་འགྱུར་བས་དེ་དུས་ཐོབ་ཤེས་བསྐྱེད་པ་དང་དེའི་ཚེ་ངེད་ཀྱང་སློབ་དཔོན་དུ་འགྱུར་བས་སློབ་དོན་ཞེས་བརྗོད་དགོས་པས་དེ་ཡིད་ལ་ཞོག་ལ་གསུམ་པའི་ཡང་རྗེས་ཟློས་གྱིས་བྱས་ལ་གསུམ་པ་དང་། ཐབས་ལེགས་གོང་བཞིན་བྱ། དེ་རྗེས་བསླབ་པ་བརྗོད་པ་ནི། དེས་བསྙེན་གནས་དུས་ཁྲིིམས་ཀྱི་སྡོམ་པ་ཐོབ་པ་ཡིན་ལ། དེ་ཐོབ་པས་མི་ཆོག་བསྲུང་དགོས་ཤིང་བསྲུང་ལུགས་དགྲ་བཅོམ་པ་རྣམས་ཀྱིས་སྤང་བྱ་བརྒྱད་པོ་ཡིད་ཀྱིས་སྤངས་ཏེ་ལུས་ངག་གིས་སླར་ལོག་པ་བཞིན་དུ་བདག་གིས་ཀྱང་དུས་བཟང་པོ་གསུམ་ལ་བསྙེན་གནས་ཀྱི་སྤང་བྱ་བརྒྱད་ཆར་གཏོགས་དང་བཅས་པ་ཡིད་ཀྱིས་སྤངས་ཏེ་ལུས་ངག་གི་སླར་ལྡོག་སྙམ་པ་དགོས་ཤིང་དེ་ལྟ་བུའི་བསླབ་པ་བརྗོད་པ་འདི་ལ་རྗེས་ཟློས་ལན་གསུམ་ངེས་པར་བྱ་དགོས་ཏེ། གནས་འཇོག་གི་མདོ་ལས། དེ་ལྟར་ལན་གཉིས་ལན་གསུམ་དུའོ། །ཞེས་འབྱུང་བས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་ཟླ་བ་བྱུང་ངོ་ཅོག་གི་ཉ་དང་། ཚེས་བརྒྱད། གནམ་སྟོང་ལ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོང་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ཟ་བ་ལས་སླར་ལོག་པ་དེ་བཞིན་དུ་ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ལན་གསུམ་སོང་ནས་ཐབས་ལེགས་གོང་བཞིན་བྱ། སྡོམས་ཚིག་ཏུ། གསོལ་བཏབ་སྡོམ་པ་དུས་ཁྲིམས་དབོག །ཅེས་གསུངས་པའི་སྡོམ་པ་གཏན་ཁྲིམས། དུས་ཁྲིམས་བསྙེན་གནས་དཔོག་ཅེས་པས་ཆོ་ག་དངོས་བསྟན་པའི་ཤུགས་ལས་བསླབ་བྱ་འབོགས་པ་ཡང་བསྟན་པས་དེའི་ཚུལ་ནི། དེ་ལྟར་གཏན་ཁྲིམས་དང་དུས་ཁྲིམས་ཀྱི་རང་བཞིན་ཅན་འཆལ་ཚུལ་གྱི་རྒྱུན་འགོག་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས་དེ་ལྟ་བུའི་བསྲུང་ཚུལ་ནི། སྤྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་བསླབ་བྱར། མདོ་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འཚོལ་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེགས་གཞན་ལ་ཕྱག་མི་བྱ། །ཞེས་དང་། སྐྱབས་འགྲོ་བདུན་ཅུ་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བའི། །དགེ་བསྙེན་ཉིད་དུ་དམ་བཅས་པས། །སྐྱབས་ནི་གསུམ་པོ་བསྲུང་བར་བྱ། །མུ་སྟེགས་ཀུན་ལ་གུས་པ་ཡིས། །མཆོད་དང་ཕྱག་འཚལ་མི་བྱའོ། །ཞེས་གསུངས་པ་ལྟར་བྱ་ཞིང་། སངས་རྒྱས་ལ་སྐྱབས་སོང་གི་བསླབ་བྱར་འཇིག་རྟེན་གྱི་ལྷ་སོགས་ལ་ཕྱག་མཆོད་མི་བྱ་ཞིང་ལྷ་རྟེན་གྱི་སར་སླེབས་ནའང་སེ་གོལ་གྱི་སྒྲས་སད་པར་བྱས་ཏེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་དང་། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་སོགས་ཀྱི་ཚིགས་བཅད་ཀྱི་སྒོ་ནས་ཆོས་བཤད་ལ་ཕན་གདགས། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་ཐུགས་རྟེན་གང་མཐོང་ཡང་གུས་པར་བྱ་ཞིང་ཐ་ན་བྱིས་པས་རྩེ་མོར་བྱས་པ་ལ་ཡང་རིམ་གྲོ་བསྐྱེད་དགོས་ཏེ། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་གསུངས་པའི་ཕྱིར། ཆོས་ལ་སྐྱབས་སོང་གི་བསླབ་བྱར་སེམས་ཅན་ལ་གནོད་འཚེ་སྤོང་། དམ་པའི་ཆོས་མི་སྤོང་ཞིང་ཐེག་པ་ཆེ་ཆུང་དྲང་ངེས་ཇི་ལྟར་སྣང་ཡང་བཟང་ངན་དུ་མི་བལྟ། ཆོས་སྨྲ་བ་ལ་བཀུར་སྟི་དང་ཅི་གསུང་བསྒྲུབ། དེས་བསྟན་པའི་དམ་པའི་ཆོས་ལ་ཐོས་བསམ་སྒོམ་པ་འཆད་ཉན་སོགས་ཅི་ནུས་སུ་བྱ་ཞིང་དེ་དག་གི་མི་མཐུན་ཕྱོགས་སྤོང་། གླེགས་བམ་ནས་ཡི་གེ་ཉིས་འབྲེལ་གྱི་བར་དུ་གུས་པས་བྱ་དགོས་ཏེ། སྤྱན་འདྲེན་རྒྱུད་གསུམ་པར། ཡི་གེ་ཉིས་འབྲེལ་དཀོན་མཆོག་གསུམ་གྱི་མཚན། །ཞེས་གསུངས་པའི་ཕྱིར། དགེ་འདུན་ལ་སྐྱབས་སོང་གི་བསླབ་བྱར། གྲོགས་མུ་སྟེགས་ཅན་དང་མི་འགྲོགས་། མི་བསྟེན། མི་བསྙེན། དགེ་འདུན་བཞིར་ལོངས་པ་ཡན་ཆད་དམ་རྒྱུན་ཞུགས་སོགས་འཕགས་པའི་གང་ཟག་གཅིག་ཡན་ཆོད་ལ་གུས་པའི་ལས་རྣམས་བྱ། ཚུལ་ཁྲིམས་འཆལ་བ་ལ་ཡང་མི་བརྙས་ཤིང་། གུས་པའི་སྒོ་ནས་དགེ་འདུན་རྗེས་སུ་དྲན་པ་བྱ་དགོས་ཏེ། སྟོན་པས། ང་ཡི་དགེ་སྦྱོང་ཚུལ་ཁྲིམས་འཆལ་གྱུར་ཀྱང་། །མུ་སྟེགས་ཕལ་པ་རྣམས་ཀྱི་དོ་མ་ཡིན། །ཞེས་གསུངས་པའི་ཕྱིར། ཐུན་མོང་དུ་སྐྱེས་བུ་དམ་པ་བསྟེན། དམ་པའི་ཆོས་ཉན་ཚུལ་བཞིན་ཡིད་ལ་བྱ། དམ་པའི་ཆོས་བསྒྲུབ། དབང་པོ་མི་རྒོད། སྡོམ་པ་ཅི་ནུས་སུ་ལེན། སེམས་ཅན་ལ་སྙིང་རྗེ་སྒོམ། དཀོན་མཆོག་མཆོད་པ་ལ་བརྩོན་པར་སློབ་བོ། །གཞན་ཡང་ཇོ་བོ་ཆེན་པོའི་བཞེད་སྲོལ། སྲོག་དང་བྱ་དགའི་ཕྱིར་དུ་དཀོན་མཆོག་གསུམ་མི་སྤང་བ་དང་། དགོས་གལ་ཇི་ལྟར་ཆེ་ཡང་སྐྱབས་འགྲོ་ལས་མོ་བོན་རྩིས་གསུམ་སོགས་ཀྱི་ཐབས་གཞན་མི་འཚོལ་བ་དང་། དུས་ཀྱི་མཆོད་པ་མི་གཅོག་པ་དང་། རང་གཞན་ཐམས་ཅད་སྐྱབས་འགྲོའི་ལམ་ལ་འགོད་པ་དང་། གར་འགྲོ་ཡང་ཕྱོགས་དེའི་སངས་རྒྱས་ལ་ཕྱག་འཚལ་ཞིང་གུས་པའི་སྒོ་ནས་འགྲོ་བ་དང་ལྔ་ཡིན་ཏེ། པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་ལས། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤང་། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང་། །དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། །གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ། །ལྔ་རྣམས་ཐུན་མོང་བསླབ་བྱར་ཇོ་བོ་བཞེད། །ཅེས་གསུངས་པའི་ཕྱིར། མདོར་ན་དེ་ལྟ་བུའི་བསླབ་བྱ་གཙོ་བོ་ཉམས་པ་དང་། ལོག་ལྟ་སྐྱེས་པ་དང་། ཐར་པ་མི་འདོད་པ་དང་། སྨྲ་ཤེས་དོན་གོའི་མིའི་དྲུང་དུ་སྐྱབས་འགྲོ་གཏོང་འདོད་ཀྱི་བསམ་པས་དཀོན་མཆོག་གསུམ་འབུལ་ལོ། །བདག་ལྷ་གཞན་ལ་བརྟེན་པར་བཟུང་དུ་གསོལ། །བདག་མུ་སྟེགས་ཅན་དུ་བཟུང་དུ་གསོལ་ཞེས་པ་ལྟ་བུར་ཕུལ་བ་དང་། ཤི་འཕོས་ན་གཏོང་བས་ཤི་ན་མ་གཏོགས་གཞན་གཏོང་རྒྱུ་སྔ་མ་རྣམས་ཀྱི་སྒོ་ནས་བཏང་ན་དགེ་བའི་བཤེས་གཉེན་གྱི་དྲུང་དུ་བཤགས་ལ་སླར་བླང་ངོ་། །དེ་ལྟར་སྐྱབས་སོང་གི་ཕན་ཡོན་བསམ་ལས་འདས་ཞིང་། མདོར་བསྡུ་ན་ནང་པ་སངས་རྒྱས་པའི་ལུགས་ཀྱི་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སོང་ཁོ་ན་ལས་བྱུང་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྣ་ཚོགས་འཇིག་འགྱུར་འཇིག་ཚོགས་ཀུན་དང་ཐེག་པ་དང་། །ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས། །སྐྱེ་དང་འཆི་བ་ཉོན་མོངས་ལས་རྣམས་ཀུན་ལས་བསྲུང་། །ཞེས་གསུངས་པའི་ཕྱིར་གཏན་ཁྲིམས་ཀྱི་བསླབ་བྱར་མི་དགེ་བ་བཅུ་སྤོང་ཞིང་། དེའི་ལྡོག་པ་དགེ་བཅུ་ཅི་ནུས་སུ་སྒྲུབ་ཚུལ་ཤེས་པར་སླ་མོད། འོན་ཀྱང་འོག་ཏུ་ལམ་འཁྱེར་སྐབས་ཅུང་ཟད་འཆད་ལ། དེ་ཡང་སྲོག་གཅོད་ནི་མི་གསོད་པ། མ་བྱིན་ལེན་ནི་ཀཪྴ་པ་ཎི་བཞི་ཆར་ཚང་བ་བརྐུ་བ། རྫུན་ནི་མི་ཆོས་བླ་མའི་རྫུན་སྨྲ། མི་ཚངས་སྤྱོད་ནི་ལོག་གཡེམ་སྟེ་བཞི་ལས། ཉམས་ན་བཤགས་པ་སྔོན་དུ་འགྲོ་བས་བསྐྱར་ལ་བླངས། སྐྱབས་འགྲོའི་བསླབ་བྱ་ཕྲ་མོ་ལས་འདས་པ་དང་། མི་མ་ཡིན་གསོད་པ་སོགས་ཀྱིས་མཚོན་པའི་ཅུང་ཟད་ཕྲ་བ་བཞི་བྱས་ན་ཉེས་པ་དེ་དང་རིགས་མཐུན་མ་བྱུང་བ་གཅིག་ལ་བཤགས། མི་དགེ་བ་གཞན་དྲུག་པོ་བླངས་པའི་ཕྱོགས་མཐུན་ཡིན་པས་སྡམ་དགོས། རྩ་བ་བཞི་དུག་གསུམ་གང་རུང་གི་སྦྱོར་བས་ཁྱད་མེད་ལ། སྲོག་གཅོད་ཞེ་སྡང་གིས་མཐར་ཕྱིན་པས་དེ་དང་ཕྱོགས་མཐུན་ཚིག་རྩུབ་གནོད་སེམས་མ་སྦྱིན་ལེན་ནོ། །འདོད་ལོག་འདོད་ཆགས་ཀྱིས་མཐར་ཕྱིན་པར་བྱེད་པས་ཕྱོགས་མཐུན་བརྣབ་སེམས་སོ། །རྫུན་དུག་གསུམ་གང་རུང་གིས་ཐར་ཕྱིན་པར་བྱེད་པས་ཕྱོགས་མཐུན་ཕྲ་མ་ཚིག་འཁྱལ་ལོ། །དེ་རྣམས་དང་སྐྱབས་འགྲོ་ལ་ཡང་དག་ལྟ་བ་དགོས་པས་ཕྱོགས་མཐུན་ལོག་ལྟ་རྣམས་ངེས་པར་བསྡམ་པར་བྱ་དགོས། དེ་ལྟར་བསླབ་པའི་གཞི་མང་པོའི་སྲུང་སྡོམ་ལ་འཇིགས་ཏེ་སྡོམ་པ་མི་ལེན་པ་རྣམས་འཇུག་པའི་དོན་དུ་ཕལ་ཆེར་སྤྱོད་པ་རྩ་བཞི་འཛིན་པའི་དགེ་བསྙེན་ཞེས་གསུངས་ཀྱང་དོན་དུ་མི་དགེ་བཅུ་པོ་ཐམས་ཅད་བསྲུང་དགོས་པས་ལྡོག་པ་དགེ་བཅུ་སྒྲུབ་པར་ཤུགས་ཀྱིས་བསྟན་ཏེ། འདིར་རང་ལུགས་གཏན་ཁྲིམས་སུ་འདོད་པའི་རྒྱུ་མཚན་ཡང་སངས་རྒྱས་པའི་གྲུབ་མཐར་འཇུག་པའི་རྩ་བ་ཡིན་པའི་ཕྱིར་ན་དེ་ལྟར་དུ་འདོད། དེ་དག་ཀྱང་གོང་གི་སྐྱབས་སྡོམ་འབུལ་བས་མཚོན་ཏེ་བསླབ་པ་ཕུལ་བ་དང་། ཤི་འཕོས་པ་དང་། མ་ནིང་དུ་གྱུར་པ་དང་། ལོག་ལྟས་དགེ་རྩ་ཆད་པ་དང་། རྩ་བ་བཞི་རགས་སྡོམ་དངོས་གཞི་རྫོགས་ན་གཏོང་བས། ཤི་འཕོས་དང་མ་ནིང་གཉིས་མ་གཏོགས་གཞན་རྣམས་ལ་བཤགས་སྡོམ་བྱས་ལ་བསྐྱར་ཏེ་བླང་དགོས་ཏེ། སྡོམ་པ་སླར་ཡང་བླང་བར་བྱ། །དེ་འདྲའི་གང་ཟག་ཉིད་ལས་སོ། །ཞེས་གསུངས་པའི་ཕྱིར་ལྟུང་བ་བྱུང་ན་ལས་སྒྲིབ་སྦྱང་དོན་དུ་ཕུང་པོ་གསུམ་པའི་མདོ་དང་། འཕགས་པ་སྒོ་དྲུག་པའི་གཟུངས་ཉིན་མཚན་གྱི་དུས་མཚམས་དྲུག་ཏུ་འདོན་དགོས་ཏེ། རྩ་བར། རྩ་བ་ཡན་ལག་ཀྱང་གང་ཐུབ་པ་བསྲུང་ཞིང་བླང་དུ་རུང་ལ་དུས་ཀྱང་ཉ་སྟོང་བརྒྱད་གསུམ་གའམ་རེ་རེའང་རུང་ངོ་། །དེ་ཡང་རྩ་བ་ཉམས་ན་གཞི་ནས་བསྐྱར། ཡན་ལག་ཉམས་པ་བཤགས་པས་འདག་གོ། །སྦྱོར་དངོས་རྗེས་བསམ་པ་བཞི་ལས་རྗེས་མ་ཚང་ན་ཉེས་པ་ན་སྨད་པ་ཞེས་པའོ། །ཞེས་གསུངས་པའི་ཕྱིར། དེའི་སྟེང་དུ་ཐོས་བསམ་སྒོམ་གསུམ་དང་སྦྱིན་སོགས་ཅི་ནུས་ཀྱིས་འབད་པར་བྱ་དགོས། དུས་ཁྲིམས་བསྙེན་གནས་ཡན་ལག་བརྒྱད་པའི་བསླབ་བྱར་གང་ཟག་ཐ་མ་འདོད་པ་དང་ཉེས་སྤྱོད་གཉིས་ཀ་ལས་དབེན་པར་སྤྱོད་མི་ནུས་པའི་རིགས་ཅན་དེ་དབེན་པ་གཉིས་ལ་སྦྱར་བའི་དོན་དུ་གསུངས་ཤིང་། དགྲ་བཅོམ་པ་དང་ཉེ་བར་གནས་བྱེད་ཀྱི་ཕྱིར། ཇི་སྲིད་འཚོ་བ་པའི་སྡོམ་པ་གཏན་ཁྲིམས་དང་ཉེ་བར་གནས་བྱེད་ཀྱི་ཕྱིར་ན་སྤང་བྱ་ཡན་ལག་བརྒྱད་སྤོང་བར་ཁས་ལེན་དགོས་ལ། ཡན་ལག་བརྒྱད་ནི་རྩ་བ་བཞི་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི། ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག །མལ་ཆེ་མཐོ་གཉིས་གཅིག་ཏུ་བསྡོམས། གར་སོགས་ཕྲེང་སོགས་གཅིག་ཏུ་བསྡོམས། ཕྱི་དྲོའི་ཁ་ཟས་ཏེ་འདི་གསུམ་བརྟུལ་ཞུགས་ཀྱི་ཡན་ལག་དང་བརྒྱད་ཡིན་ཏེ། པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་ལས། རྩ་བཞི་སྤོང་བ་ཚུལ་ཁྲིམས་ཡན་ལག་བཞི། །ཆང་སྤོང་བག་ཡོད་ཡན་ལག་མལ་ཆེ་མཐོ། །གར་ཕྲེང་ལ་སོགས་ཕྱི་དྲོའི་ཁ་ཟས་གསུམ། །བརྟུལ་ཞུགས་ཡན་ལག་བསྙེན་གནས་སྡོམ་པ་ཡིན། །ཞེས་གསུངས་པའི་ཕྱིར་མདོར་ན་གཞན་ལ་གནོད་པ་སྤངས་པའི་ཡན་ལག་ཏུ་སྲོག་གཅོད་དང་མ་བྱིན་ལེན། རང་གཞན་གཉིས་ཀ་ལ་གནོད་པ་སྤང་བའི་ཡན་ལག་ཏུ་འཁྲིག་པའི་ཆོས། ཉམས་པ་ཕྱིར་གསོ་བའི་ཡན་ལག་ཏུ་རྫུན ། དྲན་པ་མི་རྨོངས་པའི་ཡན་ལག་ཏུ་ཆང་། མི་ཉམས་པ་དྲན་ཤེས་བརྟན་པའི་ཡན་ལག་ཏུ་གར་སོགས་ཕྲེང་སོགས། ཁྲི་སྟན་ཆེ་མཐོ། དུས་མིན་གྱི་ཁ་ཟས་རྣམས་སྤོང་དགོས་ཤིང་། དགེ་ཚུལ་ལ་གར་སོགས་ཕྲེང་སོགས་ཐ་དད་དུ་བྱེད་ཀྱང་། འདིར་གཅིག་ཏུ་བྱེད་པའི་རྒྱུ་མཚན་རབ་བྱུང་ལ་རྩེད་མོ། །ཆས་སྒེག་དང་། བསོག་འཇོག་གཉིས་ཚུལ་དང་མི་མཐུན་པས་ཐ་དད་དུ་བྱས་ཞིང་། འདས་ན་ལྟུང་བ་གཉིས་བཤགས་དགོས། བསོགས་འཇོག་གི་རྩ་བ་གསེར་དངུལ་ལེན་པ་ཡིན་པས་དེ་ཡང་སྤང་དགོས། ཁྱིམ་པ་ལ་དེ་ལྟར་མ་ཡིན་པས་གསེར་དངུལ་ལེན་པ་མ་བཀག་ཅིང་གར་སོགས་ལས་འདས་ཀྱང་ལྟུང་བ་གཅིག་བཤགས་པས་ཆོག་པར་བསྟན་པའི་དོན་དུ་དེ་ལྟར་ཡིན། གསེར་དངུལ་ལེན་པ་ཡང་སྤོང་བར་འདོད་ན་སྤངས་ལ་གོང་གི་བསླབ་བྱ་བརྗོད་པའི་སྐབས་སུ་དེ་ལྟར་ཁས་ལེན་དགོས་ཤིང་། རྩ་བར། ཡང་ན་ཡན་ལག་བཅུ་པ་ལ་ཁྲི་སྟན་མཐོན་པོ་དང་། གསེར་དངུལ་ལེན་པའོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་བསྙེན་གནས་ཡན་ལག་བཅུ་པ་ཟེར་བ་ཀུན་ལ་མ་གྲགས་ཤིང་། ཁྲི་སྟན་མཐོན་པོ་ནི་བརྟུལ་ཞུགས་ཀྱི་ཡན་ལག་མལ་ཆེ་མཐོ་ཚང་བས་ཟུར་དུ་མི་དགོས་ལ། གསེར་དངུལ་ལེན་པ་སྤོང་བ་ཡང་དོན་ལ་བརྟུལ་ཞུགས་ཀྱི་ཡན་ལག་ཁོ་ནར་འགྲོའམ་སྙམ་ཞིང་། དེ་ལྟར་ན་དགེ་ཚུལ་དང་ཟློས་སྐྱོན་དུ་འདུག་ཅིང་། རྩ་བའི་ཚིག་རིགས་ལ་འདུལ་བ་མི་ཤེས་པ་འདྲས་བསྲེ་ལྷད་ཀྱི་སྐྱོན་ཡིན་འདྲ་ཟད། ཡན་ལག་བརྒྱད་པ་ཁོ་ན་ཀླན་ཀ་ཉུང་ཞིང་ལེགས་པར་མངོན་པར་དེ་ལྟར་བྱ། དེ་དག་ལེན་ཚུལ་གོང་དུ་ལེགས་པར་བཤད་ཟིན་པ་ལྟར་མ་འདྲེས་པར་ཤེས་དགོས། དེ་ལྟར་ལེན་པའི་ཆོ་ག་འདི་ཚིག་རིགས་ཡོངས་གྲགས་དང་མ་མཐུན་ཡང་སྔ་འགྱུར་བཀའ་མའི་རང་ལུགས་ཡིན་པས་བྱིན་རླབས་དང་ལྡན་ཕྱིར་ལེགས་ཤིང་། སླར་དུས་བཟང་གསུམ་ལ་སྡོམ་པ་ལེན་པའི་ཚེ་ཆོ་ག་རིགས་འདི་ལྟར་བྱུང་ན་རབ། དེ་མིན་ཉན་ཐོས་ཀྱི་ཆོ་གར་འབྱུང་རྒྱུའི་ཐེག་པ་ཆེན་པོའི་གསོ་སྦྱོང་ངམ། ཡང་ན་སྤྱི་ལྟར་བླངས་ཀྱང་འགལ་བ་མེད། སྐྱབས་འགྲོ་ནས་སྲོག་གཅོད་སྤོང་བ་སྣ་གཅིག་སྤྱོད་པའི་དགེ་བསྙེན་སོགས་དེའི་རིགས་འགྲེས་ཀྱི་རང་གང་འདོད་རེ་ལེན་ཚེ་ཆོ་ག་ཁ་སྤོས་པས་འགྲུབ། སྤྱིར་བསྟན་དུ་དུས་བཟང་གསུམ་ལ་བསྙེན་གནས་སྲུང་བར་ཁས་བླངས་པས་ནམ་འཚོའི་བར་དུས་བཟང་གསུམ་ལ་ངེས་པར་ལེན་དགོས་ཀྱང་དམིགས་གསལ་དེ་གསུམ་གང་རུང་ལ་བླངས་ཀྱང་མི་འགལ་ཏེ། རྩ་བར། རྩ་བ་ཡན་ལག་ཀྱང་གང་ཐུབ་པ་སྲུང་ཞིང་བླང་དུ་རུང་ལ་དུས་ཀྱང་ཉ་སྟོང་བརྒྱད་གསུམ་ཀའམ་རེ་རེའང་རུང་ངོ་། །ཞེས་གསུངས་པའི་ཕྱིར། མདོར་ན་འཕྲལ་ཡུན་གྱི་བླང་དོར་མཐའ་དག་ལ་ལེགས་པར་འབད་དགོས་སོ། །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམས་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་བསྒྲུབ་བྱ་ལ་མེ་ཏོག་གཏོར་རོ། །ཞར་བྱུང་རྩོད་པ་སྤང་བ་ནི། རབ་དབྱེར་། ཉ་དང་གནམ་སྟོང་ཚེས་བརྒྱད་ལ། །ལྷ་སྒོམ་ཐ་དད་མ་བྱས་ན། །བསྙེན་གནས་སྲུང་དུ་མི་འདོད་ཟེར། །འདི་ཡང་རེ་ཞིག་བརྟག་པར་བྱ། །ཞེས་གསུངས་པ་རང་ལུགས་ཉའི་ལྷ་འོད་དཔག་མེད། གནམ་སྟོང་གི་ལྷ་ཤཱཀ་ཐུབ། ཚེས་བརྒྱད་སྨན་བླར་བཤད་པས་ཕྱོགས་སྔར་མཛད་དམ་སྙམ་ན་མ་ཡིན་ཏེ། ཀུན་མཁྱེན་བསོད་ནམས་སེང་གེས། དེའི་ཕྱོགས་སྔ་བཀའ་གདམས་བྱ་ཡུལ་བར་ངོས་བཟུང་ཞིང་། རང་ལུགས་ནི། དེ་ཉིད་ལས། འོན་ཀྱང་གསང་སྔགས་ལུགས་བྱེད་ན། །ཡི་དམ་བསྒོམས་པ་བསོད་ནམས་ཆེ། །ཐེག་པ་ཆེན་པོ་ལས་བྱུང་བའི། །སོ་སོར་ཐར་པ་བཤད་ཀྱིས་ཉོན། །ཞེས་གསུངས་པ་ལྟར་ཉ་སྟོང་བརྒྱད་གསུམ་སངས་རྒྱས་དེ་གསུམ་གྱིས་བྱིན་གྱིས་བརླབས་པའི་དུས་ཆེན་ལ། བསྙེན་གནས་བསྲུང་པའི་སྟེང་སྔགས་ལུགས་ལྟར་ལྷ་དེ་གསུམ་བསྒོམ་ཞིང་བཟླས་པ་བྱེད་པའམ། ཡང་ན་གཞན་གང་ཡང་རུང་བའི་བསྒོམ་བཟླས་བགྱིས་ན་ཕན་ཡོན་ཆེ་བར་གསུངས་པས་ཐེག་ཆེན་སོ་ཐར་གྱི་ལུགས་ཡིན་པར་རྩོད་པ་མེད། འོན་ཀྱང་དུས་བཟང་གསུམ་ལ་བསྙེན་གནས་བསྲུང་ཕྱིན་ལྷ་མ་བསྒོམ་ཀྱང་ཆོག་ཅིང་དུས་བཟང་གསུམ་ལ་སངས་རྒྱས་གསུམ་གྱི་སྨོན་ལམ་གྱི་མཐུས་ཕན་ཡོན་འབྱུང་བར་རང་ལུགས་དྲི་མ་མེད་པའི་གཞུང་འདི་ཁོ་ན་ལས་གསུངས་ཏེ། སྟོང་ལ་བསྙེན་གནས་བསྲུངས་པས་ཐུབ་པའི་སྨོན་ལམ་གྱི་མཐུ་ལས་མུ་གེའི་བསྐལ་པ་ལས་ཐར་བ་དང་། ཉ་ལ་བསྙེན་གནས་བསྲུངས་པས་སྣང་བ་མཐའ་ཡས་ཀྱི་སྨོན་ལམ་གྱི་མཐུ་ལས་མཚོན་གྱི་བསྐལ་པ་ལས་ཐར་པ་དང་། ཚེས་བརྒྱད་ལ་བསྙེན་གནས་བསྲུངས་པས་སྨན་བླའི་སྨོན་ལམ་གྱི་མཐུས་ལས་རྨི་ལམ་མཚན་ངན། མ་ངེས་ཐེ་ཚོམ། ཡིད་གཉིས། ནད་ཀྱི་བསྐལ་པ་ལས་ཐར་བར་གསུངས་པའི་ཕྱིར་ན་བསྙེན་གནས་བསྲུངས་པ་ཁོ་ནས་ཕན་ཡོན་འབྱུང་ཞིང་བསྒོམ་བཟླས་མ་བྱས་ན་བསྙེན་གནས་ཉམས་པར་མ་གསུངས་ཤིང་། རབ་དབྱེར། དེས་ན་ལྷ་སྒོམ་མ་བྱས་ཀྱང་། །བསྙེན་གནས་ཉམས་པར་འགྱུར་བ་མེད། །ཅེས་གསུངས་པ་དང་མཐུན། འདི་ལ་པཎ་ཆེན་གསེར་མདོག་ཅན་པ་ཤཱཀྱ་མཆོག་ལྡན་གྱིས། གསང་སྔགས་ལུགས་ཀྱི་བསྙེན་གནས་ལ། །ཡི་དམ་སྒོམ་པ་མཆོག་ཡིན་ན། །ལྷ་དེ་བདག་མདུན་གང་ཡིན་བརྟག །བདག་བསྐྱེད་ཡིན་ན་བྱ་རྒྱུད་ཀྱི། །རང་རྐང་བདག་བསྐྱེད་མེད་དེ་ཅི། །མདུན་བསྐྱེད་ཡིན་ན་རྣམ་རྒྱལ་སོགས། །མ་བསྐྱེད་གོང་དུ་གསོ་སྦྱོང་གི། །སྡོམ་པ་ལེན་པར་མཛད་དེ་ཅི། །ཞེས་དྲིས་པར། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས། གཞུང་གི་དགོངས་པ་མ་ལོན་པ་དང་། དྲི་བ་ཐུག་མེད་དུ་འགྱུར་བ་དང་། མཐའ་གཉིས་ལ་སྐྱོན་བརྗོད་པ་མི་འཐད་པ་གསུམ་གྱིས་རྩོད་པ་ཟློག་ཟིན་ཀྱང་། ཞྭ་དཔེ་ལྷྭམ་བཀབ་ཀྱི་འདིར་ཡང་དེ་འདྲའི་རྩོད་པ་འབྱུང་སྲིད་པས་རྩོད་པར་འདོད་པ་རྣམས་དྲི་ལན་སྡོམ་གསུམ་འཁྲུལ་སྤོང་དུ་གཟིགས་ཤིག །པཎ་ཆེན་གསེར་མདོག་ཅན་པ་མཁས་གྲུབ་ཚད་མ་ཡིན་འདྲ་ཡང་རྟོག་གེ་བ་རྒན་པོ་སྔགས་ལམ་ལ་ཞུགས་མ་ཐག་པ་ཀུན་གཞི་བདེན་གྲུབ་ཀྱི་ང་རྒྱལ་བརྟན་པོ་འཛིན་པའི་རང་མདངས་ཀྱི་གསང་སྔགས་ལ་རྟོག་དཔྱོད་མང་ཞིང་། ལྷག་པར་དགེ་སློང་གིས་ཐེག་ཆེན་གསོ་སྦྱོང་བླངས་ན་བསྙེན་རྫོགས་ཀྱི་སྡོམ་པ་འཇིག་ཅེས་པ་གདུལ་བྱའི་རྒྱུད་ཀྱི་ཉམས་ལེན་རྒྱུན་གཅོད་པ་ནན་ཏར་མི་རིགས་པར་མཐོང་ཞིང་། དེ་ལ་ཀུན་མཁྱེན་བསོད་ནམས་སེང་གེས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཞེས་སོགས་ཀྱིས་དགོས་པ་རྒྱ་ཆེན་པོ་ཡིན་ཚུལ་དང་། དགོས་པ་དེ་ལྟར་ན་སེམས་བསྐྱེད་ལན་ཅིག་ཐོབ་ནས་སླར་ནོས་པ་དགོས་པ་མེད་ཚུལ། བླ་མེད་ཀྱི་དབང་ཐོབ་ཅིང་སྡོམ་པ་ལ་གནས་པའི་སྔགས་པས་རྒྱུད་སྡེ་འོག་མའི་དབང་བསྐུར་ནོད་པའི་ཚེ་བླ་མེད་ཀྱི་སྔགས་སྡོམ་འཇིག་ཚུལ་སོགས་རིག་པས་དགགས་པ་ལ་རྗེས་སུ་ཡི་རང་ལན་བརྒྱར་འཕེལ། གསེར་མདོག་ཅན་པའི་དགོངས་བཞེད་ཆོས་དབྱིངས་བསྔོས་རྒྱུའི་དགེ་རྩར་སྒྲུབ་བཞེད་དང་། དཀར་ནག་ཟང་ཐལ་དུ་བཞེད་འདོད་དང་། བྱིན་རླབས་སྨིན་བྱེད་ཀྱི་སྐོར་བཞེད་པ་དང་། ཕྱག་རྒྱ་ཆེན་པོའི་སྒྲ་དོན་ལག་པའི་སྒྲ་དོན་དུ་སྒྲུབ་གྲོགས་མཛད་པ་ཏིལླི་ཏེ་ལོར་བསྒྲུབ་པ་དང་། ནཱ་རོ་ཏ་པའི་བཞེད་ལུགས་སོགས་མང་བས། རྗེ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་མཁྱེན་བརྩེ་ནུས་པ་ཟང་ཟིང་དང་བཅས་པའི་བྱིན་རླབས་ཀྱིས་ས་སྐྱ་པའི་གྲུབ་མཐའ་དགོངས་པའི་ཕུགས་སུ་མི་བཞེད་འདྲ་ཞིང་། འོན་ཀྱང་གསེར་མདོག་ཅན་པས་གྲུབ་མཐའ་ས་ཀར་གང་མཛད་ཀྱང་རང་རང་གི་སྔོན་གྱི་སྨོན་ལམ་བཙན་པ་མ་གཏོགས་རང་ལུགས་ལ་མ་ལྟོས་ཀྱང་གསེར་ཐུར་དུ་ས་ལུགས་ཀྱི་ཞར་ལ་རྙིང་མར་ཡང་འབྲི་གུང་དཔལ་འཛིན་གྱིས་རང་བཟོའི་དགག་སྒྲུབ་སྣ་ཚོགས་བྱས་པའི་ངང་བགྲོས་བསྐྱར་ཟློས་མཛད་དེ། སྔར་འགྱུར་གྱི་བསྟན་པ་རིན་པོ་ཆེར་གནོད་པ་བྱུང་བ་ལ་བྱ་བ་སྐལ་བཟང་ཆོས་རྗེ་དང་། མངའ་རིས་པཎྜི་ཏ་པདྨ་དབང་རྒྱལ་སོགས་ཀྱང་ཕྱོགས་འདི་ལ་ཤིན་ཏུ་མི་འཐད་པའི་ཚུལ་གྱི་གསུང་ཐོར་བུ་བ་འདྲ་སྣང་བས་རང་གཞན་གྱི་རིག་པ་རྣོན་པོར་རློམ་པ་འགའ་ལུགས་འདིའི་རྗེས་སུ་འབྲངས་ཏེ་ལོག་པར་རྟོག་པར་མི་བྱ་ཞིང་། ཁྱད་པར་ཐེག་ཆེན་གསོ་སྦྱོང་རྟེན་ལས་ལེན་པར་བདག་མདུན་གང་ཡིན་བརྟག་པ་མི་དགོས་ཀྱང་དོགས་པ་ཟ་བ་དང་། དགེ་སློང་གི་སྡོམ་པ་རྒྱུད་ལྡན་གྱི་གང་ཟག་གིས་ཐེག་ཆེན་སེམས་བསྐྱེད་ཀྱིས་ཀུན་ནས་སླངས་ཏེ་ཐེག་ཆེན་གསོ་སྦྱོང་བྱས་པར་སྡོམ་པ་སྔ་མ་ལ་ཐོ་རེག་གང་ཡང་མི་ཡོང་ཞིང་། བྱ་སྤྱོད་སོགས་རྒྱུད་སྡེ་འོག་མའི་ཆོ་ག་སྒྲུབ་པ་ལ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་པའི་ཐབས་ལ་དགོས་མེད་ཐེ་ཚོམ་གྱིས་གསོ་སྦྱོང་འདོར་བ་སོགས་ཏི་ཐུག་རིགས་འགྲེ་ནམ་ཡང་མི་མཛད་པར་སྙིང་ནས་གདམས་པ་འདི་ལ། བདེན་རྫུན་ཕྱོགས་སུ་མ་ལྷུངས་པའི་མཁས་གྲུབ་ཚད་མ་རྣམས་ཀྱིས་དཔྱད་པར་ཞུ། དེས་འཇིག་རྟེན་ལྷ་མིའི་ཐེག་པའི་འཇུག་སྒོ་ཚར་ནས་དབང་དངོས་ལ། རྩ་བར། ཉི་ཤུ་པ་ཆོས་བཤད་པ་ནི་ལྷ་འདི་རྣམས་ནི་ལྷ་ཀུན་གྱི་ཕྱི་མོ་ཡིན་པས་དམ་ཚིག་པ་ལ་མཐོ་རིས་དང་། མི་དགེ་བ་ལས་ངན་འགྲོ་དང་། མི་གཡོ་བའི་ལས་ཀྱི་ཁམས་གོང་མ་དང་། དཀོན་མཆོག་གསུམ་ལ་དད་པས་ཆོས་ཀྱི་རྒྱལ་པོ་ཐོབ་བོ། །ཞེས་གསུངས་པའི་དོན་དབང་དངོས་ལ་འཇུག་པར་བྱེད་པ་ལ། བུམ་དབང་སོགས་ལྷ་མིའི་མཐོ་རིས་ཀྱི་ཆས་སུ་འཇུག་པའི་དབང་། ཡི་གེའི་དབང་ལ་གཉིས་ཏེ། རྒྱ་ཡིག་དབྱངས་གསལ་གྱི་དབང་དང་། བོད་ཡིག་ཀ་ཁའི་དབང་། ལྷ་དབང་དང་བཞིར་ཡོད་པ་ལས། ལྷ་དབང་ཡི་གེའི་དབང་སོགས་ཐེག་པ་ཀུན་གྱི་ཕྱི་མོ་ཡིན་པས་དབང་དེ་རྣམས་ཐོབ་ཅིག་དམ་ཚིག་ལ་གནས་ན་མཐོ་རིས་དང་། མི་དགེ་བ་སྤྱད་ན་ངན་སོང་། མི་གཡོ་བའི་ལས་ཀྱིས་ཁམས་གོང་མ་དང་། དཀོན་མཆོག་གསུམ་ལ་དད་པས་ཆོས་ཀྱི་རྒྱལ་པོ་ཐོབ་པའི་རྒྱུ་བྱེད་པས་ན་མི་དགེ་སྤོང་ཞིང་དགེ་བ་ལ་ནན་ཏན་བྱ་དགོས་ཞེས་སྤྲོ་བ་བསྐྱེད་པའོ། །རྩ་བར། ཉེར་གཅིག་པ་ཀ་ཁ་བུམ་པའི་དབང་ནི། རྒྱ་ཡིག་དང་བོད་ཡིག་ཆ་གཉིས་སུ་བྱུང་བའི་རྒྱ་ཡིག་ཀུན་བཟང་། བོད་ཡིག་ཐུབ་པ་རང་དང་བུམ་པ་ཙཀླི་ལ་ཐིམ། བླ་མ་དང་ཙཀླི་ལས་མར་མེ་གཅིག་ལས་གཉིས་ཆད་ལྟ་བུ་བྱུང་། སློབ་མ་ལ་ཐིམ་པས་དགོས་འདོད་ཐམས་ཅད་འབྱུང་བར་བསམ་ཞིང་རིམ་པས་ཐོགས་ཏེ། ཞེས་གསུངས་པས་དེའི་དོན་ནི། ཁྱེད་རང་རྣམས་ཐ་མལ་པར་བལྟ་བས་དབང་བསྐུར་ཡང་མི་ཆགས་ཏེ། སེང་གེའི་འོ་མ་སྣོད་ངན་དུ་བླུག་པ་དང་མཚུངས་པའི་ཕྱིར་ན་རང་གི་ལྷག་པའི་ལྷ་གང་ཡང་རུང་བའམ་རྣམ་པར་སྣང་མཛད་ལྟ་བུའི་ང་རྒྱལ་འཛིན་དགོས་ཤིང་། དེའི་ངང་ནས་ཕྱོགས་བཅུའི་བདེ་བར་གཤེགས་པའི་བྱིན་རླབས་ཐམས་ཅད་རྒྱ་ཡིག་དང་བོད་ཡིག་གི་རྣམ་པར་བྱོན་ཏེ། དེ་ཡང་དབྱངས་གསལ་རྒྱ་ཡིག་གི་རྣམ་པ་ཀུན་བཟང་དང་། ཀ་ཁ་བོད་ཡིག་གི་རྣམ་པ་ཐུབ་པར་བྱས་ཏེ། བླ་མ་དང་བུམ་པ་དབང་རྟེན་གྱི་ཙཀླི་རྣམས་ལ་ཐིམ་དབང་རྣམས་བསྐུར་བའི་ཚེ། དབང་རྫས་སོ་སོ་བླ་མ་དང་དབང་རྟེན་ལས་མར་མེ་གཅིག་ལས་གཉིས་ཆད་ལྟ་བུར་བྱུང་སྟེ། ཁྱེད་རང་རྣམས་ལ་ཐིམ་པས་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་སྒོམ་མཛོད། གཞུང་དུ་ཐོག་མར་ཅོད་པན་བྱུང་ཡང་། འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡབ་སྲས་ཀྱི་བླ་དཔེར། ཐོག་མར་རྣམ་རྒྱལ་བུམ་པས་དབང་བསྐུར་ཞིང་རིགས་བདག་གིས་རྒྱས་གདབ་པའི་ཚུལ་དུ་ཅོད་པན་གྱིས་དབང་བསྐུར་བར་གསུངས་པ་ལྟར་སློབ་དཔོན་གྱི་བུམ་པ་ཐོགས་ལ། བུམ་པ་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལྷ་ལྔ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་རྒྱུན་གྱིས་སློབ་བུ་ལ་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་། ལས་ཉོན་བག་ཆགས་ཀྱི་དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའི་མོས་པ་མཛོད། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས། རིགས་ཀྱི་བུ་ལ་བུམ་རྫས་ཆུའི་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་ཐམས་ཅད་བྱང་ཞིང་དག་པའི་དབང་ཐོབ་པར་གྱུར་ཅིག །ༀ་བུདྡྷ་བཻ་རོ་ཙ་ན་ༀ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་དོ། །རིགས་བདག་རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔས་དབང་བསྐུར་བའི་མོས་པ་མཛོད། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བས་རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ཡང་སྔོན་བདག་ཅག་གི་སྟོན་པ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་པའི་ཚུལ་བསྟན་པ འི་ཚེ་ཡུམ་གྱི་ཕྱག་གིས་སེམས་ཅན་ནད་པ་གང་ལ་རེག་པའམ་རྩ་ཉག་གཅིག་སྦྱིན་པས་ཀྱང་ཐམས་ཅད་ནད་མེད་ཅིང་བདེ་བ་དང་ལྡན་པར་གྱུར་པ་དེ་བཞིན་དུ། འདིར་ཡང་ཡུམ་གྱི་ཕྱག་གི་དབང་བསྐུར་བས་ཡོན་ཏན་དེ་ལྟ་བུའི་དབང་ཐོབ་པའི་མོས་པ་མཛོད། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་ཡུམ་གྱི་ཕྱག་གིས་རེག་ཅིང་དབང་བསྐུར་བས་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །གཞོན་ནུ་དོན་ཐམས་ཅད་གྲུབ་པ་ལྷུམས་སུ་ཞུགས་པའི་ཚེ་གངས་རིའི་ངོས་ནས་སེང་གེའི་ཕྲུ་གུ་ཟུང་ཞིག་བྱུང་སྟེ། སེར་སྐྱའི་གྲོང་ཁྱེར་ལ་བསྐོར་བ་བྱེད་པའི་དགེ་མཚན་བཟང་པོ་ལྟར་སེང་གེའི་ཕྲུག་གུ་ཟུང་ཞིག་གི་དབང་བསྐུར་བས་རྒོལ་བ་འཇོམས་པའི་རྟེན་འབྱུང་གི་དབང་ཐོབ་པའི་མོས་པ་མཛོད། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་སེང་ཕྲུག་ཟུང་གཅིག་གི་དབང་བསྐུར་བས་རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་དང་ལྡན་པ་ཐོབ་པར་གྱུར་ཅིག །གཞོན་ནུ་དོན་ཐམས་ཅད་གྲུབ་པ་ལྷུམས་སུ་ཞུགས་པའི་ཚུལ་བསྟན་པའི་ཚེ་གླང་པོ་ཆེའི་ཕྲུ་གུ་རྣམས་ཀྱང་སེར་སྐྱར་ལྷགས་ཏེ་སྔ་མ་ལྟར་བཀྲ་ཤིས་ཀྱི་མཚན་མ་བསྟན་པ་བཞིན། གླང་པོའི་ཕྲུ་གུའི་དབང་བསྐུར་བས་འཇིག་རྟེན་གྱི་འདྲེན་པར་འགྱུར་བའི་དབང་ཐོབ་པར་མོས་པ་མཛོད། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་གླང་པོ་ཆེའི་ཕྲུ་གུ་ཟུང་གཅིག་གི་དབང་བསྐུར་བས་འཇིག་རྟེན་ཐམས་ཅད་འདྲེན་པའི་དབང་དང་ལྡན་པར་གྱུར་ཅིག །གཞོན་ནུ་དོན་ཐམས་ཅད་གྲུབ་པ་བལྟམས་པའི་ཚེ་ན་བཟའ་ཀ་ཤི་ཀའི་རས་དྲི་མ་མེད་པ་གསོལ་བ་ལྟར་རས་གོས་ཀྱི་དབང་བསྐུར་བས་མཁྱེན་ཆ་གསལ་ལ་མ་འདྲེས་པའི་དབང་ཐོབ་པའི་མོས་པ་མཛོད། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་ན་བཟའ་ཀ་ཤི་ཀའི་རས་ཀྱི་དབང་བསྐུར་བས་མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དབང་དང་ལྡན་པར་གྱུར་ཅིག །གཞོན་ནུ་དོན་ཐམས་ཅད་གྲུབ་པ་ལ་ལྷ་ཀླུ་རྣམས་ཀྱི་ཁྲུས་གསོལ་བ་ལྟར་བུམ་ཆུས་དབང་བསྐུར་ཞིང་ཁྲུས་བྱས་པས་དྲི་མ་ཐམས་ཅད་དག་པའི་དབང་ཐོབ་པའི༴ སླར་ཡང་རྣམ་རྒྱལ་གྱི་བུམ་ཆུས་དབང་བསྐུར་ཞིང་། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་བུམ་རྫས་ཆུའི་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་ཐམས་ཅད་བྱང་ཞིང་དག་པའི་དབང་ཐོབ་པར་གྱུར་ཅིག །གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཤཱཀྱ་རྣམས་ཀྱི་དོན་ཐམས་ཅད་གྲུབ་པར་མཚན་གསོལ་བ་ལྟར་མིང་གིས་དབང་བསྐུར་བས་གཞན་དོན་འགྲུབ་པའི་དབང་ཐོབ་པའི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་མིང་གི་དབང་བསྐུར་བས་ཤེས་བྱའི་ཡེ་ཤེས་ལ་ཐོགས་པ་མེད་པའི་གཞན་དོན་འགྲུབ་པའི་དབང་དང་ལྡན་པར་གྱུར་ཅིག །འདིར་སྐྱ་མིང་ལྟ་བུར་གང་འཐད་རེ་སྤྲོ་ན་གདགས། གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཤཱཀྱའི་རྒྱལ་པོ་བཟང་པོས་རྒྱན་གྱིས་བརྒྱན་པར་བྱས་པ་བཞིན་རྒྱན་གྱི་བྱེ་བྲག་གི་དབང་བསྐུར་བས་གཞན་སྐབས་སུ་ཡིད་འཕྲོག་ཅིང་མཐར་ཐུག་མངོན་པར་ཤེས་པ འི་དབང་ཐོབ་པའི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་རྒྱན་གྱི་བྱེ་བྲག་གི་དབང་བསྐུར་བས་འགྲོ་བ་ཐམས་ཅད་ཀྱི་སེམས་ཤེས་པའི་དབང་དང་ལྡན་པ་ཐོབ་པར་གྱུར་ཅིག །གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཡིག་དཔོན་ཀུན་གྱི་བཤེས་གཉེན་སོགས་ཡི་གེའི་ཚུལ་གྱིས་འདུལ་བའི་མཛད་པ་བསྟན་པ་བཞིན་ཡིག་ཤིང་གི་དབང་བསྐུར་བས་གནས་སྐབས་སུ་དམ་པའི་ཆོས་ལ་འཇུག་སྒོ་བྲི་ཀློག་མཐར་ཕྱིན་ཞིང་། མཐར་ཐུག་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་ཐོབ་པའི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་ཡིག་ཤིང་གི་དབང་བསྐུར་བས་ཆོས་ཀྱི་སྒྲ་སྒྲོག་པའི་དབང་དང་ལྡན་པར་གྱུར་ཅིག །གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཤཱཀྱའི་ཚོགས་རྣམས་སྒྱུ་རྩལ་གྱིས་འདུལ་བར་མཛད་པ་བཞིན་མདའ་གཞུའི་དབང་བསྐུར་བས་གནས་སྐབས་སུ་སྒྱུ་རྩལ་མཐར་ཕྱིན་ཅིང་། མཐར་ཐུག་བདུད་སྡེའི་གཡུལ་ལས་རྒྱལ་བའི་དབང་ཐོབ་པའི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་གནམ་རུ་ཟུང་གཅིག་གི་དབང་བསྐུར་བས་སྙན་པའི་སྒྲ་སྒྲོག་ཅིང་བདུད་དཔུང་འདུལ་བའི་འཕོངས་རྩལ་དང་ལྡན་པར་གྱུར་ཅིག །གཞོན་ནུ་དོན་ཐམས་ཅད་གྲུབ་པ་བཙུན་མོའི་འཁོར་གྱིས་རོལ་པའི་མ ཛད་པ་བསྟན་པ་བཞིན་བཙུན་མོའི་དབང་བསྐུར་བས་གནས་སྐབས་སུ་རིགས་མི་ནུབ་ཅིང་། མཐར་ཐུག་ཐབས་དང་ཤེས་རབ་ཀྱི་སྒོ་ནས་འགྲོ་བ་འདུལ་བའི་དབང་ཐོབ་པའི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་བཙུན་མོའི་དབང་བསྐུར་བས་བསྟན་པའི་རིགས་མི་ནུབ་ཅིང་། ཇི་ལྟར་འདུལ་བ་དེ་བཞིན་དུ་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྩ་བར། དེ་ལྟར་དབང་བཅུ་གཅིག་པོ་དེས་ལྷ་མི་མཐོ་རིས་སུ་ཆས་སུ་བཅུག་པའོ། །ཞེས་གསུངས་པས་མཐོ་རིས་ཀྱི་དཔལ་ལ་སྤྱོོད་པར་ཆས་དེ་རྣམས་དང་ལྡན་དགོས་པའི་རྒྱུ་མཚན་གྱི་ཕྱིར་རོ། །འདི་ཡང་རྒྱ་ཆེ་རོལ་པ་སོགས་གསུང་རབ་ལས་འབྱུང་བའི་གླེང་གཞི་དང་སྦྱར་ཏེ་བཤད་པས་དང་བ་འདྲེན་ཞིང་དད་པ་འཕེལ་བའི་རྒྱུར་བསམ་སྟེ་གླེང་གཞི་མདོ་ཙམ་བྲིས་པ་ཡིན་ལ། རྒྱས་པར་སྤྲོ་ན་ཞིབ་ཏུ་ཕྱེ་ལ་འཆད། དེ་ལ་དགོས་པ་ཡོད་དེ། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་སྐྱེས་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་འདྲའི་དགོས་པ་མ་ཤེས་པར་དབང་བསྐུར་ཡང་ལོག་རྟོག་འཕེལ་བས་དགོས་དོན་རྒྱ་ཆེར་རྟོགས་དགོས་ཤིང་། རྒྱུ་མཚན་འདི་ལ་བརྟེན་ནས་ལམ་གྱི་དཀྲི་ཚུལ་འདི་ཡང་གཞན་ལས་ཁྱད་པར་དུ་འཕགས་པའི་ངེས་ཤེས་རྙེད་པར་འགྱུར་རོ། །དེ་རྗེས་ཡི་གེ་དབང་བསྐུར་བ་ལ་དམིགས་པ་གོང་དུ་བཤད་པ་ལྟར་ཡིན་ལ། རྫོད་བྱེད་ཀྱི་ཚིག་ཐམས་ཅད་ཡི་གེའི་ཕྱི་མོ་འདི་རྣམས་ལས་འབྱུང་བའི་ཕྱིར་དབང་བསྐུར་བ་ཡིན་པས་ཐོག་མར་དབྱངས་གསལ་རྒྱ་ཡིག་ལྟར་བྲིས་པ་ཐོགས་ཏེ། རྩ་བར། རྒྱ་ཡིག་གི་ཀ་སྨད་ཐོགས་ཏེ། ཨ་ནི་མ་སྐྱེས་ཡེ་ཤེས་ཡིན། །རང་བཞིན་ཐམས་ཅད་སྟོང་པར་སྟོན། །ཀ་ནི་བྱ་བའི་ཡེ་ཤེས་ཏེ། །ལས་ཀྱིས་ཐམས་ཅད་གྲོལ་བར་བཤད། ཁ་ནི་ཁྱབ་པར་བྱེད་པའི་སྒོ། །མི་དམིགས་ཐམས་ཅད་གྲོལ་བར་བྱེད། །ག་ནི་དོན་དུ་འགྱུར་བའི་སྒོ། །ཡུལ་མེད་ཐམས་ཅད་གྲོལ་བར་སྟོན། །གྷ་ནི་གནས་པའི་སྒོ་ཡིན་ཏེ། །གཅིག་ཏུ་མ་ངེས་གྲོལ་བར་སྟོན། །ང་ནི་འཛིན་པ་མེད་པའི་སྒོ། །འཛིན་ཡུལ་ཐམས་ཅད་གྲོལ་བར་སྟོན། །ཙ་ནི་འགག་པ་མེད་པའི་སྒོ། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། །ཚ་ནི་འདའ་བ་མེད་པའི་སྒོ། །བྲལ་བ་མེད་པས་ཐམས་ཅད་གྲོལ། །ཛ་ནི་མ་བྱུང་བ་ཡི་སྒོ། །མི་གནས་པས་ནི་ཐམས་ཅད་གྲོལ། །ཛྷ་ནི་རྙོག་མ་མེད་པའི་སྒོ། །དྲི་མ་དག་པས་ཐམས་ཅད་གྲོལ། །ན་ནི་སྤྱོད་དང་བྲལ་བའི་སྒོ། །བྱ་བ་མེད་པས་ཐམས་ཅད་གྲོལ། །ཏ་ནི་ང་རྒྱལ་མེད་པའི་སྒོ། །ངོ་བོ་མེད་པས་ཐམས་ཅད་གྲོལ། །ཐ་ནི་སྒྱུ་རྩལ་མེད་པའི་སྒོ། །བྱེད་པ་མེད་པས་ཐམས་ཅད་གྲོལ། །ད་ནི་འདྲེན་པ་མེད་པའི་སྒོ། །རྩོད་པ་མེད་པས་ཐམས་ཅད་གྲོལ། །དྷ་ནི་སླུ་བ་མེད་པའི་སྒོ། །སྒྱུ་མ་ཐམས་ཅད་གྲོལ་བར་བྱེད། །ན་ནི་ཀུན་ཏུ་གྱུར་པའི་སྒོ། །གཡོ་བ་སྐྱོབ་པས་ལས་རྣམས་གྲོལ། །ཊ་ནི་ཐ་སྙད་མེད་པའི་སྒོ། །བརྗོད་པ་མེད་པས་ཐམས་ཅད་གྲོལ། །ཋ་ནི་རྟེན་དང་བྲལ་བའི་སྒོ། །གནས་པ་མེད་པས་ཐམས་ཅད་གྲོལ། །ཌ་ནི་གཏོང་དང་བྲལ་བའི་སྒོ། །ལེན་པ་མེད་པས་ཐམས་ཅད་གྲོལ། །ཌྷ་ནི་རང་བཞིན་མེད་པའི་སྒོ། །མཚན་ཉིད་མེད་པས་ཐམས་ཅད་གྲོལ། །ཎ་ནི་ཡུལ་དང་བྲལ་བའི་སྒོ། །འཛིན་པ་མེད་པས་ཐམས་ཅད་གྲོལ། །པ་ནི་ངེས་པར་འབྱུང་བའི་སྒོ། །འགག་པ་མེད་པས་ཐམས་ཅད་གྲོལ། །ཕ་ནི་དངོས་པོ་མེད་པའི་སྒོ། །ཅིར་ཡང་མེད་པས་ཐམས་ཅད་གྲོལ། །བ་ནི་བརྗོད་པ་མེད་པའི་སྒོ། །སྨྲ་བ་མེད་པས་ཐམས་ཅད་གྲོལ། །བྷ་ནི་རྡུལ་དང་བྲལ་བའི་སྒོ། །རྟོག་པ་མེད་པས་ཐམས་ཅད་གྲོལ། །མ་ནི་ཆགས་པ་མེད་པའི་སྒོ། །ཞེན་པ་མེད་པས་ཐམས་ཅད་གྲོལ། །ཡ་ནི་དྲི་མ་མེད་པའི་སྒོ། །གོས་པ་མེད་པས་ཐམས་ཅད་གྲོལ། །ཝ་ནི་རྒྱུ་རྐྱེན་མེད་པའི་སྒོ། །འབྲས་བུ་མེད་པས་ཐམས་ཅད་གྲོལ། །ར་ནི་རྐྱེན་དང་བྲལ་བའི་སྒོ། །དོར་བ་མེད་པས་ཐམས་ཅད་གྲོལ། །ལ་ནི་བླང་བ་མེད་པའི་སྒོ། །ཡོན་ཏན་མེད་པས་ཐམས་ཅད་གྲོལ། །ཤ་ནི་སྤྲོས་པ་མེད་པའི་སྒོ། །ཞི་བས་ཐམས་ཅད་གྲོལ་བར་བྱེད། ཥ་ནི་ཁུར་དང་བྲལ་བའི་སྒོ། །ལྕི་བ་མེད་པས་ཐམས་ཅད་གྲོལ། །ས་ནི་ཡང་དག་གསང་བའི་སྒོ། །ངེས་པ་ཐམས་ཅད་གྲོལ་བར་བྱེད། །ཧ་ནི་རྒྱུ་དང་བྲལ་བའི་སྒོ། །རྐྱེན་དང་བྲལ་བས་ཐསམ་ཅད་གྲོལ། །ཀྵ་ནི་ཁམས་དང་བྲལ་བའི་སྒོ། །མཚན་ཉིད་མེད་པས་གྲོལ་བར་བྱེད། །ཨ་ཨཱ་ནི་མ་སྐྱེས་ཡེ་ཤེས་ཡིན། །རང་བཞིན་ཐམས་ཅད་སྟོང་པར་སྟོན། །ཨི་ཨཱི་ནི་མཐོང་བ་མེད་པའི་སྒོ། །གཟུགས་དང་བྲལ་བས་ཐམས་ཅད་གྲོལ། །ཨུ་ཨཱུ་ནི་ཐོས་པ་མེད་པའི་སྒོ། །སྒྲ་དང་བྲལ་བས་ཐམས་ཅད་གྲོལ། །ཨེ་ཨཻ་ནི་ཚོར་བ་མེད་པའི་སྒོ། །དྲི་དང་བྲལ་བས་གྲོལ་བར་བྱེད། །ཨོ་ཨ་ནི་ཚོར་བ་མེད་པའི་སྒོ། །རེག་དང་བྲལ་བས་ཐམས་ཅད་གྲོལ། །ཨཾ་ཨཿནི་ཆོ་འཕྲུལ་འབྱུང་བའི་སྒོ། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། །ཞེས་བརྗོད་ཅིང་དབང་བསྐུར་རོ། །དེ་ནས་བོད་ཡིག་གི་དབང་བསྐུར་བ་ནི། སྔོན་ལོ་ཙཱ་བ་སངས་རྒྱས་ཡེ་ཤེས་ཀྱི་འཕགས་ཡུལ་ཝ་ར་ཎཱ་སིར་སྒྲ་བསྒྱུར་ཉི་ཤུ་རྩ་གཅིག་ལ་མཁས་པ་ཨཱ་ཙ རྻ་གསལ་བའི་རྒྱན་དང་། རྒྱ་གར་གཙུག་ལག་དཔལ་དགེ་དང་། བལ་པོ་བ་སུ་དྷ་ར་རྣམས་ལ་འདུས་པ་ཆེན་པོའི་དབང་བསྐུར་གསན་པའི་ཚེ་ལྷ་མིའི་ཐེག་པའི་གནས་སྐབས་ཀྱི་ཀ་མེད་ཀྱི་དབང་ལ། རྒྱ་ཡིག་ལྔ་བཅུའི་དབང་བསྐུར་གྱིན་འདུག་པ་ལ། བོད་ན་ཐོན་མི་སམྦྷོ་ཊས་བསྒྱུར་བའི་ཡི་གེ་སུམ་ཅུ་ཡོད་ཅེས་ཞུས་པས། བོད་ལ་ཡི་གེ་སུམ་ཅུ་ཡོད་པའི་དབང་ཁྱོད་ཀྱིས་བསྐུར་ཞིག །ཅེས་གསུངས་པས་བོད་ཡིག་གི་དབང་རྣམས་སངས་རྒྱས་ཡེ་ཤེས་ཀྱི་གསུང་ཡིན་ཞིང་ཕྱག་ལེན་ཡང་དེ་མན་ཆོད་དུ་དར་བ་ལས་འཕགས་ཡུལ་ན་མེད་ལ། སྤྱིར་འགྲོ་བ་རྣམས་ལ་རང་རང་གི་དབང་པོ་དང་འཚམས་པར་ཆོས་སྟོན་པར་མདོ་རྒྱུད་ལས་གསུངས་ཤིང་། རྒྱ་གར་གྱི་བླ་མ་པཎྜི་ཏའི་གསུང་གི་གནང་བ་ཐོབ་པ་ལྟར་ལོ་ཙཱ་བ་གྲུབ་པ་བརྙེས་པས་མཛད་པ་ཡིན་པས་ན་ཡིད་ཆེས་ཀྱི་གནས་ཡིན་ལ། རྒྱ་ཡིག་གི་དབང་བསྐུར་བ་བཞིན་བོད་ཡིག་གི་དབང་ཡང་བསྐུར་བར་བྱེད་པས་ན་སྔར་བཤད་པའི་དམིགས་པ་རྣམས་ཀྱང་གསལ་འདེབས་པར་མཛོད། ཅེས་མཚམས་སྦྱར་ལ། བོད་ཡིག་ཐོགས་ཏེ། ཀ་ནི་དབང་བྱེད་སྒྲོལ་བའོ། །ཞེས་པས་ཁམས་གསུམ་སེམས་ཅན་ལ་དབང་བྱེད་ཅིང་ཉོན་མོངས་པ་སྒྲོལ་བར་བྱེད་པ་སྟེ། དེའི་བྱིན་རླབས་ཀྱིས་ཆོས་སྐུ་དོན་གྱི་གསུང་གཟུགས་བརྙན་འབྱུང་བའི་ཚིག་གི་སྒྲ་འདིས་ཀྱང་སེམས་ཅན་ཐམས་ཅད་དབང་དུ་བྱེད་ཅིང་ཉོན་མོངས་པ་ལས་སྒྲོལ་བའི་དབང་དང་ལྡན་པར་གྱུར་ཅིག །ཁ་ནི་ཁམས་གསུམ་ཀུན་གྱི་རྒྱན། །ཞེས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱན་དུ་འབྱུང་བ་ཡིན་ཏེ། དེའི་བྱིན་རླབས་ཀྱིས་དོན་གྱི་གསུང་སྒྲ་སྙན་ཚིག་འདི་སེམས་ཅན་གྱི་རྒྱན་དུ་གྱུར་ཏེ་འཁོར་བ་ལས་སྒྲོལ་པའི་དབང་དང་༴ ག་ནི་མ་ཆགས་དག་པར་མཛད། །ཅེས་པས་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་ཅི་ལའང་མ་ཆགས་ཤིང་རྣམ་པར་དག་པ་ཡིན་པས་དེའི་བྱིན་རླབས་ཆོས་སྐུའི་གསུང་འདིས་ཀྱང་འགྲོ་བ་རྣམས་ཅི་ལ་ཡང་མ་ཆགས་ཤིང་རྣམ་པར་དག་པའི་དབང་དང་༴ ང་ནི་ང་མེད་ང་ལས་རྒྱལ། །ཞེས་པས་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་མཚན་མ་ལས་རྒྱལ་བའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་ཆོས་དབྱིངས་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་མཚན་མ་ལས་རྒྱལ་བའི་དབང་དང་༴ ཅ་ནི་གཉིས་མེད་དོན་རྟོགས་ཏེ། །ཞེས་པ་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་དེ་མཚན་མ་དང་མཚན་མེད་གཉིས་སུ་མེད་པའི་བྱིན་རླབས་ཀྱིས་སེམས་ཅན་མཚན་འཛིན་གཉིས་སུ་མེད་པའི་དབང་དང་༴ ཆ་ནི་ཐབས་དང་ཤེས་རབ་སྟེ། །ཞེས་པ་ཆོས་སྐུ་བདེ་བ་ཆེན་པོ་ལས་ཐབས་ཤེས་གཉིས་མེད་ཀྱི་སྤྲུལ་པ་ཇི་སྙེད་ཅིག་བྱུ ང་ནས་འགྲོ་བའི་དོན་བྱེད་དེ། དེའི་བྱིན་རླབས་ཀྱིས་ཐབས་ཤེས་ཟུང་དུ་འབྲེལ་བའི་དབང་དང་༴ ཇ་ནི་ཆོས་སྐུ་དག་པར་མཛད། །ཅེས་པས་ཆོས་སྐུ་བག་ཆགས་ཀྱིས་མ་གོས་ཤིང་རྣམ་པར་དག་པའི་བྱིན་རླབས་ཀྱིས་བུ་རྣམས་ཀྱི་རྒྱུད་བག་ཆགས་ཀྱིས་མ་གོས་ཤིང་དག་པའི་དབང་དང་༴ ཉ་ནི་ཆོས་ཉིད་གདར་ཤ་གཅོད། །ཅེས་པ་ཆོས་ཉིད་རྒྱལ་བ་རྒྱ་མཚོ་དང་འདྲ་བ་ལ་རིག་པའི་ཡེ་ཤེས་རླབས་དང་འདྲ་བས་གདར་ཤ་གཅོད་པའི་བྱིན་རླབས་ཀྱིས་བུ་རྣམས་ཆོས་ཉིད་རྒྱ་མཚོ་ལས་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་ལ་དབང་བའི་དབང་དང་༴ ཏ་ནི་མཁས་པའི་འོད་ཟེར་ཅན། །ཞེས་པ་ཆོས་ཀྱི་སྐུ་ལས་ཐུགས་རྗེའི་འོད་ཟེར་འབྱུང་བའི་བྱིན་རླབས་ཀྱིས་བུ་རྣམས་ཀྱི་སེམས་ལ་སྙིང་རྗེའི་འོད་ཟེར་འབྱུང་པའི་དབང་དང་༴ ཐ་ནི་དཀོན་མཆོག་འབྱུང་བའི་རྒྱུ། །ཞེས་པ་དྲུག་གསུམ་གྱི་ཆོས་སྐུ་བདེ་བ་ཆེན་པོ་ལ་དགོངས་པ་ཟབ་མོ་འབྱུང་བ་དེའི་བྱིན་རླབས་ཀྱིས་ཆོས་སྐུའི་དགོངས་པ་ཟབ་མོའི་ཡེ་ཤེས་རྟོགས་པའི་དབང་དང་༴ ད་ནི་རྒྱུ་འབྲས་གཉིས་མེད་ལ། །ཞེས་པ་ཆོས་སྐུ་བདེ་བ་ཆེན་པོ་ལ་རྒྱུ་འབྲས་ཀྱི་ཆོས་གཉིས་སུ་མེད་པའི་བྱིན་རླབས་ཀྱིས་ཆོས་ཀྱི་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ་མཉམ་པ་ཉིད་ཀྱི་ངང་བདེ་བའི་དབང་དང་༴ ན་ནི་སྡུག་བསྔལ་མེད་པས་བདེ། །ཞེས་པ་ཆོས་སྐུ་བདེ་བ་ཆེན་པོ་ལས་བདེ་བའི་ངང་རྒྱུན་དུ་འབྱུང་བའི་བྱིན་རླབས་ཀྱི་འཁོར་བའི་སྡུག་བསྔལ་གཏན་ནས་སྤོང་བའི་དབང་དང་༴ པ་ནི་ཐམས་ཅད་བསྐྱེད་པར་བྱེད། །ཅེས་པ་ཆོས་སྐུ་བདེ་བ་ཆེན་པོ་རིག་པའི་ཡེ་ཤེས་བསྐྱེད་པའི་བྱིན་རླབས་ཀྱིས་གསུང་འདི་མཐོང་བ་ཙམ་གྱིས་གཞན་རིག་བསྐྱེད་པའི་དབང་དང་༴ ཕ་ནི་ཕ་རོལ་ཕྱིན་ལ་གནས། །ཞེས་པས་ཆོས་སྐུ་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པའི་ས་ལ་གནས་པའི་བྱིན་རླབས་ཀྱིས་འཁོར་བའི་སྡུག་བསྔལ་མཐར་ཕྱིན་ནས་མྱ་ངན་ལས་འདས་པའི་དབང་དང་༴ བ་ནི་བདེ་བ་ཆེན་པོ་སྟེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་མཉམ་པ་ཉིད་ཀྱི་བྱིན་རླབས་ཀྱིས་དངོས་པོ་དང་མཚན་མ་ཐམས་ཅད་མཉམ་པ་ཉིད་ཀྱི་དབང་དང་༴ མ་ནི་སྲིད་གསུམ་ཡོངས་ཀྱི་མ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ཡོངས་ཀྱི་གཞི་མར་གྱུར་པའི་བྱིན་རླབས་ཀྱིས་སྲིད་པ་གསུམ་ལས་རྒྱལ་ཞིང་ཀུན་གྱི་གཞི་རྟེན་དུ་གྱུར་པའི་དབང་དང་༴ ཙ་ནི་འདུ་འབྲལ་མེད་པ་སྟེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་ལ་སོགས་པ་འདུ་འབྲལ་མེད་པའི་བྱིན་རླབས་ཀྱིས་ཆོས་སྐུ་དང་འདུ་འབྲལ་མེད་པའི་དབང་དང་༴ ཚ་ནི་དོན་དམ་ལུས་ལ་རྫོགས། །ཞེས་པས་དོན་དམ་ཆོས་ཀྱི་སྐུ་ནི་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ་དེའི་བྱིན་རླབས་ཀྱིས་ཆོས་སྐུའི་རྒྱུ་འབྲས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་དང་༴ ཛ་ནི་བར་མའི་ལུས་ལ་གནས། །ཞེས་པས་ཆོས་སྐུ་ལས་ཐུགས་རྗེའི་འོད་ཟེར་འབྱུང་བའི་བྱིན་རླབས་ཀྱིས་ཐུགས་རྗེའི་འོད་ཟེར་འབྱུང་བའི་དབང་དང་༴ ཝ་ནི་མྱ་ངན་ཐམས་ཅད་འདུལ། །ཞེས་པ ས་ཆོས་སྐུ་བདེ་བ་ཆེན་པོའི་ངང་ལས་འཁོར་བའི་མྱ་ངན་ཐམས་ཅད་འདུལ་བའི་བྱིན་རླབས་ཀྱིས་འཁོར་བའི་མྱ་ངན་ཐམས་ཅད་འདུལ་བའི་དབང་དང་༴ ཞ་ནི་གཞལ་ཡས་ཁང་ཆེན་པོ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ཐམས་ཅད་ཀྱི་གནས་ཡིན་པའི་བྱིན་རླབས་ཀྱིས་གཞལ་ཡས་ཁང་བདེ་བ་ཆེན་པོའི་དབང་དང་༴ ཟ་ནི་སྐྱེ་མེད་ཆོས་ལ་འཕགས། །ཞེས་པས་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་མ་སྐྱེས་པའི་བྱིན་རླབས་ཀྱིས་ཆོས་ཉིད་གསལ་བའི་ཡེ་ཤེས་མ་རིག་པའི་མུན་པ་སེལ་བའི་དབང་དང་༴ འ་ནི་གོམས་པའི་ཚོགས་ལ་རྩོན། །ཞེས་པས་གསུང་གི་ཚོགས་རང་བཞིན་མེད་པའི་སྒྲ་སྒྲོག་པའི་དབང་དང་༴ ཡ་ནི་མཐར་བྱེད་ཕོ་ཉའི་བདག །ཅེས་པས་གཟུགས་སྐུ་རྣམ་པ་གཉིས་ཀྱི་འགྲོ་བའི་དོན་བྱེད་པའི་དབང་དང་༴ ར་ནི་སྤྱོད་བྱེད་ཡུལ་ལ་དབང་། །ཞེས་པས་ཡེ་ཤེས་ཀྱིས་བཅད་པར་བྱ་བའི་ཡུལ་ཉོན་མོངས་པ་གཅོད་པའི་དབང་དང་༴ ལ་ནི་མཉམ་ཉིད་སྤྲུལ་པའི་སྐུ། །ཞེས་པས་ཆོས་ཉིད་མཉམ་པ་ཉིད་ལ་སྤྲུལ་པའི་སྐུ་བྱུང་ནས་སེམས་ཅན་གྱི་དོན་བྱེད་པའི་དབང་དང་༴ ཤ་ནི་སྣང་བྱེད་མཁའ་ལ་ཤར། །ཞེས་པས་ཆོས་ཀྱི་སྐུ་ལ་ཡེ་ཤེས་ཀྱི་རོལ་པ་ཤར་ནས་འགྲོ་བའི་དོན་བྱེད་པའི་དབང་དང་༴ ས་ནི་འཁོར་བའི་རང་བཞིན་ཏེ། །ཞེས་པས་ཐུགས་ལ་ཕྱག་མཚན་སྣ་ཚོགས་བྱུང་ནས་འགྲོ་བའི་དོན་བྱེད་པའི་དབང་དང་༴ ཧ་ནི་ཐབས་མཁས་དབྱིངས་ནས་བྱོན། །ཞེས་པས་བདེ་བ་ཆེན་པོའི་དབྱིངས་ནས་ཐབས་མཁས་པའི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཐར་ཕྱིན་པའི་དབང་དང་༴ ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས། །ཞེས་པས་རྒྱུ་རྐྱེན་དང་བྲལ་བའི་དབྱིངས་ནས་འགྲོ་བའི་དོན་ལ་མ་འགགས་པར་འགྲོ་དོན་མཐར་ཕྱིན་པའི་དབང་དང་ལྡན་པར་གྱུར་ཅིག །ཉེར་གཉིས་པ་ལྷ་དབང་ནི། དེ་ནས་ལྷ་དབང་གི་སླད་དུ་ཁྱེད་རང་རྣམས་དབང་བསྐུར་བྱེད་ཀྱི་ལྷ་དེ་དང་དེའི་ང་རྒྱལ་རིམ་པ་ལྟར་གསལ་བ་ལ། དཀྱིལ་འཁོར་གྱི་ལྷ་རྣམས་མར་མེ་གཅིག་ལས་གཉིས་ཆད་ལྟར་སོ་སོར་ཐིམ་པའི་མོས་པ་མཛོད། རྣམ་སྣང་དང་ཚེས་ཀྱི་ལྷ་རྣམས་རིམ་པ་བཞིན་ཐོགས་ཏེ། ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ་ལྷ་མིའི་གཙོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ངན་སོང་ཐམས་ཅད་སྦྱོང་ཞིང་མངོན་ཤེས་དང་རྫུ་འཕྲུལ་སྟེར་བའི་དབང་ཐོབ་པར་གྱུར་ཅིག །ༀ་སརྦ་བིད་ༀ་ཨ་བྷི་ཥིཉྩ་ཨ། ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ་ལྷ་མིའི་གཙོ་བོ་སྤྲུལ་པའི་སྐུ་མངོན་པར་དགའ་བའི་ཞིང་ཁམས་ན་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་ས་གནོན། གཡོན་མཉམ་གཞག་མཛད་པའི་སྐུ་མཐོང་བའམ། མཚན་ཐོས་པའམ། དེ་དྲན་པ་ཙམ་གྱིས་སྡིག་སྒྲིབ་དང་ངན་འགྲོ་ཐམས་ཅད་སེལ་ཞིང་མཐོ་རིས་དང་ཐར་པ་ཐོབ་པར་མཛད་པ་དེའི་དབང་མཆོག་ཐོབ༴ ན་མོ། མཆོད་འོས་རྣམས་ཀྱིས་མཆོད་གནས་དམ་པ་ལྷ་མིའི་གཙོ་བོ་སྤྲུལ་པའི་སྐུ་སྟོང་གི་ལྷ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཡས་ས་གནོན། གཡོན་མཉམ་གཞག་ལྷུང་བཟེད་ཅན་གང་ཡིན་པ་དེ་ཉིད་ཀྱི་སྔོན་སྦྱིན་པའི་བསོད་ནམས་ཐོབ་པ་ལས་བསྔོས་ཏེ། བདག་མངོན་པར་རྫོགས་པར་སངས་རྒྱས་པ་ན་བདག་གི་འཁོར་རྣམ་བཞི་འཚོ་བས་མི་བྲེལ་བར་སྨོན་ལམ་གྲུབ་པའི་བྱིན་རླབས་ཀྱིས་སྟོང་ལ་བསྙེན་གནས་བསྲུངས་པས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མུ་གེའི་བསྐལ་པ་ལས་ཐར་པའི་དབང་མཆོག་དམ་པ་ཐོབ༴ ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ་ལྷ་མིའི་གཙོ་བོ་སྤྲུལ་པའི་སྐུ་ཉའི་ལྷ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་གཞག་ཚེ་བུམ་ཅན་དེ་ཉིད་ཀྱིས་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་བསོད་ནམས་ཐོབ་པ་ལས་བསྔོས་ཏེ། བདག་མངོན་པར་རྫོགས་པར་སངས་རྒྱས་པ་ན་བདག་གི་འཁོར་རྣམས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཕྱིར་མི་ལྡོག་པའི་འཕགས་པ་ཐོབ་པར་སྨོན་ལམ་འགྲུབ་པའི་བྱིན་རླབས་ཀྱིས་ཉ་ལ་བསྙེན་གནས་བསྲུངས་པས་ཕྱོགས་དུས་ཐམས་ཅད་དུ་མཚོན་གྱི་བསྐལ་པ་ལས་ཐར་པའི་དབང་མཆོག་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི་མཆོ་གནས་དམ་པ་ལྷ་མིའི་གཙོ་བོ་སྤྲུལ་པའི་སྐུ་ཚེས་བརྒྱད་ཀྱི་ལྷ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ཁ་གཡས་མཆོག་སྦྱིན་ཨ་རུ་ར། གཡོན་མཉམ་གཞག་ལྷུང་བཟེད་ཅན། སྨོན་ལམ་གྱི་མཐུ་ལས་གང་གིས་བདག་གི་མཚན་ལན་བདུན་བརྗོད་ཅིང་ཕྱག་འཚལ་བ་དང་། སྐོར་བ་དང་། ཚེས་བརྒྱད་ལ་བསྙེན་གནས་བསྲུངས་པས་ཕྱོགས་དུས་ཐམས་ཅད་དུ་རྨི་ལམ་ངན་པ་དང་། མཚན་མ་རྩུབ་པ་དང་། མ་ངེས་པ་དང་། ཐེ་ཚོམ་དང་། ཡིད་གཉིས་དང་། ནད་ཀྱི་བསྐལ་པ་ལས་ཐར་བའི་དབང་མཆོག་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པར་གྱུར་པ། ཉི་མ་ཤར་བ་ཤར་གྱི་ཕྱོགས། ཤར་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་། གང་ཟག་ཆོས་ལྡན་སྐྱོང་བར་འཛམ་བུའི་གླིང་དུ་མངའ་གསོལ་བ། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་གི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི༴ ཉི་མ་འཕེལ་བ་ལྷོ་ཡི་ཕྱོགས། ལྷོ་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་། གང་ཟག་ཆོས་ལྡན་སྐྱོང་བར་འཛམ་བུའི་གླིང་དུ་མངའ་གསོལ་བ། གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོའི་དབང་དམ་པ༴ ན་མོ། མཆོད་འོས༴ ཉི་མ་བགྲོད་པ་ནུབ་ཀྱི་ཕྱོགས། ནུབ་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་། གང་ཟག་ཆོས་ལྡན་སྐྱོང་བར་འཛམ་བུའི་གླིང་དུ་མངའ་གསོལ་བ། ཀླུའི་རྒྱལ་པོ་མིག་མི་བཟང་གི་དབང་དམ་པ༴ ན་མོ། མཆོད་འོས༴ ཉི་མ་དབུས་ནས་ལྷུན་པོ་བྱང་། བྱང་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་། གང་ཟག་ཆོས་སླད་ན་སྐྱོང་བར་འཛམ་བུའི་གླིང་དུ་མངའ་གསོལ་བ། གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས་ཀྱི་དབང་དམ་པ༴ ན་མོ། མཆོད་འོས༴ ཤར་ན་ལྷའི་དབང་པོ་བརྒྱ་བྱིན་དང་བཙུན་མོ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བདེ་བ་སྟེར་བ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ ཤར་གླིང་གཡས་ན་མངག་གཞུག་པ་འགྲོ་བ་ཀུན་གྱི་ཡིད་དུ་འོང་བ་སྐྱེ་འགྲོའི་ཉོན་མོངས་པ་གཅོད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ ཤར་གླིང་གཡོན་ན་ཕོ་ཉ་རབ་ཏུ་མྱུར་བའི་ཤུགས་ཅན་ངན་སོང་གསུམ་གྱི་སྡུག་བསྔལ་ལས་སྒྲོལ་བ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ ལྷོ་འཛམ་བུའི་གླིང་ན་ལྷ་ཚངས་པ་དང་བཙུན་མོ་ཚངས་མ་འདོད་ཁམས་ཀྱི་སྡུག་བསྔལ་དང་བྲལ་ཞིང་། འཁོར་བ་གྱོད་ཁྲིམས་དང་འདྲ་བའི་སྐྱོན་གྱིས་མ་གོས་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ ལྷོ་གླིང་གཡས་ན་མངག་གཞུག་པ་འགྲོ་བའི་ཡིད་དུ་འོང་བ་ཉོན་མོངས་དྲྭ་བ་གཅོད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ ལྷོ་གླིང་གཡོན་ན་ཕོ་ཉ་མྱུར་བའི་ཤུགས་ཅན་ངན་སོང་གསུམ་གྱི་སྡུག་བསྔལ་ལས་སྒྲོལ་བ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ ནུབ་ན་ལྷ་ཁྱབ་འཇུག་བཙུན་མོ་དཔལ་ལྷ་མོ་ཕྲིན་ལས་ཀྱིས་ཀུན་ཏུ་ཁྱབ་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ ནུབ་གླིང་གཡས་ན་མངག་གཞུག་པ་རྡོ་རྗེ་བདེ་བས་ཉོན་མོངས་པ་གཅོད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ ནུབ་གླིང་གཡོན་ན་ཕོ་ཉ་རྡོ་རྗེ་དེད་དཔོན་འགྲོ་བ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ བྱང་ན་ལྷ་དབང་ཕྱུག་ཆེན་པོ་དང་བཙུན་མོ་དཀའ་ཐུབ་ཟློག་མ་དུག་གསུམ་འཇོམས་པར་བྱེད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ བྱང་གླིང་གཡས་ན་མངག་གཞུག་པ་རྡོ་རྗེ་རྣོན་པོ་འགྲོ་བའི་ཉོན་མོངས་པ་གཅོད་པར་མཛད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས༴ བྱང་གླིང་གཡོན་ན་ཕོ་ཉ་དྲང་སྲོང་ཁྲོས་པའི་ཆ་བྱད་ཅན་འགྲོ་བ་ཀུན་ལ་རྣམ་པར་སྣང་བ་དེའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་སུམ་ཅུ་རྩ་དྲུག་པོ་བསྐུར་བར་བྱའོ། །དེ་ལྟར་ལྷ་དབང་ཡན་ཆོད་དུ་ས་བཅད་ཉེར་གཉིས་ཡོད་པ་སོང་ནས། །ལམ་འཁྱེར་བཞིའི་དང་པོ་ཉེར་གསུམ་པ་ཐེག་པ་ལམ་འཁྱེར་ལ་ནང་གསེས་ཀྱི་དང་པོ་ཐེག་པ། གཉིས་པ་ལྟ་བ། གསུམ་པ་བསྲུང་བྱ། བཞི་པ་བསྒོམ་བྱ། ལྔ་པ་སྤྱོད་པ། དྲུག་པ་འབྲས་བུ་སྟེ་དྲུག་ཏུ་ཕྱེ། ཉེར་བཞི་པ་ལྷ་ལམ་འཁྱེར། ཉེར་ལྔ་པ་སྙིང་པོ་ལམ་འཁྱེར། ཉེར་དྲུག་པ་བསླབ་བྱ་ལམ་འཁྱེར་ཏེ་མདོར་ན་ལམ་འཁྱེར་ལ་དགུར་ཡོད་པའི་དང་པོ་ནི། རྩ་བར། ཉེར་གསུམ་པ་ལམ་འཁྱེར་ལ་བཞི་སྟེ། ཐེག་པ་ལམ་འཁྱེར་ལྷ་མིའི་ཐེག་པའོ། །ཞེས་གསུངས། དེ་ལྟ་བུའི་ཐེག་པའི་ངོ་བོ་ནི། རྩ་བར། དང་པོ་འཇུག་སྒོ་ཆོས་སྤྱོད་བཅུ་སྟེ། དབུས་མཐའ་རྣམ་འབྱེད་ལས། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །འདི་བཅུ་ཆོས་ཀྱི་སྒོ་མོ་སྟེ། །འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན། །ཞེས་སོ། །ཞེས་གསུངས་པས་ཡི་གེ་འདྲི་བ། གླེགས་བམ་ལ་མཆོད་པ་འབུལ་བ། གླེགས་བམ་སྦྱིན་པར་གཏོང་བ། དམ་པའི་ཆོས་ཉན་པ་དང་། ཀློག་པ་དང་། འཛིན་པ་དང་། འཆད་པ་དང་། ཁ་ཏོན་བྱ་བ། བསམ་པ་དང་། སྒོམ་པ་སྟེ་ཆོས་སྤྱོད་བཅུ་ལ་རྟག་པར་འབད་དགོས། གཉིས་པ་ལྟ་བ་ནི། རྩ་བར། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །ཞེས་དང་། གསུམ་པ་བསྲུང་བྱ་ནི། རྩ་བར། བསྲུང་བྱ་ནི་སྒོ་གསུམ་གྱི་མི་དགེ་བ་སྟེ། ཀླུ་སྒྲུབ་ཀྱིས། ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ལས་ནི་བཞི་ཡིན་ཏེ། །ཡིད་ཀྱི་རྣམ་པ་གསུམ་པོ་དག །མི་དགེ་བཅུ་ནི་སྤང་བར་བྱ། །ཞེས་སོ། །ཞེས་གསུངས་པས་དེ་ལྟ་བུའི་ལྟ་བ་རྒྱུ་འབྲས་དེ་ཉིད་བསྲུང་བྱ་མི་དགེ་བཅུ་སྤོང་ཚུལ་དང་སྦྱར་ཏེ་མདོ་ཙམ་འཆད་ན། སྲོག་གཅོད། མ་བྱིན་ལེན། འདོད་པས་ལོག་པར་གཡེམ་པ་གསུམ་ལུས་ཀྱི་ལས། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་ངག་གི་ལས། བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་ཡིད་ཀྱི་ལས། དེ་ཡང་བསྐྱེད་པའི་གཞི་ནི། དབུ་མ་རིན་ཆེན་ཕྲེང་བ་ལས། ཆགས་དང་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པས་སྲོག་གཅོད། ཚིག་རྩུབ་། གནོད་སེམས་གསུམ་ཞེ་སྡང་གིས་བསྐྱེད་ཅིང་རྫོགས་པར་བྱེད། མ་བྱིན་ལེན། ལོག་གཡེམ། བརྣབ་སེམས་གསུམ་འདོད་ཆགས་ཀྱིས་བསྐྱེད་ཅིང་རྫོགས་པར་བྱེད། ལོག་ལྟ་གཏི་མུག་གིས་བསྐྱེད་ཅིང་རྫོགས་པར་བྱེད། ལྷག་མ་རྫུན། ཕྲ་མ། ངག་འཁྱལ་རྣམས་དུག་གསུམ་གིས་བསྐྱེད་ཅིང་རྫོགས་པར་བྱེད་པ་སྟེ། མཛོ་ལས། གསོད་དང་གནོད་སེམས་ཚིག་རྩུབ་བོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་གསུངས་པའི་ཕྱིར། དེ་ལྟར་བསྐྱེད་པའི་ལས་དེ་རྣམས་སྤྱད་པའི་འབྲས་བུ་ལ། །གནས་སྐབས་མཐར་ཐུག །རྒྱུ་མཐུན། བདག་པོའམ་དབང་གི་འབྲས་བུ་སྟེ་བཞི་ལས། གནས་སྐབས་ནི་རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །བརྐུས་པ་ཡིས་ནི་ལོངས་སྤྱོད་འཕོངས། །བྱི་བོ་བྱེད་པའང་དགྲ་དང་བཅས། །རྫུན་དུ་སྨྲས་པས་བསྐུར་པ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་དབྱེ། །རྩུབ་པོ་ཉིད་ཀྱིས་མི་སྙན་ཐོས། །མ་འདྲེས་པ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་གསུངས་པ་གནས་སྐབས་ཀྱི་འབྲས་བུའམ་མཐོང་ཆོས་ཀྱི་འབྲས་བུར་གྲགས་ལ། རྒྱུ་མཐུན་གྱི་འབྲས་བུར་མྱོང་བ་རྒྱུ་མཐུན་དང་། བྱེད་པ་རྒྱུ་མཐུན་གཉིས་ལས། མྱོང་བ་རྒྱུ་མཐུན་ཡིན། བྱེད་པ་རྒྱུ་མཐུན་ནི། གལ་ཏེ་མིར་སྐྱེས་ཀྱང་མི་དགེ་བཅུ་ཁོ་ནར་སྤྱོད་པར་སྐྱེ་བར་བཤད་དོ། །མཐར་ཐུག་གི་འབྲས་བུ་ནི་ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཐ་མས་དུད་འགྲོར་སྐྱེས། བདག་པོའི་འབྲས་བུ་ནི་ཕྱི་རོལ་གྱི་ཡུལ་ལ་སྨིན་ཏེ། ཐ་ན་དུད་འགྲོར་སྐྱིས་ཀྱང་རྩྭ་ཆུ་དཀོན་ཞིང་ཆེས་སྡུག་བསྔལ་བའི་རིགས་རྣམས་ཡིན་པར་བཤད། དེའི་ལྡོག་པ་དགེ་བ་བཅུ་ནི་ལ་ལ་དག་ཆོས་སྤྱོད་བཅུ་དང་གཅིག་པར་སྨྲ་ཡང་། དེ་རྣམས་གསུང་རབ་ཀྱི་གོ་དོན་ཙམ་ཡང་མ་ཆགས་པ་ཡིན་པས། ཆོས་སྤྱོད་བཅུ་ནི་གོང་དུ་ཐེག་པའི་ངོ་བོའི་སྐབས་བཤད་པ་ལྟར་ཡིན་ལ། དགེ་བ་བཅུ་ནི་ལུས་ཀྱི་སྒོ་ནས་སྲོག་མི་གཅོད། མ་བྱིན་པར་མི་ལེན། འདོད་ལོག་མི་སྤྱོད། ངག་གི་སྒོ་ནས་རྫུན་མི་སྨྲ། ཕྲ་མ་མི་བྱེད། ཚིག་རྩུབ་མི་ཟེར། ངག་འཁྱལ་མི་བརྗོད། ཡིད་ཀྱི་སྒོ་ནས་བརྣབ་སེམས་མི་བྱ། གནོད་སེམས་མི་སྒོམ། ལོག་ལྟ་ལས་ལྡོག་པའོ། །དེ་ཡང་བསྐྱེད་པའི་རྒྱུ་ནི། རིན་ཆེན་ཕྲེང་བ་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་པ་ནི་དགེ་བ་ཡིན། །ཞེས་གསུངས་པས་ཞེ་སྡང་མེད་པས་སྲོག་གཅོད། ཚིག་རྩུབ། གནོད་སེམས་ལས་ལྡོག །འདོད་ཆགས་མེད་པས་མ་བྱིན་ལེན། ལོག་གཡེམ། བརྣབ་སེམས་ལས་ལྡོག །གཏི་མུག་མེད་པས་ལོག་ལྟ་ལས་ལྡོག །གསུམ་ག་མེད་པས་རྫུན་ཕྲ་མ་ངག་འཁྱལ་རྣམས་ལས་ལྡོག །འབྲས་བུ་ཡང་གནས་སྐབས་མཐར་ཐུག་རྒྱུ་མཐུན་བདག་འབྲས་བཞི་ལས། གནས་སྐབས་སམ་མྱོང་བ་རྒྱུ་མཐུན་ནི། སྲོག་གཅོད་སྤངས་པས་ཚེ་རིང་བ་སོགས་གོང་གི་འགྲོས་ཀྱིས་ཤེས་པར་ནུས་པ་ཡིན། བྱེད་པ་རྒྱུ་མཐུན་ནི་མིར་གྱུར་ན་དགེ་བཅུ་ལ་གོམས་འདྲིས་སྤྱོད་པར་སྐྱེ་བ་ཡིན། མཐར་ཐུག་གི་འབྲས་བུ་ནི། ཆེན་པོས་སངས་རྒྱས། འབྲིང་གིས་རང་རྒྱལ། ཐ་མས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བཤད་དོ། །དེའི་རྐྱེན་ལྷ་མི་མཐོ་རིས་ཀྱི་ཡུལ་དུ་སྐྱེ་བས་བདག་པོའི་འབྲས་བུ་ནི་ཕྱི་རོལ་གྱི་ཡུལ་ལ་སྨིན་ཏེ། མིར་སྐྱེས་ཀྱང་ཡུལ་ཕུན་སུམ་ཚོགས་པར་སྐྱེ་བ་ལྟ་བུའོ། །དེ་ལྟར་རྒྱུ་སྔོན་སོང་གི་འབྲས་བུ་མཐར་ཐུག་གཉིས་ཀྱིས་མི་དགེ་བས་ངན་འགྲོ། དགེ་བས་མཐོ་རིས་སུ་སྐྱེ་བར་འགྱུར་ཏེ། དང་པོ་ནི། རིན་ཆེན་ཕྲེང་བ་ལས། མི་དགེ་ལས་ནི་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར། སྡུག་བསྔལ་ལ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ངན་སོང་གསུམ། འགྱུར་བའི་སྡུག་བསྔལ་ལྷ་དང་ལྷ་མ་ཡིན་མི་གསུམ་གྱི་འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་སྤྱི་མཐུན་དུ་སྣང་བ་དང་གསུམ་ལས། དང་པོ་ནི། ཇི་སྐད་དུ། ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །ངུ་འབོད་ངུ་འབོད་ཆེན་པོ་དང་། །ཚ་བ་རབ་ཚ་མནར་མེད་བརྒྱད། །ཅེས་ཚ་དམྱལ་དང་། ཆུ་བུར་ཆུ་བུར་བརྡོལ་བ་ཅན། །ཨ་ཆུ་སོ་ཐམ་ཀྱི་ཧུད་པ། །ཨུཏྤལ་པདྨ་པད་ཆེར་གས། །ཞེས་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་དང་། དེ་རྣམས་ཀྱི་ཚེའི་ཚད་ཀྱང་། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་པས་ཚ་བའི་བར་དང་། རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་གསུངས་པས་རབ་ཚ་ལ་བར་བསྐལ་ཕྱེད། མནར་མེད་ལ་བར་བསྐལ་ལོ། །དེ་བཞིན་དུ། ཏིལ་རྫང་ནས་ནི་ལོ་བརྒྱ་ཞིང་། །ཏིལ་ཅིག་ཕྱུངས་པས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། །ཞེས་གྲང་དམྱལ་གྱི་ཚེ་ཚད་དང་། ཚ་དམྱལ་དང་འདབ་འབྱོར་དུ་ཉེ་འཁོར་བ་རྣམས་གནས་ཏེ། མེ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲི་གཏམས་པའི་ཚལ། ཤལ་མ་ལིའི་སྡོང་པོ། རལ་གྲི་ལོ་མའི་ནགས་ཚལ་རྣམས་ཏེ། མཛོད་ལས། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མར་མུར་དང་རོ་མྱགས་དང་། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ཡང་སྤུ་གྲིའི་ལམ་སོགས་ཀྱི་སོགས་ཁོངས་ནས་མཚོན་ཆའི་རིགས་སུ་གཅིག་པས་བསྡུས་ཏེ། རལ་གྲིའི་ནགས་ཚལ། ཤལ་མ་ལིའི་སྡོང་པོ་རྣམས་བསྟན། ཆུ་བོ་ཞེས་པས་ཐལ་ཚན་གྱི་ཆུ་བོ་རབ་མེད་བསྟན་པ་ཡིན་ཞེས་གསུང་ངོ་། །ཉི་ཚེ་བ་ནི་བཤེས་སྤྲིངས་ལས། ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱིའི་ཚུགས་འབྲས་ཀྱི་ཅུང་བེང་བཞིན་དུ་འཚེད། །ཅེས་དང་། དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པ་ཡི། །ཁུ་བ་འབར་བ་འཁྲིགས་པ་བཏུང་བར་བགྱིད། །ཅེས་སོགས་དང་། གཞན་ཡང་འདུལ་ལུང་ནས་གསུངས་པའི་ཐག་པ་ལྟ་བུ་དང་། རྩིག་པ་ལྟ་བུ་དང་། གཏུན་ལྟ་བུ་སོགས་རང་རང་གི་རྒྱུ་སྔོན་སོང་གི་འབྲས་བུ་སྣ་ཚོགས་མཐའ་གཅིག་ཏུ་མ་ངེས་པ་རྣམས་ཡིན་པར་བཤད། མདོར་ན་དེ་འདྲའི་སྡུག་བསྔལ་བཟོད་པར་དཀའ་བའི་དཔེ་ནི། བཤེས་སྤྲིངས་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུའི་ཡང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ཡི་དྭགས་ཀྱང་ཕྱིའི་སྒྲིབ་པ་ཅན་ཞེས་ཟས་སྐོམ་མི་རྙེད་པ་དང་། ནང་གི་སྒྲིབ་པ་ཅན་ཞེས་པ་ཟས་སྐོམ་ངན་ངོན་རྙེད་ཀྱང་སླར་ཡང་སྡུག་བསྔལ་དུ་འགྱུར་བ་དང་། སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ནམ་ཟས་སྐོམ་གྱི་སྒྲིབ་པ་ཅན། མེ་ལྕེའི་འཁོར་ལོ་ཅན། མཁའ་ལ་རྒྱུ་བ་བྱིངས་ན་གནས་པ་སོགས་མང་ཞིང་། དྲན་པ་ཉེར་བཞག་ལས། ཡི་དྭགས་ལ་རིགས་དྲུག་ཅུ་རྩ་བཞི་ཡོད་པར་གསུངས། སྡུག་བསྔལ་ཡང་བཤེས་སྤྲིངས་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་གྲིབ་མ་མེད་འགྱུར་འདི་དག་གིས། །ལྟས་པ་ཙམ་གྱིས་ཀླུང་ཡང་སྐམས་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། ཚེའི་ཚད་ཀྱང་མཛོད་ལས། ཟླ་བ་ཉིན་ཞག་གི་ལྔ་བརྒྱ། །ཞེས་གསུངས་པས་མིའི་ཟླ་བ་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བརྩིས་པ་དང་། བཤེས་སྤྲིངས་ལས། ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ནི། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་གསུངས་པ་ནི་མི་ལོར་བརྩིས་པའི་ཚེ་ཚད་དོ། །དུད་འགྲོ་ཡང་རྒྱ་མཚོའི་བྱིངས་ན་གནས་པ་དང་། གླིང་བར་གྱི་མུན་པ་ན་གནས་པ་དང་། ཁ་འཐོར་པ་སོགས་སོ་སོར་ལས་མཐུན་གྱི་སྡུག་བསྔལ་མང་ལ། ཀླུ་ཡང་དུད་འགྲོར་བསྡུ་བས་ན་ཚེའི་ཚད་ཀྱང་འཇོག་པོ་ལ་སོགས་བསྐལ་པར་ཡང་གནས་པ་དང་། དེ་བཞིན་དུ་ལ་ལ་ལོ་མང་པོ་དང་། ལ་ལ་ཞག་གཅིག་ཙམ་ལ་འཆི་བ་སོགས་མཐའ་ཡས་ཏེ། མཛོད་ལས། དུད་འགྲོ་རྣམས་མཆོག་རིང་བསྐལ་པའོ། །ཞེས་དང་། སྡུག་བསྔལ་ནི་བཤེས་སྤྲིངས་ལས། དུད་འགྲོོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་རྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ལྟར་སྡུག་བསྔལ་གྱི་སྡུག་བསྔལ་བསྟན་ནས། །གཉིས་པ་འགྱུར་བའི་སྡུག་བསྔལ་ནི། མི་ལ་སྐྱེ་རྒས་ན་འཆིའི་སྡུག་བསྔལ་བཞི། བསགས་པའི་མཐའ་མ་འཛད། འབྱོར་པའི་མཐའ་མ་རྒུད། འདུས་པའི་མཐའ་མ་འབྲལ། སྐྱེས་པའི་མཐའ་མ་འཆི་བ་སོགས་རང་རེ་རྣམས་ཀྱིས་མྱོང་བས་གྲུབ་ཅིང་ཚེའི་ཚད་ཀྱང་དེ་དང་མཚུངས། ལྷ་མ་ཡིན་རྣམས་ལྷའི་དཔལ་འབྱོར་ལ་ཕྲག་དོག་གིས་བརྟག་པར་འཐབ་རྩོད་ཁོ་ནས་བྲེལ་ཞིང་མཐར་འཆི་བ་དང་། འདོད་ལྷ་རྣམས་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང་། བཤེས་སྤྲིངས་ལས། སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལས་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བྱ་བ། །མཐོ་རུས་འཆི་འཕོ་སྦྲན་བྱེད་སྔ་ལྟས་ལྔ། །ཞེས་དང་། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས་གསུངས་པའི་ཉེ་བའི་འཆི་ལྟས་ལྔ་སོགས་བྱུང་སྟེ། འཕོ་ལྟུང་གི་སྡུག་བསྔལ་ཆེ་བར་གསུངས་ཤིང་། མདོར་ན་བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལམ་གྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་འགྱུར་བའི་སྡུག་བསྔལ་ཡིན། གཟུགས་དང་གཟུགས་མེད་ཀྱི་ལྷ་ལའང་བྱ་ནམ་མཁའ་ལ་འཕུར་བ་སླར་ཡང་ས་ལ་ལྷུངས་པ་ལྟར་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་བཤད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། གཞན་གྱིས་མི་རྟོགས་ཏེ། ཇི་སྐད་དུ། ལག་མཐིལ་སྤུ་ཉག་བཞག་པ་ན། །མི་བདེ་བ་དང་སྡུག་བསྔལ་མེད། །དེ་ཉིད་མིག་ཏུ་བཅུག་པ་ན། །མི་བདེ་བ་དང་སྡུག་བསྔལ་བསྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །འདི་དག་གཟིགས་ནས་ཐུགས་ཕྱུང་མཛད། །ཅེས་དཔེ་དོན་སྦྱར་ཏེ་བཤད་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། འདོད་པས་ཚིམས་པ་མེད་པའི་སྡུག་བསྔལ། སྐྱེ་ཤིས་སུན་པ་མེད་པའི་སྡུག་བསྔལ། ལས་ལ་ཟིན་པ་མེད་པའི་སྡུག་བསྔལ་དང་གསུམ་ཡིན་པར་འཆད་པའི་དང་པོ་ནི་བཤེས་སྤྲིངས་ལས། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་མང་སྙེད་ཅིག་བཏང་འཚལ་ལོ། །ཞེས་པ་ལྟ་བུ་ཡིན། གཉིས་པ་ནི། དེ་ཉིད་ལས། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རི་ལུར་བགྲངས་ཀྱང་ས་ཡི་ལང་མི་འགྱུར། །ཞེས་གསུངས་པ་ལྟ་བུ། གསུམ་པ་ནི། ཞིང་པ་རྣམས་ལོ་རེ་བཞིན་ཞིང་ལས་མི་ཟིན་པ། ཚོང་པ་རྣམས་ཀྱང་རྟག་པར་ཚོང་མི་ཟིན་པ་ལྟ་བུས་མཚོན་རང་རང་གི་ལས་ཀྱི་མཐའ་མ་ཤིའི་བར་དུ་མི་ཟིན་པ་ལྟ་བུའོ། །དེ་ལྟར་སྡུག་བསྔལ་གསུམ་ནི་མི་དགེ་བའི་ལས་ཀྱི་མཐར་ཐུག་རྫོགས་བྱེད་ཀྱི་འབྲས་བུ་ཡིན་ལ། དགེ་བའི་ལས་ཀྱི་མཐར་ཐུག་གམ་རྫོགས་བྱེད་ཀྱི་འབྲས་བུ་ནི་གོང་དུ་བཤད་པ་ལྟར་རོ། །མདོར་ན་ཆོས་ཀྱི་སྙིང་པོ་ལས་འབྲས་ཁོ་ན་ཟབ་ཅིང་མི་བསླུ་བར་ཡིད་ཆེས་དགོས་ཏེ། ལུང་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བར་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་དང་། བླང་དོར་བྱ་ཚུལ་མདོར་བསྡུ་ན། སོ་སོར་ཐར་པའི་ཚིགས་སུ་བཅད་པ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་གསུངས་པ་ལྟར་ཡོངས་འཛིན་དམ་པ་བསྟེན་ནས་ཕྲ་ཞིང་ཕྲ་བའི་ལས་འབྲས་ལ་བླང་དོར་ཞིབ་པར་བྱ་བ་དང་། ཡིད་ཆེས་པའི་ཕྱིར་དུ་མདོ་སྡེ་ཟབ་མོ་རྣམས་ཀློག་ཅིང་བསམ་པར་བྱའོ། །རྩ་བའི་ས་བཅད་ཐེག་པ་ལམ་འཁྱེར་ལས་ལྟ་བ་དང་བསྲུང་བྱའི་འཕྲོས་དོན་བྱེ་བྲག་ཏུ་བཤད་ཟིན་ཏོ། །བཞི་པ་ཏིང་འཛིན་ནི། རྩ་བར། བསྒོམ་བྱ་ཏིང་ངེ་འཛིན་ནི། རིགས་བརྒྱད་དབྱེ་བ་ལས། ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་རིམ་པར་སྐྱེ་བའི་རྒྱུ། །ཞེས་སོ། །དེའི་དོན་ནི། སྤྱིར་ཚད་མེད་བཞི་བསྒོམས་པས་ཚངས་གནས་བཞིར་སྐྱོ་བའི་རྒྱུ་སྟེ། རྒྱུད་སྡེ་ལས་ཚངས་པའི་གནས་པ་བཞི་སྒོམ་པར་གསུངས་པ་ཡིན་ལ། དེ་ཡང་མདོར་བསྡུ་ན། མགོན་པོ་བྱམས་པས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་གསུངས་པས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་ཞེས་པ་ཡན་ཆད་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ་ཚད་མེད། བྲལ་བའི་དགོངས་པ་ཅན་ནི་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཚད་མེད། མི་འབྲལ་བའི་དགོངས་པ་ཅན་ནི་བདེ་བ་དང་ལྡན་པ་རྣམས་མི་འབྲལ་བར་འདོད་པའི་དགའ་བ་ཚད་མེད། ཕན་བདེ་དགོངས་ནི་ཉེ་རིང་གི་མཐའ་གཉིས་སུ་མ་ལྷུང་བ་སྟེ་བཏང་སྙོམས་ཚད་མེད་ཡིན་པར་བཤད་པས་མངོན་མཐོའི་རྒྱུ་ཚད་མེད་པ་བཞི་ཡིན་ལ། དེ་ལྟར་སྒོམ་དགོས་པར་བཤེས་སྤྲིངས་ལས། བྱམས་དང་སྙིང་རྗེ་དགེ་དང་དགའ་བ་དང་། །བཏང་སྙོམས་རྟག་ཏུ་ཡང་དག་སྒོམས་མཛོད་ཅིག །ཅེས་དང་། འབྲས་བུ་ནི། ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །ཅེས་གསུངས་སོ། །རྒྱས་པར་ནི་བྱང་སྡོམ་གྱི་སྐབས་སུ་འབྲེལ་བར་སེམས་སོ། །ལྔ་པ་སྤྱོད་པ་ནི། རྩ་བར་དགེ་བ་བཅུ་ཅི་ནུས་ཀྱིས་བསྒྲུབ་སྟེ། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་སོ། །ཞེས་གསུངས་པའི་དོན་གོང་དུ་རྒྱས་པར་བཤད་ཟིན་པ་ལྟར་རོ། །དྲུག་པ་ནི། རྩ་བར། འབྲས་བུ་ནི་ལྷ་མིའི་གོ་འཕང་ཐོབ་བོ། །ཞེས་གསུངས་པའི་དོན་ཤེས་པར་སླ་བས་མ་སྤྲོས་སོ། །རྩ་བའི་ས་བཅད་ཉེར་བཞི་པ་ལྷ་ལམ་འཁྱེར་ནི། རྩ་བར་མངོན་རྟོགས་འདིར་སྐབས་སུ་བཤད་མོད་ཀྱང་གོང་དུ་བདག་མདུན་སྒྲུབ་མཆོད་ཀྱི་སྐབས་སུ་རྒྱས་པར་བཤད་ཟིན་པས་དེར་ལྟ་ཞིང་། འོན་ཀྱང་སློབ་མ་རྣམས་ལྷ་ངོ་འཕྲོད་པར་བྱ་བའི་ཕྱིར་དཀྱིལ་འཁོར་སོ་སོའི་ལྷ་རྣམས་མངོན་རྟོགས་ལྟར་ངོ་སྤྲོད་ཅིང་། མདོར་ན་དེང་ནས་ལྷ་དེ་རྣམས་དྲན་ཞིང་དེ་དག་གི་བཀའ་ལས་མི་འདའ་བའོ། །ཉེར་ལྔ་པ་སྙིང་པོ་ལམ་འཁྱེར་ནི། རྣམ་སྣང་གི་རྩ་རིག་དུརྒ། མི་འཁྲུགས་པའི་ལས་སྒྲིབ་རྣམ་སྦྱོང་ཀཾ་ཀ་ནི། ཐུབ་པའི་མུ་ནེ། སྣང་བ་མཐའ་ཡས་ཀྱི་གཟུངས་ལ་རྩ་བར་པདྨ་ཏ་ཀྲི་ཏ་བཤད་ཀྱང་པདྨ་མཐར་བྱེད་ཅེས་ཁྲོ་བོའི་སྔགས་སུ་འདུག་པས་འདིར་སྤྱི་ལྟར་དུ་པདྨ་ཨ་མི་དེ་ཝ། སྨན་བླའི་བྷཻ་ཥ་ཛྱེ་རྣམས་ཅི་ནུས་སུ་བཟླ་ཞིང་། རྩ་བར། སྔགས་མི་ཤེས་ན་སྐྱབས་འགྲོ་བྱའི་ཞེས་གསུངས་པས་སྙིང་པོ་ཕལ་ཆེར་ལྷའི་མཚན་ནས་འབོད་པའི་ཚུལ་ཡིན་པས་སྔགས་མི་ཤེས་ན་མཚན་ནས་བོས་ཏེ་སྐྱབས་སུ་འགྲོ་བར་བྱས་ཀྱང་ཆོག་སྟེ། རྡོ་རྗེ་གུར་གྱི་རྒྱུད་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་དབབ་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་དག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་གསུངས་པའི་ཕྱིར། ལྷ་དེ་རྣམས་ཀྱི་མཚན་ནས་བརྗོད་ཅིང་སྐྱབས་སུ་མཆིའོ་ཕྱག་འཚལ་ལོ། །ཞེས་པ་ལྟ་བུ་སྦྱར་ཏེ་བརྗོད་པས་སྙིང་པོ་ལམ་འཁྱེར་གྱི་གོ་ཆོད། ཉེ་དྲུག་པ་ནི། རྩ་བར། བསླབ་བྱ་ནི་མི་ཆོས་བཅུ་དྲུག་སྟེ། འབྱེད་པ་ལེ་ཆུང་ལས། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་པར་དམ་པའི་ཆོས་བཙལ་བ་དང་། གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང་། ཅི་ལའང་དྲན་ཅིང་ཚོད་ཟིན་པར་བྱ་བ་དང་། མ་བཅོལ་བའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སྙེད་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་སླན་པ་དང་། ཕུ་ནུ་དང་ཕ་ཚན་ནང་དུ་ཤོང་ཡངས་ཆེ་བ་དང་། རིམ་པས་རྒན་པ་ལ་བཀུར་སྟི་བྱ་བ་དང་། ཁྱིམ་ཚེས་ལ་བྱམས་པར་བྱ་བ་དང་། གཉེར་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱི་ཕན་འདོགས་པ་དང་། སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་། རིག་བྱེད་བཟོ་ལ་མཁས་པས་གཟན་ལ་ཕན་པ་དང་། ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུག་པ་དང་། ངན་བྱེད་ཀྱི་གྲོས་བཀག་ལ་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདིང་བ་དང་། ལས་མཐའ་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ། །དེ་ལྟར་གང་ནུས་ཁས་ལེན་དུ་གཞུག་གོ། །ཞེས་གསུངས་པས་ན་འདི་རྣམས་སྐྱེ་བོ་སྤྱི་མཐུན་ཁོ་ན་ལ་ཉེ་བར་མཁོ་ཞིང་བསླབ་བྱའི་དོ་ཐེར་འདུག་པས་དེ་དག་ཐམས་ཅད་དམ། གང་ནུས་ལ་སློབ་པར་བྱ་དགོས་སོ། །རྩ་བའི་ས་བཅད་ཉེར་བདུན་པ་ལ་ནང་གསེས་ཀྱི་ཕྱེ་ན་དྲུག་སྟེ། རྩ་བར། ཉེར་བདུན་པ་འགག་དྲུག་ནི། གནས་ཆུ་བོ་ནཻ་རཉྫ་ནའི་འགྲམ། སྟོན་པ་ཐུབ་པ་ཆེན་པོ། འཁོར་བྱང་ཆུབ་སེམས་དཔའ་དོན་གྲུབ། ཆོས་ལྷ་མིའི་ཐེག་པ། དབང་ཀ་ཁ་སོགས་སོ། །དགོས་པ་འཇིག་རྟེན་པའི་བྱ་བ་ལས་འདས་པའོ། །དེའང་མཚན་ཉིད་ཀྱི་ཐེག་པ་ལ་མཚམས་སྦྱོར་བའོ། །གཞུང་ལས། གང་གིས་གང་ལ་ཅི་ཕྱིར་གང་དགོས་པ། །འདི་ནི་ལྷ་མིའི་ཐེག་པའི་འགག་དྲུག་ཡིན། །ཞེས་སོ། །གདམས་ངག་དང་སྒོམ་ནི། རྩ་བར། ཉེར་བརྒྱད་པ་ངང་སྒོམ་ནི། ཁྲིད་དུ་བྱེད་ན་མིང་ངང་སྒོམ་ཆུང་ངུ། གདམས་ངག་ཅོག་བཞག །དཔེ་གར་སྤྱིན་ལ་སྦྲང་མ་ཟིན་པ་ལྟ་བུ། ཤེས་པ་སྔ་ཕྱིའི་འཁྲུལ་ཐག་ཆོད་པ་གནད། སེམས་ནང་དུ་ཟིན་པ་སྲོག །ཕྱི་སྣང་བ་འཕྲང་སྟེ་གོལ་བའོ། །དེའང་དང་པོར་རྟེན་ཅན་ལ་བཞག །དེ་ནས་ཅི་ལའང་རྟེན་མི་བཅའ། ཡུལ་གང་ལའང་མི་དམིགས། ལུས་ངག་ཁོང་གློད། སེམས་རང་སོར་མ་དཀྲོགས་པའི་རི་དྭགས་ལྟར་རམ། ཆུ་བཅད་པའི་རང་འཐག་གམ། འབེན་ཕིགས་པའི་མདའ་ལྟ་བུར་བཞག་གོ། །ཞིབ་ཏུ་བཀྲོལ་ན་བག་གསར་ལྟར་ལུས་གློད། གར་སྦྱིན་སྦྲང་མ་ལྟ་བུར་དབུགས་གློད། སྔ་ཕྱིར་མི་འཁྲུལ་བ་སེམས་གློད་པ་དེ་འགྱུ་བ་ནང་དུ་ཟིན་པའི་སེམས་ཀྱི་རང་གཟུགས། སྟོང་ཉིད་ངོས་ཟིན་པ་སྲོག །སེམས་ཡུལ་དུ་སྣང་བ་ཁམས་གསུམ་ས་དགུ་སྟེ་འཕྲང་། རང་སྣང་སྟོང་པའི་རྩལ་དུ་ཤར་བ་དེ་སྟོང་པའི་རང་གཟུགས་སུ་མ་ཤེས་པས་ཆགས་སྡང་གི་བླང་དོར་བྱས་པས་ངན་སོང་གསུམ་དུ་སྐྱེ་བ་གོལ་བའོ། །དེའང་ལམ་རིམ་ལས། འཇིག་རྟེན་དང་པོ་བསམ་གཏན་བཞི། སྙོམས་འཇུག་བཞི། གོལ་ས་དགུ་སྟེ། ཞེས་པས་ས་གཅིག་པ་འདོད་ཁམས་དང་། གཟུགས་ཁམས་བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པ། སྙོམས་འཇུག་གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་དགུའོ། །སེམས་དྭངས་གསལ་འཛིན་མེད་ས་དགུར་བསྐྱེད་ཀྱང་མི་འཆིང་སྟེ། ནམ་མཁའ་ཀློང་ཡངས་ལས། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་མེད་ཆོས་སྐུ་སྤྱོད་པར་བཤད། །དེས་ནི་ལྷ་མིའི་ངང་སྒོམ་བསྟན་པའོ། །ཞེས་སོ། །དེ་རྣམས་ཀྱི་དོན་ནི་བརྒྱུད་པ་རིན་པོ་ཆེ་འདིའི་ལུགས་ལ། རིག་འཛིན་མངའ་རིས་པ་ཆེན་པོ་ཡབ་སྲས་ཀྱི་མདོ་དབང་ཁྲིད་དུ་འཆད་པའི་དགོངས་པ་ཞེས་ཟླ་བ་གསུམ་ཙམ་ངེས་པར་མཛད་པའི་རྒྱུན་འདུག་པ་དང་། ལམ་འདི་ཡང་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་དུ་འདུག་པས་གསུང་རབ་ཐམས་ཅད་གདམས་པར་འཆར་བཞིན་བྱེད་པ་གལ་ཆེ་བས་དཔོན་སློབ་གཉིས་ཀས་རྣམ་གཡེང་རྒྱུན་བཅད་དེ་དབང་ཁྲིད་སྦྲགས་མར་འཆད་དགོས་ཀྱང་། དེང་སང་ནི་སྤྱིར་གལ་ཆུང་ཆོས་སུ་བྱེད་པའི་དབང་གིས་དམ་པའི་ཆོས་ལ་ཐོས་འདུན་ཆུང་བ་དང་། གལ་ཏེ་ཐོས་པར་འདོད་པ་རྣམས་ཀྱང་ཐོབ་ལོ་དང་ཐོབ་གྲགས་གོ་སྐམ་ལ་ཐིག་པས་བསྣུན་པ་ལྟ་བུ་དེས་གོ་གཅོད་པར་མཐོང་བས་མང་དུ་སྨྲས་ཀྱང་དགོས་པ་ཆུང་ངུར་བས་ཏེ། བུ་སྟོན་རིན་པོ་ཆེ། བདག་གི་ཆོས་མིན་སྨྲ་རུ་ཆོས་དང་འགལ། །ཆོས་བཞིན་བྱས་ན་བོད་རྣམས་དགྲ་རུ་ལྡང་། །ཅི་ཡང་མ་སྨྲས་ཀུན་གྱིས་བླུན་ཞེས་བརྙས། །ཀྱེ་མ་ད་ནི་བདག་གིས་ཇི་ལྟར་བྱ། །ཞེས་གསུངས་པའི་དོན་ཁོ་ནའི་ཐོག་ཏུ་བབ་པར་གདའ། འོན་ཀྱང་བླ་མ་དང་ཆོས་ལ་ཐེ་ཚོམ་མེད་པའི་དད་འདུན་ཆེ་ཞིང་འཁོར་བ་ལས་ངེས་པར་འབྱུང་འདོད་དང་བྱང་ཆུབ་ཁོ་ན་དོན་དུ་གཉེར་ན་ཆོས་ཀྱི་རྩ་བ་སེམས་ཁོ་ན་འདུལ་དགོས་ཏེ། རང་གི་སེམས་ནི་ཡོངས་སུ་དུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཁྱོད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་གསུངས་པས་ཐབས་དུ་མའི་སྒོ་ནས་སེམས་ཐོག་ཏུ་ཕེབས་པ་ཞིག་གལ་ཆེ་བར་གདའ་ཞིང་། ཆོས་ཀྱི་དགོས་པ་རང་རྒྱུད་འདུལ་བ་ལས་གཞན་མེད་པས། དེ་ཡང་གདམས་ངག་ཁྱད་པར་ཅན་ལ་རག་ལས་ཤིང་ཇི་ལྟར་བྱ་ན། རྩ་བར། དང་པོ་རྟེན་ཅན་ལ་བཞག་དེ་ནས་ཅི་ལའང་རྟེན་མི་བཅའ། ཞེས་གསུངས་པས་དབེན་པར་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། རང་གི་མདུན་དུ་རྡེའུ་དང་ཤིང་བུ་ལ་སོགས་ཆེ་ཆུང་འཚམས་པ་མིག་ལ་མི་གནོད་པའི་ཕྱིར་ཁ་དོག་ནག་པོ། རྣམ་རྟོག་གི་འཕྲོ་འདུ་ཉུང་བའི་ཕྱིར་བཟོ་དབྱིབས་སྣ་ཚོགས་མ་ཡིན་པ་ཞིག་བཞག་སྟེ། ལས་དང་པོའི་སྐབས་འདིར་སེམས་དུས་གསུམ་གྱི་རྟོག་པའི་འཕྲོ་འདུ་ཐམས་ཅད་ཆམ་སྐྱུར་ལ། མིག་གཞན་དུ་མི་འགྱུར་ཞིང་ཡིད་མིག་ལྷན་ཅིག་ཏུ་དམིགས་རྟེན་གྱི་སྟེང་དུ་ལྷོད་ཀྱིས་འཇོག །དེ་ལྟར་བཞག་པའི་ཚེ་རྣམ་རྟོག་གི་འཕྲོ་འདུ་ཇི་ལྟར་འདུག་ལེགས་པར་བརྟགས་ལ། མང་པོར་འཕྲོ་ན་དམིགས་རྟེན་གྱི་སྟེང་དུ་ཧྲིལ་བསྡུས་ལ་ལྷོད་ཀྱིས་བཞག །འཕྲོ་འདུ་ཉུང་ན་དྲན་པའི་རྒྱ་བསྐྱེད་ལ་གྲིམས་པར་བྱས་ཏེ་བལྟ། དེས་སྐྱོ་ན་དམིགས་རྟེན་ལ་ཆེད་ཀྱིས་མི་བལྟ་བར་ཤེས་པ་རང་བབས་སུ་ལྷོད་དེ་འཇོག །ཡང་རྟེན་ཅན་དུ་འཇོག་པ་སོགས་རེས་མོས་ཀྱི་སྒོམ། མདོར་ན་མདོ་སྡེ་ལས་བཤད་པའི་སེམས་གནས་དུ་མའི་སྒོ་ནས་ཀྱང་ཞི་གནས་ཀྱི་གནས་ཆ་བཙལ། འདི་ནས་སྒོམ་གྱི་གཞི་བཅས་ཏེ་མཐར་རྫོགས་ཆེན་ཨ་ཏི་ཡོ་གའི་དབང་གི་ཚེ་ལྟ་བ་ངོ་སྤྲོད་པ་ཡིན་པས་ལེགས་པར་བསྒོམ་མཛོད། ཅེས་གདམས། ལས་དང་པོ་པར་སེམས་གནས་ཀྱི་རྒྱས་བཤད་མང་ན་མགོ་འཁོར་ཏེ་སྒོམ་གྱི་གེགས་བྱེད་པས་དམིགས་རྐང་ཙམ་ལས་མི་བཤད། མཁས་པའི་རིགས་ལ་ལུང་རིགས་ཀྱི་སྒོ་ནས་སོ་སོའི་རིགས་དང་སྦྱར་བའི་བཅད་སྒོམ་གྱི་བཤད་པ་བྱེད་པའོ། །དེ་ཡན་ཆོད་ཀྱི་འཇིག་རྟེན་ལྷ་མིའི་ཐེག་པའི་འཇུག་སྒོ་བསྙེན་གནས་དང་། དངོས་གཞི་དབང་ཁྲིད་ཐམས་ཅད་ལེགས་པར་གྲུབ་པ་ཡིན་པས་དེ་ལས་བཤད་པའི་བསླབ་བྱ་སོགས་ལེགས་པར་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར། གཏང་རག་མཎྜལ། དེང་ནས་བརྩམས་ཏེ་སོགས་རྗེས་ཆོས་གསུམ་ཕྱག་རྡོར་ལྟར་བྱ། དེའི་དགེ་བ་སེམས་ཅན་ལ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་བ་བྱ། རྩ་བར། དེ་ནས་གོང་དུ་བསྟན་པའི་ཆོ་གས་ཆ་གསུམ་བཏང་། དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་བྱ། ཞེས་དང་། འཇམ་དབྱངས་ཡབ་སྲས་ཀྱི་མཆན་བུར། རྗེས་ཡེ་དྷར་བཟླས་ཤིང་ཤིས་པ་བརྗོད། མཎྞལ་ཕུལ། མཆོད་པ་བསང་སྦྱང་མཆོད་བསྟོད་ཡིག་བརྒྱ་བརྗོད། དགེ་བ་བསྔོ། དཀྱིལ་འཁོར་བསྡུ། སྤྱོད་ལམ་ཅི་བདེར་བྱ་གསུང་། ཞེས་འབྱུང་བས་ཆ་གསུམ་གོང་དུ་གྲུབ་པས་འདིར་མི་དགོས། དཀྱིལ་འཁོར་གྱི་མཆོད་པ་རྣམས་ཁ་གསོས་བྱིན་གྱིས་བརླབས་ཏེ། མདུན་བསྐྱེད་སྒྲུབ་མཆོད་སྐབས་ཀྱི་མཆོད་ཕྲེང་རྒྱས་པའམ་བསྡུ་ན་སྔགས་མཆོད་དང་བསྟོད་པ་ཡང་རྒྱས་བསྡུས་དེས་རིགས་འགྲེ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་བ་དང་ཉམས་པ་དང་། །ཞེས་སོགས་ཀྱི་ཚིགས་སུ་བཅད་པས་བཟོད་པར་གསོལ། ཙཀླི་ཡོད་པའི་དཀྱིལ་འཁོར་གྱི་ལྷའི་ཡེ་ཤེས་པ་རྣམས་ཙཀླིར་བརྟན་བཞུགས་ཀྱི་སླད་དུ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱི་ཚིགས་བཅད་དང་། སུ་པྲ་ཏིཥྛའི་སྔགས་ཀྱིས་མེ་ཏོག་གཏོར་ཞིང་བརྟན་པར་བཞུགས། དམ་ཚིག་པ་རྣམས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་རྟེན་མེད་པའི་ལྷ་རྣམས་ལ། ༀ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་ཚིགས་བཅད་དང་ལྷན་དུ་སེ་གོལ་གཏོག་ཅིང་གཤེགས་གསོལ་བྱ། སློབ་དཔོན་གྱི་རྡོ་རྗེས་དབང་ལྡན་ནས་བརྩམ་སྟེ་ཚོན་རྣམས་བསྡུ། ཐིག་ཤུལ་དབྱི། བདག་བསྐྱེད་ཀྱི་ཡེ་ཤེས་པ་ཡང་བཛྲ་མུཿ ས་གཤེགས་སུ་གསོལ། ཉེར་དགུ་པ་སྨོན་ལམ་ནི། རྩ་བར་ཐོག་མར་བཀྲ་ཤིས་དང་མཇུག་ཏུ་བསྔོ་སྨོན་བྱུང་ཀྱང་སྨོན་ལམ་འདིར་ལེན། དེ་ཡང་རྩ་བར། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །ཞེས་གསུངས་པས་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྣམ་པར་དག་པ་བཏབ། སུམ་ཅུ་པ་བཀྲ་ཤིས་ནི། རྩ་བར་བཀྲ་ཤིས་བརྗོད་པ་ནི། སྟོན་མཆོག་དམ་པ་སོགས་གསུངས་པས། སྟོང་ཆེན་རབ་འཇོམས་ནས་གསུངས་པ་ལྟར། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བའི། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ༴ སེམས་ཅན་གང་དག༴ དེ་དག་ཐམས་ཅད༴ ཚོགས་ཀྱི་མཆོག་རབ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ༴ སེམས་ཅན་གང་དག༴ དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་དང་། གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་ཅིང་། རྟེན་འབྲེལ་སྙིང་པོས་མེ་ཏོག་གཏོར་རོ། །ལྷ་མིའི་ཆོ་གའོ། །ནུབ་མོ་ཞི་ཁྲོའི་ཕྲིན་ལས་ཚོགས་བསྐང་བྱ་བ་སོགས་སྔ་མ་དང་འདྲའོ། །ལེགས་བྱས་མངོན་མཐོའི་ཁང་བརྩེགས་དམ་པ་དེར། །ལྷ་མིའི་ལམ་གྱི་ཐེམ་སྐས་ལ་བརྟེན་ནས། །བགྲོད་བྱེད་ཆོ་གའི་ནོར་བུ་གྲངས་མང་པོ། །ཁྲིགས་ཆགས་སྲད་བུར་བརྒྱུས་འདི་དཔྱོད་ལྡན་རྒྱན། །གང་ཞིག་མཆོག་དམན་བར་མའི་སྐྱེ་བོ་ཀུན། །ངེས་ལེགས་རིན་ཆེན་གླིང་དེར་རབ་བཀྲི་བའི། །བསྙེན་གནས་ས་བོན་དགེ་བཅུའི་དྲོད་གཤེར་གྱིས། །བྱང་ཆུབ་འབྲས་བུར་སྨིན་བྱེད་ཐབས་འདི་ཟབ། །འདི་ཕྱིའི་གཏན་འདུན་གྲུབ་སྟེ་དཀོན་མཆོག་གསུམ། །ལྷག་པའི་ལྷར་བརྟེན་ཆོས་སྤྱོད་བསགས་སྦྱངས་ཀྱི། །བཟླས་བརྗོད་ཞི་ལྷག་ཟུང་འཇུག་ཏིང་འཛིན་སོགས། །རྣམ་མང་ལམ་གྱི་འཇུག་ཚུལ་འདི་རྨད་བྱུང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
༈ དེ་ནས་གཉིས་པ་ཉན་ཐོས་ཀྱི་དཀྱིལ་འཁོར་སྒྲུབ་ཁྲིགས་ལ་སུམ་ཅུ། དཀྱིལ་འཁོར་བྱ་ཞིང་མཆོད་པ་བཤམ། །རབ་གནས་ཆོག་གཞུང་ཆ་གསུམ་དང་། །དཔང་སྐོར་ཁྲུས་བྱས་སྡོམ་རྟེན་ཁྲི། །རྒྱན་ལྡན་ཁྲིར་འཛེག་སྟོན་པ་བསྒོམ། །ཚུལ་ཁྲིམས་ལྡན་པའི་བུམ་དབང་ལ། །གསོ་སྦྱོང་ཚུལ་ཁྲིམས་བཙུན་ཆས་ལྷ། །གསོལ་གདབ་སྡོམ་པ་བསླབ་བྱ་དཔོག །ཆོས་བཤད་དབང་བསྐུར་དང་ལམ་འཁྱེར། །ཐེག་པ་ལྷ་སྙིང་བསླབ་བྱ་ལའང་། །ཐེག་སྒོ་ལྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །གདམས་ངག་ངང་སྒོམ་བཀྲ་ཤིས་བསྔོ། །ཞེས་དོན་སུམ་ཅུས་བསྟན་པའི་དང་པོ་དཀྱིལ་འཁོར་ལ་གསུམ་ཡིན་ཏེ། རྩ་བར། དང་པོ་དཀྱིལ་འཁོར་ལོ་གསུམ་ལས། དང་པོ་ནི། ཨེ་ཡཾ་རཾ་ཝཾ་ལཾ་ཞེས་པས་མཁའ་རླུང་མེ་ཆུ་སའི་དཀྱིལ་འཁོར་རིམ་བརྩེགས་ཀྱི་སའི་དཀྱིལ་འཁོར་ལ་ཉན་ཐོས་འགོད་པ། གཉིས་པ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཐེམས་བརྒྱད་ཀྱི་གཉིས་པ་ཡན་ཆད་ལ་ཉན་ཐོས་རྒྱུ་ལ་གནས་པ། རྒྱན་གྱི་རྟ་བབས་གཉིས་པ་མན་ཆད་ལ་ཉན་ཐོས་འབྲས་བུ་ལ་གནས་པ་འགོད་པའོ། །གསུམ་པ་བྲི་བ་ལ་ལྔ་སྟེ། པདྨ་འདབ་མ་བཞི་པ་གཉིས་དང་ནང་དུ་འདབ་བཞི། དེའི་ཕྱིར་བརྒྱད། དེའི་ཕྱིར་ཡང་བརྒྱད། འདབ་མ་བཅུ་དྲུག་བྱ། གཉིས་སོ། །དེ་རྣམས་ཀྱི་ལྟེ་བ་སེར། འདབ་མ་ཕྱོགས་མདོག །མཚམས་མཛེས་ཚོན་ནོ། །གཉིས་པ་ཁུངས་ནི། སྐས་གདང་ལས། འདུ་ཤེས་བཅུ་ལྡན་ཉན་ཐོས་རྣམས། །ཞེས་སོ། །ཞེས་གསུངས་པའི་ཕྱིར། དེའི་དོན་ནི་གཞིའི་དཀྱིལ་འཁོར་གནས་ཚུལ་དང་། ལམ་དུ་དཀྱིལ་འཁོར་སྒོམ་ཚུལ། དེ་ལྟར་བྲི་བའི་ཚུལ་དང་གསུམ་གྱིས་བསྟན་པའི་དང་པོ་གཞིའི་དཀྱིལ་འཁོར་ནི། འབྱུང་བ་རིམ་བརྩེགས་ཀྱི་སའི་དཀྱིལ་འཁོར་ལ་ཉན་ཐོས་ཀྱི་དཀྱིལ་འཁོར་གནས་པའོ། །གཉིས་པ་ནི་ཚོགས་ཆེན་འདུས་པའི་རྟ་བབས་བརྒྱད་ཀྱི་གཉིས་པ་ལ་ཉན་ཐོས་རྒྱུ་དང་འབྲས་བུ་ལ་གནས་པ་རྣམས་རིམ་པ་བཞིན་འགོད་དོ། །གསུམ་པ་བྲིས་པའི་དཀྱིལ་འཁོར་ནི་རྩ་བར་ལྔ་གསུངས་ཀྱང་འདྲ་མནན་པའི་ཚེ་འདབ་བཞི་པ་གཉིས་དང་། ནང་དུ་འདབ་བཞི་དེའི་ཕྱིར་བརྒྱད་པ་ཉིས་སྦྲགས་ཡོད་པ་གཉིས་ཏེ་བཞིར་ངེས་ཀྱང་ལྷ་ལམ་འཁྱེར་གྱི་དུས་གཙོ་བོར་སྟོན་པ་ལ་དུས་བཟང་གི་ལྷ་གསུམ་དང་། དུས་ཆེན་གྱི་ལྷ་གསུམ་སྟེ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་གཅིག་ཀྱང་བཤད་པས་ལྔར་འགྱུར། ཀཿཐོག་པ་རྣམས་ཀྱི་ཟིན་བྲིས་སུ་སྔ་མ་བཞི་བྲི་བྱ་ཡིན་ལ། ཕྱི་མ་འདི་ཚོགས་ཞིང་གི་དཀྱིལ་འཁོར་ཡིན་པས་མི་འདྲ་ཟེར། ཟུར་ལུགས་ཀཿཐོག་ལུགས་གཉིས་ཀའི་དཀྱིལ་འཁོར་རྙིང་པ་རྣམས་ལ་ཉན་ཐོས་ཀྱི་དཀྱིལ་འཁོར་དབུས་སུ་པད་འདབ་བཞིའི་ཕྱིར་བརྒྱད་ཡོད་པ་གཅིག་ཁོ་ན་བྲིས་འདུག་ལ། དེ་མཚུངས་ཀཿཐོག་རྡོར་བཟང་གི་ཆོག་ཁྲིགས་སུ་ཡང་བཤད་མོད། འོན་ཀྱང་རྩ་བའི་ས་བཅད་དང་པོའི་ནང་སེམས་གསུམ་པ་བྲིས་པའི་དཀྱིལ་འཁོར་དང་། རྩ་བའི་ས་བཅད་བཅོ་བརྒྱད་པ་ལྷ་གཉིས་གོ་བསྟུན་ན་གཙོ་བོ་ཐམས་ཅད་ནི་སྟོན་པ་ཁོ་ན་ལ། བྲི་ཆར་འདབ་བཞི་པ་གཉིས་བཤད་པའི་དང་པོ་ཤཱ་རི་བུ་དང་མདྒལ་གྱི་བུ་རབ་བྱུང་ཁྱིམ་པ་བཞིས་བསྐོར་བ། གཉིས་པ་འཁོར་རྣམ་བཞིས་བསྐོར་བ། གསུམ་པ་བྲི་ཆར་ནང་དུ་འདབ་བཞི་དེའི་ཕྱིར་བརྒྱད་དེའི་ཕྱིར་ཡང་བརྒྱད་ཅེས་པ་ནི་ནང་གི་འདབ་བཞི་ལ་དགྲ་བཅོམ་པ་ཕྱིར་འོང་ཕྱིར་མི་འོང་། རྒྱུན་ཞུགས་བཞི། འདབ་བརྒྱད་ནང་མར་མཆོག་བརྒྱད། ཕྱི་མར་སྤྲུལ་པ་བརྒྱད་རྣམས། བཞི་པ་དང་ལྔ་པར་བྲི་ཆར་འདབ་མ་བཅུ་དྲུག་བྱ། གཉིས་སོ། །ཞེས་གསུངས་པའི་བཅུ་དྲུག་པ་དང་པོ་མཆོག་བཅུ་དྲུག །གཉིས་པར་གནས་བརྟན་བཅུ་དྲུག་རྣམས་ཡིན་པར་འཁྲུལ་པ་མེད། འདིར་ནི་རང་ལུགས་གཙོ་བོར་བགྱིས་ན། ཟུར་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གནས་ཀྱི་ལྷན་ཐེམས་སུ། ཉན་ཐོས་ལ་ཡང་གཙོ་བོ་ནི། །སྤྱིར་ན་དུས་གསུམ་སངས་རྒྱས་དང་། །ཁྱད་པར་བསྐལ་བཟང་སངས་རྒྱས་སྟོང་། །ཞེས་དཀྱིལ་འཁོར་དང་པོ་གཙོ་བོ་སྟོན་པ་ལ་དུས་ཆེན་པོ་ལྷ་གསུམ་དང་དུས་བཟང་གི་ལྷ་གསུམ་སྟེ་དྲུག་ལ་སངས་རྒྱས་སྟོང་གིས་བསྐོར་བ། གཉིས་པ་བདེ་བཞིའི་དཀྱིལ་འཁོར་ནི། དགེ་སློང་དགེ་བསྙེན་ཕོ་མོ་བཤད། གསུམ་པ་དགེ་འདུན་མཆོག་བཅུ་དྲུག །བཞི་པ་འཁོར་བརྒྱད་སྤྲུལ་རང་རྒྱུད། །ལྔ་པ་མཆོད་དང་གནས་བརྟན་སྦྲགས། །ཞེས་གསུངས་པའི་དང་པོ་གོ་སླ་ལ། གཉིས་པ་ལ་འདབ་བཞི་དབུས་སུ་ཐུབ་དབང་དང་། ཕྱོགས་བཞིར་དགེ་སློང་ཕ་མ་དང་དགེ་བསྙེན་ཕ་མ་སྟེ་བཞིས་བསྐོར་བའི་དཀྱིལ་འཁོར། གསུམ་པ་མཆོག་བཅུ་དྲུག་ནི་ཐུབ་དབང་ལ་མང་དུ་ཐོས་པའི་མཆོག་ཀུན་དགའ་བོ། ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ། རྫུ་འཕྲུལ་ཅན་གྱི་མཆོག་མདྒལ་གྱི་བུ། འདྲི་ཞིང་ལན་འདོན་པ་རྣམས་ཀྱི་མཆོག་རབ་འབྱོར། ལྷའི་མིག་དང་ལྡན་པའི་མཆོག་མ་འགགས་པ། བསླབ་པ་ལ་གུས་པའི་མཆོག་འཆར་ཀ །མཐའ་འཁོབ་འདུལ་བའི་མཆོག་ཀོཎྜི་ཎྱ། ཁྱིམ་པ་དད་པར་བྱེད་པའི་མཆོག་རྟ་ཐུལ་ཏེ་མཆོག་བརྒྱད་དང་། འདུལ་བ་འཛིན་པའི་མཆོག་ཉེ་བར་འཁོར། འགོག་པའི་ཏིང་ངེ་འཛིན་གྱི་མཆོག་བ་ལང་བདག །སྦྱངས་པའི་ཡོན་ཏན་ལ་གནས་པ་རྣམས་ཀྱི་མཆོག་འོད་སྲུངས། བསླབ་པ་ལ་གུས་པའི་མཆོག་སྒྲ་གཅན་འཛིན། མཚན་དཔེར་ལྡན་པའི་མཆོག་གཅུང་དགའ་བོ། །རྒྱལ་བའི་བཀའ་ལ་གུས་པའི་མཆོག་མིང་ཆེན། དབུལ་བ་སེལ་བའི་མཆོག་ནོར་སྦྱིན། ཆོས་སྨྲ་བ་རྣམས་ཀྱི་མཆོག་གམ་ཡོན་སྦྱོང་བའི་མཆོག་གང་པོ་སོགས་རང་རྒྱུད་པ་བརྒྱད་བསྡོམས་པས་མཆོག་བཅུ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་ཡིན་ཀྱང་། དེང་སང་ཕྱག་བཞེས་སུ་དཀྱིལ་འཁོར་གསུམ་པ་འདི་ལ་འདབ་བཞིའི་དབུས་སུ་སྟོན་པ་དང་འདབ་བཞིར་དགྲ་བཅོམ་པ། ཕྱིར་མི་འོང་། ཕྱིར་འོང་། རྒྱུན་ཞུགས་བཞིས་བསྐོར་བའི་དཀྱིལ་འཁོར་དུ་མཛད་པས་འོག་ཏུ་རྒྱས་པར་འཆད། བཞི་པ་ལ་འཁོར་བརྒྱད་ནི་ཟུང་བཞི་ཡ་བརྒྱད་ཅེས་གྲགས་པའི་ཟུང་བཞི་ནི་གོང་གི་མཆོག་བརྒྱད་དང་། ཡ་བརྒྱད་ནི་རང་རྒྱུད་པ་བརྒྱད་ཡིན་ཞིང་། དེ་དག་ལ་སྤྲུལ་པ་དང་རང་རྒྱུད་ཀྱི་ཁྱད་པར་ཡོད་པས་ན། བཞི་པ་འཁོར་བརྒྱད་སྤྲུལ་རང་རྒྱུད། །ཅེས་བཤད་ལ། འོན་ཀྱང་སྐྱེས་བུ་ཟུང་བཞི་ཡ་བརྒྱད་པོ་སྤྱི་ལྟར་ན། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་བཞི་ལ་ཟུང་བཞི་དང་། ཡ་བརྒྱད་ནི་དེ་ལ་ནང་གསེས་ཕྱེ་བའི་རྒྱུན་ཞུགས་ལ་ཞུགས་པ་དང་གནས་པ་གཉིས། ཕྱིར་འོང་ལ་ཞུགས་པ་དང་གནས་པ་གཉིས། ཕྱིར་མི་འོང་ལ་ཞུགས་པ་དང་གནས་པ་གཉིས། དགྲ་བཅོམ་པ་ལ་ཞུགས་པ་དང་གནས་པ་གཉིས་སུ་བཤད་པས། འདིར་དགྲ་བཅོམ་པ་འབའ་ཞིག་ལ་ཟུང་བཞི་ཡ་བརྒྱད་དུ་བཏགས་འདུག་པ་ཡང་དཔྱད་པར་བྱ་ཞིང་མཆོག་བརྒྱད་ཀྱང་སྤྱི་དང་མི་མཐུན་པར་བྱུང་ངོ་། །བྲི་ཆར་ཕྱག་ལེན་དུ་འདབ་བརྒྱད་ཉིས་སྤྲག་གི་ནང་མ་ལ་སྤྲུལ་པ་བརྒྱད། ཕྱི་མ་ལ་རང་རྒྱུད་པ་བརྒྱད་མཛད་སྲོལ་ཡོད། ལྔ་པ་ནི་ཐུབ་དབང་ལ་གོང་གི་ཉན་ཐོས་བཅུ་དྲུག་གི་སྟེང་གནས་བརྟན་བཅུ་དྲུག་ཀྱང་བཀོད་པས་འཁོར་སུམ་ཅུ་སོ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར་དུ་བཤད། དེ་ལྟ་བུའི་གནས་བརྟན་ཡང་། ལྷ་ཐེམས་ལས། གནས་བརྟན་བཅུ་དྲུག་རྙིང་མ་ལྟར། །ཐམས་ཅད་འཁར་གསིལ་ལྷུང་བཟེད་མཐུན། །གསར་མ་ཇོ་བོ་རྗེ་ལྟར་དང་། །མཚན་བཞི་མི་འདྲ་བཅུ་གསུམ་མཐུན། །ཞེས་གསུངས་པའི་འགྲེལ་བཤད་དུ། གནས་བརྟན་བྷ་ར་དྷྭ་ཚ་བསོད་སྙོམས་ལེན་དང་གཅིག །གསེར་བེའུ་དང་གཉིས། མི་ཕྱེད་པ་དང་གསུམ། བཟང་པོ་དང་བཞི། འདས་པ་ཞེས་བྱ་སྟེ་དུས་ལྡན་དང་ལྔ། བྷ་ར་དྷྭ་ཚ་གསེར་ཅན་དང་དྲུག །ལམ་པོ་ཆེ་བ་དང་བདུན། ལམ་ཕྲན་བསྟན་དང་བརྒྱད། སྒྲ་གཅན་འཛིན་དང་དགུ། ཀླུའི་སྡེ་དང་བཅུ། ཟུར་གྱི་གཤེགས་སམ་ཟུར་གྱི་ཤེས་ཞེས་པ་ནགས་ན་གནས་པའམ་གནས་ན་གནས་པ་དང་བཅུ་གཅིག །མ་ཕམ་པ་དང་བཅུ་གཉིས། ཤིང་ཀུན་པ་དང་བཅུ་གསུམ། ཤིང་ཤུན་ཅན་དང་བཅུ་བཞི། བ་ལང་སྐྱོང་དང་བཅོ་ལྔ་ནི་དགེ་སློང་སྣམ་སྦྱར་ཅན་ཡིན་ལ། བཅུ་དྲུག་པ་ཙུནྡ་ནི་དགེ་ཚུལ་སྣམ་སྦྱར་མེད་པའོ། །དགེ་བསྙེན་དྷརྨ་ཕ་ལའམ་དྷརྨ་ཏ་ནི་ཁྱིམ་པའི་ཆ་བྱད་ཅན་དང་བཅུ་བདུན་ལས། ཇོ་བོ་རྗེའི་གནས་བརྟན་ལྟར་ན་ཤིང་ཀུན་པ། ཤིང་ཤུན་ཅན། བ་ལང་སྐྱོང་། ཙུནྡ་རྣམས་ཀྱི་མཚན་ལ། སྦེད་བྱེད་ཅེས་སམ་བདེ་བྱེད་བྱ་བ་དང་། ཡན་ལག་འབྱུང་དང་། བ་ཀུ་ལ་དང་། རྡོ་རྗེ་མོའི་བུ་ཞེས་བཤད་ཅིང་། ཕྱག་མཚན་ཡང་སོ་སོར་གསུངས་སོ། །ཞེས་གསུངས་པས། སྦེད་བྱེད། ཡན་ལག་འབྱུང་། བ་ཀུ་ལ། རྡོ་རྗེ་མོའི་བུ་བཞིའི་མཚན་ལ་ཤིང་ཀུན་པ། ཤིང་ཤུན་པ། བ་ལང་སྐྱོང་། ཙུནྡ་ཞེས་བཏགས་པ་མ་གཏོགས་ཡོངས་གྲགས་དང་འདྲ་བར་སྣང་ཡང་། བྱ་པ་སྐལ་བཟང་པའི་མཛད་པ་འཁྲུལ་མེད་དང་པཎ་ཆེན་བྱམས་གླིང་པའི་གནས་བཅུའི་རྟོགས་པ་གཉིས་མཐུན་པར། སྦེད་བྱེད་པ་བ་ལང་བདག །ཤིང་ཤུན་ཅན་བ་ཀུ་ལར་བཤད་འདུག་ཅིང་། རིག་འཛིན་ཡོལ་མོ་བ་ཡང་འདི་ལྟར་བཞེད། རྡོ་རྗེ་མོའི་བུ་དགེ་ཚུལ་ཙུནྡ་སྔ་འགྱུར་ཕྱོགས་བཞེད་པ་འདྲ་ཡང་མདོ་ལས་རྡོ་རྗེ་མོའི་བུ་དང་དགེ་ཚུལ་ཙུནྡ་གླེང་གཞི་ཐ་དད་དུ་བྱུང་བས་གཅིག་ཏུ་བྱས་ན་ཀླན་ཀ་འབྱུང་ཉེ་ཞིང་། གླེང་གཞི་དང་སྦྱར་ན་གསེར་བེའུ། བ་ལང་བདག་ཡིན་འདྲ་ཞིང་འདུག་མོད། འོན་ཀྱང་འདིར་བླ་མ་གོང་མ་རྣམས་ཀྱི་གསུང་ལ་འཁྲུལ་པ་མི་མངའ་བས་བསྒྱུར་བཀོད་མ་བདེ་ཞིང་ལུགས་འདི་འཐད་ལྡན་དུ་བསྒྲུབ་པར་ནུས་པ་དག་མཆིས་ན་ལྗགས་རྐྱོང་བར་རིགས་སོ། །འོན་ཀྱང་དེང་སང་ཟུར་ལུགས་དང་ཀཿཐོག་ལུགས་གཉིས་ཀ་ལ་གནས་བརྟན་རྣམས་ཀྱི་མངོན་རྟོགས་མི་གསལ་ཞིང་། ཙུནྡ་དང་དྷརྨཱ་ཏ་གཉིས་གནས་བརྟན་བཅུ་དྲུག་ཏུ་འདྲེན་དགོས་པ་སོགས་འདྲ་མིན་སྣ་ཚོགས་འདུག་ཀྱང་། ཕྱོགས་འདིར་མཁས་པ་འགའ་ཞིག་པད་འདབ་བཅུ་དྲུག་ལ་གནས་བརྟན་བཅུ་དྲུག་དང་། ཤར་ལྷོའི་གྲར་ཙུནྡ་དགེ་ཚུལ། བྱང་ཤར་གྱི་གྲར་དྷ་རྨཱ་ཏ་དགེ་སྙེན་རྣམས་བཤད་པ་ལེགས་པར་མཐོང་སྟེ་དེ་བཞིན་དུ་འོག་གི་དཀྱིལ་ཆོག་ཏུ་ཡང་བྲིས་སོ། །ཕྱག་མཚན་རང་ལུགས་ལ་ཐམས་ཅད་འཁར་གསིལ་ལྷུང་བཟེད། ཡོངས་གྲགས་ལ་ཕྱག་མཚན་མི་འདྲ་བ་སོ་སོར་བྱེད་པ་ཇོ་བོ་རྗེའི་ལུགས་ཡིན་པར་བཤད་འདུག་ཀྱང་། ངོས་ཟིན་པའི་ཁྱད་ཀྱིས་ཕྱི་མ་ལྟར་ལེགས་པར་མངོན་ཞིང་། འདི་རྣམས་ཀྱི་གླེང་གཞི་སོགས་ཀྱང་འོག་ཏུ་རྒྱས་པ་འཆད་པར་སྤྲོའོ། །མདོར་ན་རང་ལུགས་ཀྱི་འཐད་པ་དང་བཅས་སྔོན་དུ་བཤད་ནས། བྲི་བྱ་དངོས་ཕྱག་ལེན་ཇི་ལྟ་བར་བྲིས་ན་ཟློས་པའི་སྐྱོན་མེད་ཅིང་འཐད་པར་མཐོང་བས། དེའི་ཚུལ་ནི། དང་པོ་པདྨ་མཛེས་ཚོན་འདབ་དྲུག །གཉིས་པ་དང་གསུམ་པ་འདབ་བཞི་ཕྱོགས་མདོག །བཞི་པ་འདབ་བརྒྱད་ཉིས་རིམ་མཛེས་ཚོན། ལྔ་པ་ལ་ནང་དུ་འདབ་བརྒྱད་དེའི་ཕྱིར་འདབ་མ་བཅུ་དྲུག་པ་མཛེས་ཚོན། ལྔ་ག་ལྟེ་བ་སེར་ཁྱམས་ཕྱོགས་ཚོན། རྩིག་པ་ནང་ནས་སེར་མཐིང་དམར་ལྗང་དཀར་བའམ་ལྗང་གུ། སྒོ་རྟ་བབས་པད་རྡོར་སོགས་སྔ་མ་རྣམས་དང་མཐུན་ནོ། །འོག་གི་ཆོག་གཞུང་ལྟར་ལྷ་གནས་སུ་ཚོན་སྤུངས་ཀྱིས་མཚན་མ་དགོད། དེ་ཡང་ས་བཅད་ཀྱི་དབང་དུ་བྱས་ན་དང་པོ་གཞིའི་དཀྱིལ་འཁོར་གནས་ཚུལ། གཉིས་པ་ལམ་དུ་དཀྱིལ་འཁོར་སྒོམ་ཚུལ་གྱི་ཤུགས་བསྟན་ལས་དེ་ལྟར་བྲི་ཚུལ་བསྟན་ནོ། །རྩ་བར། གསུམ་པ་མཆོད་པ་བཤམ་པ་ནི། སྐུ་གསུང་ཐུགས་ཀྱི་རྟེན་དང་། མཆོད་པ་ལྔ་དང་། དཀར་གསུམ་མངར་སུམ་དང་། གཏོར་མ་ཆ་གསུམ་དང་། ཆོས་གོས། སྣམ་སྦྱར། མཐོང་གོས། འཁར་གསིལ། ལྷུང་བཟེད། སྤུ་གྲི། ཆུ་ཚགས་ལ་སོགས་པ་དང་། རྡོར་དྲིལ་རོལ་མོ་དང་། མཎྜལ་ལ་སོགས་བཤམ། ཞེས་གསུངས་པའི་དོན་ནི། དཀྱིལ་འཁོར་ལྔ་ག་སྦྲེང་ཚར་དུ་བཤམ། རྩ་བར། སྐུ་གསུང་ཐུགས་ཀྱི་རྟེན་བཤམ་ཞེས་པར། ཀཿཐོག་ལུགས་སུ། སྐུ་རྟེན་དབུས་སུ་ཤཱཀ་ཐུབ་དང་། །འདབ་མ་བཞི་ལ་འཁོར་རྣམ་བཞི། །བཅུ་དྲུག་འདབ་ལ་མཆོག་བཅུ་དྲུག །གསུང་གི་རྟེན་ལ་གླེགས་བམ་བཞུགས། །ཐུགས་རྟེན་རྡོ་རྗེ་དྲིལ་བུ་དགོད། །ཅེས་གསུངས་པས་ལྔ་གའི་དབུས་སུ་སྟོན་པའི་སྐུ་བྲིས་འབུར་གང་རིགས་བཤམ་ཞིང་བྲིས་སྐུ་ཙཀླི་སྨྱུག་ཐུར་ལ་བཅིངས་ཏེ་བཙུགས་ཤིང་། སྤྲོ་ན་ཐུགས་རྟེན་དུ་རྡོར་དྲིལ་ཡང་བཀོད། གཞན་ཡང་ལྷ་གནས་སོ་སོར་ཙཀླི་ཞལ་ནང་བསྟན་དུ་སྨྱུག་ཐུར་ལ་བཅིངས་ཏེ་བཙུགས། གསུང་རྟེན་གླེགས་བམ་གཞན་མི་ཤོང་ཡང་སྨན་བླའི་སྐབས་སྨན་མདོའི་གླེགས་བམ་བཞུགས་པ་དང་ཆོས་མཚུངས་པར་སྨན་མདོ་དང་ཤེས་རབ་སྙིང་པོ། སྡུད་པ་ལྟ་བུའི་གླེགས་བམ་ཡང་བཞུགས། དཀྱིལ་འཁོར་སོ་སོའི་མཐར་མཚམས་འཛིན་ནས་བཟུང་ཆུ་གཉིས་སྔོན་འགྲོའི་མཆོད་པ་གཡས་སྐོར་དང་། གཞན་ཡང་མཆོད་པའི་ཁྱད་པར་གང་འབྱོར་རྒྱ་ཆེར་བཤམ། དཀོན་མཆོག་སྤྱི་གཏོར་དཀར་ཟླུམ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཟང་པོ་རེ་རེ་ཡང་འདས་གཏོར་གྱི་དོད་དུ་བཤམ། རྩ་བའི་ས་བཅད་བཅུ་བཞི་པ་བུམ་པ་ནི། རིལ་པ་སྤྱི་བླུགས་སམ། ལྷུང་བཟེད། བྱ་མ་བུམ་དུ་ཆུ་བོ་ཆེན་པོ་ནས་བླངས་པའི་ཆུས་རྟེན་གསུམ་མེ་ལོང་གི་ངོས་སུ་ཁྲུས་གསོལ་ལ། སླར་བུམ་པར་བླུག་སྟེ་ལྷ་རྣམས་ཀྱི་ཐུགས་རྗེའི་བདུད་རྩིར་བསམ་མོ། །ཞེས་བུམ་བསྐྱེད་མི་དགོས་པར་ཁྲུས་གསོལ་གྱི་ཆུས་བུམ་ཆུས་དོད་བྱེད་པ་ལྟ་བུར་གསུངས་ཀྱང་། ས་བཅད་བཞི་པར་བུམ་བཟླས་སོགས་བསྟན་ཅིང་འོག་ཏུ་བུམ་དབང་ཡང་བཤད་པ་དང་། ཀཿཐོག་ལུགས་སུ་བུམ་བསྐྱེད་ཀྱང་ཚུལ་བཞིན་གསུངས་འདུག་པས། སྤྱིར་ཉན་རང་བྱང་སེམས་སོགས་ལ་དབང་གི་ཐ་སྙད་མེད་ཀྱང་འདིར་སྒོ་འབྱེད་དུས་ནས་སྔགས་ལམ་དུ་ཞུགས་ཟིན་པས། དབང་གི་ཐ་སྙད་ཡོད་ཕྱིན་བུམ་བསྐྱེད་ཀྱང་མི་འཐད་པ་མ་ཡིན་མོད། འོན་ཀྱང་ཟུར་ལུགས་ཁོ་ན་ལྟར་ལྷ་མ་བསྐྱེད་ཀྱང་ཁྲུས་བུམ་གྱི་དོད་ལྟ་བུར་བཟླས་དམིགས་ཙམ་བྱས་ན་གཞུང་དང་མི་འགལ་ཞིང་ལེགས་པ་འདྲ་བས་ཆོ་ག་དངོས་འོག་ཏུ་སྟོན་ལ། དཀྱིལ་འཁོར་ལྔ་པའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེ་བུམ་པ་དྲི་བཟང་གི་ཆུ་དང་བུམ་རྫས་རྟེན་ཁྲུས་ཀྱི་ཆུ་འོག་ནས་སྟོན། དར་དམར་སེར་གང་རིགས་ཀྱིས་མགུལ་ཆིངས་ཁ་རྒྱན་དུང་ཆོས་རྡོར་གཟུངས་དང་བཅས་པ་བཤམ། སྡོམ་རྟེན་སྟོན་པའི་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་གང་རྒྱས་དང་། ཞི་ཁྲོ་དང་ཆོས་སྲུང་གི་གཏོར་མ་རྣམས་ཁ་གསོལ། ཆ་གསུམ་གཏོར་མ། དབང་གི་སྔོན་འགྲོའི་བགེགས་གཏོར་ཡང་བཤམ། གཞན་ཡང་འོག་ཏུ་དགོས་པའི་སློབ་མ་དང་གྲངས་མཉམ་པའི་བླ་གོས། སྣམ་སྦྱར། མཐང་གོས། གདིང་བ། ལྷུང་བཟེད། ཆུ་ཚགས་རྣམས་དང་། གཞན་ཡང་འཁར་གསིལ་སྤུ་གྲི་སོགས་ཀྱང་དགོས། མ་འབྱོར་ན་བླ་གོས་སོགས་ཀྱང་དབང་རྫས་ལྟར་རེ་རེས་འཐུས། རྡོར་དྲིལ་རོལ་མོ་སོགས་མཆོད་རྫས་དང་། མཎྜལ་མེ་ཏོག་དང་བཅས་པ་ཡང་བཤམ་མོ། །རྩ་བར། བཞི་པ་རབ་གནས་ནི་རང་ཐུབ་པ་བསྒོམ་ཞེས་དང་། བུམ་བཟླས་བཤད་རྗེས་ཕྱོགས་ཐམས་ཅད་དུ་ཀུ་ཤས་གཏོར་བས་རྟེན་དང་མཆོད་པའི་མ་དག་པ་བསང་། སོ་སོའི་ཡེ་ཤེས་པ་ཐིམ་པས་དག་ཅིང་བཟང་བ་ཕུན་སུམ་ཚོགས་པར་བསམ་མོ། །ཞེས་པའི་དོན་གཞན་འོག་ཏུ་ཤེས་ལ། འདིར་རྡོར་དྲིལ་དང་བཅས་ཏེ་རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་ཕྱོགས་ཀུན་ཏུ་གཏོར་རོ། །ཡང་རྩ་བར། ལྔ་པ་ནི་ཆོག་གཞུང་སྨན་བླའི་མདོ་ཆོག་དང་གནས་བརྟན་བཅུ་དྲུག་གི་ཆོ་གའོ། །ཞེས་གསུངས་པ་རྣམས་ཀྱི་དོན་རྒྱས་པར་ཕྱེ་ན་བདག་མདུན་བུམ་གསུམ་གྱི་ཐོག་མར་མཆོད་པ་བྱིན་གྱིས་བརླབ་པའི་སྔོན་དུ་ས་གཞི་བྱིན་བརླབ་ནི། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་དང་། མཆོད་པ་བྱིན་བརླབ་དངོས་ནི། བསང་སྦྱང་ནས་བཟུང་མཆོད་པའི་སྤྲིན་གྱི་གཟུངས་འདོན་པའི་བར་ཕྱག་རྡོར་གྱི་སྐབས་ལྟར་བྱའོ། །དེ་རྗེས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སོགས་ལྷ་མིའི་ཐེག་པ་ལྟར་བྱའོ། །དང་པོ་བདག་བསྐྱེད་ནི་རྩ་བའི་ས་བཅད་བཞི་པར། རང་ཐུབ་པར་སྒོམ་ཞེས་གསུངས་པར་ཀཿཐོག་ལུགས་སུ་བདག་མདུན་བུམ་གསུམ་གར་དཀྱིལ་འཁོར་རྒྱས་པར་སྒོམ་ཚུལ་འདུག་ཀྱང་། འདིར་བདག་བསྐྱེད་ལ་ཐུབ་པ་གཙོ་རྐྱང་དང་བུམ་བསྐྱེད་ལ་གཞུང་ལྟར་དམིགས་བཟླས། མདུན་བསྐྱེད་བྲིས་པ་བཞིན་གསལ་བཏབ་ན་ལེགས་པར་གོ་བས། དེའི་ཚུལ་ནི། སྭ་བྷཱ་ཝས་སྦྱང་། སྟོང་བའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ། བདག་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས། གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཆོས་གོས་རྣམ་པ་གསུམ་དང་ལྡན་ཞིང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུཾ་ལས་འོད་ཟེར་འཕྲོས་འོག་མིན་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་པཱུ་ཛ་ཨཱཿཧཱུཾ། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་བཀྲམ་ནས་ལྷམ་མེ་བ། །མགོན་པོ་ཁྱོད་ཉིད་ལ་ནི་ཕྱག་འཚལ་ལོ། །བཟླས་པ་ནི། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཞེས་བརྒྱ་སྟོང་དུ་བཟླས། མཇུག་ཏུ་གོང་ལྟར་མཆོད་བསྟོད་བྱའོ། །གཉིས་པ་བུམ་བཟླས་ནི། ལྷ་མིའི་ཐེག་པར་གཙོ་བོ་ལྔ་བསྐྱེད་བཟླས་གཞུང་ལས་གསལ་བ་ལྟར་རྒྱས་པར་ཕྱེ་ཡོད་ལ། འདིར་ནི་རྩ་བ་ལས་གཟུངས་ཆུ་བསྒྲུབ་པ་ཙམ་ལས་མ་བཤད་པས་འབྲེལ་ཆགས་པ་ལྟར། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་སྟེང་དུང་ཞལ་གྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྟེན་འབྲེལ་སྙིང་པོའི་སྔགས་ཀྱི་ཕྲེང་བ་ཁ་དོག་དཀར་པོ་གཡས་སུ་འཁྱིལ་བར་གྱུར་པར་བསམ་སྟེ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བྷཱ་དཱི་མ་ཧཱ་ཤྲ་མ་ཎཿ ལན་བདུན་བཟླས་པས་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་འཕྲོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལྷའི་བདུད་རྩིར་ཞུ། ཚུར་འདུས་བུམ་པར་ཐིམ་པས་བུམ་པའི་ཆུས་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པར་བྱེད་ཅིང་ནུས་པ་ཕུན་སུམ་ཚོགས་པ་སྒྲུབ་པའི་ནུས་ལྡན་དུ་གྱུར། དེ་ནས་གཟུངས་ཐག་ལ་བཟུང་སྟེ་རྟེན་འབྲེལ་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །མཐར་དུང་ཆོས་ཀྱི་ཆུ་བུམ་པར་བླུག་སྟེ། ཟླ་བའི་དཀྱིལ་འཁོར་སྔགས་ཕྲེང་དང་བཅས་པ་འོད་དུ་ཞུ་ནས་བུམ་ཆུ་ལ་ཐིམ་པར་བསམ་མོ། །ལས་བུམ་ནི་གོང་དུ་བཤད་པ་ལྟར་དང་། ཡང་ན་འདི་འདྲའི་རིགས་ལ་ཁྲུས་བུམ་གྱི་དོད་ཁོ་ན་ཡིན་པས་སྤྲོས་པ་ཆུང་ན་ལས་བུམ་གྱི་གོང་འདི་ཁས་ཆོད་པས་ཁྲུས་དབང་ཐམས་ཅད་འདི་ཁོ་ནས་བྱས་ཆོག་གོ། །དེ་ནས་བུམ་ཆུ་ཕྱོགས་ཐམས་ཅད་དུ་གཏོར་ཞིང་རྟེན་འབྲེལ་སྙིང་པོ་བརྗོད་པས་རྟེན་དང་མཆོད་པའི་མ་དག་པའི་དྲི་མ་ཐམས་ཅད་བསང་སྦྱང་། སོ་སོའི་ཡེ་ཤེས་པ་ཐིམ་པས་དག་ཅིང་བཟང་བ་ཕུན་སུམ་ཚོགས་པར་བསམ་མོ། །གསུམ་པ་མདུན་བསྐྱེད་སྒྲུབ་པ་ནི། རྩ་བར། སྨན་བླའི་མདོ་ཆོག་དང་གནས་བཅུའི་ཆོ་གས་འཐུས་པར་གསུངས་ཤིང་། འོན་ཀྱང་དཀྱིལ་འཁོར་སོ་སོ་དང་མཐུན་པའི་སྒྲུབ་མཆོད་ཞིག་མ་བྱུང་ན་རྣམ་པ་མི་གསལ་ཞིང་། ཁ་སྐོང་ལྟ་བུར་སྨན་བླ་དང་གནས་བཅུའི་ཆོ་ག་བྱས་ན་ལེགས་པར་མཐོང་བས། དང་པོར་དཀྱིལ་འཁོར་སོ་སོའི་སྒྲུབ་མཆོད་ལས། རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། དཀྱིལ་འཁོར་ལྔ་པོ་བསང་སྦྱང་། སྟོང་བའི་ངང་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ་སེར་མཐིང་དམར་ལྗང་དཀར་པོའི་རྩིག་པ་ལྔའི་སྟེང་ན་ཕ་གུ་སེར་པོ། རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང་མདའ་ཡབ་དང་པུ་ཤུས་བརྒྱན་ཅིང་། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་བཞིས་བཏེག་པའི་དབུས་ཕྱུར་བུར་གྱུར་པ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་པ། བུམ་པ་བྲེ་ཆོས་འཁོར་གདུགས་ཏོག་དང་བཅས་པ་ཕྱི་རོལ་ཏུ་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཕྱིའི་ཁོར་ཡུག་ཏུ་སྣ་ཚོགས་པདྨ། རྡོ་རྗེའི་ར་བ། འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་གི་ཁྱམས་དབུས་སྔོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་དཀྱིལ་འཁོར་ལྔར་གྱུར། སྐབས་འདིར་མདུན་བསྐྱེད་ལ། རྩ་བར། བཅོ་བརྒྱད་པ་ལྷ་ནི་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པའོ། །དུས་བཟང་གི་ལྷ་ལྷ་མི་ལྟར་དང་། ཁྱད་པར་དུས་ཆེན་པོའི་ལྷ་འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཚབ་སངས་རྒྱས་མར་མེ་མཛད་དོན་དམ་པའི་ཆོས་སྟོན་པས་རྟེན་འབྲེལ་གྱི་ཕྱག་རྒྱ། ད་ལྟར་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཚབ་རྒྱལ་བ་ཤཱཀྱ་ཐུབ་པ་སྐྱེ་འགྲོ་ཐུགས་རྗེས་སྐྱོང་བས་ས་གནོན་མཉམ་གཞག །མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཚབ་མགོན་པོ་བྱམས་པ་གདུལ་བྱ་རྗེས་སུ་འཛིན་པའི་མཆོག་སྦྱིན་སྤྱི་བླུགས་སྐྱབས་སྦྱིན་ཀླུ་ཤིང་ཅན་ནོ། །འདིར་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་ཐུབ་པ། འཁོར་ནི་གཡས་སུ་ཤཱ་རིའི་བུ། གཡོན་དུ་མངྒལ་གྱི་བུ། མདུན་དུ་རབ་བྱུང་། རྒྱབ་ཏུ་ཁྱིམ་པའོ། །ཡང་གཡས་སུ་དགེ་སློང་། གཡོན་དུ་དགེ་སློང་མ། མདུན་དུ་དགེ་བསྙེན། རྒྱབ་ཏུ་དགེ་བསྙེན་མ། ཡང་གཡས་སུ་དགྲ་བཅོམ། གཡོན་དུ་ཕྱིར་མི་འོང་། མདུན་དུ་ཕྱིར་འོང་། རྒྱབ་ཏུ་རྒྱུན་ཞུགས། དེའི་ཕྱིར་དེ་དག་ལས་གྱེས་པའི་སྤྲུལ་པ་བརྒྱད། དེའི་ཕྱིར་རང་རྒྱུད་པ་བརྒྱད། ཡང་མདུན་ནས་རིམ་པས་མཆོག་བཅུ་དྲུག་ནི། ཀུན་དགའ་བོ་བསིལ་གཡོབ། ཤཱ་རིའི་བུ་རིན་པོ་ཆེ། མ ངྒལ་བུ་པདྨ། རབ་འབྱོར་ཟླ་ཚེས། མ་འགགས་པ་མེ་ལོང་། འཆར་ཀ་འཁོར་ལོ། ཀཎྜི་ཎྱ་རིན་ཆེན་སྒྲོམ་བུ། རྟ་ཐུལ་ཕྲེང་བ། ཉེ་བ་འཁོར་ལྷུང་བཟེད། བ་ལང་བདག་མེ་སྒྲོན། འོད་སྲུངས་པད་སྡོང་། སྒྲ་གཅན་འཛིན་གདུགས། དགའ་བོ་གདུ་བུ། མིང་ཆེན་ཆན་པ། ནོར་སྦྱིན་ནེའུ་ལེ། གང་པོ་ནོར་བུ་འཛིན་པ། ཀུན་ཀྱང་དབུ་རེག་ཞབས་རྗེན་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །ཡང་གནས་བརྟན་བཅུ་དྲུག་ནི་ཕྱོགས་རེ་རེར་བཞི་བཞི་སྟེ། ཤར་ནས་རིམ་པས་བྷ་ར་དྷྭ་ཚ་བསོད་སྙོམས་པ། གསེར་ཅན། མི་ཕྱེད་པ། ཤང་ཀུན་པ། ཤིང་ཤུན་ཅན། བཟང་པོ། འདས་པ། བྷ་ར་དྷྭ་ཚ། བ་ལང་སྐྱོང་། ལམ་ཆེན། ལམ་ཕྲན་བསྟན། སྒྲ་གཅན་འཛིན། ཀླུའི་སྡེ། ཟུར་གྱིས། མ་ཕམ་པ། ཙུནྡ། དྷརྨཱ་ཏ་ལའོ། །ཀུན་ཀྱང་དགྲ་བཅོམ་པ་འཁར་གསིལ་ལྷུང་བཟེད་འཛིན་པའོ། །ཙུནྡ་དགེ་ཚུལ། དྷརྨཱ་ཏ་ལ་དགེ་བསྙེན་ནོ། །ཞེས་གསུངས་པའི་ཁུངས་བཀོད་པ་ནི་རྩ་བའི་ཚིག་མི་ཆད་པའི་ཆེད་ཡིན་ལ། གཞན་ལེགས་བཤད་དུ་མས་འདི་རྣམས་ཀྱི་དོན་ལེགས་པར་གཏན་ལ་ཕབ་བོ། །བརྟེན་པ་ལྷ་བསྐྱེད་པ་ནི། དཀྱིལ་འཁོར་དང་པོ་དུས་གསུམ་སངས་རྒྱས་དང་དུས་ཆེན་གསུམ་གྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་དྲུག་པའི་ལྟེ་བར་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། ཐུབ་དབང་ཤཱཀྱའི་རྒྱལ་པོ་སེར་པོ་ས་གནོན་མཉམ་གཞག་ཅན། འདབ་མ་དྲུག་པ་པད་ཟླའི་གདན་རེ་རེའི་ཤར་དུ་མར་མེ་མཛད་སེར་པོ་དོན་དམ་པའི་ཆོས་སྟོན་པས་རྟེན་འབྲེལ་གྱི་ཕྱག་རྒྱ་ཅན། ཤར་ལྷོར་ཤཱཀྱ་ཐུབ་པ་སེར་པོ་ས་གནོན་མཉམ་གཞག་ཅན། ལྷོ་ནུབ་ཏུ་བྱམས་པ་སེར་པོ་གཡས་མཆོག་སྦྱིན་དང་སྤྱི་བླུགས། གཡོན་སྐྱབས་སྦྱིན་དང་ཀླུ་ཤིང་ཅན། ནུབ་ཏུ་ཉའི་ལྷ་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ནུབ་བྱང་དུ་ཚེས་བརྒྱད་ཀྱི་ལྷ་སྨན་བླ་མཐིང་ཁ་མཉམ་གཞག་གི་སྟེང་ན་བདུད་རྩིའི་ལྷུང་བཟེད་བསྣམས་པ། བྱང་ཤར་དུ་གནམ་སྟོང་གི་ལྷ་ཐུབ་པ་སེར་པོ་བདུད་འདུལ་གྱི་ཕྱག་རྒྱ་ཅན་ནོ། །དེའི་ཕྱིར་སྒོ་ནང་གི་ཁྱམས་ལ་པད་ཟླའི་གདན་ལ་ཐུབ་པ་འཁོར་བ་འཇིག་ནས་མོས་པ་སྣང་མཛད་བར་གྱི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་ཕྱག་རྒྱ་རིགས་ལྔ་སོགས་སྣ་ཚོགས་པར་མཛད་པ། གཙོ་འཁོར་ཐམས་ཅད་ཀྱང་མཚན་དཔེས་སྤྲས་པ་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་ཆོས་གོས་རྣམ་པ་གསུམ་དང་ལྡན་པའོ། །དཀྱིལ་འཁོར་དང་པོ་འདིར་ཀཿཐོག་ལུགས་ཀྱི་ཟིན་བྲིས་ཞལ་ཤེས་མར། འདབ་མ་དྲུག་གི་དབུས་སུ་ཐུབ་དབང་། ཤར་ནས་རིམ་པ་བཞིན་མར་མེ་མཛད། བྱམས་པ། སྨན་བླ། འོད་དཔག་མེད། རྣམ་གཟིགས། མོས་པ་རྣམས་བསྐྱེད་པར་གསུངས་ཏེ། རྣམ་གཟིགས་དང་མོས་པ་གཉིས་དུས་ཆེན་དང་དུས་བཟང་གཉིས་ཀར་མི་འདུག་པས་དཔྱད་དཀའ་བ་དང་། དེ་ཡང་ཚོགས་ཞིང་དུ་སྤྱན་དྲངས་ཏེ་ཡན་ལག་བདུན་པ་འབུལ་བ་ཙམ་ལས་མི་འདྲི་བའི་བཞེད་སྲོལ་འདུག་ཀྱང་། ཟུར་ལུགས་ཀཿཐོག་ལུགས་གཉིས་ཀར་དེ་འདྲའི་བཤད་ཁུངས་མི་འདུག་ཅིང་། ཁྱད་པར་ཟུར་ལུགས་ཀྱི་གསན་ཡིག་རྣམས་སུ་དཀྱིལ་འཁོར་དང་པོའི་གཙོ་བོ་སྟོན་པ་ལ་དུས་བཟང་གི་ལྷ་གསུམ་དང་དུས་གསུམ་སངས་རྒྱས་ལ་སངས་རྒྱས་སྟོང་གི་འཁོར་གྱིས་བསྐོར་བ་བཤད་ཅིང་། འོན་ཀྱང་རྩ་བའི་ས་བཅད་བཅོ་བརྒྱད་པའི་དབང་དུ་བྱས་ན་དཀྱིལ་འཁོར་དང་པོར་ཤཱ་རིའི་བུ་དང་། མངྒལ་རབ་བྱུང་ཁྱིམ་པ་བཞི་ཡང་ན་འཁོར་རྣམ་པ་བཞི། ཡང་ན་གང་ཟག་ཟུང་བཞི་སོགས་འཆད་ཚུལ་མང་བར་སྣང་ཡང་། འདིར་འཁོར་དང་པོའི་མཆོག་ཟུང་ནི་མཆོག་བརྒྱད་ཀྱི་ནང་དུ་གཏོགས་ཤིང་། གཞན་རྣམས་འོག་ཏུ་འབྱུང་བས་དུས་ཆེན་དང་དུས་བཟང་གི་ལྷ་ཟུར་ལུགས་ཁོ་ན་དང་། བསྐལ་བཟང་སྟོང་ནི། ལྷ་ཐེམས་ཀྱི་དགོངས་པ་ལྟར་བཀོད་པའོ། །དཀྱིལ་འཁོར་གཉིས་པ་འཁོར་རྣམ་བཞིས་བསྐོར་བའི་དཀྱིལ་འཁོར་པད་འདབ་བཞི་པའི་དབུས་སུ་སེང་ཁྲི་པད་ཟླའི་གདན་ལ་ཐུབ་དབང་སེར་པོ་ས་གནོན་མཉམ་གཞག །འདབ་མ་བཞི་ལ་འཁོར་རྣམ་པ་བཞི་སྟེ་གཙོ་བོའི་གཡས་ལྷོའི་འདབ་མར་དགེ་སློང་། གཡོན་བྱང་གི་པདྨར་དགེ་སློང་མ། མདུན་ཤར་གྱི་འདབ་མར་དགེ་བསྙེན་ཕ། རྒྱབ་ནུབ་ཀྱི་པདྨར་དགེ་བསྙེན་མ་སྟེ་དགེ་སློང་ཕ་མ་གཉིས་ཆོས་གོས་གསུམ་ལྡན་འཁར་གསིལ་ཅན་དང་། དགེ་བསྙེན་ཕ་མ་གཉིས་ཁྱིམ་པའི་ཆ་ལུགས་ཅན་ནོ། །དཀྱིལ་འཁོར་གསུམ་པ་སྐྱེས་བུ་ཟུང་བཞིས་བསྐོར་བའི་དཀྱིལ་འཁོར་འདབ་མ་བཞི་པའི་དབུས་སུ་སེང་ཁྲི་པད་ཟླའི་གདན་ལ་ཐུབ་དབང་སེར་པོ་ས་གནོན་མཉམ་གཞག་ཅན། འདབ་མ་བཞི་ལ་གཡས་སུ་དགྲ་བཅོམ་པ། གཡོན་དུ་ཕྱིར་མི་འོང་། མདུན་དུ་ཕྱིར་འོང་། རྒྱབ་ཏུ་རྒྱུན་ཞུགས་རྣམས་རབ་ཏུ་བྱུང་བའི་ཆ་ལུགས་ཆོས་གོས་རྣམ་པ་གསུམ་དང་ལྡན་ཞིང་འཁར་གསིལ་དང་ལྷུང་བཟེད་བསྣམས་པའོ། །དཀྱིལ་འཁོར་བཞི་པ་མཆོག་བཅུ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་འདབ་བརྒྱད་ཉིས་སྤྲག་གི་དབུས་སུ་སེང་ཁྲི་པད་ཟླའི་གདན་ལ་ཐུབ་དབང་སེར་པོ་ས་གནོན་མཉམ་གཞག་ཅན། འདབ་བརྒྱད་ནང་མར་ཤར་ནས་རིམ་པ་བཞིན་ཀུན་དགའ་བོ་བསིལ་གཡབ། ཤཱ་རིའི་བུ་རིན་པོ་ཆེ། མངྒལ་གྱི་བུ་པདྨ། རབ་འབྱོར་ཟླ་ཚེས། མ་འགགས་པ་མེ་ལོང་། འཆར་ཀ་འཁོར་ལོ། ཀཎྜི་ཎྱ་རིན་པོ་ཆེའི་སྒྲོམ་བུ། རྟ་ཐུལ་ཕྲེང་བ་འཛིན་པའོ། །འདི་རྣམས་ལ་ཟུང་བཞི་ཡ་བརྒྱད་དམ་མཆོག་བརྒྱད་དམ་སྤྲུལ་པ་བརྒྱད་ཅེས་ཀྱང་གྲགས་གསུང་། ཕྱི་རོལ་གྱི་འདབ་མ་བརྒྱད་ལ་རང་རྒྱུད་པ་བརྒྱད་ནི་ཉེ་བ་འཁོར་ལྷུང་བཟེད། བ་ལང་བདག་མེ་སྒྲོན་གསལ་ཤིང་། འོད་སྲུངས་པད་སྡོང་། སྒྲ་གཅན་འཛིན་གདུགས། གཅུང་དགའ་བོ་གདུ་བུ། མིང་ཅན་ཆན་པ་སྟེ་སྤུ་གྲི། ནོར་འཛིན་རིན་པོ་ཆེའི་རྐྱལ་པ་སྟེ་ནེའུ་ལེ། གང་པོ་ནོར་བུ་འཛིན་པ་སྟེ་བཅུ་དྲུག་པོ་ཐམས་ཅད་ཀྱང་དབུ་རེག་ཞབས་རྗེན་ཆོས་གོས་རྣམ་པ་གསུམ་དང་ལྡན་པའོ། །འདིའི་འདབ་མ་བརྒྱད་པ་ཉིས་སྦྲག་ཏུ་བྱེད་པ། ལྷ་ཐེམས་སུ། བཞི་པ་འཁོར་བརྒྱད་སྤྲུལ་རང་རྒྱུད། །འཁོར་བརྒྱད་པདྨ་འདབ་བརྒྱད་སྦྲག །ཅེས་པའི་དགོངས་པའོ། །དཀྱིལ་འཁོར་ལྔ་པ་མཆོག་དང་གནས་བརྟན་སྦྲགས་པའི་དབུས་སུ་པད་ཟླའི་གདན་ལ་ཐུབ་དབང་སེར་པོ་ས་གནོན་མཉམ་གཞག་ཅན། ནང་གི་འདབ་མ་བརྒྱད་ལ་མཆོག་བརྒྱད་ནི་གོང་དུ་བཤད་པའི་སྤྲུལ་པ་བརྒྱད་དེ་ཤར་ནས་གཡས་སྐོར་དུ། ཀུན་དགའ་བོ་བསིལ་གཡབ། ཤཱ་རིའི་བུ་རིན་པོ་ཆེ། མངྒལ་གྱི་བུ་པདྨ། རབ་འབྱོར་ཟླ་ཚེས། མ་འགགས་པ་མེ་ལོང་། འཆར་ཀ་འཁོར་ལོ། ཀཎྜི་ཎྱ་རིན་པོ་ཆེའི་སྒྲོམ་བུ། རྟ་ཐུལ་ཕྲེང་བ་འཛིན་པ། དེའི་ཕྱིར་འདབ་མ་བཅུ་དྲུག་ལ་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་ནི་ཤར་ནས་གཡས་སྐོར་དུ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་སྤོས་ཕོར་དང་རྔ་ཡབ། མ་ཕམ་པ་མཉམ་གཞག །ནགས་ན་གནས་གཡས་སྡིགས་མཛུབ་དང་གཡོན་རྔ་ཡབ། དུས་ལྡན་རྣ་ཆ། རྡོ་རྗེ་མོའི་བུ་སྡིགས་མཛུབ་དང་རྔ་ཡབ། བཟང་པོ་ཆོས་འཆད་དང་མཉམ་གཞག །གསེར་བེའུ་རིན་ཆེན་ཞགས་པ། བྷ་ར་དྷྭ་ཚ་གསེར་ཅན་མཉམ་གཞག །བ་ཀུ་ལ་ནེའུ་ལེ། སྒྲ་གཅན་འཛིན་ཅོད་པན། ལམ་ཕྲན་བསྟན་མཉམ་གཞག །བྷ་ར་དྷྭ་ཚ་བསོད་སྙོམས་ལེན་གཡས་གླེགས་བམ་དང་གཡོན་ལྷུང་བཟེད། ལམ་བསྟན་གཡས་ཆོས་འཆད་དང་གཡོན་གླེགས་བམ། ཀླུའི་སྡེ་འཁར་གསིལ་དང་བུམ་པ། སྦེད་བྱེད་པ་གླེགས་བམ། མི་ཕྱེད་པ་བྱང་ཆེན་མཆོད་རྟེན་འཛིན་པའོ། །ཡང་ན་ཐམས་ཅད་གཡས་འཁར་གསིལ་དང་། གཡོན་ལྷུང་བཟེད་བསྣམས་པའོ། །ཐམས་ཅད་ཀྱང་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་ཆོས་གོས་རྣམ་པ་གསུམ་དང་ལྡན་པ་སྦྱངས་པའི་ཡོན་ཏན་ལ་མཁས་པའི་ཚུལ་དུ་བཞུགས་པའོ། །ཤར་ལྷོའི་གྲར་ཙུནྡ་དགེ་ཚུལ་ཆོས་གོས་ཅན་སྣམ་སྦྱར་མེད་པ་འཁར་གསིལ་ལྷུང་བཟེད་འཛིན་པ། བྱང་ཤར་གྱི་གྲར་དྷརྨཱ་ཏ་དགེ་བསྙེན་ཆས་རྔ་ཡབ་དང་བུམ་པ་འཛིན་ཅིང་སྤྲུལ་པའི་སྟག་དང་བཅས་པ་སྣང་བ་མཐའ་ཡས་མདུན་ན་བཞུགས་པའོ། །གནས་བཅུ་རྩ་བར་བྷ་ར་དྷྭ་ཚ་བསོད་སྙོམས་ལེན་གྱི་ཐོག་དྲངས་ཏེ་རིམ་བཞིན་འགོད་ཚུལ་གསུང་པ་དོན་ལ་ཁྱད་པར་མེད་ཕྱིན་འདིར་སྦྱི་དང་བསྟུན་ནོ། །རྒྱལ་ཆེན་བཞི་ཟུར་ལུགས་ཡིག་སྣར་ཡོད་མེད་སྣ་ཚོགས་འདུག་ཀྱང་། ལྷ་ཐེམས་ལས། སྒོ་ལ་རྒྱལ་ཆེན་བཞིས་བསྲུང་བ། །རྒྱལ་དང་སེམས་དཔས་གཉེར་གཏད་པའོ། །སངས་རྒྱས་བསྟན་པའི་སྒོར་ཞུགས་ཙམ། །ཐམས་ཅད་བསྲུང་བའི་ཆོས་སྐྱོང་ནི། །ཐེག་པ་དགུ་ཀ་ལ་མཚུངས་ཤིང་། །ཁྱད་པར་ཐེག་རེར་ཆོས་སྐྱོང་རེ། །ཡོད་པས་དེ་བསྟེན་དེ་འབྲས་ཐོབ། །ཅེས་གཏན་ཚིགས་བཟང་པོའི་ལུང་གིས་གྲུབ་པས་འདི་ལྟར། ཤར་སྒོར་ཡུལ་འཁོར་བསྲུང་དཀར་པོ་རྒྱུད་མང་། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་སྒོར་སྤྱན་མི་བཟང་དམར་པོ་མཆོད་རྟེན་དང་སྦྲུལ་ཞགས། བྱང་སྒོར་རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་འཛིན་པའོ། །དེ་ལྟར་གནས་བརྟན་འདི་རྣམས་ཀྱི་མངོན་པར་རྟོགས་པ་བསྒོམ་པ་དང་བྲིས་འབུར་དུ་བཞེངས་པ་ལ་ཕན་པའི་ལེགས་བཤད་འདི་ལྟར་ཡང་སྣང་སྟེ། རིག་འཛིན་ཡོལ་མོ་བ་ཆེན་པོས་མཛད་པའི་གནས་བརྟན་ཕྱག་མཆོད་ཀྱི་སྦྱར་བྱང་གི་སྐབས་ལས། འདིར་གཙོ་བོ་ཅོག་སྒར་བ་རྣམས་ཀྱིས་བསྐུལ་བ་ལྟར་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་རྟེན་འབྲེལ་དུ་བགྱིས་ཤིང་། སྐུ་གཟུགས་རི་མོར་བགྱི་བ་ལ་ཡང་ཕན་འདོགས་པར་འདོད་པའི་ཆེད་དུ་བྱས་པ་ཡིན་ཏེ། ད་ལྟ་གནས་བརྟན་གྱི་བྲིས་སྐུ་འདྲི་བ་མང་ཡང་ཚུལ་དང་མཐུན་པ་མ་མཐོང་སྟེ། འདི་ལྟ་བུའི་དགོས་པ་ཁྱད་པར་ཅན་རྣམས་ནི་མ་ཐོས། རྒན་བཞི། གཞོན་བཞི། དར་བབས་བཞི། དར་ཡོལ་བཞི་ཞེས་དགོས་ཆེད་མེད་པའི་ཐོས་པ་བོན་གྱེར་གྱིས་བསླུས་བགྲེས་པོ་རྒས་ནད་ཀྱིས་ཉམ་ཐག་པའི་དབྱིབས་ཅན་དུ་ཚེམས་དྲལ་བ། སྤྱན་འབྲས་ཀྱི་བཀྲག་ཉམས་པ་ལྟ་བུར་འདྲི་བ་དང་། གནས་གཡོག་ཅེས་གང་མི་སྡུག་ཅིང་བཀྲ་མི་ཤིས་པའི་ཉམས་སུ་འདྲི་བ་ནི། འཇིག་རྟེན་སྤྱི་དང་ཁྱད་པར་སྦྱིན་བདག་ལ་འབྲས་བུ་ཕྱིན་ཅི་ལོག་ཏུ་འབྱིན་ངེས་ཤིང་། གཞན་ཡང་བྱ་རྒོད་ཕུང་པོའི་རི་བོ་ན་ཞེས་པ་ལ་རྟོག་བརྟགས་ཀྱི་བྱ་རྒོད་ཀྱི་གཟུགས་འདྲི་བ་དང་། སིང་ག་ལ་ཡི་གླིང་ཞེས་པར་སེང་གེ་བྲིས་པ་དང་། འཕགས་པའི་གནས་བརྟན་མ་ཕམ་པ་ཞེས་པའི་མདུན་དུ་མཚོ་མ་ཕམ་བྲིས་པ་སོགས་མཐོང་བ་ནི། བཀོད་པ་མཁན་ནམ་བྲིས་མཁན་ཉིད་བླུན་ཆེན་དུ་ཁས་ལེན་ཚིགས་སོ། །འོ་ན་ཇི་ལྟར་དུ་འབྲི་ན། སྐུ་རྣམས་ཀྱང་མཛེས་བརྗིད་དཔའ་བའི་རྣམས་སུ་འདྲི་ལ། གནས་གཡོག་རྣམས་ཕྱག་མཚན་འབུལ་མཁན་གྱི་དབྱིབས་སུ་འདྲི་ཞིང་། དེ་མེད་པ་རྣམས་ལ་དགེ་སློང་གི་འཁོར་དང་། ལམ་ཕྲན་བསྟན་ལ་དགེ་སློང་མའི་འཁོར་འདྲི་ན་སྐབས་སུ་བབས་པར་བདག་ཅག་ཁོ་ན་སེམས་སོ། །གཞན་ཡང་རྒན་བཞི་སོགས་ཀྱི་ངག་འཁྱལ་ལས། ལམ་བསྟན་དང་ལམ་ཕྲན་བསྟན་ཕུ་ནུ་ཡིན་པ་ལ་རྒན་གཞོན་གོ་ལོག་པར་བྲིས་པ་ཡང་མཐོང་ངོ་། །དེ་ལས་གཞན་དུ་ཐང་ཇུའི་རྒྱལ་པོས་ཟ་འོག་གི་ན་བཟའ་སྣ་ཚོགས་ཕུལ་པའི་ལོ་རྒྱུས་ཡོད་ཅིང་། སི་ཐང་གི་རྒྱུ་མཚན་ཡང་ཡོད་མོད། འོན་ཀྱང་འཕགས་པ་དགྲ་བཅོམ་པ་ཆགས་བྲལ་གྱི་སྐུ་ལ་གོས་སྦུ་གུ་ཅན་ལྷབ་ལྷུབ་ཏུ་བགོས་པ་དང་། ཆོས་གོས་གསུམ་གྱིས་དབེན་པར་འདྲི་བ་ནི་ཆོས་འདུལ་བའི་བསྟན་པ་ལ་ཅུང་ཟད་གནོད་པར་དོགས་ཤིང་། རྒྱ་ནག་ལུགས་ཡིན་ཅེས་རྒྱ་གར་པའི་གནས་བརྟན་ཆེན་པོ་རྣམས་བོད་མི་རྒན་གོག་གི་དབྱིབས་སུ་འདྲི་བ་འདི་མུ་དུར་ཧོར་གྱི་ཆོས་ལུགས་སམ་ཅི་ཞིག །གཞན་ཡང་ཧ་ཤང་ནི་ཐང་ཇུའི་རྒྱལ་པོའི་ཕོ་ཉ་ཡིན་པ་ལ་སྦྱིན་བདག་ཏུ་སྒྲོག་པ་ཡང་སྣང་ངོ་། །ད་ལྟའི་མཁས་པར་འདོད་པ་རྣམས་ཕྱོགས་འཛིན་གྱི་དབང་གིས་གཞན་འགོག་པའི་ཚེ་བློ་རྣོ་ཞིང་། སྤྱིར་གྲགས་པའི་འཁྲུལ་ཚབས་ཆེན་པོ་འདི་འདྲ་ལྟ་བུ་ལ་བག་ལ་ཉ་གཉིད་པ་འབའ་ཞིག་སྟེ། པདྨ་འབྱུང་གནས་ཀྱི་སྐུའི་ཆ་བྱད་ལ་དགོས་པ་ཁྱད་པར་ཅན་ཡོད་བཞིན་ཡང་འདི་ཅི་ཞེས་འཁུ་ཞིང་། གོང་གི་འཁྲུལ་པ་འདི་ལྟ་བུ་ལ་ཇི་མི་སྙམ་མོ། །བདག་ནི་འཕགས་པ་གནས་བརྟན་རྣམས་སྦྱངས་ཡོན་ལ་གནས་པའི་ཚུལ་དུ་བྲིས་ན་འབྲེལ་བ་དང་ལྡན་པར་རྗེས་སུ་རྟོགས་ཤིང་གཅིག་ཏུ་སྨྲའོ། །ཆུར་ལྷུངས་བཅལ་བུའི་སྒྲར་རྨོངས་རི་བོང་གིས། །རབ་བསྒྲགས་གཏམ་གྱི་རྗེས་ཞུགས་གཅན་གཟན་ཚོགས། །མུ་ཅོར་རྒྱུ་དང་ལག་རྗེས་འགོད་མཐོང་ཚེ། །གདོང་ལྔའི་བདག་པོ་གཏན་ཚིགས་རལ་པ་རྔོམ། །ཞེས་གསུངས་སོ། །ལྷ་ཚོགས་དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ལ་ༀ་བཛྲ་ས་མ་ཡ་ཛཿ ཞེས་སྙན་གསན་ཕབ་སྟེ་སྤྱན་འདྲེན་ནི་སྤོས་བཏུལ་ཞིང་རྡོ་རྗེ་དྲིལ་བུ་འཛིན་པས། མངའ་རིས་པཎ་ཆེན་གྱི་གསུང་རབ་གནས་ཀྱི་ཆོ་ག་ཡེ་ཤེས་སྙིང་པོའི་འོད་ཟེར་ལས་གསུངས་པ་འདི་ལྟར། ༀ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དེ་དག་གི་ཐུགས་རྗེ་ཆེན་པོ་དང་བྱིན་གྱིས་བརླབས་པ་བསམ་གྱིས་མི་ཁྱབ་པ་མངའ་ཞིང་འགྲོ་བའི་དོན་དུ་སྨོན་ལམ་ཁྱད་པར་ཅན་མཛད་པ་ལས་དྲངས་ཏེ་བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་སྐྱོབ་པའི་སླད་དུ་མགོན་སྐྱབས་སུ་གསོལ་ནས་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ༴ དངོས་རྣམས༴ བཅོམ་ལྡན༴ བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ༴ སྨོན་ལམ༴ ཁྱེད་བཞེད༴ དེ་ཕྱིར༴ རྫུ་འཕྲུལ༴ མཐའ་ཡས༴ ཡོངས་དག༴ ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ༴ ཉི་མ༴ དད་པས༴ ཞི་ཞིང་ཐུགས་རྗེ་ཆེ༴ དུལ་ཞིང་༴ ཆོས་དང་༴ ཀུན་ཏུ༴ ཚུར་སྤྱོན༴ ཐུབ་པ༴ ཤིན་ཏུ༴ མཆོད་པའི༴ ཞེས་ལྷ་མིའི་སྐབས་ལྟར་དང་། གཤེགས་བྱོན་སྐྱེ་བྲི་མེད་པའི་སྐུ། །ཇི་ལྟར་སྨོན་བཞིན་ཡོད་པ་ལྟར། །དཀར་པོ་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་སྐྱོབ་ཕྱིར་གཤེགས་སུ་གསོལ། །པཎ་ཆེན་རིན་པོ་ཆེའི་རབ་གནས་ལས། ༀ། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་འཚལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་བྱེད། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །བསྟན་པ་སྤེལ་བའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །གནས་བརྟན་ཕྱག་མཆོད་སྤྱི་ལྟར་གནས་བཅུ་སྤྱན་འདྲེན་ནི། འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །དགྲ་བཅོམ་གནས་བརྟན་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཞེས་ནམ་མཁར་སྤྱན་དྲངས་ཏེ་བཞུགས་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཧཱུཾ་སྭཱ་ཧཱ། རྣམ་བུམ་གྱི་ཆུས་མེ་ལོང་གི་ངོས་སུ་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི༴ དེ་བཞིན༴ དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོངས་ལེགས་པར་གང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེའི་ཁྲུས་ཆུ་སླར་ཡང་བུམ་པར་བླུག་གོ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་ཤིགས་རྡོ་རྗེའི་སྐུ་ཉིད་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ༀ་བཛྲ་ཝ་སྟྲ་ཡེ་ཧཱུཾ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པའི་སྟེང་། །པདྨ་ཉི་ཟླ་འོད་འབར་གདན་འབུལ་ན། །བརྩེ་བས་དགོངས་ཏེ་ཅི་བདེར་བཞུགས་སུ་གསོལ། །ༀ་པདྨ་ཀ་མཱ་ལ་ཡེ་སྟྭཾ་ཞེས་གདན་ཕུལ། ༀ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་ཨཱཿཧཱུཾ། ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོཊ་བཾ། ༀ་བཛྲ་ཨཱ་བེ་ཤ་ཨཱཿ ཞེས་སོ་སོའི་ཕྱག་རྒྱ་དང་བཅས་ཏེ་མདུན་བསྐྱེད་ཀྱི་རྟེན་སོ་སོར་ཡེ་ཤེས་པ་བཅུག་གོ། །རྩ་བར། བདུན་པ་ནི་དཔང་སྐོང་གི་ཡན་ལག་བདུན་པ་བྱའོ། །ཞེས་གསུངས་པ་སྐབས་འདིར་བབས་པས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། བདག་ཉིད་མྱུར་དུ་མངོན་པར་སངས་རྒྱས་ཤོག །ཅེས་པའི་བར་ཚར་གཅིག་འདོན། མཆོད་པ་འབུལ་བ་ནི་བྱིན་རླབས་གོང་དུ་སོང་བས་འདིར་དཀྱིལ་འཁོར་རྣམས་ཀྱི་བདུག་སྤོས་དང་མར་མེ་རྣམས་སྤར་ཏེ། ཚིགས་བཅད་རྣམས་ལ་ཐལ་མོ་སྦྱོར་ཞིང་སྔགས་ཀྱི་ཚེ་སོ་སོའི་ཕྱག་རྒྱ་དང་བཅས་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །ཞེས་སོགས་ལྷ་མིའི་སྐབས་ལྟར་བྱའོ། །སྤྲོ་ན་འདོད་ཡོན་དྲུག་དང་། རིན་ཆེན་བདུན་འབུལ་བའང་འོག་ནས་འབྱུང་བའི་ཆོ་ག་རྣམས་ནས་བླང་ངོ་། །བསྟོད་པ་ནི། གཙོ་བོ་རྣམས་ལ་ཏོག་གཟུངས་ནས་འབྱུང་བ་ལྟར། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཞེས་སོགས་ཤློ་ཀ་གཅིག །དཀྱིལ་འཁོར་དང་པོའི་འཁོར་གྱི་དུས་གསུམ་སངས་རྒྱས་ལ། འདས་པའི་སངས་རྒྱས་མར་མེ་མཛད། །ཅེས་སོགས་ཤློ་ཀ་གཅིག །དུས་བཟང་གསུམ་གྱི་བཅོ་ལྔའི་ལྷར། འདོད་ཆགས་རྡོ་རྗེ། ཚེས་བརྒྱད་ཀྱི་ལྷར། ཐུགས་རྗེ་ཀུན་ལ་སྙོམས་མཛད། གནམ་སྟོང་གི་ལྷ་ལ། རྣམ་དག་སྐུ་མངའ། བསྐལ་བཟང་རྣམས་ལ། མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང་། །སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་གཉིས་པ་དང་གསུམ་པ་བཞི་པ་རྣམས་ཀྱི་འཁོར་ཐུན་མོང་དང་། སྤྱིར་དཀོན་མཆོག་གསུམ་ལ་དམིགས་ཏེ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་ཤློ་ཀ་གསུམ་གྱིས་བསྟོད། བྱེ་བྲག་ཏུ་གནས་བརྟན་རྣམས་ལ། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པའི། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་ལ། །ཕྱག་འཚལ་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཞེས་དང་སྤྱིར། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད། མདུན་བསྐྱེད་ཀྱི་བཟླས་པ་ནི། ལམ་འཁྱེར་སྐབས་སུ་བྱུང་བ་ལྟར་བདག་བསྐྱེད་བཞིན་སྤྱི་ཁྱབ་ཏུ་མུ་ནེའི་འཛབ་ཅི་རིགས་པར་བཟླའོ། །རྩ་བའི་ས་བཅད་ལྔ་པར་སྨན་བླའི་མདོ་ཆོག་དང་གནས་བཅུའི་ཆོ་གས་གཞུང་བྱེད་གསུངས་པ། རྒྱས་པར་སྤྲོ་ན་ཁོ་བོའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོས་མཛད་པའི་བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་སྒྲིགས་ཡིད་བཞིན་དབང་རྒྱལ་ལྟར་བྱ་ཞིང་། བསྡུ་ན་མཁན་པོའི་མདོ་ཆོག་ཇི་བཞིན་པ་སྐབས་འདིར་བྱའོ། །འདི་གཉིས་ལ་མཚམས་སྦྱོར་དང་ཕྱག་ལེན་གྱི་ཁྱད་པར་མཐའ་ཆོད་ཅིང་དམིགས་ཕྱེད་པ་སོགས་ཡིད་བཞིན་དབང་རྒྱལ་ཁོ་ན་ལེགས་ཤིང་། དོན་མཁན་པོའི་མདོ་ཆོག་ལས་གཞན་དུ་མེད་པས་ཁྱད་པར་མེད་པར་སེམས། དེ་གཉིས་གང་བྱེད་ཀྱང་གཏོར་མ་བསྔོ་བ་རྣམས་མ་བྱུང་ཡང་འཐུས་ཤིང་འོག་ཏུ་འཆད་ལ། མཐར་ཆགས་སུ་བགྱིས་ཀྱང་འགལ་བ་མེད་པར་ཤེས་སོ། །གནས་བརྟན་བཅུ་དྲུག་གི་ཆོ་ག་རྣམ་གྲངས་མང་བར་ཡོད་པར་གྲགས་ཀྱང་། པཎ་ཆེན་བྱམས་གླིང་པའི་གསུང་ཞིག་མཐོང་བ་ཧ་ཅང་མང་པའི་སྐྱོན་དང་། གཉགས་བན་རྣམ་རྒྱལ་བཟང་པོས་མཛད་པའི་ཁྱེར་བདེ་ཞིང་ཁུངས་ཆེ་བ་འདུག་ཀྱང་ལུང་རྒྱུན་ཡོད་མེད་ཀྱང་མ་ཤེས་པས་འདིར་སྒྲུབ་མཆོད་རྒྱས་པར་གྲུབ་པས་མ་བྱུང་ཀྱང་ཆད་པའི་སྐྱོན་མེད་ལ། འོན་ཀྱང་གཞུང་ཚིག་ཡལ་བར་མི་འདོར་ཕྱིར་ཤིན་ཏུ་བསྡུ་ན་ཕྱག་མཆོད་ཙམ་གྱིས་འཐུས་འདྲ་བས། འདིར་རིག་འཛིན་ཡོལ་མོ་པཎྜི་ཏ་བསྟན་འཛིན་ནོར་བུའི་གསུང་བཞིན་བཀོད་པ་ནི་འདི་ལྟར། ན་མོ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ བསམ་ཡས་གཞལ་མེད་ཁང་རྒྱས་གནྡྷོ་ལར། །རིན་ཆེན་མྱུ་གུ་བཀྲ་བའི་འདབ་ལྡན་ཁྲི། །པད་ཟླར་རབ་འགྱིང་བདེ་གཤེགས་རྒྱལ་པའི་སྐུ། །མཚན་དཔེའི་གཟི་བྱིན་འབར་ལ་ཕྱག་འཚལ་ལོ། །ཏེ་སེའི་རིར་བཞུགས་གནས་བརྟན་ཡན་ལག་འབྱུང་། །ལྷ་དང་ལྷ་མིན་གནོད་སྦྱིན་གྱིས་ཕུལ་སྣོད། །སྤོས་ཕོར་རྔ་ཡབ་ལེགས་འཛིན་དགྲ་བཅོམ་འཁོར། །སྟོང་དང་སུམ་བརྒྱས་བསྐོར་ལ་ཕྱག་འཚལ་ལོ། །ཨུ་ཤི་ར་ཡི་ཚལ་གནས་མ་ཕམ་པ། །ཏིང་འཛིན་མི་གཡོ་མཉམ་གཞག་ཕྱག་རྒྱས་འགྱིང་། །བརྒྱ་ཕྲག་དགྲ་བཅོམ་ཚོགས་ཀྱིས་མདུན་བདར་ཏེ། །རྒྱལ་གསུང་བསྟན་པ་སྤེལ་ལ༴ ལོ་མ་བདུན་པའི་འཁྲི་ཤིང་ནགས་ན་གནས། །ཕྱག་གཡས་ཞི་བའི་སྡིགས་མཛུབ་གཡོན་རྔ་ཡབ། །སེང་ལྡེང་ནགས་པར་རབ་བསྔགས་དགྲ་བཅོམ་འཁོར། །སྟོང་དང་བཞི་བཟླས་བསྐོར་ལ༴ ཟངས་གླིང་གནས་བཞུགས་དགྲ་བཅོམ་དུས་ལྡན་ནི། །ལྷ་དང་ལྷ་མོས་གུས་ཕུལ་རྣ་ཆ་འཛིན། །སྟོང་དང་བརྒྱ་ཕྲག་རང་འདྲའི་འདུས་པར་བཅས། །ལྷ་མིའི་ཡོན་གནས་གྱུར་ལ༴ སིང་ག་ལ་ཡི་གླིང་བཞུགས་སཱ་ར་ཎ། །རྡོ་རྗེ་མོ་ཡི་བུར་གྲགས་སྡིགས་མཛུབ་དང་། །དྲི་ཟས་ཕུལ་བའི་རྔ་ཡབ་ལེགས་འཛིན་འཁོར། །དགྲ་བཅོམ་སྟོང་རྩ་བསྐོར་ལ༴ ཆུ་བོ་ཡ་མུན་ནའི་ངོགས་བཟང་པོའི་མཚན། །ཕྱག་གཡས་ཆོས་འཆད་ཕྱག་རྒྱ་གཡོན་མཉམ་གཞག །ཉོན་མོངས་མེད་ཅིང་དགྲ་བཅོམ་ཟག་མེད་འཁོར། །སྟོང་དང་ཉིས་བརྒྱས་བསྐོར་ལ༴ ཀ་སྨི་རིར་བཞུགས་འཕགས་པ་གསེར་བེའུ། །ཀླུ་རྣམས་ཀྱིས་ཕུལ་རིན་ཆེན་ཞགས་པ་འདྲེན། །བརྒྱ་ཕྲག་ལྔ་པའི་དགྲ་བཅོམ་ཆེ་རྣམས་ཀྱིས། །ལུས་བཏུད་སྲི་ཞུས་བསྟེན་ལ༴ བ་ལང་སྤྱོད་གླིང་འོད་ཟེར་འབྱུང་བའི་གནས། །ཡོངས་བཟུང་བྷ་ར་དྷྭ་ཚ་གསེར་ཅན་ཕྱག །མཉམ་གཞག་ཕྱག་རྒྱས་རབ་བཅིངས་དགྲ་བཅོམ་པ། །བདུན་བརྒྱས་ཡོངས་སུ་བསྐོར་ལ༴ སྒྲ་མི་སྙན་བཞུགས་འཕགས་པ་བ་ཀུ་ལ། །རིན་ཆེན་གཏེར་གྱི་ནེའུ་ལེ་ཕྱག་ན་བསྣམས། །དད་པས་གྲོལ་བ་རྣམས་ཀྱི་མཆོག་གཅིག་འཁོར། །དགྲ་བཅོམ་དགུ་བརྒྱས་བསྐོར་ལ༴ པྲི་ཡང་ཀུར་གནས་སྟོན་སྲས་སྒྲ་གཅན་འཛིན། །འཆི་མེད་སྒེག་མོས་ལེགས་ཕུལ་ཅོད་པན་འཛིན། །སྟོང་དང་བརྒྱ་ཕྲག་གཅིག་གི་གྲངས་སྙེད་འཁོར། །ཡོངས་འཛིན་མང་པོས་བཀུར་ལ༴ བྱ་རྒོད་ཕུང་པོའི་རིར་གནས་ལམ་ཕྲན་བསྟན། །བསམ་གཏན་ལ་ཆགས་མཉམ་གཞག་ཕྱག་རྒྱ་མཛེས། །གཞན་སེམས་བསྒྱུར་བ་རྣམས་ཀྱི་མཆོག་གཅིག་འཁོར། །སྟོང་དང་དྲུག་བརྒྱས་བསྐོར་ལ༴ ལུས་འཕགས་གླིང་བཞུགས་སེང་གེའི་སྒྲ་སྒྲོག་པའི། །མཆོག་གྱུར་བྷ་ར་དྷྭ་ཚ་བསོད་སྙོམས་ལེན། །གླེགས་བམ་ལྷུང་བཟེད་ལེགས་བསྣམས་དགྲ་བཅོམ་པ། །སྟོང་ཕྲག་འཁོར་གྱིས་བསྐོར་ལ༴ སུམ་རྩེན་གནས་བཞུགས་འཕགས་པ་ལམ་བསྟན་ནི། །ཕྱག་གཡས་ཆོས་འཆད་གཡོན་ན་གླེགས་བམ་འཛིན། །དགྲ་བཅོམ་ཆེན་པོ་དགུ་བརྒྱའི་གྲངས་སྙེད་ཀྱིས། །ཡོངས་བསྐོར་ལྷ་ཡི་བླ་མར༴ ཡུལ་དབུས་ངོས་ཡངས་རིར་གནས་ཀླུ་ཡི་སྡེ། །འཁར་གསིལ་དང་ནི་རིགས་བཞིའི་ལྷས་ཕུལ་བའི། །བུམ་པ་བཟང་པོ་ལེགས་བསྣམས་དགྲ་བཅོམ་འཁོར། །སྟོང་དང་ཉིས་བརྒྱས་བསྐོར་ལ༴ བི་ཧུ་ལ་ཡི་རིར་བཞུགས་སྦེད་བྱེད་པ། །བདེ་གཤེགས་རྒྱལ་བའི་གསུང་རབ་གླེགས་བམ་བསྣམས། །མཚན་གཞན་བ་ལང་བདག་ཅེས་དགྲ་བཅོམ་འཁོར། །སྟོང་དང་བཞི་བརྒྱས་བསྐོར་ལ༴ གངས་ཅན་རིར་བཞུགས་གནས་བརྟན་མི་ཕྱེད་པ། །རྒྱལ་བས་རབ་གནང་བྱང་ཆེན་མཆོད་རྟེན་འཛིན། །སྙིང་རྗེ་ཆེན་གནས་ཡོངས་ཀྱི་མཆོག་གཅིག་པུ། །དགྲ་བཅོམ་སྟོང་གིས་བསྐོར་ལ༴ རིམ་གྲོ་པར་མངགས་དགེ་བསྙེན་དྷ་རྨཱ་ཏ། །རལ་པའི་ཐོད་བཅིངས་སྣང་བ་མཐའ་ཡས་གཟིགས། །རྔ་ཡབ་བུམ་པར་བཅས་ཐོགས་བདེ་གཤེགས་བཀའི། །ཁུར་འཛིན་སྤྲུལ་པར་བཅས་ལ་ཕྱག་འཚལ་ལོ། །རབ་བརྗིད་དཔའ་བའི་ཆས་ལྡན་ཡུལ་འཁོར་བསྲུང་། །འཕགས་སྐྱེས་མིག་མི་བཟང་དང་རྣམ་ཐོས་བུ། །རྒྱུད་མང་རལ་གྲི་སྦྲུལ་ཞགས་རྒྱལ་མཚན་བཅས། །སྡེ་བཅས་བསྟན་པ་བསྲུང་ལ་ཕྱག་འཚལ་ལོ། །མཆོད་འོས་རྣམས་ལ་གུས་པས་ཕྱག་བགྱིས་ཤིང་། །ཕྱག་འོས་མཆོད་པའི་དགེ་ལེགས་ཆར་བཟང་པོས། །བསླབ་གསུམ་ནོར་ལྡན་དགེ་འདུན་རྒྱ་མཚོའི་སྡེ། །ཐུབ་བསྟན་དབྱར་གྱི་ལང་ཚོར་རབ་འཕེལ་ཤོག །སྨྲས་པ། སྐྱེས་ཐོབ་ཤེས་རབ་རྒྱ་མཚོའི་མེ་ལོང་འདིར། །མང་དུ་ཐོས་པའི་ནོར་མང་གསལ་མིན་མོད། །སྦྱངས་པའི་ཆོ་ག་མེད་ལ་ཤེས་བྱ་ཡི། །གཟུགས་བརྙན་སྣ་ཚོགས་གསལ་བ་འདི་ཅིར་སེམས། །ཨེ་ཝཾ་ཅོག་སྒར་འདུས་པའི་སྤྲིན། །སྟུག་པོར་རྒྱས་ལས་ཐག་པ་ཆེའི། །ཆོས་སྒྲ་དབྱར་གྱི་རྔ་བོ་ཆེ། །སྒྲོག་ལ་བར་ཆད་མེད་གྱུར་ཅིག །དེ་ལྟར་གནས་བརྟན་བཅུ་དྲུག་ནི་དཀྱིལ་འཁོར་ལྔ་པའི་འཁོར་དུ་ཡོད་ལ། སྨན་བླ་བདེ་གཤེགས་བདུན་གྱི་གཙོ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་དཀྱིལ་འཁོར་དང་པོའི་པད་འདབ་ལ་བཞུགས་ཤིང་གཞན་ལྷག་མ་དྲུག་དང་ཕྱོགས་སྐྱོང་སོགས་དངོས་སྟན་དུ་མེད་ཀྱང་། གསང་སྔགས་ལྟར་ན་མགྲོན་ཐབས་ཀྱི་ལྷ་དང་། འདིར་སྡོམ་རྟེན་དང་དཀྱིལ་འཁོར་རྣམས་ཀྱི་སྟེང་གི་ནམ་མཁའ་སོགས་སུ་ཚོགས་ཞིང་ལྟ་བུར་སྤྱན་དྲངས་པ་ཡིན་པས་མདོ་ཆོག་ཚུལ་བཞིན་བཏང་བས་ཕུན་སུམ་ཚོགས་པའི་ཡན་ལག་གོ། །རྩ་བར། དྲུག་པ་གསུམ་ལ་རྡོ་རྗེ་སེམས་དཔའི་ཚབ་ཏུ་ཤཱཀ་ཐུབ་སྒོམ་གཞན་འདྲའོ། །ཞེས་གསུངས་པ་ཆ་གསུམ་དཀྱིལ་འཁོར་བསྡུས་མ་ཚར་ན་དཀྱིལ་འཁོར་གྱི་གཙོ་བོ་རྡོར་སེམས་ཐུབ་པར་གནས་བསྒྱུར་ཏེ་མཆོད་གཏོར་བྱིན་རླབས་གོང་ལྟར་བྱས་ཏེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཞེས་སོགས་དཀྱིལ་འཁོར་གྱི་གཙོ་བོར་འདས་གཏོར་འབུལ་བ་ནས་བགེགས་སྐྲོད་སུམྦྷའི་བར་བྱ། དཀྱིལ་འཁོར་བསྡུས་ཟིན་ན་འདས་གཏོར་བསྔོ་མི་དགོས་ཤིང་དཀྱིལ་འཁོར་སོ་སོའི་འདས་གཏོར་རྣམས་ནི་མཆོད་པའི་ཞར་བྱུང་དུ་འགྲོའོ། །དེས་ན་ཆ་དང་པོའི་མཆོད་གཏོར་བྱིན་བརླབ་ནས་གསུམ་པའི་བགེགས་སྐྲོད་བར་དཀྱུས་བཞིན་བཏང་ངོ་། འདིའི་ཁོངས་སུ་ཕྱོགས་སྐྱོང་གཞི་བདག་སོགས་འདུ་བས་གོང་དུ་སྨན་བླའི་སྐབས་གཏོར་བསྔོ་མ་བྱས་ཀྱང་འཐུས་པའི་རྒྱུ་མཚན་འདི་ཡིན་ནོ། །སྐབས་འདིར་བདག་འཇུག་བླངས་ཏེ་ཁྲུས་མཎྜལ་གསོལ་བཏབ་ནས་བཟུང་དབང་རྣམས་སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་བླང་ངོ་། །དགེ་ཚུལ་དགེ་སློང་གི་སྡོམ་པ་ནི་བླང་མི་དགོས་སོ། །དབང་དངོས་ནི་བླ་མ་དགེ་སློང་ཡིན་ན་ཆོས་གོས་གསུམ་ལེགས་པར་གྱོན་ཏེ་རང་ཐུབ་པར་བསམ་སྟེ་སྟན་ལ་འདུག་ཅིང་། སློབ་མ་ཡང་རབ་བྱུང་དང་ཁྱིམ་པ་གང་ཡིན་ཀྱང་ཁྲུས་ལེགས་པར་བྱས་ཏེ། རང་རང་གི་ཆས་བཟང་པོ་དང་ལྡན་པས་འདུས་ཏེ་གྲལ་ལ་འཁོད། རྩ་བར། བརྒྱད་པ་ནི་བུམ་པའི་ཆུས་ཐམས་ཅད་ཁྲུས་བྱའོ། །ཞེས་གསུངས་པ་ལྟར་སློབ་དཔོན་གྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་སྔགས་དང་བཅས་ཏེ་རྣམ་བུམ་མ མ་ལས་བུམ་གྱི་ཆུས་ཁྲུས་བྱ། དབང་གི་ཕྱིར་བགེགས་གཏོར་མཛད་སྲོལ་འདུག་པས། གཏོར་མ་བསང་སྦྱང་བྱིན་བརླབས་སྔགས་བསྔོས་བདེན་བརྡར་བཀའ་བསྒོ་སོགས་ཕྱག་རྡོར་དབང་གི་སྐབས་བཞིན་ལ། བདེན་བརྡར་སྐབས་ཁྱད་པར་དུ་ཡང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་སོགས་དང་། བཀའ་བསྒོ་ལ་ཡང་། ཉན་ཐོས་ཐེག་པའི་དཀྱིལ་འཁོར་འདིར། །ཞེས་བསྒྱུར་ལ་བགེགས་བསྐྲད། མཎྜལ་མེ་ཏོག་བཀྱེ་བསྡུ་བྱས་རྗེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེ་དུ་འདིར་འདུས་པ་མདོའི་དཀྱིལ་འཁོར་གྱི་ཡན་ལག་ཉན་ཐོས་ཀྱི་ཐེག་པའི་སྒོར་ཞུགས་ཏེ་སྨིན་གྲོལ་རྣམས་ཚུལ་བཞིན་ཉམས་སུ་བླངས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་བགྱིད་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་སྔོན་དུ་བཏང་སྟེ་གསན་འཚལ། ཐུགས་བསྐྱེད་ཕོག་ཅིང་ཉན་པར་གདམས་པ་སོགས་འབྲེལ་དགོད། འདིར་ཐེག་པ་ནི། ཨུ་རྒྱན་ཆེན་པོ་དང་བི་མ་ལས། མངོན་པར་མཐོ་བའི་ཐེག་པ་དང་ངེས་པར་ལེགས་པའི་ཐེག་པ་ཡིན་ཏེ། དེ་ཡང་སོ་སོ་ཐར་པ་ལས། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །ཞེས་གསུངས་པའི་བརྩམ་པར་བྱ་བ་ནི་དགེ་བསྙེན། དབྱུང་བར་བྱ་ཞེས་བས་དགེ་ཚུལ། སངས་རྒྱས་བསྟན་ལ་འཇུག་པར་བྱ་ཞེས་ཡོངས་སུ་རྫོགས་པའི་དགེ་སློང་སྟེ་ཚུལ་གསུམ་རིམ་པར་བཤད་ཅིང་། ལམ་དེར་ཞུགས་ནས་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལྷུར་བྱས་ནས་ཉོན་མོངས་པ་སོགས་དགྲ་རྣམས་བཅོམ་སྟེ་རྣམ་བྱང་བསྒྲུབ་དགོས་པས། འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ཆེན་གཞོམ་པར་བྱ། །ཞེས་དང་། ཚུལ་དེས་ངེས་ལེགས་ཀྱི་འབྲས་བུ་སྟེར་བར་ནུས་པ་ཡིན་ཏེ། གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་གྱུར་ན། །སྐྱེ་བའི་འཁོར་བ་རབ་སྤངས་ཏེ། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཞན་ཡང་རིགས་བརྒྱ་དབྱེ་བ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བྱེད་ཅིང་། །ཡེ་ཤེས་བཅུ་དྲུག་ཆས་སྦྱངས་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམ་ཞི་བའི་ས་རུ་འགྲོ། །ཞེས་གསུངས་ཤིང་། དེ་ལྟ་བུའི་ཉན་ཐོས་ཀྱི་ཐེག་པའི་སྒོར་འཇུག་པ་ལ། བསྟན་པ་སྤྱིའི་ལུགས་ལ་གང་ཟག་གི་རིགས་དང་སྦྱར་བའི་སོ་ཐར་རིགས་བདུན་གང་རིགས་སམ། ཚིགས་གསུམ་རིམ་ནོད་ཀྱི་དགེ་སློང་གི་དངོས་པོར་བསྒྲུབས་ཏེ་ལམ་ལ་ཚུལ་བཞིན་དུ་ཅི་ནུས་ཀྱི་བསླབ་ཅིང་འབྲས་བུ་སྒྲུབ་པ་ལས་གཞན་དུ་མེད་ཀྱང་། འདིར་ཐེག་པའི་ཡང་རྩེ་སྔ་འགྱུར་དང་། ཁྱད་པར་འདུས་པ་མདོའི་ལུགས་ལ་ཐེག་པ་གོང་མས་འོག་མ་ཟིལ་གྱིས་གནོན་པའི་དགོངས་པ་ལྟར། །སྤྱིར་སྔགས་ལམ་ཁོ་ན་ལྟར་སྨིན་གྲོལ་གྱིས་ཁོག་ཕུབ་པའི་ཁོངས་ནས་བྱེ་བྲག་ཏུ་ཐེག་པ་འོག་མ་རྣམས་ཀྱི་ལམ་གྱི་རིམ་པ་ཡང་ཚང་ལ་མ་ནོར་བར་སྟོན་པའི་ལམ་སྲོལ་རྨད་དུ་བྱུང་བ་ཡིན་པས་ན། འདིར་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་དང་སྡོམ་པ་སོགས་འབྱུང་བ་ལགས་ཤིང་། དེ་ཡང་སྤྱིར་སྒྲུབ་ཁྲིགས་སུམ་ཅུས་བསྟན་པ་ཡིན་ཀྱང་འཁྲུགས་སྡེབས་སྣ་ཚོགས་སུ་གྱུར་པ་རྣམས་བསྒྲིགས་ཏེ་འཆད་དགོས་པར། རྩ་བའི་ས་བཅད་བཅུ་གསུམ་པ་ཡན་ཆད་ཀྱི་བརྒྱད་པ་དང་དགུ་པ་ཙམ་མ་གཏོགས་སློབ་དཔོན་ཁོ་ནའི་བྱ་བར་འདུག་ཅིང་། ཕལ་ཆེར་ཆད་ལྷག་མེད་ཙམ་དུ་གྲུབ་པ་ཡིན། །དེ་ཡང་ས་བཅད་བརྒྱད་པ་ཁྲུས་བྱ་བ་སློབ་མ་འདུས་ཏེ་བྱ་དགོས་པ་ཡང་གྲུབ་མ་ཐག་ཡིན། དགུ་པ་ནི་རྩ་བར། སྡོམ་པ་ཞུ་བའི་ཡོན་དངོས་པོ་དག་པ་གཅིག་འབུལ་ལོ། །ཞེས་གསུངས་པས་འབྱོར་ན་ཚོགས་རྫོགས་ཤིང་ཚུལ་ཁྲིམས་མཐར་ཕྱིན་པའི་རྟེན་འབྲེལ་ཡོད་པས་ཟང་ཟིང་གི་དངོས་པོ་གང་རུང་དབུལ་ཞིང་མ་འབྱོར་ན་མཎྜལ་གྱི་ཆོ་ག་འོག་ནས་འབྱུང་བས་དེས་ཁྱབ་པར་གདའ། རྩ་བའི་ས་བཅད་བཅུ་པ་ནས་བཅུ་གསུམ་པའི་བར་ནི་རྩ་བར། བཅུ་པ་ནི་ཁྲུ་གང་ལས་ལྷག་པའི་སྟེང་དུ་མི་རུང་ཡང་འདིར་ཆོས་འཆད་པས་ཁྲིའི་སྟེང་དུ་འདུག་པར་བྱའོ། །བཅུ་གཅིག་པ་རྒྱན་གྱི་མཆོག་ཚུལ་ཁྲིམས་ཡིན་པས་ཧྲུལ་ཡང་བཙུན་ཆས་བགོ། འཛོམ་ན་བཟང་པོ་ཁོ་ན་མཆོག་ཏུ་མཛེས་པའོ། །བཅུ་གཉིས་པ་ཁྲི་ནི་གཞན་གྱི་ཚོགས་རྫོགས་ཤིང་ཆོས་ཀྱི་ཆེ་བ་འབྱིན་པས་དེ་ལ་འཛེག་པའོ། །བཅུ་གསུམ་པ་སྟོན་པ་བསྒོམས་པས་རང་བཞིན་གྱི་བློ་འགྱུར་བྱིན་རླབས་འབྱུང་སྟེ། སེར་མོ་ཙམ་ཞིག་གྱོན་པ་དང་། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །ཞེས་པའོ། །ཞེས་གསུངས་པའི་ཕྱིར་ས་བཅད་བཅུ་པའི་དོན་ཆོས་སྨྲ་བ་ཁྲི་ལ་འདུག་པ་དང་། བཅུ་གཅིག་པ་རབ་བྱུང་གི་ཆས་བྱ་དགོས་པ་དང་། བཅུ་གཉིས་པ་ཁྲིར་འཛེག་པ་སོགས་ཀྱང་ཡུལ་དུས་དང་བསྟུན་པའི་བཅས་མི་སྟོངས་ཙམ་གྲུབ་པ་འདིར་གདའ། བཅུ་གསུམ་པ་སྟོན་པ་སྒོམ་པ་ནི་འདིར་གསང་སྔགས་མོས་པ་ལམ་བྱེད་དང་འབྲེལ་བ་ཡིན་པས་ཆོས་སྨྲ་བ་བདག་ཀྱང་ཐ་མལ་གྱི་རྣམ་པར་ནམ་ཡང་མི་བལྟ་ཞིང། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཚན་དང་དཔེ་བྱད་ཀྱིས་ལེགས་པར་བརྒྱན་ཅིང་མཐོང་ན་མི་མཐུན་པ་མེད་པ་འོད་ཟེར་གྱི་དཀྱིལ་འཁོར་རྒྱས་པའི་དབུས་ན་བཞུགས་པ་མངོན་སུམ་ལྟ་བུར་མོས་གུས་དུང་བ་སྐྱེད་དེ་བློ་འགྱུར་ངེས་པར་མཛད་པ་ཞུ། བཅུ་བཞི་པ་བུམ་པ་བཅའ་ཚུལ་གསུངས་པ་ནི་བཞི་པ་རབ་གནས་དང་འབྲེལ་མཚུངས་སུ་བཤད་པ་ལྟར་དེ་གཉིས་སྡེབས་ཏེ་ལེགས་པར་གྲུབ་ཟིན། དེ་མཚུངས་བདག་མདུན་གྱི་སྒྲུབ་མཆོད་སོགས་ཀྱང་སྨིན་རྒྱས་སུ་གྲུབ། བདག་འཇུག་བླང་བ་ནི་གཞུང་འདིར་དངོས་བསྟན་དུ་གསལ་བ་མ་བྱུ ང་ཡང་། གླན་བན་གྱི་ཆོག་ཁྲིགས་སུ་དེ་ནས་རུ་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ལ། ཤཱཀ་ཐུབ་ལ་བདེན་པ་བཞིའི་དབང་ཞུས་ལ། ཞེས་གསུངས་པ་ལྟར་བདག་འཇུག་ཀྱང་གྲུབ་པས། དེས་ན་སྐབས་འདིར་བླ་མ་དང་སྟོན་པ་ཐུབ་པའི་དབང་པོ་གཉིས་སུ་མེད་པ་ལ་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། རྩ་བར་བཅུ་དགུ་པ་གསོལ་བ་གདབ་པ་ལ་གཉིས་ཏེ། ཉན་ཐོས་རང་གཞུང་དང་། ཐེག་ཆེན་ཁ་སྐོང་ངོ་། །དང་པོ་ནི་སངས་རྒྱས་ཀྱི་སྐུ་གཟུགས། ཆོས་ཀྱི་སྙིང་པོ། དགེ་འདུན་གསུམ་ལ་ཕྱག་གསུམ་གསུམ་བྱས་ལ་དཀོན་མཆོག་གསུམ་དུ་མོས་གུས་བྱ། གཉིས་པ་ནི་བླ་མ་ཐུབ་པར་བསྒོམས་པའི་དབུའི་གཙུག་ཏོར་དུ་ནོར་བུ་འོད་འཕྲོ་བ་ལས་རང་གི་འདོད་རྒུ་འབྱུང་བར་བསམ་སྟེ་ཐལ་མོ་སྦྱར་ཏེ། ཀུན་མཁྱེན་ཡེ་ཤེས་ཀྱིས་གསོལ་བ་ལན་གསུམ་གདབ་བོ། །ཞེས་གསུངས་པ་འདིར་ལེན་དགོས་ཤིང་། དེ་ལ་ཡང་ཉན་ཐོས་རང་གཞུང་ལྟར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་། ཐེག་ཆེན་ཁ་སྐོང་ལྟར་ཀུན་མཁྱེན་ཡེ་ཤེས་ཀྱིས་གསོལ་བ་འདེབས་པ་གཉིས་སུ་བཤད་པའི་དང་པོར་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དཀོན་མཆོག་རྣམས་ལ་མོས་གུས་རྩེ་གཅིག་པས་ཡན་ལག་ལྔ་ལྡན་གྱི་ཕྱག་ལན་གསུམ་མཛད་པ་ཞུ། ཞེས་བརྡའ་སྤྲད་དེ་སངས་རྒྱས་ལ་ཕྱག་གསུམ་བྱ། ཡང་མདོའི་གླེགས་བམ་དངོས་དང་། ལྷ་ཚོགས་འདི་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་འགོག་བདེན་རྣམ་བྱང་གི་ཆོས་དཀོན་མཆོག་ལ་དམིགས་པ འི་ཕྱག་གསུམ་མཛད་པར་ཞུ། ཞེས་ཆོས་ལ་ཕྱག་གསུམ་བྱ། ཡང་དཀྱིལ་འཁོར་འདིར་བཞུགས་པའི་དགེ་འདུན་དཀོན་མཆོག་རྣམས་ལ་དངོས་མཚུངས་ཀྱི་དད་པ་ཆེན་པོས་ཕྱག་གསུམ་མཛད་པར་ཞུ། ཞེས་དགེ་འདུན་ལ་དམིགས་པའི་ཕྱག་གསུམ་བྱ། དེས་ནི་ཉན་ཐོས་རང་གཞུང་ལྟར་གསོལ་བ་གདབ་པའི་དོད་ཡིན་ལ། གཉིས་པ་ཐེག་ཆེན་ནས་ཁ་བསྐང་པའི་གསོལ་གདབ་བྱ་བའི་སླད་དུ་སློབ་དཔོན་བདག་ཉིད་སྟོན་པ་དངོས་སུ་གསལ་བའི་གཙུག་ཏོར་གྱི་ནོར་བུ་འོད་ཟེར་ཀུན་ནས་འཕྲོ་བ་དེ་ཉིད་ལས་རང་གི་འདོད་རྒུ་ཐམས་ཅད་འབྱུང་བར་བསམ་ཞིང་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ལན་གསུམ། རྩ་བར། བཅོ་ལྔ་པ་གསོ་སྦྱོང་ནི་དཀོན་མཆོག་གི་རྟེན་གྱི་དྲུང་དུ་མཆོད་པ་དང་ཡན་ལག་བདུན་པ་བྱས་ཏེ་ཞེས་གསུངས་པས་མཆོད་པ་ནི་འབྱོར་པ་དང་བསྟུན་ནས་འདི་ལྟར་བཤམ་པ་ལགས་ཤིང་། བཞེངས་ཏེ་ཕྱག་བྱ་བ་དང་བསྟུན་ཡན་ལག་བདུན་པ་ཚིག་རྗེས་དོན་དྲན་རྣམ་པར་དག་པ་ཞིག་མཛད་པར་ཞུ། སློབ་དཔོན་གྱིས་བྱང་དྲངས་ཏེ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་ཞེས་སོགས་བྱ། འདིར་གསོ་སྦྱོང་ནི་ཉན་ཐོས་ཀྱི་ཐེག་པའི་སྐབས་འདིར་ཚུལ་གསུམ་བླང་དགོས་པས་དགེ་བསྙེན་གྱི་ཚུལ་ཁྲིམས་ཀྱི་དོད་ལྟ་བུ་གསར་མ་ལྟར་ན་དོན་ཞགས་ལས་གསུངས་པ་བཞིན། འདིར་རང་གཞུང་དྲི་མ་མེད་པ་ལས་ཇི་ལྟར་འབྱུང་བ་ལྟར་བརྗོད་དགོས་ཤིང་། གཞུང་ལས་དགོངས་གསོལ་མ་གསུངས་པ་བླ་མ་རྣམས་ཕྱག་ལེན་ལ་མཛད་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་བར། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱ་ཆུབ་སེམས་དཔའ་ཐམས་ཅད་དང་སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱེད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པ་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུའམ་ཇི་སྲིད་ཆོ་ག་མ་གྲུབ་ཀྱི་བར་དུ་གསོ་སྦྱོང་ངེས་པར་བླང་བར་བགྱིའོ། །རྩ་བར་གསལ་ཁ་མ་བྱུང་ཡང་འདི་ལན་གསུམ་མཛད། དེ་ནས་བསླབ་པ་བརྗོད་པའི་དོན་དུ་འདིའི་རྗེས་ཟློས་ཀྱང་མཛོད། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་མི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤོང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ་བརྗོད་པའི་རྗེས་ལ། རྩ་བར། ཚུལ་ཁྲིམས་རྣམ་དག་གི་གཟུངས་འདི་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཞེས་གསུངས་པས་འདིའི་རྗེས་ཟློས་མཛོད། ༀ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ། པདྨ་བིབྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ཚིག་གཞན་གྱིས་བར་མ་ཆོད་པར་བཟླས་སོ། །དེ་ལྟར་ཐེག་པ་ཆེན་པོའི་གསོ་སྦྱོང་འདིས་སྐབས་འདིར་དགེ་བསྙེན་གྱི་དོད་དང་། སླད་ཀྱི་དགེ་སློང་ནས་ཁྱིམ་པ་ཡན་ཆད་ཐམས་ཅད་ཐུན་མོང་གི་སྤྱོད་ཡུལ་ཡིན་པས་ཆོ་འཕྲུལ་དང་ས་ག་སོགས་དུས་ཚིགས་ཁྱད་པར་ཅན་རྣམས་ལ་གཞན་ལས་བླང་བའམ། ཁྱད་པར་རྟེན་གྱི་དྲུང་དུ་རང་གིས་བླངས་ཆོག་པར་གསུངས་པས་དེ་བཞིན་དུ་ཕྱག་ལེན་ལ་ཐེབས་པར་མཛོད། དེ་རྗེས་ལྟུང་བ་སྤྱི་བཤགས་འདི་སྡོམ་ལྡན་གྱི་བཤགས་པ་དང་གསོ་སྦྱོང་གི་དོད་ཡིན་ལ། ཉམས་ཆག་བྱུང་ན་ལུགས་འདིར་བསྐྱར་ཆོག་ཀྱང་འདི་ཡིན་པར་གསུངས་ཤིང་སྐབས་འདིར་བཤགས་སྡོམ་གྱི་དོད་ཡིན་ཏེ། རྩ་བར། ཡང་ན་སོ་སོར་ཐར་པའི་སྡོམ་པ་ལ་རྩ་བའི་ལྟུང་བ་བྱུང་ན་ལྷག་མ་གང་ཡོད་ཕུལ་ལ་རྩ་བ་ནས་བསྐྱར་བར་བྱའོ། །ཡན་ལག་གི་ཉེས་པ་ཕྲ་རགས་གང་ཡང་ངོ་ཤེས་པར་བྱས་ཏེ། འཆབ་སེམས། སྦེད་སེམས་མེད་པར་ལྟུང་བ་ལ་ལྟུང་བར་ངོ་ཤེས་ཤིང་དྲན་པས་ཉ་སྟོང་ལ་སོགས་པ་ལ་སྤྱི་བཤགས་བྱས་པས་ཉམས་ཆག་ཐམས་ཅད་སོར་ཆུད་ཅིང་གསོ། སྒྲིབ་པ་དག་པ། རང་བཞིན་གྱི་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བ་སྟེ་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། ཞེས་གསུངས་པས་ཐལ་སྦྱར་མཛད་དེ་ཚིག་དོན་རྗེས་དྲན་གྱི་སྒོ་ནས་འདིའི་རྗེས་ཟློས་ལན་གསུམ་མཛད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་གསོལ། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བས་རྩ་བར་འདི་བཞིན་གསུངས་པ་དགེ་སློང་གི་དབང་དུ་བྱས་ཀྱིས། གཞན་དུ་རང་དགེ་ཚུལ་ཡིན་ན་ཤཱཀྱའི་དགེ་ཚུལ། དགེ་བསྙེན་ཡིན་ན་ཤཱཀྱའི་དགེ་བསྙེན། གང་ཡང་མ་ཡིན་ན་བདག་མིང་འདི་ཞེས་བརྗོད་དགོས་སོ། །ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྔོམ་པ་དང་འགལ་བ་བགྱིས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལམ་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་ལ་སོགས་ཏེ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་སྡིག་སྒྲིབ་ཀྱི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། རྩ་བར། ཅེས་ལན་གསུམ་བརྗོད། བླ་མས་ཐབས་ཡིན་ནོ། །ཀུན་གྱིས་ལེགས་སོ་བྱའོ། །ཞེས་གསུངས་པས་ཐབས་ལེགས་བྱ། རྩ་བར། བཅུ་དྲུག་པ་ཚུལ་ཁྲིམས་ནི། ལྷ་མི་ཡུལ་གྱི་ཆོས་ལུགས་དང་། རྒྱལ་བའི་ལུང་གི་ཆོས་ལུགས་འདུལ་བ་མདོ་སྡེ་མངོན་པ་ལས་འབྱུང་བའོ། །ཞེས་གསུངས་པ་ནི་རྒྱས་པར་འོག་ཏུ་འབྱུང་། བཅུ་བདུན་པ་བཙུན་ཆས་ནི། རབ་ཏུ་བྱུང་བ་ལ་འོས་པ་རྣམས་དགེ་བསྙེན་གྱིས་ཀྱང་མོས་རྟེན་དུ་བཅང་བར་བྱའོ། །ཞེས་གསུངས་པ་ཡང་གོ་སླ། བཅོ་བརྒྱད་པ་ལྷ་དང་བཅུ་དགུ་པ་གསོལ་གདབ་གཉིས་གོང་དུ་སོང་། སྐབས་འདིར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་འབོགས་དགོས་པའི་དང་པོ་ནི། རྩ་བར། ཉི་ཤུ་པ་སྡོམ་པ་ཞུ་བ་ནི། དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ་ལས་མཐའ་མ་གཞན་དུའོ། །དགེ་བསྙེན་གོང་དུ་བསྟན། ཁྱད་པར་དགེ་བསྙེན་ལ་བར་ཆད་དྲི་བ་དང་། ཆས་གཞུག་མི་དགོས། མཁན་པོར་འདུ་ཤེས་བསྐྱེད་མི་དགོས། །དགེ་ཚུལ་དགེ་སློང་ལ་དགོས་སོ། །སྐབས་འདིར་དགེ་ཚུལ་གྱི་བར་ཆད་དྲི་བ་ནི། བར་ཆད་ཡོད་མེད་དྲི་པས་ཡིན་པ་ལ་ཡིན་པ་དང་། མ་ཡིན་པ་ལ་མ་ཡིན་ཞེས་ལན་དྲང་པོར་ཐོབ་ཅེས་བརྗོད། ཅེས་གསུངས་པའི་དོན་ཀཿཐོག་ལུགས་ལ་འདུལ་བ་ལྟར་དགེ་བསྙེན་སྒྲུབ་ཆོག་འདུག་ཀྱང་། འདིར་ཟུར་ལུགས་ཁོ་ན་བཞིན་དགེ་བསྙེན་ཐེག་ཆེན་གསོ་སྦྱོང་གིས་གོ་བཅད། ཚིགས་གསུམ་གྱི་ཐོག་མར་བར་ཆད་དྲི་དགོས་པས། སོ་ཐར་ཁོ་ནའི་ཚེ་བར་མ་རབ་བྱུང་དང་དགེ་ཚུལ་ལ་ཡང་མཁན་སློབ་གྲོགས་དན་དུས་གོ་སློབ་དཔོན་ཁ་སྐོངས་ཇི་ཙམ་འོས་པ་དང་བཅས་པའམ། ཡང་ན་མཁན་སློབ་སོགས་སྦྲགས་མར་བྱེད་དགོས་ཤིང་། བསྒྲུབ་བྱ་ཡང་གསུམ་ལས་ལྷག་པ་དུས་གཅིག་ཏུ་མི་རུང་བ་སོགས་རྒྱས་བསྡུས་སྐབས་སྦྱར་གྱི་ལག་ལེན་བཤད་གཞི་སོགས་མང་ཡང་། འདིར་མཁན་སློབ་ཀྱི་དོད་ཁོ་བོ་ཡིན་ལ། དགེ་འདུན་ནི་གང་ཟག་ཕལ་པའི་ལས་གྲལ་ལས་ཆེས་ཁྱད་པར་དུ་གྱུར་པ་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མངོན་སུམ་དུ་དཀྱིལ་འཁོར་འདིར་བཞུགས་པ་ལགས་པས་ཁྱེད་རྣམས་ཀྱང་གཞན་དུ་བསླབ་པ་ནོད་པ་ལས་ཀྱང་ཆེས་མཆོག་ཏུ་གྱུར་ཅིང་སྐལ་བ་བཟང་བ་ཡིན། བསྒྲུབ་བྱ་ཡང་གྲངས་ངེས་མེད་པས་འཐུས། ཆོ་ག་དངོས་ནི་ཀཿ ཐོག་ལུགས་སུ་དགེ་ཚུལ་དང་དགེ་སློང་ཡང་གདམས་ངག་བརྗོད་པ་སོགས་ཚང་མ་འདུལ་བ་སོར་བཞག་བཞིན་མཛད་འདུག་པ་རྣམ་པ་གཅིག་ཏུ་ལེགས་པར་སྣང་ཞིང་སྐྱེ་ལ་ཉེས་བྱས་ཙམ་འབྱུང་འདྲ་ཡང་། ཕྱོགས་གཅིག་ན་འདིར་སྔགས་ལུགས་ཀྱི་ཆོ་ག་མདོ་ལུགས་དང་ཆ་འདྲ་ཙམ་མ་གཏོགས་མདོ་ལུགས་དངོས་བསྟན་མ་ཡིན་ཞིང་། སོ་ཐར་ཁོ་ནའི་ལས་འཆགས་པ་དང་གོ་ཆོད་པ་ཡང་ཅུང་མི་ཡོང་བ་དང་། གདུལ་བྱ་ཡང་སྣ་ཚོགས་སུ་འདུས་གཤིས་བསླབ་པ་ལ་ཚུལ་བཞིན་བསླབ་ནུས་པ་དཀའ་བས་འདུལ་བ་སྒྲ་ཇི་བཞིན་པར་བྱས་ན་ཉེས་མེད་ཕུན་ཚོགས་མི་ཡོང་བའི་སྟེང་གཞན་གྱི་ཀླན་ཀ་ཡང་འབྱུང་ཉེ་བ་དང་བསྟན་པར་ཡང་མི་ཕན་ཞིང་། མདོ་སྔགས་འདྲེས་པའི་ལག་ལེན་ཡང་འཚོལ་བ་སྣ་ཚོགས་བྱུང་དོགས་པས་དེས་ན་འདིར་ཟུར་ལུགས་ཁོ་ན་ལྟར་སོ་ཐར་དང་ཆ་འདྲ་ཙམ་བྱས་བས་འཐུས་པར་གོ། །སོ་ཐར་སྐབས་མདོ་རྩ་བར། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ། །ཞེས་ཐོག་མར་བར་ཆད་དྲིས། །དེ་ནས་བསྟན་པ་ལ་རིམ་བཞིན་འཇུག་ཕྱིར་ཐོག་མར་དགེ་བསྙེན་དུ་བསྒྲུབས། དེའི་རྗེས་སུ་ཞུ་བ་དང་མཁན་པོར་གསོལ་བཏབ་གཙུག་ཕུད་འབྲེག་པ། རྟགས་ཆ་ལུགས་བསྒྱུར་བ་རྣམས་སོང་ནས་བར་མ་རབ་བྱུང་དང་། དེའི་རྗེས་སུ་ཚིགས་སྔ་མ་དགེ་ཚུལ་དུ་སྒྲུབ་པ། དེ་ནས་ཚིགས་ཕྱི་མ་བསྙེན་རྫོགས་སུ་སྒྲུབ་པ་ཡིན་ཀྱང་འདིར་བར་ཆད་དྲིས་ནས། དགེ་བསྙེན་ནི་གོང་དུ་སོང་བའི་ཐེག་ཆེན་གསོ་སྦྱོང་གིས་གོ་བཅད་དེ། དེ་མན་ཆ་འདྲ་ཙམ་མཛད་སྲོལ་ལྟར། དང་པོར་བར་ཆད་དྲི་བར་བྱེད་དགོས་པས། དེས་ན་ངེད་ཀྱིས་དྲིས་པ་འདི་རྣམས་ལ་མ་ཡིན་ནམ་ཞེས་པའི་དུས། མ་ཡིན་ལགས་གསུངས་མཛོད། ཁྱོད་མུ་སྟེགས་ཅན་མ་ཡིན་ནམ། མ་ཡིན་ལགས། ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། མ༴ ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། མ༴ བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། མ༴ ཕ་མས་མ་གནང་བ་མ༴ མ༴ ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན༴ མ༴ ནད་པ་མ༴ དགེ་སློང་མ་སུན་ཕྱུངས་པ་མ་ཡིན་ནམ། བརྐུ་ཐབས་སུ་གནས་པ་མ༴ ཐ་དད་དུ་གནས་པ་མ༴ གནས་པར་མི་བྱ་བ་མ༴ ཟ་མ་མ༴ མ་ནིང་མ༴ སྤྲུལ་པ་མ༴ དུད་འགྲོ་མ༴ མུ་སྟེགས་ཅན་ཞུགས་པ་མ༴ མ་བསད་པ། ཕ་བསད་པ། དགྲ་བཅོམ་པ་བསད་པ། དགེ་འདུན་གྱི་དབྱེན་བྱས་པ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུངས་པ། ཕམ་པར་འགྱུར་བའི་ལྟུང་བ་བཞི་ལས་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་ལ་གནས་ནས་ཕྱུངས་པ། ལག་རྡུམ། སྐྲ་སེར། སོར་མོ་གཅིག་པ། རྒྱལ་པོས་བཀྲབས་པ། རྒྱལ་པོས་མ་གནང་བ། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ། ཆོམ་རྐུན་པ། ཕུང་ཁྲོལ་བ། ཀོ་ལྤགས་མཁན། གདོལ་པ། གཡུང་པོ། མི་མ་ཡིན་པའི་འགྲོ་བ། བྱང་གི་སྒྲ་མི་སྙན་པ། མཚན་ལན་གསུམ་དུ་གྱུར་པ། སྐྱེས་པ་འདྲ་བའི་བུད་མེད། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན། གླིང་གཞན་དུ་སྐྱེས་པའི་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ། མ་ཡིན་ལགས་ཟེར་ན། ཁྱོད་བར་ཆད་དང་མི་ལྡན་པས་བསྟན་པའི་སྣོད་དུ་རུང་བར་འདུག་པས། བདག་གིས་ཁྱོད་རབ་ཏུ་བྱུང་བར་བགྱི། ཞེས་སྐབས་དབྱེའོ་ཞེས་གསུངས་པས་དེ་ལྟར་ན་ཁྱེད་རྣམས་བར་ཆད་དང་མི་ལྡན་པར་རྟོགས་ཏེ་སྣོད་དུ་རུང་བར་ཤེས་ནས་རབ་ཏུ་བྱུང་བར་སྐབས་དབྱེ་བ་ཡིན། རྩ་བར། གོས་སྟེར་སློབ་དཔོན་ལ་སྤྲད་དོ། །སློབ་དཔོན་གྱིས་བར་ཆད་དག་གམ་དྲི། དག་ཞེ་ན་ལས་བྱེད་པའི་དགེ་སློང་ལ་གཏད་དེ་དགེ་འདུན་ལ་ཞུ་བ་བྱས། དགེ་འདུན་གྱིས་གནང་ནས་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་གསུངས་ནས། གཙུག་ཕུད་བྲེག་པར་སྤྲོའམ་དྲི། སྤྲོ་ཞེ་ན། སློབ་དཔོན་གྱིས་བསླབ་པ་འབོགས་པར་གསོལ་ཏེ་སྡོམ་པ་དབོག །བསླབ་བྱ་དབོག །རྒན་པས་དུས་གོ་བར་བྱེད་པ་ཡིན་པས། འདིར་སློབ་མཁན་གཉིས་དང་དགེ་ཚུལ་གསུམ་དྲིལ་ནས་མཁན་པོས་དགེ་ཚུལ་དུ་སློབ་མ་ཚར་བར་བྱེད་པའི་ལུགས་སོ། །སྡོམ་པ་དངོས་ལ་གསུམ་ག་ཚང་དགོས་པ་ལ། འདིར་མཁན་པོ་ལ་སངས་རྒྱས་སུ་མོས། དེའི་བཀའ་ལུང་གི་ཚིག་དང་མཐན་པའི་དོན་ཡིད་ལ་རྗེས་སུ་བཟུང་བ་དང་། རང་རྗེས་ཟློས་ལན་གསུམ་གྱི་ཐ་མ་ལ་བསླབ་སྡོམ་ཚུལ་ཁྲིམས་ཐོབ་ཤེས་ཀྱི་སེམས་ལ་གདེང་བརྟན་པོ་དང་། གྲོགས་དགེ་འདུན་དངོས་དང་ཙཀླིའི་གཟུགས་རྣམས་ཀྱིས་ཀྱང་བར་ཆད་ཡོངས་སུ་དག་པར་ངེས་ཤིང་། སྡོམ་པ་མཐར་ཕྱིན་པ་ལ་སྔོ་བའི་བདུན་ལྡན་དུ་ངེས་པའོ། །ཆོ་ག་བརྗོད་པ་ནི། ཞེས་སོགས་གསུངས་པའི་དོན་བཞིན་བྱ་དགོས་ལ། འོན་ཀྱང་ཆོ་ག་རྣམས་ཅུང་ཞིག་འཁྲུགས་འདུག་པ་ཕྱག་ལེན་བཞིར་བསྡེབས་པ་ལ། ཐོག་མར་ཞུ་བ་བྱ་དགོས་ཤིང་དེ་ཡང་འདུལ་བ་ནས་རྒྱས་བསྡུས་ཀྱི་དབྱེ་སྒོ་སྣ་ཚོགས་ཀྱང་འ དིས་འཐུས་ཤིང་འཐད་པར་མཐོང་བས། བླ་མས་བཞེངས་ཏེ་དཀྱིལ་འཁོར་ལ་ཕྱག་གསུམ་བྱས་ཏེ། ལས་ཆོག་ལས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདི་རྣམས་མཁན་པོ་བདག་ལས་རབ་ཏུ་དབྱུང་བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན་སྐྲ་དང་ཁ་སྤུ་མ་བྲེགས་པ་ལས། ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། ཚེ་དང་ལྡན་པ་འདི་རྣམས་རབ་ཏུ་འབྱུང་བར་འཚལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་བགོས་ཏེ་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་མཁན་པོ་བདག་ལས་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོང་རྣམས་ཉིད་མཆི་ན། ཅི་འདི་རྣམས་རབ་ཏུ་འབྱུང་ངམ། ཞེས་ལན་གསུམ་ཞུས་པའི་མཐར་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པས་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་གསུངས་པར་བསམ་མོ། །མཁན་པོར་གསོལ་བ་བཏབ་པ་གཞུང་ནས་མི་གསལ་བས་མི་དགོས། གཙུག་ཕུད་འབྲེག་ཚུལ་གསུངས་པ་སྐབས་འདིར་བབས་པས། བླ་མས་མཆོག་སྦྱིན་གྱི་ཕྱག་རྒྱ་བསྒྲུབ་བྱའི་སྤྱི་བོར་བཅིངས་ཏེ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་གཙུག་ཕུད་བྲེག་པར་སྤྲོའམ་ཞེས་དྲི་ཞིང་། སྤྲོ་ལགས་ཞེས་ལན་བཏབ་པའི་མཐར་གཙུག་ཕུད་རེ་བྲེགས་ཤིང་སྡོམ་རྟེན་སྟོན་པའི་སྐུ་ལ་ཕུལ་ཏེ། བསྟན་པ་ལ་དགའ་བའི་ལྷ་རྣམས་དགྱེས་པ་ཁྱད་པར་ཅན་བསྐྱེད་པར་མཛད་དུ་གསོལ། ཞེས་བརྗོད། འདུལ་བར་སྐབས་འདིར་ཁྲུས་དགོས་ཀྱང་འདིར་གོང་དུ་སོང་བས་འཐུས། རྩ་བར་གོས་སྟེར་གསུངས་པ་གཏོད་ཚིགས་ལས་ཆོག་ལྟར་བརྗོད་ན་ལེགས་པར་མཐོང་བས་དེའི་ཚུལ་ནི་བསྒྲུབ་བྱ་རྣམས་ཀྱི་ཕྲག་གཡོན་པར་གདིང་བ་དང་ཤམ་ཐབས་བླ་གོས་རྣམས་བལྟབས་ཏེ་བཀལ། ཐོག་མར་དཔོན་སློབ་གཉིས་ཀའི་ཕྱག་གིས་ཆོས་གོས་སྟེང་འོག་ཏུ་གཟུང་ལ། འདི་སྟོད་དུ་རྒྱུན་དུ་གྱོན་པར་བྱེད་པའི་ཆོས་གོས་བླ་གོས་ཞེས་བྱ་བ་ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་གྱུར། དགེ་སྦྱོང་གི་དྲན་པ་གསོ། སྦྲང་བུ་དང་། ཤ་སྦྲང་དང་། རླུང་དང་ཉི་མ་ལ་སོགས་པའི་ཚ་གྲང་གི་རེག་པ་ལས་སྐྱོབ་པའི་གོས་སུ་གནང་། ཤམ་ཐབས་གཏད་ལ་འདི་སྨད་ཀྱི་ནང་དུ་གྱོན་པར་བྱེད་པའི་མཐང་གོས་ཞེས་བྱ་བ། སྨད་གཅེར་བ་དང་། ངོ་ཚ་བའི་གནས་ལས་སྐྱོ་བ། སྦྲང་བུ་ལ་སོགས་པའི་རེག་པ་བསྲུང་། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་གྱུར། དགེ་སྦྱོང་གི་དྲན་པ་གསོ་བའི་གོས་ཡིན། རྒྱ་གར་ན་རུང་བའི་ཚོན་གསུམ་ལ་ཁ་དོག་ངན་པར་བྱེད་པས་རྒྱགས་པ་དང་དྲེགས་པ་འཇོམས་པའི་དོན་ཡིན་ཞིང་། སྟོན་པས་ཀྱང་སྟོད་གཡོགས་སྨད་གཡོགས་འདི་ལྟ་བུ་བསྣམས་ནས་ལམ་ལ་བསླབས་ཤིང་སངས་རྒྱས་ནས་རྗེས་འཇུག་རྣམས་ལའང་གོས་འདི་ལྟ་བུ་གནང་བ་ཡིན་པས། སྟོད་གཡོགས་སྨད་གཡོགས་འདི་ལྟ་བུ་གྱོན་ནས་སེམས་དུལ་བ་དང་། ཞི་བར་བྱེད་དགོས་པ་ཡིན། ལྷུང་བཟེད་གཏད་ལ། འདི་ལྷུང་བཟེད་བྱ་བ་ཁྱིམ་པའི་ཁ་ཕོར། མུ་སྟེགས་ཀྱི་སློང་ཕོར། རབ་བྱུང་དམན་པ་གཞན་ལས་སྣོད་དཔྱད་ཀྱི་རྟགས་ཁྱད་པར་ཅན་དུ་གྱུར་པ་ཡིན། འདི་ཟས་ཀྱིས་འགེངས་པ་བཞིན་དུ་རང་གི་ཤེས་རྒྱུ་ཡོན་ཏན་གྱིས་འགེང་། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་ལ་ལོངས་སྤྱོད། མཐའ་གཉིས་སྤངས་པའི་བསོད་སྙོམས་སྤྱོད་པའི་སྣོད་དུ་སྟོན་པས་གནང་བ་ཡིན་པས། སྣོད་དཔྱད་འདི་ལྟ་བུ་འཆང་། གདིང་བ་གཏད་ལ། འདི་གདིང་བ་བྱ་བ་ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲ་བོ། ཕལ་ཆེར་མ་ཉམས་པ་དང་། དགེ་འདུན་གྱི་རྩྭའི་གདན་མ་གཏོགས་པ་གནས་མལ་ལ་ལོངས་སྤྱོད་པའི་དུས་སུ་འདིས་སྐྱབས་ནས་ལོངས་སྤྱོད་དགོས་པ་ཡིན། ཆུ་ཚགས་གཏད་ལ། འདི་ཆུ་ཚགས་བྱ་བ་སངས་རྒྱས་ཀྱི་བསྟན་པ་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་ཞིང་། སོ་སོར་ཐར་པའི་སྡོམ་པ་གཞན་ལ་གནོད་པ་གཞིར་བཅས་ལས་བཟློག་པ་ཡིན་པས་སེམས་ཅན་ཐམས་ཅད་ལ་གནོད་པ་སྤང་དགོས། ཁྱད་པར་དུ་ཆུ་འདི་འབྲེལ་ཆེ་འབྱུང་ཉེ། ནང་དང་ནུབ་ཏུ་དགོས་པས་ཆུ་ལ་སྲོག་ཆགས་ཡོད་མེད་ལེགས་པར་བརྟགས་ནས། སྲོག་ཆགས་མེད་པ་མ་རྙེད་ན་འདིས་བཙགས་ནས་ལོངས་སྤྱོད་པའི་དོན་དུ་གནང་བ་ཡིན་པས་ཆུ་ཚགས་འདི་འདྲ་རེ་འཆང་ཞིང་། དེས་མཚོན་ནས་ཡོ་བྱད་གང་ལའང་སྲོག་ཆགས་ལ་མི་གནོད་པ་བྱ་དགོས། ཞེས་བརྗོད་ལ་སྦྱིན། རྩ་བར། དེ་ནས་སྨད་ཀྱི་ཤམ་གོས་དང་། སྟོད་ཀྱི་བླ་གོས་དང་། གདིང་བ། ཆུ་ཚགས། འཁར་གསིལ། ལྷུང་བཟེད་སོགས་བླ་མས་ཕྱག་ནས་གནང་ཞིང་མཁོ་བའི་ཡོ་བྱད་རྣམས་གཏད་དེ། ཞེས་གསུངས་པ་འཁར་གསིལ་གཏོད་པའི་ཕྱག་བཞེས་སོ་ཐར་ལ་ཡང་མི་འདུག་པས་འོག་ཏུ་དབང་གི་སྐབས་འབྱུང་བ་དེས་གོ་བཅད། གཞན་རྣམས་གོང་དུ་སོང་བ་ལྟར་རོ། །འདུལ་བར་སྨོན་ལམ་བཞི་འདེབས་པའི་སྲོལ་ཡོད་པ་འདིར་རང་གཞུང་ལྟར་བྱས་ན་ལེགས་ཤིང་། རྩ་བར་བདེན་པའི་རྗེས་སུ་ཞེས་གསུངས་པས། བསྒྲུབ་བྱ་རྣམས་ལ་མེ་ཏོག་འཐོར་ཞིང་། ན་མོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པའི་བྱིན་གྱིས་རླབས་ཀྱིས་ཚེ་དང་ལྡན་པ་འདི་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་ཐམས་ཅད་ཀྱིས་མཐུན་གྱུར་བརྗོད། ཅེས་གསུངས་པས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་མཐུན་གྱུར་མཛད་པར་མོས་སོ། །དེ་ནས་བསྒྲུབ་བྱ་རྣམས་གོས་ཚགས་ལེགས་པར་བཅས་ཏེ་སྟན་གདིང་བའི་སྟེང་ནས་དཀྱིལ་འཁོར་གྱི་སྟོན་པ་དགེ་འདུན་དང་བཅས་པ་ལ་དམིགས་པའི་ཕྱག་གསུམ་དང་། མཁན་པོར་ཕྱག་གསུམ་བཙལ་ཏེ་ཙོག་པུར་གདིང་བའི་སྟེང་དུ་ཐལ་མོ་བསྣོལ་ལ་འདུག་སྟེ། བར་མ་རབ་ཏུ་བྱུང་བ་ནི། མཁན་པོས་ཁྱེད་རྣམས་རབ་ཏུ་བྱུང་བའི་བསམ་པ་སྐྱེས་པ་དེ་ལེགས་ཏེ། ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་ལས། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པར་འདོང་སྟེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ནས་བདུད་ནི་བཅོམས་ནས་སུ། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱ། །ཞེས་གསུངས་པའི་ཕྱིར་དང་། དེ་ཡང་བརྗེ་བ་གསུམ་དགོས་པའི་རྟགས་ཆ་ལུགས་བརྗེ་བ་ནི་གྲུབ། བསམ་པ་བརྗེ་བ་ནི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པ་ལ་སྤོང་སེམས་ཡང་དག་པ་དགོས་ཏེ། དེ་ལས་ཐར་པའི་སྐྱབས་དཀོན་མཆོག་གསུམ་ལ་སྟོན་པ་དང་སྐྱབས་དངོས་ཟླ་གྲོགས་ཞུས་ནས་མྱང་འདས་སྒྲུབ་ཅིང་སྐབས་འདིར་ཐེག་པ་ཐུན་མོང་བའི་སྐབས་ཉན་རང་སངས་རྒྱས་གསུམ་གང་དུ་སེམས་བསྐྱེད་ཀྱང་ཆོག་པར་གསུངས་ཀྱང་། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་ངོ་སྙམ་པ་ནི་བསམ་པ་བརྗེ་བ་ཡིན། མིང་སྤོ་བ་རྩ་བ་ལས་མ་གསུངས་ཀྱང་། སྤྱིར་བརྗེ་བ་གསུམ་གྱི་སྐབས་གསུངས་པས་མིང་བཏགས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བས་མིང་སྤོ་བར་འདོད་ན་ཆོས་མིང་ཅི་རིགས་བཏགས། མི་སྤོ་ན་རང་མིང་ནས་སྨོས་ཏེ་བར་མ་རབ་ཏུ་བྱུང་བའི་སླད་དུ་འདིའི་རྗེས་ཟློས་མཛོད། ཆོ་ག་དངོས་ནི། རྩ་བར། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ༴ ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ༴ སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ། ཤཱཀྱའི་རྒྱལ་པོ། གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་དབྱུང་བར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་ཁྱིམ་པའི་རྟགས་སྤོང་ཞིང་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། མཁན་པོས་བདག་རབ་ཏུ་དབྱུང་དུ་གསོལ། བརྗོད་པ་གསུམ་གྱི་ཐ་མར་མཁན་པོས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བརྗོད་དོ། །དེས་བར་མ་རབ་ཏུ་བྱུང་བའི་དོད་ཡིན། རྩ་བར། དེ་ནས་གནང་བ་སྦྱིན་པ་ནི་དངོས་དང་ཡིད་ཀྱིས་དཀྱིལ་འཁོར་ལ་བཀོད་པའི་གནས་བརྟན་དགེ་སློང་རྣམས་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་གསུངས་བར་བསམ་མོ། །ཞེས་འབྱུང་ཡང་། གོང་དུ་ཞུ་བའི་སྐབས་སུ་ལེགས་པར་གྲུབ་ཟིན་པས་འདིར་མི་དགོས། དེ་ནས་དགེ་ཚུལ་དུ་སྒྲུབ་པར་བྱེད་པ་ལ། རྩ་བར། དེ་ནས་མཁན་པོའམ་མཁན་པོས་གཏད་པའི་སློབ་དཔོན་གྱི་ཆོས་བཤད་ནི། ཞེས་གསུངས་པའི་དོན་སོ་ཐར་ལུགས་ལ་མཁན་སློབ་ཐ་དད་པའི་ཚེ་འདི་མན་སློབ་དཔོན་གྱི་ལས་ཡིན་པ་ལ་དགོངས་ཏེ་གསུངས་ཀྱང་། ད་རེས་མཁན་སློབ་སྦྲགས་མ་ཡིན་པས་བསྒྲུབ་བྱ་རྣམས་དཀྱིལ་འཁོར་ལ་བཞུགས་པའི་སྟོན་པ་གནས་བརྟན་དགེ་སློང་དང་བཅས་པ་རྣམས་ལ་ཕྱག་གསུམ་དང་། མཁན་པོར་ཕྱག་གསུམ་བཙལ་ཏེ་སྔར་བཞིན་འདུག་ཏུ་བཅུག །ཆོས་འདུལ་བར་འགལ་རྐྱེན་བཞི་སྤོང་ཞིང་མཐུན་རྐྱེན་ལྔ་ཚང་སོགས་ཀྱི་བཤད་པ་མཛད་སྲོལ་ཡོད་ཀྱང་། དེ་འདྲའི་བཤད་པ་བྱ་མི་དགོས་ཤིང་འདིར་རྩ་བ་ལྟར་བཤད་ན་འདི་ལྟར། ཚེ་དང་ལྡན་པ་ཁྱེད་རྣམས་འཁོར་བ་ལས་ཡིད་བྱུང་། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་བར་བྱ། དེའི་ཆེད་དུ་དགེ་ཚུལ་གྱི་སྡོམ་པ་ཐང་ལྷོད་མེད་པར་གཙང་མར་བསྲུངས་ལ་སངས་རྒྱས་ཀྱི་གདུང་གསོབ་པར་བྱ་སྙམ་པ་འདིའི་རྗེས་ཟློས་མཛོད་བྱས་ལ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ༴ ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ༴ མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་མཁན་པོས་བཟུང་དུ་གསོལ། ལན་གསུམ། ཐབས་ལེགས་བྱ། བསླབ་པ་བརྗོད་པའི་དོན་དུ་འདི་རྗེས་ཟློས་མཛོད། མཁན་པོ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིད་དོ། །ཡན་ལག་དང་པོ་འདིས་བདག་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གར་སོགས་དང་། ཕྲེང་སོགས་དང་། རོལ་མོའི་སྒྲ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་ལས་སྤངས་ཏེ་གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གར་སོགས་དང་། ཕྲེང་སོགས་དང་། རོལ་མོའི་སྒྲ་དང་སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ་གསེར་དངུལ་ལེན་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་ཕྱི་མ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ལན་གསུམ་བྱ། ཐབས་ཡིན་ནོ། །ལེགས་སོ་བྱ། ཞེས་བརྗོད་དོ། །དུས་གོ་ནི་མ་བྱུང་ཡང་འཐུས་ཤིང་སྤྲོ་ན་འོག་ཏུ་བསྙེན་རྫོགས་ཀྱི་སྐབས་སུ་ཡོད་པས་དེར་བལྟའོ། །དགེ་ཚུལ་དུ་བསྒྲུབ་པ་ཚར་རོ། །དེ་ནས་བསྙེན་པར་རྫོགས་པའི་ཆོ་ག་ལ་མཁན་པོས་འདི་སྐད་བརྗོད་དོ། །འདི་བསྙེན་པར་རྫོགས་པའི་ཆོ་གའི་དོད་ཙམ་བགྱི་བ་ལ། སོ་ཐར་ལུགས་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོར་ཡོ་བྱད་ཚགས་འཛུད་དང་དཀོན་མཆོག་གསུམ་མངོན་གྱུར་དུ་བྱ་བ། གཉིས་པ་མཁན་པོ་མངོན་གྱུར། གསུམ་པ་ཡོ་བྱད་མངོན་གྱུར། བཞི་པ་ཡོངས་དག་མངོན་གྱུར་ཕྱིར་གསང་སྟོན་བསྐོ་ཞིང་དེས་ལས་བྱ་བ། ལྔ་པ་གསོལ་བ་མངོན་གྱུར། དྲུག་པ་སླར་ཡང་དགེ་འདུན་གྱི་ནང་དུ་ཡོངས་དག་མངོན་གྱུར་བྱ་བ་སྟེ་དྲུག །དངོས་གཞི་ལ་རྒྱུ་གསུམ། རྐྱེན་བཞིའམ་འགལ་རྐྱེན་བཞི་སྤངས་མཐུན་རྐྱེན་ལྔ་དང་ལྡན་པས་མངོན་གྱུར་བཅུ་ཚང་ཞིང་། ཁྱད་པར་དགུ་པ་གསོལ་བ་དང་། བཅུ་པ་ལས་མངོན་གྱུར་གྱིས་ཆོ་ག་དངོས་སྟོན། མཇུག་ཆོག་གཉིས་ཀྱི་དང་པོ་ཐོབ་པ་དུས་གོ་བ་དང་། གཉིས་པ་གདམས་ངག་བཅུ་གཅིག་སོགས་ཀྱི་སྒོ་ནས་འཆད་དགོས་ཀྱང་། འདིར་དེ་འདྲའི་ཞིབ་ཆ་མ་བཤད་ཅིང་། ཁོ་བོས་མཁན་སློབ་སྤྲགས་མ་སོགས་ཡིན་པས། དང་པོ་མཆོག་གསུམ་མངོན་གྱུར་དང་། གཉིས་པ་མཁན་པོ་མངོན་གྱུར་སོགས་ཤུགས་ཀྱིས་ཚང་། གསུམ་པ་ཡོ་བྱད་མངོན་གྱུར་ནི། རྩ་བར། ཐོག་མར་གསང་སྟོན་བྱས། སྐབས་དེར་བསམ་པ་བདག་དགེ་ཚུལ་བསྙེན་པར་རྫོགས་པ་དགེ་སློང་ཐོབ་པར་སྨོན་པས་སྣམ་སྦྱར་དང་། དགེ་སློང་གི་རྟགས་སྦྱིན་མེ་ཏོག་བཀྲམ་ལ་གཏོར་ཞིང་ཆས་སུ་བཅུག་སྟེ་རྩྭ་དང་གདིང་བ་ལ་བཞག་ལ། ཞེས་གསུངས་མོད་ཀྱང་སྤྱི་ལྟར་ཡོ་བྱད་མངོན་གྱུར་འདིར་བྱ་དགོས་ལ། དེ་ཡང་བླ་གོས་མཐང་གོས་གདིང་བ་ཆུ་ཚགས་སོགས་བར་མ་རབ་བྱུང་གི་སྔོན་དུ་སོང་མ་ཐག་པ་ཡིན་པས་མ་དགོས་ཤིང་བསྙེན་རྫོགས་དངོས་ལ་དེ་གཉིས་བྱིན་རླབས་དང་ཆོ་ག་མི་འདྲ་བས་འདིར་ངེས་པར་དགོས་ཀྱང་། ད་ལམ་རྩ་བར་སྣམ་སྦྱར་ཙམ་གསུངས་པས་རྩ་བ་བཞིན་བགྱིས་པས་ཆོག་པར་སེམས་པས། ཕྱག་གསུམ་ཚོལ་ལ་འདིར་བྱོན། ཞེས་བགོས་ལ། མཁན་པོས་འགྲེངས་ཏེ་བསྒྲུབ་བྱའི་ཕྲག་གཡོན་དུ་སྣམ་སྦྱར་བཀལ་བ་སོགས་གོང་ལྟར་བྱས་ལ་འདིའི་རྗེས་ཟློས་མཛོད། ལས་ཆོག་པས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་མཐར་ཐབས་ལེགས་བྱ། སྣམ་སྦྱར་ཡོད་ན་ཀུན་གྱིས་གྱོན། ལྷུང་བཟེད་ལ་རྩ་བར་དབང་གི་དུས་བསེག་པར་དང་སྦྲགས་པ་ཞིག་དང་ལྷུང་བཟེད་རྐྱང་པ་ཞིག་བྱུང་བའི་རྐྱང་པ་དེ་ལ་བྱིན་བརླབ་ཀྱང་འབྱུང་བས། དེ་ཉིད་འདིར་ལེན་པ་ལ་དགོངས་པ་ཡིན། བླ་མས་ལྷུང་བཟེད་དཀྱིལ་འཁོར་ཕྱོགས་སུ་བསྟན་ཏེ། ཨུ་ཧུ་ལགས། དགེ་སློང་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་མི་ཆེའམ། མི་ཆུང་ངམ། རན་ནམ། མཛེས་སམ། མ་ཆག་གམ། མ་གས་སམ། མི་སྐྱའམ། ཞེས་ཞུ་བའི་ཚུལ་བྱེད། སྟོན་པ་དགེ་འདུན་དང་བཅས་པ་རྣམས་ཀྱིས་ལྷུང་བཟེད་མི་ཆེ་མི་ཆུང་རན་མཛེས་མ་ཆག་མ་གས་མི་སྐྱ་ལྷུང་བཟེད་བཟང་ངོ་། །ཞེས་གསུངས་པར་མོས། ལྷུང་བཟེད་འབྱོར་ཞིང་བསྒྲུབ་བྱ་ཉུང་ན་རེ་རེ་ནས་བྱ། བསྒྲུབ་བྱ་མང་ཞིང་ལྷུང་བཟེད་ཉུང་ན་ཐུན་མོང་དུ་དགེ་སློང་འདི་རྣམས་ཀྱི་ལྷུང་བཟེད་འདི་ཞེས་སོགས་སྦྱར་ཏེ་ལན་གཅིག་གིས་འཐུས། དེ་ནས་བསྒྲུབ་བྱའི་ལག་ཏུ་ལྷུང་བཟེད་གཏད་དེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་པ་དེའི་ཞལ་ཟས་ཀྱི་བྱ་བ་བྱེད་པའི་ལྷུང་བཟེད་འདི་དགེ་སློང་ཁྱོད་ལ་ཟས་ཀྱི་སྣོད་དུ་གཏད་པས་ཁྱེད་ཀྱིས་ཟས་ཀྱི་བྱ་བ་གྱིས་ཤིག །ཅེས་གཏད། རྩ་བར་ཆས་སུ་བཅུག་སྟེ་རྩྭ་དང་གདིང་བ་ལ་བཞག །ཅེས་གསུངས་པས་ཕ་གུ་དམིགས་བསལ་མ་བྱུང་བས་མི་དགོས་ཤིང་། གདིང་པའི་འོག་ཏུ་འབྱོར་ན་ཀུ་ཤ་དང་། མ་འབྱོར་ན་རྩྭ་ཕལ་པ་རྒྱ་གྲམ་དུ་བཅིངས་པའི་རྩེ་གཉིས་ཕྱིར་བསྟན་ནས་བཅུག །བསྒྲུབ་བྱ་རྣམས་ཆོས་གོས་རྣམ་གསུམ་ལེགས་པར་གྱོན་ཏེ། དཀྱིལ་འཁོར་དང་མཁན་པོར་ཕྱག་གསུམ་གསུམ་བཙལ་ཏེ་ཙོག་པུར་ཐལ་སྦྱར་གྱིས་འདུག་ཏུ་བཅུག་ལ། མཁན་པོས་དེས་ཡོ་བྱད་མངོན་གྱུར་སོང་། བཞི་པ་ཡོངས་དག་མངོན་གྱུར་ལ་གསང་སྟོན་བསྐོས་ཏེ། དེས་ལས་བྱ་བ་སོགས་ཀྱི་ཐོག་མར་ལྟུང་ཐུན་བྱིན་རླབས་དང་གནས་ལ་བློ་མཐུན་སོགས་བྱ་དགོས་པར། ཀཿཐོག་ལུགས་སུ་སོ་ཐར་ཚུལ་བཞིན་བྲིས་འདུག་ཀྱང་སོ་ཐར་དངོས་གནས་སྒྲ་ཇི་བཞིན་པ་སྐབས་སུ་བབས་མི་བབས་སྣ་ཚོགས་སྣང་བས། ལས་ཐམས་ཅད་ཀྱི་མངོན་དུ་འགྲོ་བ་ལྟུང་ཐུན་བྱིན་རླབས་དང་གནས་ལ་བློ་མཐུན་གཉིས་དང་། གསང་སྟོན་བསྐོ་བ་སོགས་བགྱིད་མ་དགོས། ཡོངས་དག་མངོན་གྱུར་ཕྱིར་བར་ཆད་དྲི་བ་ཟུར་ལུགས་རྩ་བར་མདོ་ཙམ་གསུངས་པ་དེ་བཞིན་གྱིས་ཆོག་པར་སེམས་པས། ཁོ་བོས་གསང་སྟོན་གྱི་ཚུལ་དུ་དྲི་བ་བགྱིད། དེ་ཡང་རྩ་བར། དགེ་སློང་ལྟར་བར་ཆད་དྲི་བ་ནི། འཕགས་པ་གཅིག་དགེ་སློང་བཅུ་དང་མཉམ་པར་གསུངས་པས་འཕགས་པ་སྡེ་སྣོད་འཛིན་པ་གཅིག་ལའང་བརྟེན་དུ་རུང་མོད་ཀྱི། དགེ་སློང་ཕལ་པ་ཡུལ་དབུས་དང་མཐའ་འཁོབ་ཏུ་ལྔ་ལས་གནང་བ་ཐོབ་དགོས་པས། འདིར་མཁན་སློབ་དགེ་འདུན་གྱི་གཙོ་བོ་སངས་རྒྱས། འཁོར་འཕགས་པ་དགྲ་བཅོམ་པ། ཆོས་ཆོ་གའི་ཚིག་རྣམས་བཀའ་ཡིན་པས་གུས་པར་མཛོད། ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་སྨྲོས། མ་ཡིན་པ་ལ་མ་ཡིན་སྨྲོས་ཤིག །ཁྱོད་སྐྱེས་པ་ཡིན་ནམ། སྐྱེས་པའི་དབང་པོ་དང་ལྡན་ནམ། ལོ་ཉི་ཤུ་ལོན་ནམ། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། ཁྱོད་ཀྱི་ཕ་མ་གསོན་ནམ། གསོན་ཞེ་ན། ཁྱོད་ཀྱི་ཕ་མས་གནང་ངམ། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་ཅན་མ་ཡིན་ནམ། རྩོད་པ་ཅན་མ༴ བཙོངས་པ་མ༴ རྒྱལ་པོས་བཀྲབས་པ་མ༴ རྒྱལ་པོ་ལ་གནོད་པའི་ལས་བྱེད་པ༴ རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ༴ ཆོས་རྐུན་པར་གྲགས་པ་མ༴ ཟ་མ་མ༴ མ་ནིང་མ༴ དགེ་སློང་མ་སུན་ཕྱུངས་པ༴ རྐུ་ཐབས་སུ་གནས་པ་མ༴ ཐ་དད་དུ་གནས་པ་མ༴ གནས་པར་མི་བྱ་བ་མ༴ མུ་སྟེགས་ཅན་མ༴ མུ་སྟེགས་ཅན་ཞུགས་པ་མ༴ ཕ་བསད་པ་མ༴ མ་བསད་པ་མ༴ དགྲ་བཅོམ་པ་བསད་པ་མ༴ དགེ་འདུན་གྱི་དབྱེན་བྱས་པ་མ༴ དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུངས་པ་མ་ཡིན་ནམ། སྤྲུལ་པ་མ༴ དུད་འགྲོ་མ༴ ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། ཡོད་ཅེ་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ། ཁྱོད་སྔར་རབ་ཏུ་བྱུང་བ་མ་ཡིན་ནམ། བྱུང་ངོ་ཞེ་ན། ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། བྱུང་ངོ་ཞེ་ན། ཁྱོད་འབབ་པ་ན་བསླབ་པ་ལེགས་པར་ཕུལ་ལམ། མ་ཕུལ་ཞེ་ན། ལྷག་མ་ཕུལ་ཉེས་པ་བཤགས་ལ་དགེ་ཚུལ་བྱས་ལ་སླར་དྲི། མ་བྱུང་ཞེ་ན། ཇི་ལྟར་ཁྱོད་ད་ལྟ་རབ་ཏུ་བྱུང་བ་ཡིན་ནམ་དྲི། ཡིན་ཞེ་ན། ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ། ཞེས་དྲི། སྤྱད་ལགས་ཞུའོ། །ལྔ་པ་གསོལ་བ་མངོན་གྱུར་དང་དྲུག་པ་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བ་ཡོངས་དག་མངོན་གྱུར་གཉིས་མ་དགོས། དེས་སྦྱོར་བའི་ཆོས་རྣམས་སོང་ནས་དངོས་གཞིར་སོ་ཐར་ལུགས་ཀྱི་བཤད་པ་རྣམས་བཏང་སྙོམས་སུ་བཞག་སྟེ། གསོལ་བ་དང་གཞིའི་ལས་ཀྱིས་བསྙེན་པར་རྫོགས་དགོས་པས་དེས་ན། ཁྱེད་རང་རྣམས་དཀྱིལ་འཁོར་དུ་བཞུགས་པའི་དཀོན་མཆོག་གསུམ་དགེ་འདུན་དང་བཅས་པ་ལ་སེམས་དང་བའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཇི་སྲིད་འཚོའི་བར་དུ་བསྙེན་པར་རྫོགས་པའི་སྡོམ་པ་བླངས་ལ་མ་ཉམས་པར་སྲུང་སྙམ་པ་རྩེ་གཅིག་ཏུ་མཛོད། རྗེས་ཟློས་བགྱི་མི་འཚལ། ཞེས་བརྗོད་དེ། མཁན་པོ་སྟན་ལ་འདུག་བཞིན་པས་དཀྱིལ་འཁོར་ཕྱོགས་སུ་འདུད་པ་དང་བཅས་ཏེ་སྤྱོད་ལམ་ཞི་བས་འདི་སྐད་བརྗོད་དོ། །རྩ་བར། སྟོན་པ་སངས་རྒྱས་དང་། ཆོས་སྨྲ་བའི་འཕགས་པའི་དགེ་སློང་མཁན་སློབ་ལ་སོགས་པ་དགེ་འདུན་གྲངས་དང་མཚན་ཉིད་ཚང་བ་ཐམས་ཅད་ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་རྣམས་ལ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་རྣམས་དགེ་སློང་དུ་བཟུང་དུ་གསོལ། ཞེས་ལན་གསུམ་དང་། ཐབས་ཡིན་ནོ། །ལེགས་སོ་བྱ། དེས་དངོས་གཞིའི་ཆོ་ག་གྲུབ། མཇུག་ཆོག་གཉིས་ཀྱི་དང་པོ་ཐོབ་དུས་གོ་བ་ནི། ཐུར་མ་སོར་བཞི་པས་གྲིབ་ཚོད་བཅལ་ཏེ་ངེས་པར་བྱས་ནས་མཁན་པོས། དེ་ཡང་རྩ་བར་རྒན་པས་དུས་གོ་བར་བྱ། ཞེས་གསུངས་པ་མདོ་རྩར། དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ། །ཞེས་གསུངས་པའི་དོན་བཞིན་སོ་ཐར་སྐབས་བསྙེན་བཀུར་གྱི་གནས་དང་། གནས་མ་ཡིན་པ་དང་། བསྙེན་བཀུར་གྱི་ངོ་བོ། །གོ་ཞིང་རིག་པར་བྱ་བའི་དུས། རིག་པར་བྱས་པའི་ཕན་ཡོན་དང་ལྔར་གསུངས་པའི་རྒྱས་བཤད་མ་སྤྲོས་ཤིང་། དོན་བསྡུར། དང་པོ་བསྙེན་བཀུར་གྱི་གནས་ཞེས་བྱ་བ་བསླབ་པ་རྒན་པ་གོང་དུ་བཀུར་འོས་རྣམས་ཡིན་ལ། གཉིས་པ་བསྙེན་བཀུར་གྱི་གནས་མ་ཡིན་པ་ནི་བསླབ་པ་གཞོན་པ་རྣམས་དང་ཁྱིམ་པ་སོགས་ཡིན། གསུམ་པ་བསྙེན་བཀུར་རང་གི་ངོ་བོ་ནི་ཕྱག་དང་ལྡང་བ་བསྙེན་བཀུར་འབུལ་བ་སོགས་གུས་པའི་ལས་བྱེད། བཞི་པ་གོ་ཞིང་རིག་པར་བྱ་བའི་དུས་ནི་ལོ་ཚིགས་ཤེས་པར་བྱ་བའི་ཕྱིར་ལོ་བརྗོད་དགོས་པས་ཆེ་གེའི་ལོ་ཡིན། དེ་ལ་དུས་ཚོད་དགུན། དཔྱིད། དབྱར། དབྱར་ཐུང་ངུ། དབྱར་རིང་པོ་སྟེ་ལྔ་ལས་ཆེ་གེ་ཡིན། དེ་ཡང་ཕྱོགས་འདིར་སྦྱངས་པ་རྣམས་ལ་བཤད་མི་དགོས་ཀྱང་ལུགས་འདི་ཐུན་མོང་གི་སྤྱོད་ཡུལ་དུ་སོང་བས་དུས་འཆོལ་གྱི་དོགས་ནས། ཟླ་བ་བཅུ་པའི་ཚེས་བཅུ་དྲུག་ནས་ལོ་འགོ་བཟུང་བའི་བཅུ་གཅིག་པའི་བཅོ་ལྔ་བར་ཟླ་གཅིག །དེ་ཞིན་དུ་རིགས་འགྲེས་པའི་དགུན་ཟླ་བཞི། དཔྱིད་ཟླ་བཞི། དབྱར་ལ་ཟླ་བ་གཅིག །དབྱར་ཐུང་དུ་ཉིན་ཞག་གཅིག །དབྱར་རིང་པོ་ལ་ཉིན་ཞག་གཅིག་གིས་མ་ཚང་བའི་ཟླ་བ་གསུམ་རྣམས་ཡིན་པས། དུས་འདི་ཡིན་ཞེས་བརྗོད། དེ་ལ་ཡང་ཡར་ངོ་མར་ངོ་གཉིས་ཡོད་པ་ལས་ཆེ་གེ། དེ་ལ་ཚེས་བཅུ་བཞིའམ་བཅོ་ལྔ་ཡོད་པ་ལས་ཆེ་གེ། དེ་ལ་ཉིན་མོའི་ཆ་བཅུ་གཅིག་དང་མཚན་མོའི་ཆ་བརྒྱད་དེ་ཉེར་གཉིས་ཡོད་པ་ལས་ཆེ་གེ། མཚན་མོ་ཡིན་ན་སྐར་ཁོངས་འདི་ཙམ། ཉིན་མོ་ཡིན་ན་དུས་ཚོད་སྐྱེས་བུ་འདི་དང་རྐང་པ་འདི་ཡིན་ཅེས་བརྗོད། དེ་ཡང་ཐུར་མ་ཁོ་རང་ལ་སྐྱེས་བུ་ཟེར། སྐྱེས་བུ་དེ་ལ་རྐང་པ་བཞི་ཡོད་པས་ཐུར་མའི་གྲི་མས་གར་སླེབ་པར་སྐྱེས་བུ་ཟེར། དེ་ལ་ཙམ་ཡོད་བརྩི་བ་ཡིན། དེ་ལྟར་གྲིབ་ཚོད་འདི་ལྟ་བུའི་དུས་སུ་གནས་འདི་ཞེས་བྱ་བར་དཀོན་མཆོག་གསུམ་གྱི་དྲུང་དུ་ཚིགས་གསུམ་རིམ་ཅན་དུ་ནོད་པ་ཡིན་པས་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་རྣམས་ལ་བསྙེན་བཀུར་སྤང་བླང་ཚུལ་བཞིན་གྱིས། ལྔ་པ་ཕན་ཡོན་ནི། སྤང་བླང་ཚུལ་བཞིན་བྱས་པས་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་པས་ཕྱག་ལེན་ལ་ཐེབས་པར་མཛོད། མཇུག་ཆོག་གཉིས་པ་ནི། རྩ་བའི་ས་བཅད་སུམ་ཅུ་སོ་གཅིག་པ་བསླབ་བྱ་དབོག་པ་ཡིན་ལ། གཞན་དུ་གདམས་ངག་བཅུ་གཅིག་བརྗོད་པ་ཡིན་ཀྱང་། འདིར་རང་གཞུང་གིས་འཐུས་པས་གསན་པས་ཁྱབ་པར་གདའ། རྩ་བར། དེས་ནི་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས་སྡོམ་པ་རྒྱུད་ལ་སྐྱེ་བས་ཐམས་ཅད་ཀྱིས་དགེ་སློང་དུ་གྱུར་པའི་མོས་པ་བྱས་པས་བསྐྱེད་རིམ་བརྟན་པ་ལྷར་མཐོང་བ་བཞིན་ཏེ། དགེ་སློང་གི་བསླབ་བྱ་ཞིབ་ཏུ་བསྟན་མི་དགོས། མདོར་བསྡུས་ཏེ་བཤད་ན་དགེ་སློང་གི་ཆོས་བཞི་སྟེ། བརྡེག་ཀྱང་སླར་མི་བརྡེག །གཤེ་ཡང་སླར་མི་གཤེ། ཁྲོ་ཡང་སླར་མི་ཁྲོ། མཚང་འབྲུ་ཡང་སླར་མི་འབྲུ་བར་བྱའོ། །ཞེས་གསུངས་པ་ལྟར་རོ། །ཉེར་གཉིས་པ་ཆོས་བཤད་པ་ནི། རྩ་བར། བདེན་བཞི་དང་སྦྱར་ཤེས་དགོས་པས་སྡིག་པ་འཁོར་བའི་ཆོས་རྒྱུ་ཀུན་འབྱུང་ཤེས་པར་བྱ། དེའི་འབྲས་བུ་སྡུག་བསྔལ་གྱི་སྐྱོན་སྤང་བར་བྱ། དགེ་བ་ཐར་པ་ཐོབ་པའི་རྒྱུ་ལམ་སྒོམ་པར་བྱ། འབྲས་བུ་འགོག་པའི་ཡོན་ཏན་མངོན་དུ་བྱ། ཞེས་བསྟན་ཏོ། །ཞེས་གསུངས་པ་ལྟར་བྱའོ། །དེས་ཚུལ་ཁྲིམས་རྣམ་པར་དག་པ་ཐོབ་པ་ཡིན་པས་དགེ་སློང་དུ་གྱུར་སྙམ་དགའ་བ་བསྒོམ་པ་དང་མཁན་པོ་ལ་ཕྱག་གསུམ་བཙལ་ཏེ་བཀའ་དྲིན་ཆེ་ལགས་གསུངས་མཛོད། གོས་བྱིན་པའི་སྐབས་ལྟར་མེ་ཏོག་གཏོར་ཞིང་བདེན་བརྗོད་སྨོན་ལམ་བྱའོ། །དེ་ལྟ་བུའི་སྡོམ་པ་འབོགས་ཚུལ་ནི་ཕྱོགས་འདིར་བླ་མ་ཕལ་ཆེར་རིག་སྔགས་འཆང་བ་ཤ་སྟག་ཏུ་བྱོན་པས་འདུལ་བ་ལ་ཅུང་ཞིག་ཐུགས་འདྲིས་ཆུང་བས་ཟུར་ལུགས་འདིར་ཕྱག་བཞེས་རྣམས་ཅུང་ཟད་འཁྲུགས་འདུག་པ་ལས་ཆོ་ག་བཞིན་བསྡེབས་ཡོད་ཅིང་། ཀཿཐོག་ལུགས་སུ་ཧ་ཅང་ཐལ་ཞིང་དྲགས་ནས་ལས་ཆོག་སོར་གནས་བྲིས་འདུགས་པར་རྟེན་ནང་སོ་འཇམ་དབྱངས་པ་སོགས་ཀྱི་ཀླན་ཀ་ཡོད་པའི་རྒྱུ་རྐྱེན་ཡང་དེ་ཡིན་ཅིང་། ཕྱག་ལེན་འདི་ཞིབ་རྩིང་རན་པར་ཡོད་པས་སོ་ཐར་ཁོ་ན་བཞིན་བྱས་པའི་ཉེས་པ་མེད་ཅིང་། ཆོ་ག་གལ་ཆེ་བ་རྣམས་ཆད་སྐྱོན་མེད་པར་ཡོད། འོན་ཀྱང་ལུགས་འདིའི་དགེ་སློང་གི་གོ་ངེས་པར་ཆོད་ཀྱང་འདུལ་བ་སོར་གནས་ཀྱི་དགེ་སློང་གི་གོ་མི་ཆོད་པས། འདོད་ན་ཚིགས་གསུམ་རྣམ་དག་བརྒྱུད་པ་གཞན་ལས་ཚུལ་བཞིན་བླང་དགོས་པ་སྙིང་ལ་བཅང་བར་བྱའོ། །རྩ་བར། ཉེར་གསུམ་པ་དབང་བསྐུར་བ་ནི་རྫས་དབང་ཐོགས་ཏེ་ཞེས་དང་། མཆན་བུར་བཛྲ་རཏྣ་བུམ་དབང་འདིར་བྱ་གསུང་། ༀ་མུ་ནེ་དང་ཨ་བྷི་ཥིཉྩ་མཾ་བུམ་པའི་དབང་བསྐུར་བས་ཆུ་བཏུང་བདེན་བཞིའི་གོ་འཕང་ཐོབ་བོ། །ཞེས་གསུངས་པས་སྐབས་འདིར་འོག་གི་བུམ་དབང་འདིར་བླངས་ཏེ། ན་མོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པའི་བྱིན་རླབས་ཀྱིས་རིགས་ཀྱི་བུ་ལ་བུམ་རྫས་ཆུའི་དབང་བསྐུར་བས་ཉོན་མོངས་པ་བག་ཆགས་ཀྱི་དྲི་མ་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་བུམ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ནས་རྫས་དབང་གི་ཐོག་མར་སྣམ་སྦྱར་ཐོགས་ཏེ། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་པ་ཤཱཀྱའི་རྒྱལ་པོ་ཤཱཀྱ་སེང་གེ་ཤཱཀྱའི་གཙོ་བོ་དེ་རབ་ཏུ་བྱུང་བའི་ན་བཟའ་ངུར་སྨྲིག་གི་ཆོས་གོས་འདི་མཁན་པོ་ངས་ཁྱེད་ལ་བསྐོན་གྱི། ཁྱོད་ཀྱིས་འཕངས་ཤིང་གཅེས་པའི་ཚད་ནི་མིག་འབྲུ་ལྟར་གྱིས་ལ། མི་འབྲལ་བའི་ཚད་ནི་ཤ་དང་རུས་པ་ལྟར་གྱིས་ལ་གྱོན་ཞིག །ཁྱོད་ཀྱི་གོས་ཀྱི་བྱ་བ་ཀྱིས་ལ་བག་ཡོད་པར་སྤྱོད་ཅིག །ན་མོ། དཀོན་མཚོག་གསུམ་གྱི་བཀའ་བདེན་པའི་བྱིན་རླབས་ཀྱིས། བཅོམ་ལྡན་འདས་ཀྱི་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་འདིས་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་དབང་བསྐུར་བས་ཚེ་རབས་ཀུན་ཏུ་ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། གསེག་པར་ཐོགས་ཏེ། ན་མོ་སོགས། རིགས་ཀྱི་བུ་ལ་བཅོམ་ལྡན་འདས་ཀྱི་འཁར་གསིལ་ལྷུང་བཟེད་ཀྱི་དབང་བསྐུར་བས་མཚོན་དང་མུ་གེའི་བསྐལ་པ་ལས་ཐར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ ལྷ་དབང་ནི་དཀྱིལ་འཁོར་ནས་སྐུ་གཟུགས་རྣམས་རིམ་གྱིས་བླངས་ཏེ་སྤྱི་བོར་བཞག་ཅིང་། གཙོ་བོའི་སྐུ་ཐོགས་ཏེ། འདས་དང་མ་བྱོན་ད་ལྟར་གྱི། །དུས་གསུམ་སངས་རྒྱས་ཇི་སྙེད་པའི། །བཅོམ་ལྡན་གཙོ་བོའི་དབང་བསྐུར་བས། །འཁོར་བའི་སྡུག་བསྔལ་གྲོལ་བར་ཤོག །སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་དེ། །སྡུག་ཀུན་སྤངས་ནས་འགོག་ལམ་ལྷག་བཅས་དང་། །ལྷག་མེད་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ་སོགས། རིགས་ཀྱི་བུ་ལ་འགྲོ་བའི་གཙོ་བོ་སྐྱེ་རྒུའི་བླ་མ་ཐུབ་པ་ཆེན་པོའི་དབང་བསྐུར་བས་ཚེ་རབས་ཀུན་ཏུ་སངས་རྒྱས་མཐོང་བ་དང་མི་འབྲལ་བ་དང་། དམ་པའི་ཆོས་ཐོས་པ་དང་མི་འབྲལ་བ་དང་། འཕགས་པའི་དགེ་འདུན་དང་རྟག་ཏུ་མི་འབྲལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་སོགས། ཉན་ཐོས་བཅུ་དྲུག་རིམ་བཞིན། ན་མོ་སོགས། རིགས་ཀྱི་བུ་ལ་ཀུན་དགའ་བོའི་དབང་བསྐུར་བས་སངས་རྒྱས་ཀྱི་ཞབས་འབྲིང་རྟག་ཏུ་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་ཤཱ་རིའི་བུའི་དབང་བསྐུར་བས་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པའི་དབང་དམ་པ༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་མངྒལ་གྱི་བུའི་དབང་བསྐུར་བས་རྫུ་འཕྲུལ་མཆོག་གི་དབང་༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་རབ་འབྱོར་གྱི་དབང་བསྐུར་བས་དྲི་ཞིང་ལན་ལྡོན་པ་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་མ་འགགས་པའི་དབང་བསྐུར་བས་ལྷའི་མིག་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་འཆར་ཀའི་དབང་བསྐུར་བས་ཁྱིམ་བདག་དད་པ་བསྐྱེད་པའི་དབང་༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་ཀཎྜི་ཎྱའི་དབང་བསྐུར་བས་ཐོས་གྲོལ་སྔ་བ་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་རྟ་ཐུལ་གྱི་དབང་བསྐུར་བས་སྤྱོད་ལམ་མཛེས་པ་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་ཉེ་བ་འཁོར་གྱི་དབང་བསྐུར་པས་འདུལ་བ་འཛིན་པ་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་བ་ལང་བདག་གི་དབང་བསྐུར་བས་འགོག་པའི་ཏིང་ངེ་འཛིན་གྱི་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་འོད་སྲུངས་ཆེན་པོའི་དབང་བསྐུར་བས་སྦྱངས་པའི་ཡོན་ཏན་ཆེ་བ་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་སྒྲ་གཅན་འཛིན་གྱི་དབང་བསྐུར་བས་བསླབ་པ་ལ་གུས་པ་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་གཅུང་དགའ་བོའི་དབང་བསྐུར་བས་མཚན་དང་དཔེ་བྱད་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་མིང་ཅན་གྱི་དབང་བསྐུར་བས་རྒྱལ་བའི་བཀའ་ལ་གུས་པ་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་ནོར་སྦྱིན་འཛིན་གྱི་དབང་བསྐུར་བས་དབུལ་བ་སེལ་བའི་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་གང་པོའི་དབང་བསྐུར་བས་ཡོན་སྦྱོང་བ་མཆོག་གི༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་འཕགས་པ་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཚ་བསོད་སྙོམས་ལེན་གྱི་རྒྱལ་བའི་བསྟན་པ་གནས་ཀྱི་བར་དུ་སྐྱོང་བར་མཛད་པའི་དབང་བསྐུར་བས་དམ་པ་ཆོས་ཀྱི་ཆབ་སྲིད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་པ་གནས་བརྟན་རེ་རེ་བཞིན་དུ་སྦྱར་བ་འགྲེ། གསེར་བེའུ། མི་ཕྱེད་པ་དང་། ཤིང་ཀུན་པ་དང་། ཤིང་ཤུན་ཅན་དང་། བཟང་པོ་དང་། འདས་པ་དུས་ལྡན་དང་། བྷ་ར་དྷྭ་ཚ་གསེར་ཅན་དང་། བ་ལང་སྐྱོང་དང་། ལམ་ཕྲན་བསྟན་དང་། སྒྲ་གཅན་འཛིན་དང། ཀླུའི་སྡེ་དང་། ནགས་ན་གནས་དང་། མ་ཕམ་པ་དང་། ཙུནྡ་དང་། དྷརྨཱ་ཏ་དང་། འཕགས་པ་གནས་བརྟན་ཆེན་པོ་རྣམས་ཀྱིས་རྒྱལ་བའི་བསྟན་པ་གནས་ཀྱི་བར་དུ་སྐྱོང་བར་མཛད་པའི་དབང་བསྐུར་བས་དམ་པ་ཆོས་ཀྱི་ཆབ་སྲིད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མུ་ནེ༴ ན་མོ་སོགས། བུམ་རྫས་ཆུའི་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་དག་པའི་དབང་༴ མུ་ནེ༴ ན་མོ་སོགས། རིགས་ཀྱི་བུ་ལ་མིང་གི་དབང་བསྐུར་བས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་དབང་༴ མུ་ནེ༴ ན་མོ་སོགས། ཤིང་རྟ་ལ་སོགས་པ་འཁོར་ལོས་སྒྱུར་རྒྱལ་བདག་པོའི་དབང་བསྐུར་བས་གླིང་བཞི་ལ་དབང་བསྒྱུར་ཞིང་སྐྱེ་རྒས་ན་འཆིའི་། སྡུག་བསྔལ་སུན་ཕྱུངས་པའི་དབང་༴ མུ་ནེ༴ ན་མོ་སོགས། ཆིབས་ཀྱི་དབང་བསྐུར་བས་རྟག་ཏུ་རབ་ཏུ་བྱུང་ཞིང་ཉོན་མོངས་པའི་འཆིང་བ་ལས་གྲོལ་བའི་དབང་༴ མུ་ནེ༴ ན་མོ་སོགས། ཤན་རལ་གྲིའི་དབང་བསྐུར་བས་འཁྲུལ་པའི་དྲ་བ་གཅོད་པའི་དབང་༴ མུ་ནེ༴ ན་མོ་སོགས། གསེག་པར་གྱི་དབང་བསྐུར་བས་བདག་དང་འགྲོ་བའི་དོན་མཐར་ཕྱིན་པར་རྫོགས་པའི་དབང་༴ མུ་ནེ༴ ན་མོ་སོགས། ན་བཟའ་ངུར་སྨྲིག་གི་དབང་བསྐུར་བས་འཁོར་བའི་གདུང་བ་ལས་སྐྱོབ་པའི་དབང༴ མུ་ནེ༴ ན་མོ་སོགས། བཀྲ་ཤིས་པའི་རྫས་སྦྲང་རྩིའི་དབང་བསྐུར་བས་འབྲས་བུ་ཕུན་སུམ་ཚོགས་པའི་དབང་༴ མུ་ནེ༴ ན་མོ་སོགས། འོ་ཐུག་འབྲས་ཆན་གྱི་དབང་བསྐུར་བས་མཚན་དང་དཔེ་བྱད་འབར་བའི་དབང་༴ མུ་ནེ༴ ན་མོ་སོགས། རྩྭ་གདིང་བའི་རྫས་ཀྱི་དབང་བསྐུར་བས་བཀྲ་ཤིས་ཐོབ་ཅིང་བར་ཆད་ཀྱིས་མི་ཚུགས་པའི་དབང་༴ མུ་ནེ༴ རྩ་བར། དེ་ནས་སྙིང་པོའི་དབང་བསྐུར་བ་ནི། བདག་ལྷར་སྒོམ་མདུན་གྱི་དཀྱིལ་འཁོར་ལ་སངས་རྒྱས་སུ་དམིགས་ཏེ་འོད་ཟེར་སྤྲོ་བསྡུ་བྱ་ཞིང་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་ཞིང་། ཞེས་གསུངས་པའི་དོན། ཁྱེད་རང་རྣམས་དབང་བསྐུར་བའི་རྐྱེན་གྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུར་ལམ་གྱིས་གྱུར་པའི་མོས་པ་མཛོད། དེའི་ངང་ནས་བདག་ལས་འོད་ཟེར་འཕྲོས་མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བའི་མོས་པ་མཛོད་བྱས་ལ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཀུན་གྱིས་འཛབ་ཏུ་བཟླས་ཏེ། ན་མོ་སོགས། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཚང་བའི་སྙིང་པོའི་དབང་བསྐུར་བས་ཆོས་ཐམས་ཅད་ཀྱི་མཛོད་འཛིན་པའི་དབང་དམ་པ་ཐོ་པར་གྱུར་ཅིག །ༀ་མུ་ནེ༴ ཞེས་བརྗོད་དེ་བུམ་པའི་ཆུས་ཀྱང་ཁྲུས་བྱ། དབང་བསྐུར་འཐུང་ཁྲུས་བྱའོ། །ཞེས་གསུངས་པས་སླར་ཡང་གོང་བཞིན་བུམ་དབང་བསྐུར་ཞིང་འཐུང་ཁྲུས་བྱེད་དུ་བཅུག །རྩ་བར་མེ་ཏོག་གཏོར་རོ། །ཞེས་གསུངས་པས་འོག་ནས་འབྱུང་བའི་བཀྲ་ཤིས་འདིར་ཡང་བླངས་ཏེ་སྦྱར། དེ་ནས་ངང་སྒོམ་བཤད་པ་ནི། རྩ་བའི་ས་བཅད་ཉེར་བཞི་པ་ཡིན་ཅིང་། དེ་ལ་ཡང་ནང་གསེས་ཀྱི་ཕྱེ་ན་དང་པོ་ངང་སྒོམ་ལ་གསུམ་གྱི་དང་པོ་སྔོན་འགྲོ་ཤེས་པ་བཅུ་དང་། དངོས་གཞི་གདམས་ངག་ཡེ་ཤེས་ངང་སྒོམ། དེ་ལམ་དུ་འཁྱེར་ཐབས་གསུམ་གྱི་བསྡུས། ལམ་འཁྱེར་ལ་བཞི་སྟེ་ཐེག་པ་ལམ་འཁྱེར། ལྷ་ལམ་འཁྱེར། སྙིང་པོ་ལམ་འཁྱེར། བསླབ་བྱ་ལམ་འཁྱེར་རོ། །དེའི་དང་པོ་ཐེག་པ་ལམ་འཁྱེར་ལ་ཕྱེ་ན། འཇུག་སྒོ། ལྟ་བ། ཚུལ་ཁྲིམས། སྒོམ་པའི་ཏིང་ངེ་འཛིན། སྤྱོད་པ། འབྲས་བུའོ། །དེ་ཡང་ཉམས་སུ་ལེན་ཚུལ་ནི། བཤད་པས་ལྟ་སྒོམ་གཏན་ལ་དབབ་སྟེ། སྔོན་འགྲོ་ཤེས་པ་བཅུ། དངོས་གཞི་ཡེ་ཤེས་ངང་སྒོམ། ལྷ་དང་སྙིང་པོ་ལམ་འཁྱེར་ཚུལ་ཁྲིམས་རྣམས་ཉམས་སུ་ལེན་དགོས་པས། ཐོག་མར་རྩ་བ་ལྟར་བཤད་ན་གོང་གི་ས་བཅད་རྣམས་ཀྱིས་དམིགས་ཕྱེད་པར་བྱས་ཏེ་མ་ཡེངས་པར་གསན་མཛོད། དེ་ཡང་རྩ་བར། ཉེ་བཞི་པ་ངང་སྒོམ་ལ་གསུམ་གྱི་དང་པོ་སྔོན་འགྲོ་ཤེས་པ་བཅུ་ནི། སྡུག་བསྔལ་མི་དགེ་བར་ཤེས། ཀུན་འབྱུང་སྤང བྱར་ཤེས། འགོག་པ་སྡུག་བསྔལ་འགག་པར་ཤེས། འཕགས་ལམ་ཡན་ལག་བརྒྱད་མྱང་འདས་ཀྱི་རྒྱུར་ཤེས། བཟོད་པ་ཤེས་པ་ནི་ཆགས་སྡང་རྨོངས་གསུམ་ཟད་ནས་སྐུ་གསུང་ཐུགས་སུ་ཤེས། མི་དགེ་བ་ཤེས་པ་ནི་ག་བུར་ལྟར་ཕན་གནོད་ངེས་པ་མེད་པར་ཤེས། ཆོས་ཤེས་པ་ནི་སྒྱུ་མ་ལྟ་བུར་ཤེས། རྗེས་སུ་ཤེས་པ་ནི་ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་སྒྱུ་མར་ཤེས། ཀུན་རྫོབ་ཤེས་པ་ནི་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཀུན་རྫོབ་སྟེ་ཐབས་སུ་ཤེས། གཞན་སེམས་ཤེས་པ་ནི་དད་འདུན་གདམས་ངག་དང་སྨོན་ལམ་གྱི་མཐུས་སེམས་སོགས་བཅུ་ཤེས་པའོ། །འཕགས་ལམ་ཡན་ལག་བརྒྱད་ནི། ལྟ་བ། རྟོགས་པ། ངག །ལས་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་ངེ་འཛིན་ཏེ། ཡང་དག་པའི་ལྟ་བ་ལ་གསུམ། མི་རྟོག་པའི་ཡེ་ཤེས་གཞི་མི་འགྱུར་བའི་དངོས་གྲུབ་དང་། རྗེས་ལ་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་ལམ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཡོངས་གྲུབ་དང་། སྤྲུལ་པའི་ཡེ་ཤེས་འབྲས་བུ་མ་དག་པའི་ཡེ་ཤེས་དང་འབྲས་བུ་དག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གསུམ་མོ། །ཡང་དག་པའི་རྟོག་པ་ནི་ཡེ་ཤེས་གསུམ་པོ་ལ་ཡང་དང་ཡང་དུ་རྟོག་པའོ། །ཡང་དག་པའི་ངག་ནི་སེམས་ཅན་ཐམས་ཅད་ལ་ཆོས་དགེ་བ་བཅུ་རྟག་ཏུ་སྨྲ་བའོ། །ཡང་དག་པ འི་ལམ་མཐའ་ནི་ཐམས་ཅད་དུ་ལས་དགེ་བ་སྤྱོད་པ་མི་དགེ་བ་སྤོང་བའོ། །འཚོ་བ་ནི་དམ་པའི་ཆོས་འཚོལ་བ་དང་རྩོལ་བ་ཆེར་བྱེད། དྲན་པས་བསོ། །ཏིང་ངེ་འཛིན་ལ་ནང་དུ་ཡང་དག་པར་འཇོག་པར་བྱའོ། །གཉིས་པ་དངོས་གཞིའི་ཡེ་ཤེས་ངང་སྒོམ་ནི། དེ་ནས་དབང་བརྟན་པའི་ཕྱིར་གསལ་གདབ་པ་ནི་རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཡུངས་ཀར་ཙམ་ཞིག་སྒོམ། དེ་ལ་ཤེས་པ་གཏད་པས་ཐིག་ལེ་ཇེ་ཆེར་འཕེལ། སྣང་སྲིད་ཐམས་ཅད་ཀེང་རུས་ཀྱི་དཀྱིལ་འཁོར་དུ་བསམ། དེ་ཡང་ཡུལ་རང་རྒྱུད་པ་ལ་བརྟེན་ན་ཆགས་སྡང་རྨོངས་གསུམ་སྐྱེ་བས་ཉོན་མོངས་འཁོར་བའི་རྒྱུ་ཡིན། དེའི་མཐུས་སྡུག་བསྔལ་མྱོང་བ་ཡིན། དེའི་གཉེན་པོར་ཡུལ་མི་སྡུག་པ་དེ་སྒོམས་པས་ཆགས་སྡང་མི་དགེ་ཀུན་འབྱུང་། ཉོན་མོངས་པ་རྩ་བ་ནས་བཅད་པས་འབྲས་བུ་སྡུག་བསྔལ་རང་བཞིན་གྱིས་འགག །དེ་ཀ་འགོག་པ་དང་ལམ་བདེན་ཡིན་ནོ། །དེ་ལ་ལམ་འཁྱེར་བཞི་ལས། ཐེག་པ་ལམ་འཁྱེར་ནི་ཉན་ཐོས་ཀྱི་ཐེག་པ། དེ་ལ་དང་པོ་འཇུག་སྒོ་ནི་སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་བཞི། དེ་དག་ཕྱེ་ན་བདེན་ཆུང་བཅུ་དྲུག་དེ་ནི་སྤོང་བྱེད་ཡེ་ཤེས་བཅུ་དྲུག་གོ། །ཀུན་འབྱུང་གི་བདེན་པ་འཁོར་བའི་རྒྱུ། སྡུག་བསྔལ་གྱི་བདེན་པ་འཁོར་བའི་འབྲས་བུར་ཤེས་ནས་སྤོང་། འགོག་པའི་བདེན་པ་འདས་པའི་རྒྱུ། ལམ་གྱི་བདེན་པ་འདས་པའི་འབྲས་བུར་ཤེས་ནས་སྒྲུབ། དེ་ལ་ཕྱེ་ན་བདེན་ཆུང་བཅུ་དྲུག་སྟེ། ཀུན་འབྱུང་ལ་རྒྱུ། ཀུན་འབྱུང་། རྐྱེན། སྐྱེ་བའོ། །སྡུག་བསྔལ་ལ་མི་རྟག །སྡུག་བསྔལ། སྟོང་པ། བདག་མེད་དོ། །འགོག་པ་ལ་འགོག་པ། ཞི་བ། གྱ་ནོམ་པ། ངེས་འབྱུང་ངོ་། །ལམ་ལ་ལམ། རིགས་པ། སྒྲུབ་པ། ངེས་འབྱིན་ནོ། །དེ་དག་ལ་སྤོང་བྱེད་ཡེ་ཤེས་བཅུ་དྲུག་སྟེ། དང་པོ་ལ་ཀུན་འབྱུང་ཤེས་པ་དང་། ཀུན་འབྱུང་ཤེས་པའི་ཆོས་ཤེས་པ་དང་། བཟོད་པ་ཤེས་པ་དང་། བཟོད་པ་ལ་ཤེས་པའི་ཆོས་ཤེས་པའོ། །དང་པོ་ནི་ལྟ་བའོ། །གཉིས་པ་ནི་དེའི་དོན་ལ་མི་སྐྲག་པའོ། །གསུམ་པ་ནི་སྒོམ་པའོ། །བཞི་པ་ནི་དེའི་དོན་ལ་མི་སྐྲག་པའོ། །གཞན་གསུམ་དེས་འགྲེའོ། །དེ་ཡང་རིགས་བརྒྱད་དབྱེ་བ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བྱེད་ཅིང་། ཡེ་ཤེས་བཅུ་དྲུག་ཆས་སྦྱངས་རབ་ཞི་བའི། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་སོ། །ལྟ་བ་གང་ཟག་གི་བདག་མེད་རྟོགས། ཆོས་ཀྱི་བདག་དང་བཅས་པའོ། །གང་ཟག་གི་བདག་ལ་གཉིས་ལས། རང་བཞིན་ལྷན་སྐྱེས་གང་ཟག་གི་བདག་དང་། ཆེད་དུ་བྱས་པའི་གང་ཟག་གི་བདག་གོ། །རིགས་དབྱེ་ལས། ཕུང་པོ་ལྔ་ཡི་རྒྱུ་ལ་བདག་དང་བདག་གིར་འཛིན། །རང་བཞིན་ལྷན་ཅིག་སྐྱེས་པའི་བདག་ཅེས་བྱ། །ཞེས་སོ། །དེ་ལ་བརྟེན་ནས་མུ་སྟེགས་ལྟ་རྣམས་འཇུག །སོ་སོ་སྐྱེ་བོ་ཕུང་པོ་ལྔའི་རྒྱུན་ལ་བློས་རྣམ་པར་མ་ཕྱེ། བདག་ཏུ་འཛིན་པ་དང་། དེ་ལ་བརྟེན་ནས་མུ་སྟེགས་ཀྱི་ཕྱིན་ཅི་ལོག་ཏུ་བརྟགས་པའི་བདག་རང་བཞིན་མེད་པར་རྟོགས་པའོ། །གཉིས་པ་ཆོས་ཀྱི་བདག་ལ་གཉིས། གཟུང་ཡུལ་དང་། འཛིན་སེམས་སོ། །གཟུང་ཡུལ་ལ་བདག་མ་གྲུབ་སྟེ་རང་བཞིན་མེད་པ་ཡིན་ཀྱང་ཉན་ཐོས་བློ་ཆུང་བས་མུ་སྟེགས་ཆད་པར་གོལ་གྱི་དོགས་ནས་རྡུལ་ཕྲ་རབ་ཏུ་ཡོད་པར་འདོད། དེ་ལ་མདོ་སྡེ་པ་དང་བྱེ་བྲག་པ་གཉིས་རྡུལ་གྱི་གནས་ལུགས་རྩོམ་ཚུལ་མ་མཐུན་ཏེ། མདོ་སྡེ་པ་པོ་ཏིའི་ཤོག་བུའམ་འབྲུའི་ཕུང་པོ་ལྟར་རེག་ལ་མ་འབྱར་བར་འདོད། བྱེ་བྲག་པ་གཡག་རྔའམ་ནེ་སིང་ལྟར་སྐོར་བ་བར་བཅས་སུ་འདོད། དེ་ཡང་། འདི་ལྟར་སྣང་བ་འདི་ནི་སྒྱུ་མ་ཙམ། །ཡང་དག་ཉིད་ལ་ཡོད་པ་མ་ཡིན་ཏེ། །ཤིན་ཏུ་ཆད་ལྟར་གྱུར་ན་མི་རུང་བས། །ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་སོ། །ནང་འཛིན་པའི་སེམས་ལ་བདག་མ་གྲུབ་སྟེ། ཀུན་གཞི་མཐའ་བྲལ་དུ་གནས་པ་ཡིན་ཀྱང་། ཉན་ཐོས་པ་བློ་ཆུང་བས་ཀུན་གཞི་གསངས་ཏེ་སྐད་ཅིག་མ་སྐྱེ་འགག་དང་བཅས་པར་འདོད་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་ཟེར། དེ་ཡང་། ལེན་དང་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་སོ། །གཟུང་ཡུལ་ཕྱི་རོལ་རྡུལ་དུ་གྲུབ། འཛིན་པའི་ཤེས་པ་སྐད་ཅིག་མ་བདེན་པ་བཞི་ལ་ངེས་པའི་རྟེན་ཅན་ཞེས། མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཞེས་སོ། །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་བའོ། །སྒོམ་པའི་ཏིང་ངེ་འཛིན་ནི། བློ་རབ་ཀུན་འབྱུང་སྤྱི་འཁོར་བའི་རྒྱུར་ཤེས་ནས་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སོགས་གཉེན་པོ་སྒོ་དྲུག་གི་སྒོ་ནས་ཚོགས་དྲུག་བཀག་ནས་འགོག་པ་ལ་སྙོམ་པར་འཇུག་གོ། །སྤྱོད་པ་ནི། སེམས་བསྐྱེད་རྒྱ་ཆུང་བས་སྤྱོད་པ་གཞན་དོན་སྤྱད་ཀྱང་རང་དོན་ལ་དམིགས་པས་གཞན་ཕན་སྙིང་རྗེ་མི་འབྱུང་བར་འདོད་ཀྱང་། སྤྱོད་པ་རྒྱལ་ལེན་རང་ཐར་འདྲ། །ཞེས་སོ། །འབྲས་བུ་ནི་སྐྱེས་བུ་ཟུང་བཞི་ཡ་བརྒྱད་དོ། །ལྷ་ལམ་འཁྱེར་ནི་དུས་གསུམ་སངས་རྒྱས་སམ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྒོམ་པའོ། །སྙིང་པོ་ནི་མུ་ནི་བཟླས་པའོ། །འདུག་ཚུལ་ནི་བློ་ཕེབས་པ་དང་སྡུག་གཏམ་གཏོང་བ་ལྟ་བུའོ། །བསླབ་བྱ་ལམ་འཁྱེར་མི་དགེ་བ་བཅུ་སྤོང་། དགྲ་དང་ཉོན་མོངས་པ་ཚེར་མ་ལྟར་སྤོང་། དགེ་བཅུ་སྨན་དང་ཁ་ཟས་ལྟར་ལེན། དེའང་ཐུན་མོང་དུ་འདུ་ཤེས་བཅུ་སྟེ། སྲོག་གཅོད་པ་ལ་བཙན་དུག་ལྟ་བུའི་འདུ་ཤེས། གོས་ལ་རྨ་དཀྲིས་ལྟ་བུའི་འདུ་ཤེས། ཉོན་མོངས་པ་ལ་དུག་སྤྲུལ་ལྟ་བུའི་འདུ་ཤེས། ཁ་ཟས་ལ་རྒན་རྒོན་བུ་ཤ་ཟ་བ་ལྟ་བུའི་འདུ་ཤེས། རྙེད་བཀུར་ལ་རྒྱ་དང་རྙི་ལྟ་བུའི་འདུ་ཤེས། བླ་མ་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི༴ ཆོས་ལ་ལམ་བཟང་པོ་ལྟ་བུའི༴ སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི༴ ཚུལ་ཁྲིམས་ལ་རྒྱན་ལྟ་བུའི༴ ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་འདུ་ཤེས་དང་བཅུའོ། །དེ་དག་དབང་རྡོ་རྗེ་ཟམ་པ་ལས་གསུངས་སོ། །གཉིས་པ་ནི་འགག་དྲུག་སྟེ། གནས་ཝ་ར་ཎཱ་སིའི་བསིལ་ཁང་། སྟོན་པ་ཐུབ་པ། འཁོར་མཆོག་བརྒྱད་དམ་བཅུ་དྲུག་སོགས། ཆོས་བདེན་བཞི་ཉན་ཐོས་ཀྱི་ཐེག་པ། དགོས་པ་མུ་སྟེགས་རྟག་ཆད་རང་རྒྱུད་པར་འདོད་པ་ལས་གྲོལ་བའོ། །གང་དུ་གང་ལ་གང་གིས་བསྟན། །ཅི་ཕྱིར་དགོས་པ་བཅས་པ་སྟེ། །འདི་ནི་ཉན་ཐོས་འགག་དྲུག་ཡིན། །ཞེས་སོ། །དེ་རྣམས་ཀྱི་དོན་ཉམས་སུ་ཇི་ལྟར་བླང་སྙམ་ན་རྒྱས་བཤད་རྣམས་གོང་གིས་ཤེས་ལ། ཉམས་སུ་བླང་བྱ་ནི། སྔོན་འགྲོ་ཤེས་པ་བཅུའི་དང་པོ་བདེན་བཞིའི་ཚུལ་གྱིས་ཏེ། སྡུག་བསྔལ་ཐམས་ཅད་མི་དགེ་བའི་རྒྱུ་ལས་བྱུང་བར་ཤེས་ཏེ་སྤང་བ་དང་། ཀུན་འབྱུང་སེམས་ཀྱི་ཉོན་མོངས་འཁོར་བར་ཤེས་ཏེ་སྤང་བའི་ཐབས་བྱ་བ་དང་། འགོག་བདེན་ནི་སྡུག་བསྔལ་འགོག་པར་ཤེས་ཏེ་མངོན་དུ་བྱ་བ་དང་། ལྟ་བ་རྟོག་པ་ངག་ལས་ཀྱི་མཐའ་འཚོ་བ་རྩོལ་བ་དྲན་པ་ཏིང་ངེ་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་མྱང་འདས་ཀྱི་རྒྱུ་ལམ་དུ་ཤེས་ནས་སྒོམ་པ་སྟེ། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་མོ། །ཞེས་གསུངས་པའི་དོན་ཡིན། ཆགས་སྡང་རྨོངས་གསུམ་ཟད་པར་ཤེས་པས་སྐུ་གསུང་ཐུགས་སུ་ཤེས་པ་དང་། མི་དགེ་བ་རྒྱུ་དང་འབྲས་བུར་ཤེས་པས་བྱ་བཞག་ཐམས་ཅད་ག་བུར་ལྟར་ཕན་གནོད་ངེས་པ་མེད་པར་ཤེས་པ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་དང་། སྒྱུ་མ་དེ་ཡང་ཕུང་ཁམས་སྐྱེ་མཆེད་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བར་ཤེས་པ་དང་། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་རྫོབ་སྟེ་ཐབས་སུ་ཤེས་པ་དང་། དད་འདུན་གདམས་ངག་སྨོན་ལམ་གྱི་མཐུས་གཞན་སེམས་ཤེས་པ་སོགས་ཤེས་པ་བཅུ་ལ་བསླབ། འདིའི་ཁོངས་སུ་ཉན་ཐོས་ཀྱི་ལམ་ཐམས་ཅད་འདུ་ཡང་རིམ་བཞིན་ཉམས་སུ་ལེན་ཕྱིན་སྔོན་འགྲོའི་མིང་བཏགས་པ་ཡིན། དངོས་གཞི་ཡེ་ཤེས་ངང་སྒོམ་ཞེས་དངོས་གཞིར་བྱེད་པ་ནི། དབང་བརྟན་པའི་ཕྱིར་གསལ་གདབ་པ་ཡིན་པས། དེ་ཡང་གཞུང་གཞན་ལས་བ་རན་ཊའི་སྒྲ་ལས་རུས་པ་ཡིན་པར་བཤད་དེ། རང་གི་སྨིན་མཚམས་སུ་རུས་པའི་ཐིག་ལེ་ཡུངས་ཀར་ཙམ་ཞིག་སྒོམ། དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་པས་ཇེ་ཆེར་འཕེལ་བས་རང་གི་ལུས་དང་ཕྱི་རོལ་སྣང་སྲིད་ཐམས་ཅད་ཀེང་རུས་སུ་གྱུར་པར་བསམ་མོ། །འདིའི་དགོས་པ་ནི་བུད་མེད་སོགས་ཡུལ་མཛེས་པ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་སྐྱེ་བས་དེས་ཉོན་མོངས་འཁོར་བའི་རྒྱུ་བྱས་ངན་འགྲོའི་སྡུག་བསྔལ་མྱོང་བ་ཡིན་པས། རྒྱུ་སྡུག་བསྔལ་འགོག་ཅིང་ལམ་བདེན་སྒྲུབ་ཕྱིར་གདམས་ངག་འདི་ལྟར་དུ་སྒོམ་དགོས་ཏེ། གླན་སྟོན་བསོད་ནམས་མགོན་པོས། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཡུངས་ཀར་ཙམ་ཞིག་སྒོམ། དེ་ལ་ཤེས་པ་གཏད་པས་ཐིག་ལེ་ཇེ་ཆེ་ཇེ་ཆེ་ལ་རང་གི་ལུས་ཀེང་རུས་ཀྱི་རང་བཞིན་དུ་བསམ། དེ་དང་ཆ་མཐུན་པར་སྣང་སྲིད་ཐམས་ཅད་ཀེང་རུས་ཀྱི་དཀྱིལ་འཁོར་དུ་བསམ། དེ་ཡང་དགོས་པ་ཅི་ཡོད་ན་ད་ལྟའི་ལུས་འདི་ཉིད་ཡུལ་རང་རྒྱུད་པ་ལ་བརྟེན་ནས་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་སྐྱེ་སྟེ། ཉོན་མོངས་པ་འཁོར་བའི་རྒྱུ་ཡིན། དེས་འབྲས་བུ་སྡུག་བསྔལ་གྱི་བདེན་པ་མྱོང་བ་ཡིན་ཏེ་དེའི་གཉེར་པོར་རུས་པའི་འཁོར་ལ་ཡུལ་མི་སྡུག་པ་སྒོམས་པས་ཉོན་མོངས་པ་ཆགས་སྡང་མི་སྐྱེ། ཀུན་འབྱུང་གིས་ཉོན་མོངས་པ་རྩད་ནས་བཅད་པས་འབྲས་བུ་སྡུག་བསྔལ་རང་བཞིན་གྱིས་འགོག་པ་དེ་ཀ་ལམ་གྱི་བདེན་པ་ཡིན། ཞེས་གསུངས་པའི་ཕྱིར། སྤྱིར་ཉན་ཐོས་ཀྱི་ཐེག་པའི་སྐབས་འདིར་སློབ་དཔོན་སྒེག་པའི་རྡོ་རྗེས། ཉན་རང་གཉིས་གཞི་སྤོང་བའི་གཉེན་པོ་སྟེ། ཉོན་མོངས་དུག་ལྔ་དང་དུག་གསུམ་དགྲ་དང་ཚེར་མ་ལྟར་སྤོང་བར་གསུངས་ཤིང་། ཁྱད་པར་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་གཙོ་ཆེ་བས། ཀེང་རུས་ཀྱང་མི་སྡུག་པའི་རང་བཞིན་ཡིན་ལ། འདུལ་བ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམས་ཤིག །ཅེས་གསུངས་པས། ཧ་ཅང་མི་སྡུག་བསྒོམ་ནན་ཆེས་པས་རང་གི་ལུས་ལ་མི་གཙང་བའི་འདུ་ཤེས་སྐྱེས་ཏེ་དགེ་སློང་མང་པོ་སྲོག་དང་བྲལ་པའི་ལོ་རྒྱུས་ཀྱང་ཡོད་ཅིང་། དེ་ལྟར་མི་སྡུག་པའི་སྒོམ་ཚུལ་མང་ཡང་དོན་བསྡུ་ན་སྤྱིར་བཤེས་སྤྲིང་ལས། ལུས་མཐའ་ཐལ་བ་མཐར་སྐམ་མཐར་འབྲལ་ཞིང་། །མཐའ་མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་གྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ཅེས་དང་། ཁྱད་པར་དུ་བུད་མེད་ལ་ཆགས་པ་ལྡོག་ཕྱིར་མི་སྡུག་པ་སྒོམ་ཚུལ་ནི། དེ་ཉིད་ལས། གཞན་གྱི་ཆུང་མ་མི་ལྟ་མཐོང་ན་ཡང་། །ན་ཚོད་མཐུན་པར་མ་དང་བུ་མོ་དང་། །སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན། །མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི། །ཞེས་གསུངས་པས། གདམས་ངག་ཏུ་བུད་མེད་ལ་མི་ལྟ་ཞིང་གལ་ཏེ་མཐོང་ན་ཡང་། རང་ལས་རྒན་པ་མ་དང་། མཉམ་པ་ཙམ་ལ་སྲིང་མོ། གཞོན་པ་ལ་བུ་མོར་འདུ་ཤེས་བསྐྱེད་དེ་ཆགས་པ་ལས་ལྡོག་ཅིང་། དེས་ཀྱང་མ་ལྡོག་ན་མི་སྡུག་པ་བསྒོམ་པར་བྱ་གསུངས་ཤིང་། དེ་ལྟར་མི་སྡུག་པ་སྒོམ་ཚུལ་ཡང་། དེ་ཉིད་ལས། བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲི་ང་བ་དང་སྒོ་དགུ་དོད་པ་དང་། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང་། །པགས་པས་གཡོགས་པར་བརྒྱན་ཡང་ལོགས་ཤིག་གཟིགས། །ཞེས་གསུངས་པ་ལྟར་སྒོམ་དགོས་ཤིང་། དེ་ལྟར་འདོད་སྲེད་ལ་ཆགས་པའི་དབང་གིས་འཁོར་བར་འཁྱམས་པ་ཡིན་ཏེ། དེ་ཉིད་ལས། འདོད་པ་རྣམས་ནི་ཕུང་བ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམ་པའི་འབྲས་ལྟར་གསུངས། །དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་གསུངས་པ་ལྟར་འདོད་པ་སྤང་ཐབས་རྒྱུད་ལ་འབྱོར་ངེས་པར་བྱ་ཞིང་། དེ་ཡང་ཆགས་སོགས་ཉོན་མོངས་པ་རྣམས་གོམས་ན་གཉེན་པོས་ལྡོག་དཀའ་བའི་ཕྱིར། ཐོག་མ་ཉིད་ནས་དྲན་ཤེས་ལེགས་པར་བསྟེན་ཅིང་འབུར་འཇོམས་སུ་བྱ་དགོས་ཏེ། རྒྱལ་སྲས་ཆོས་རྫོང་པས། ཉོན་མོངས་གོམས་ན་གཉེན་པོས་ལྡོག་དཀའ་བས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་སྟེ། །ཆགས་སོགས་ཉོན་མོངས་དང་པོར་སྐྱེ་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་གནད་དུ་ཆེའོ། །ལྷ་ལམ་འཁྱེར་ནི་དུས་གསུམ་སངས་རྒྱས་དང་བཅོམ་ལྡན་ཤཱཀ་ཐུབ་སྒོམ། སྙིང་པོ་ལམ་འཁྱེར་མུ་ནེ་བཟླ་བར་གསུངས་པས། ལྷ་སྒོམ་པར་འདོད་པའི་ཚེ་སྤྱིར་དུས་གསུམ་སངས་རྒྱས་དང་ཁྱད་པར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྒོམ་པར་བྱའོ། །དེའི་ངང་ནས་སྙིང་པོ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཟླ་བ་ཡིན་ལ། ཕན་ཡོན་ཁྱད་པར་འདིར་དཀྱིལ་འཁོར་དུ་བཀོད་པའི་དུས་གསུམ་སངས་རྒྱས་དང་བསྐལ་བཟང་སངས་རྒྱས་སྟོང་རྩ་སོགས་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཕུང་པོ་གཞལ་བར་དཀའ་ཞིང་བརྗོད་ལས་འདས་པ་ཡིན་ཕྱིར་སྨོས་མ་དགོས། འཁོར་གྱི་ཉན་ཐོས་རྣམས་ནི་སྤྱིར་ཡོན་ཏན་གྱི་ཕུང་པོ་མཚུངས་པ་མེད་ཅིང་། ཁྱད་པར་མཆོག་བཅུ་དྲུག་གི་ཐོག་མར་འཕགས་པ་ཀུན་དགའ་བོ་ནི་སྟོན་པའི་ཞབས་འབྲིང་དུ་རྟག་པར་གནས་ཤིང་བཀའ་ཐམས་ཅད་ཀྱི་སྡུད་པ་པོ་མང་དུ་ཐོས་པའི་མཆོག་ཏུ་གྱུར་ལ། གསོལ་བ་བཏབ་ན་མང་དུ་ཐོས་པའི་མཆོག་ཏུ་འགྱུར་རོ། །འཕགས་པ་ཤཱ་རིའི་བུ་དང་མངྒལ་གྱི་བུ་གཉིས་མཆོག་ཟུང་དུ་གྲགས་ཤིང་ཤཱ་རིའི་བུ་ལ་གསོལ་བ་བཏབ་ན་འཇམ་དབྱངས་དང་མི་གཉིས་པའི་མཁྱེན་རབ་མཚུངས་པ་མེད་པ་ཐོབ་པ་དང་། དེ་བཞིན་དུ་མངྒལ་བུ་ལ་གསོལ་བ་བཏབ་པས་ཀྱང་གསང་བདག་ལྟ་བུའི་མཐུ་སྟོབས་རྫུ་འཕྲུལ་ཆེན་པོ་ཐོབ་པར་འགྱུར་རོ། །གནས་བརྟན་རབ་འབྱོར་ནི་འདྲི་ཞིང་ལན་ལྡོན་པའི་མཆོག་ཏུ་བསྔགས་པས། དེ་ལ་གསོལ་བ་བཏབ་པས་རྒོལ་བས་ཚུགས་པ་མེད་པའི་རྣམ་དཔྱོད་ཀྱི་སྤོབས་པ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གནས་བརྟན་མ་འགགས་པ་ནི་ལྷའི་མིག་དང་ལྡན་པའི་མཆོག་ཏུ་བསྔགས་པས་དེ་ལ་གསོལ་བ་བཏབ་ན། ཆོས་དང་ཡེ་ཤེས་ལྷའི་མིག་ཤ་དང་མངོན་པར་ཤེས་པའི་སྤྱན་ལྔ་ཐོབ་པར་འགྱུར་རོ། །འཕགས་པ་འཆར་ཀ་བསླབ་པ་ལ་གུས་པའི་མཆོག་ཏུ་བསྔགས་པ་དེ་ལ་གསོལ་བ་བཏབ་ན་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པར་འགྱུར་རོ། །གནས་བརྟན་ཀུན་ཤེས་ཀཎྜི་ཎྱ་ནི་མཐའ་འཁོབ་འདུལ་བའི་མཆོག་ཏུ་བསྔགས་པ་དེ་ལ་གསོལ་བ་བཏབ་པས་གདུལ་དཀའ་བ་རྣམས་ཀྱང་འདུལ་བའི་མཐུ་ཐོབ་བར་འགྱུར་རོ། །འཕགས་པ་རྟ་ཐུལ་ཁྱིམ་པ་དད་པར་བྱེད་པའི་མཆོག་ཏུ་བསྔགས་པ་དེ་ལ་གསོལ་བ་བཏབ་པས་མོས་ལྡན་རྣམས་དད་པས་རྗེས་སུ་འཛིན་པའི་མཐུ་ཐོབ་པར་འགྱུར་རོ། །འཕགས་པ་ཉེ་བ་འཁོར་འདུལ་བ་འཛིན་པའི་མཆོག་ཏུ་བསྔགས་པ་དེ་ལ་གསོལ་བ་བཏབ་པས་འདུལ་བ་རྣམ་པར་དག་པ་འཛིན་ནུས་པར་འགྱུར་རོ། །འཕགས་པ་བ་ལང་བདག་འགོག་པའི་ཏིང་ངེ་འཛིན་གྱི་མཆོག་ཏུ་བསྔགས་པ་དེ་ལ་གསོལ་བ་བཏབ་པས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར་བར་འགྱུར་རོ། །གནས་བརྟན་འོད་སྲུངས་ཆེན་པོ་སྦྱངས་ཡོན་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྔགས་པ་དེ་ལ་གསོལ་བ་བཏབ་པས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སློབ་ནུས་པར་འགྱུར་རོ། །འཕགས་པ་སྒྲ་གཅན་འཛིན་ལ་གསོལ་བ་བཏབ་པའི་ཕན་ཡོན་ནི་འོག་ཏུ་འབྱུང་ངོ་། །འཕགས་པ་གཅུང་དགའ་བོ་མཚན་དཔེར་ལྡན་པའི་མཆོག་ཏུ་བསྔགས་པ་དེ་ལ་གསོལ་བ་བཏབ་པའི་མཐུས་མཚན་བཟང་དཔེ་བྱད་དང་ལྡན་པར་འགྱུར་རོ། །འཕགས་པ་མིང་ཆེན་རྒྱལ་བའི་བཀའ་ལ་གུས་པའི་མཆོག་ཏུ་བསྔགས་པ་དེ་ལ་གསོལ་བ་བཏབ་པའི་མཐུས་ཐུབ་པའི་གསུང་རབ་དྲི་མ་མེད་པ་རྣམས་ཐོས་ཤིང་འཛིན་ནུས་པར་འགྱུར་རོ། །འཕགས་པ་ནོར་སྦྱིན་འཛིན་དབུལ་བ་སེམས་པའི་མཆོག་ཏུ་བསྔགས་པ་དེ་ལ་གསོལ་བ་བཏབ་པའི་མཐུས་ཆོས་ལྡན་གྱི་འཚོ་བ་དོན་ཡོད་པའི་ཕྱིར་རྙེད་བཀུར་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །འཕགས་པ་གང་པོ་ཆོས་སྨྲ་བའི་མཆོག་གམ་ཡོན་སྦྱོང་བའི་མཆོག་ཏུ་བསྔགས་པ་ལྟར་ཆོས་སྨྲ་བའི་སྤོབས་པ་དང་ཡོན་གནས་དམ་པ་ཐོབ་པར་འགྱུར་རོ། །འདི་རྣམས་ཀྱི་རྟོགས་བརྗོད་རྒྱས་པར་བཤད་ན་ཧ་ཅང་ཡིག་ཚོགས་ལ་འཇིགས་ཏེ་བཞག་གོ། །འཕགས་པའི་གནས་བརྟན་བཅུ་དྲུག་གླེང་གཞི་དང་སྦྱར་ཏེ་ཅུང་ཟད་བཤད་ན། གནས་བརྟན་ཡན་ལག་འབྱུང་འདི་རྒྱལ་པོའི་ཁབ་ཏུ་འཁྲུགས། བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་མཛད་པ་ལ་ལྷ་རྣམས་ཀྱིས་རྔ་ཡབ་དང་ལྷ་མ་ཡིན་དང་གནོད་སྦྱིན་གྱིས་སྤོས་ཕོར་ཕུལ་བས་སྤོས་དྲི་ཚོར་ཚད་ལ་ཚུལ་ཁྲིམས་ཀྱི་དྲི་བསྲུང་བཟང་བ་འབྱུང་ཞིང་ཀུན་གྱི་ཡིད་དུ་འོང་བ་དང་ནད་དང་སྡུག་བསྔལ་ཞི་བར་འགྱུར་ལ། རྔ་ཡབ་ལས་མཆོད་སྤྲིན་སྤྲོས་ཏེ་སངས་རྒྱས་སྲས་བཅས་ལ་མཆོད་པར་མཛད་ཅིང་། རྔ་ཡབ་གང་ལ་གཡབས་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ས་བོན་དང་བཅས་པ་ཞི་བ་དང་། ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་བས་གསོལ་བ་བཏབ་ན་དེ་འབྲས་འགྲུབ་པར་འགྱུར་རོ། །མ་ཕམ་པ་མཉན་ཡོད་དུ་འཁྲུངས་པ་སོགས་སྔ་མ་ལྟར་ལ་འདིའི་མཉམ་གཞག་གི་ཕྱག་རྒྱ་མཐོང་རེག་དྲན་པས། ཚུལ་ཁྲིམས་དག་ཅིང་འཕེལ་བ་དང་དཔལ་དང་གྲགས་པ་དང་ཏིང་ངེ་འཛིན་བརྒྱ་སྟོང་དཔག་ཏུ་མེད་པ་ཐོབ་པར་བཤད་པ་བཞིན་གསོལ་བ་བཏབ་ན་དོན་འགྲུབ་བོ། །ནགས་ན་གནས་པ་མཉན་ཡོད་དུ་འཁྲུངས་ཤིང་འདིའི་ཕྱག་གི་སྡིགས་མཛུབ་གང་ལ་གཏད་པ་དེ་འབྱུང་བཞིའི་གནོད་པ་དང་འདྲེ་སྲིན་ལྷ་ཀླུ་གནོད་སྦྱིན་གཏུམ་པོ་རྣམས་ཀྱི་གདུག་པ་ཞི་ནས་བཀའ་ལ་ཉན་པ་དང་། རྔ་ཡབ་གཡབས་པའི་རླུང་གིས་རེག་པ་དང་ཡིད་ལ་དྲན་པས་སྡིག་པ་འདག །བདག་མེད་གཉིས་དང་བདེན་གཉིས་རྟོགས་པར་འགྱུར་བས་ཡོན་ཏན་དྲན་ཅིང་གསོལ་བ་བཏབས་པས་དེ་བཞིན་འབྱུང་བར་འགྱུར་རོ། །དུས་ལྡན་མཉན་ཡོད་དུ་འཁྲུངས། འདིའི་ཕྱག་མཚན་མཐོང་རེག་དྲན་པ་ལས་སངས་རྒྱས་བྱང་སེམས་ཀྱི་སྤང་རྟོགས་ཐོབ་ཅིང་འཁོར་མང་པོ་འདུ་བ་དང་། ས་བཅུ་ལ་གནས་ཤིང་ཕྱིར་མི་ལྡོག་པ་དང་། ཞི་ལྷག་ཟུང་དུ་འབྲེལ་བར་འགྱུར་བས་གསོལ་བ་བཏབ་པས་དེ་བཞིན་དུ་ལྷུན་གྱིས་གྲུབ་བོ། །རྡོོ་རྗེ་མོའི་བུ་མཉན་ཡོད་པ་ཡིན་ཅིང་སྡིགས་མཛུབ་གང་ལ་གཏད་པའི་སྐྱེ་བོ་དེ་མཐོང་རེག་དྲན་པས་མ་དད་པའི་རྒོལ་བ་བཟློག་སྟེ་བྱང་ཆུབ་ཏུ་ངེས་པར་བྱེད་ཅིང་། རྔ་ཡབ་མཐོང་རེག་ཡིད་ལ་བྱེད་པ་དེས་ཡེ་ཤེས་དང་དབང་ཕྱུག་དང་མཚན་དཔེ་དང་ལུས་ལས་འོད་ཟེར་འཕྲོས་ཏེ། དེ་ཕོག་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པར་ནུས་པའི་ཕན་ཡོན་དང་ལྡན་པར་བྱིན་གྱིས་བརླབ་པས་གུས་པས་གསོལ་བ་བཏབ་པར་བྱའོ། །བཟང་པོ་སེར་སྐྱར་འཁྲུངས་ཤིང་ཆོས་འཆད་ཀྱི་ཕྱག་རྒྱ་མཐོང་བས་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཤེས་ཤིང་ཅི་བསམ་འགྲུབ། སྟོང་ཉིད་སྙིང་རྗེ་སྐྱེ། མཉམ་གཞག་མཐོང་བས་ཏིང་ངེ་འཛིན་གྱི་སྒོ་དུ་མ་དང་མངོན་ཤེས་དང་རྫུ་འཕྲུལ་ཐོབ། ལམ་ལོག་པ་ལས་ལྡོག །སངས་རྒྱས་ཀྱི་ཞིང་མང་པོ་ཉུལ་བར་ནུས། ཉོན་མོངས་པའི་དགྲ་བཅོམ། རྒོལ་བ་ཐམས་ཅད་ཚར་བཅད་དེ་གདུལ་བྱར་འགྱུར་པ་སོགས་བཤད་པས་དེ་ལྟར་འདོད་པས་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ལ་བརྩོན་པར་བྱའོ། །གསེར་བེའུ་མ་ག་དྷར་འཁྲུངས། ཕྱག་མཚན་རིན་ཆེན་ཞགས་པ་མཐོང་རེག་དྲན་པས་མི་བརྗེད་པའི་དྲན་པ་ཐོབ། སངས་རྒྱས་བྱང་སེམས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཐོས། གཟུགས་དང་སྤོབས་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་ཐོབ་པར་གསུངས་པས་གསོལ་བ་བཏབ་ཅིང་གུས་པར་བྱའོ། །བྷ་ར་དྷྭ་ཚ་གསེར་ཅན་མཉན་ཡོད་དུ་འཁྲུངས། འདིའི་མཉམ་གཞག་གི་ཕྱག་རྒྱ་སུའི་མདུན་དུ་བཅས་མ་ཐག་ངན་འགྲོ་ལས་ཐར་ཞིང་། དགའ་བདེ་ཡེ་ཤེས་དཀར་པོའི་ཡོན་ཏན་ཐམས་ཅད་རྒྱས་པར་འགྱུར་བར་གསུངས་པས་ཡོན་ཏན་རྗེས་སུ་དྲན་ཏེ་གསོལ་བ་བཏབ་བོ། །བ་ཀུ་ལ་མཉན་ཡོད་དུ་འཁྲུངས། ཕྱག་གི་ནེའུ་ལེ་སུས་མཐོང་རེག་དྲན་པས་འདོད་ཡོན་ལྔ་ཕུན་སུམ་ཚོགས་ཤིང་ཕར་ཕྱིན་དྲུག་རྫོགས་པ་དང་། ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་། བྱམས་པ་དང་སྙིང་རྗེ་སྐྱེས་པར་འགྱུར་བར་བཤད་པས་དེ་བཞིན་དུ་གསོལ་བ་བཏབ་བོ། །སྒྲ་གཅན་འཛིན་ནི་སྟོན་པའི་སྲས་སེར་སྐྱར་འཁྲུངས་ཏེ་ཕྱག་མཚན་ཅོད་པན་མགོ་ལ་བཞག་པའམ་མཐོང་རེག་དྲན་པས་དགྲ་བཅོམ་ཞིང་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་རྟོགས། སངས་རྒྱས་སྲས་བཅས་ཀྱི་བྱིན་གྱིས་རློབ་པར་བཤད་པས་དེ་ལྟར་མོས་ཏེ་གསོལ་བ་བཏབ་བོ། །ལམ་ཕྲན་བརྟན་མཉན་ཡོད་དུ་འཁྲུངས། གང་གིས་མཉམ་གཞག་གི་ཕྱག་རྒྱ་མཐོང་རེག་དྲན་པས་སེམས་འཁྲུགས་པ་དང་། སྡུག་བསྔལ་བ་དང་། དུག་གསུམ་དང་ངན་སེམས་ཞི་ཞིང་དབང་པོ་དུལ་བ་དང་རྐྱེན་ངན་པའི་གདོན་ཞི་བ་སོགས་འབྱུང་བར་བཤད་པས། དེ་ལྟར་ཡིད་ལ་སྨོན་པས་རྩེ་གཅིག་ཏུ་གསོལ་བ་གདབ་བོ། བྷ་ར་དྷྭ་ཚ་བསོད་སྙོམས་ལེན་རྒྱལ་པོའི་ཁབ་ཏུ་འཁྲུངས། འདིའི་གླེགས་བམ་མཐོང་རེག་དྲན་ཚད་འོན་ལོང་ལྐུག་མྱོས་འཁྲུལ་པ་ཞི་ཞིང་། དབང་པོ་ཚང་། འཕགས་ནོར་གྱིས་ཕྱུག །མྱུར་བ་ཡངས་པ། ཟབ་པ་ཕྲ་བའི་ཤེས་རབ་ཐོབ་ཅིང་། ལྷུང་བཟེད་ཀྱང་བུམ་པ་བཟང་པོ་དང་འདྲ་བར་བརླབས་ཏེ་མཐོང་རེག་དྲན་ཚད་ལ་དགོས་འདོད་ཐམས་ཅད་དང་། འཕགས་པའི་ནོར་དང་། ལྷའི་བདེ་བ་ཐམས་ཅད་འབྱུང་བས་དེ་ལྟར་ཡིད་ལ་སྨོན་བཞིན་གསོལ་བ་བཏབ་པས་འབྲས་བུ་འབྱུང་བར་གདོན་མི་ཟའོ། །ལམ་བསྟན་ནི་ལམ་ཕྲན་བསྟན་གྱི་ཕུ་བོ་ཡིན་ཕྱིར་མཉན་ཡོད་པ། ཆོས་འཆད་ཀྱི་ཕྱག་རྒྱ་མཐོང་རེག་ཐམས་ཅད་ཆོས་ཀྱི་བློ་གྲོས་ཀྱི་ས་ཐོབ། དཀོན་མཆོག་གསུམ་གྱི་སྒྲ་ཐོས་པ་དང་མི་འབྲལ། ཡང་དག་པའི་ལྟ་བ་དང་ལྡན། ལོག་ལྟ་ཐམས་ཅད་ཟིལ་གྱིས་གནོན། སངས་རྒྱས་མཐོང་བ་དང་མི་འབྲལ་བ་རྣམས་ཚེ་རབས་ཐམས་ཅད་དུ་ཐོབ་པར་འགྱུར། གླེགས་བམ་མཐོང་རེག་དྲན་པས་ཤེས་རབ་དང་། སྤོབས་པ་ཆེན་པོ་ཐོབ། མ་རིག་པའི་མུན་པ་འཇོམས། ལས་སྒྲིབ་འདག །ལོངས་སྤྱོད་དང་མི་འབྲལ། ཐེག་ཆེན་གྱི་ཆོས་དང་མཇལ་བ་སོགས་བཤད་པས་དེ་ལྟར་འབྱུང་ཕྱིར་གུས་པས་གསོལ་བ་གདབ་བོ། །ཀླུའི་སྡེ་བྱང་ཕྱོགས་པདྨའི་གྲོང་ཁྱེར་དུ་འཁྲུངས། འདིར་སེམས་ཅན་གྱི་དོན་དུ་བུམ་པ་བཟང་པོ་བསྒྲུབས་ཏེ། དེ་མཐོང་རེག་དྲན་པས་དགོས་རྒུ་འབྱུང་ཞིང་ལྷའི་བདུད་རྩིའི་ཆུས་སྡིག་སྒྲིབ་ཐམས་ཅད་འཁྲུད་པ་དང་འཁར་གསིལ་གྱི་སྒྲ་ཐོས་པས་ནད་དང་སྡུག་བསྔལ་དང་ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་ཞི་ཞིང་དཀོན་མཆོག་གསུམ་ལ་མི་འཕྲོག་པའི་དད་པ་ཐོབ་པ་སོགས་འབྱུང་བས་ཡོན་ཏན་ཡིད་ལ་དྲན་ཅིང་གུས་པས་འདོད་དོན་གསོལ་བ་གདབ་བོ། །སྦེད་བྱེད་པ་ཝ་ར་ཎཱ་སིར་འཁྲུངས། མཐར་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཅིང་། ཕྱག་མཚན་གྱི་གླེགས་བམ་མཐོང་རེག་དྲན་པས་རིག་པའི་གནས་ལྔ་ལ་མཁས་པ་དང་། ཉོན་མོངས་པ་ཐམས་ཅད་ཞི་བ་དང་། ཆོས་ཀྱི་རྒྱལ་པོར་དབང་བ་དང་། ཡང་དག་པའི་ཤེས་རབ་དང་ལྡན། རྒྱལ་བའི་སྲས་ཀྱི་ཐུ་བོར་འགྱུར་བར་བཤད་པས་དེ་བཞིན་དུ་ཡོན་ཏན་ཡིད་ལ་དྲན་ཅིང་གསོལ་བ་གདབ་བོ། །མི་ཕྱེད་པ་རྒྱལ་པོའི་ཁབ་ཏུ་འཁྲུངས། ཕྱག་གི་མཆོད་རྟེན་སུས་མཐོང་རེག་དྲན་ཚད་དོན་ཐམས་ཅད་འགྲུབ། བསླབ་པ་གསུམ་དང་ལྡན། བདེ་ལེགས་ཀྱི་དཔལ་ཐམས་ཅད་ཐོབ། སྡིག་པ་ཐམས་ཅད་དག་པར་འགྱུར་བ་སོགས་བཤད་པ་དེ་བཞིན་མོས་པས་གསོལ་བ་བཏབ་བོ། །ཙུནྡ་ནི་ཕྱོགས་འདིར་གནས་བཅུར་གྲངས་ཏེ་རྡོ་རྗེ་མོའི་བུ་དང་གཅིག་པའི་བཤད་ཁུངས་འདུག་པས་དགོས་པ་ཁྱད་པར་ཅན་ཞིག་ཡོད་འདྲ་ཡང་། སྤྱི་ལྟར་ན་མགར་བའི་བུ་དགེ་ཚུལ་ཙུནྡ་ཞེས་སྟོན་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་བྱེད་པོ་ཡིན་པས། ཁོང་དང་ལྷན་ཅིག་པར་རྒྱལ་བ་རྣམས་མྱ་ངན་ལས་མི་འདབ་བར་གསོལ་བ་བརྩེ་གཅིག་ཏུ་བཏབ་བོ། །དགེ་བསྙེན་དྷརྨཱ་ཏ་ལ་རྒྱ་གར་གྱི་གླེང་གཞིར་མི་འབྱུང་ཡང་། རི་བོ་རྩེ་ལྔར་གནས་བརྟན་རྣམས་བཞུགས་པའི་གནས་གཡོག་ཏུ་སྤྲུལ་པ་ཡིན་ཅིང་ཕྱག་དར་སོགས་མཛད་པའི་ཚེ་སྲོག་ཆགས་མ་རུངས་པས་འཚེ་བ་ན་སྤྲུལ་པའི་སྟག་པུས་མོ་གཡས་པ་ལས་སྤྲུལ་པར་འདོད་ཅིང་། ཉིན་རེ་བཞིན་སངས་རྒྱས་སྣང་བ་མཐའ་ཡས་སྤྲིན་གསེབ་ནས་ནམ་མཁར་སྤྱན་དྲངས་ཤིང་བཞུགས་པ་སོགས་སྤང་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངའ་བ་ཡིན་པས་གུས་པར་བྱ་ཞིང་གསོལ་བ་གདབ་བོ། །མདོར་ན་འཕགས་པའི་གནས་བརྟན་ཆེན་པོ་འདི་དག་ནི་སྤང་རྟོགས་ཀྱི་ཡོན་ཏན་སྟོན་པ་དང་མཉམ་པར་བཞུགས་ཤིང་། སྟོན་པ་སངས་རྒྱས་ཀྱིས་གནས་བརྟན་ཆེན་པོ་ཁྱེད་རྣམས་ཇི་སྲིད་མགོན་པོ་མ་ཕམ་པ་རྡོ་རྗེ་གདན་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་ཉན་ཐོས་ཀྱི་ཆ་ལུགས་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བསྟན་པ་སྐྱོངས་ཤིག་ཅེས་བཀའ་བསྒོས་པ་བཞིན། ཡང་དག་པའི་མཐའ་མངོན་དུ་མི་མཛད་པར་ཛམ་བུའི་གླིང་དུ་སྐུ་གསུང་ཐུགས་ཀྱིས་གདུལ་བྱ་སྣ་ཚོགས་དང་རྒྱལ་བའི་བསྟན་པ་སྐྱོང་བར་མཛད་པ་ཡིན་པས། རང་ཅག་རྣམས་ལ་ལྷག་པར་ཐུགས་རྗེ་ཆེ་ཞིང་གསོལ་བ་བཏབ་ན་མངོན་སུམ་དུ་མཇལ་ཏེ་གསུང་གི་བདུད་རྩིས་ཚིམ་པར་མཛད་པའི་ལོ་རྒྱུས་ཀྱང་མང་བར་སྣང་བས་བྱིན་རླབས་མྱུར་ཞིང་གནས་བརྟན་རེ་རེའི་ཡོན་ཏན་གྱི་ཕུང་པོ་བརྗོད་པར་ག་ལ་ནུས་ཀྱང་བྱེ་བྲག་གི་གདུལ་བྱ་སྐྱོང་ཚུལ་གོང་དུ་མདོ་ཙམ་བཤད་པ་ལྟར་ངེས་པར་བྱ་ཞིང་། ཡིད་ཆེས་ཀྱི་དད་པ་བརྟན་པོས་རྟག་པར་ཐུགས་རྗེ་བསྐུལ་ཞིང་ཕྱག་མཆོད་ལ་འབད་པར་བྱས་ན་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །བསླབ་བྱ་ནི་ཐེག་པ་ལམ་འཁྱེར་གྱི་ས་བཅད་བཞི་པ་ཚུལ་ཁྲིམས་ལམ་འཁྱེར་དང་སྤྱིར་བསླབ་བྱ་ལམ་འཁྱེར་གཉིས་འབྱུང་བའི་ཚུལ་ཁྲིམས་ལམ་འཁྱེར་ནི། རྩ་བར་བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་བའོ། །ཞེས་བཤད་པས་ཚུལ་ལྡན་ཡིན་ན་ཅི་ནུས་ཀྱིས་སློབ་ཅིང་། འོན་ཀྱང་འདིར་ཐུན་མོང་བའི་གདུལ་བྱ་མང་བས་ཇི་བཞིན་སློབ་མི་ནུས་པ་ལ་དགོངས་ནས། སྤྱིར་ལུས་ཀྱི་ལས་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད་གསུམ། ངག་གི་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ་བཞི། ཡིད་ཀྱི་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་མི་དགེ་བ་བཅུ་སྤོང་། སོ་ཐར་དངོས་ལ་སྡོམ་པ་གཟུགས་ཅན་ཡིན་ཕྱིར་ལུས་ངག་ལས་སྐྱེ་བར་འདོད་པས་ལུས་ཀྱི་ལས་གསུམ་དང་ངག་གི་ལས་བཞི་སྟེ་བདུན་སྤངས་པ་ལ་སྤོང་བདུན་གྱི་ཚུལ་ཁྲིམས་ཟེར་ཡང་འདིར་ཐུན་མོང་བའི་དབང་དུ་བྱས་ཏེ། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ནི། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཞེས་གསུངས་པ་ལྟར་རོ། །སྤྱིར་གོང་དུ་བཤད་པ་ལྟར་འདུ་ཤེས་བཅུ་སྟེ་སྲོག་གཅོད་པ་ལ་བཙན་དུག་ཟ་བ་ལྟ་བུའི་འདུ་ཤེས་བྱས་ཏེ་སྤོང་། གོས་ལ་རྨ་དཀྲིས་ལྟ་བུའི་འདུ་ཤེས་ཏེ་རྨ་དཀྲིས་དང་བྲལ་ན་རྨ་ཆུད་ཟོས་པར་འགྱུར་བ་ལྟར་ཆོས་གོས་རྣམ་གསུམ་སོགས་ལེགས་པར་གྱོན་ཏེ་བག་ཡོད་པར་བྱ། ཉོན་མོངས་པ་ལ་དུག་སྤྲུལ་ལྟ་བུའི་འདུ་ཤེས་ཏེ་རེག་པ་ཙམ་དང་དཔྱད་པས་ཕུང་བར་བསམ་སྟེ་སྤོང་། ཁ་ཟས་ལ་བུའི་ཤ་ཟ་བ་ལྟ་བུའི་འདུ་ཤེས་བྱས་ཏེ་སྲེད་པ་མི་བྱ། རྙེད་བཀུར་ལ་རྒྱ་དང་རྙི་ལྟ་བུའི་འདུ་ཤེས་ཀྱིས་འཐུམས་པར་དོགས་ཏེ་འབྱོལ། བླ་མ་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི་འདུ་ཤེས་བཞག་སྟེ་མཆོད་ཅིང་གུས་པས་གསོལ་བ་བཏབ། ཆོས་ལ་ལམ་བཟང་པོ་ལྟ་བུའི་འདུ་ཤེས་བསྐྱེད་དེ་ལེགས་པར་སྦྱོང་ཞིང་འབད་པར་བྱ། སངས་རྒྱས་ཀྱི་བསྟན་པ་ལ་གསེར་བཟང་པོ་ལྟ་བུའི་འདུ་ཤེས་ལྟར་དཀོན་ཞིང་བཟང་ལ་རྙེད་པ་དོན་ལྡན་དུ་མོས་ཏེ་གུས་པར་བྱ་ཞིང་ལམ་ལ་བསླབ། ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་འདུ་ཤེས་བཞག་སྟེ་གཅེས་སྤྲས་ཚགས་དང་ལྡན་པར་བྱ། ཆོས་ཉིད་མངོན་སུམ་དུ་གྱུར་བ་ལ་མུན་ཁུང་དུ་སྒྲོན་མེ་བཏེག་པའི་འདུ་ཤེས་བསྐྱེད་དེ་ཏིང་ངེ་འཛིན་ལ་བརྩོན་པར་བྱ་བ་དང་བཅུ་ལ་བསླབ་པས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་ཚུལ་ཁྲིམས་ཀྱང་དེར་འདུ་བ་ཡིན། ཐེག་པ་ལམ་འཁྱེར་སོགས་གོང་དུ་རྩ་བར་བསྟན་པ་ལྟར་ཡིན་པས་དེ་བཞིན་དུ་ཤེས་པར་མཛོད། དེ་ལྟར་ལམ་སྦྱངས་པས་ཟུང་བཞི་ཡ་བརྒྱད་ཀྱི་འབྲས་བུ་མངོན་དུ་བྱེད་པ་ནི་ཉན་ཐོས་ཀྱི་གདམས་ངག་བཤད་པ་ཡིན་པས་གདམས་ངག་ངང་སྒོམ་སོགས་ལ་ནན་ཏན་དུ་མཛོད་ཅིག །དེས་ཉན་ཐོས་ཀྱི་ཐེག་པའི་འཇུག་སྒོ་ཚུལ་གསུམ་གྱི་སྡོམ་པའི་དངོས་གཞི་དབང་ཁྲིད་ཐམས་ཅད་ལེགས་པར་གྲུབ་པ་ཡིན་པས། དེ་ལས་བཤད་པའི་སྡོམ་པ་སོགས་ལེགས་པར་བསྲུང་སྙམས་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་ལན་གསུམ། གཏང་རག་གི་མཎྜལ། བྲན་དུ་ཁས་བླངས། བསོད་ནམས་འདི་ཡིས་སོགས་བསྔོ་བ་རྣམས་སྔ་མ་དང་འདྲའོ། །རྩ་བར། དེ་ནས་སླར་ཡང་མཆོད་དེ། གཤེགས། དལ་བསྡུ། བླ་མ་ལ་ཡོན་ཕུལ་ཞེས་གསུངས་པའི་དོན། དཀྱིལ་འཁོར་གྱི་མཆོད་པ་རྣམས་ཁ་གསོས་ཏེ་བྱིན་རླབས་དང་མཆོད་བསྟོད་གོང་བཞིན་རྒྱས་བསྡུས་སྐབས་སྦྱར་བྱ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་བཀང་། མ་འབྱོར་བ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཙཀླི་ཡོད་པའི་དཀྱིལ་འཁོར་གྱི་ལྷའི་ཡེ་ཤེས་པ་རྣམས་ལ་བརྟན་བཞུགས་ཀྱི་ཆེད་དུ། འདིར་ནི་གཟུགས་དང་ཞེས་སོགས་ཀྱི་ཚིགས་བཅད་དང་། སུ་པྲ་ཏིཥྛའི་སྔགས་ཀྱིས་མེ་ཏོག་གཏོར། དམ་ཚིག་པ་རྣམས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་རྟེན་མེད་པའི་ལྷ་རྣམས་ལ། ༀ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་ཚིགས་བཅད་དང་ལྷན་དུ་སེ་གོལ་གཏོག་ཅིང་གཤེགས་གསོལ་བྱ། རྡོ་རྗེས་དབང་ལྡན་ནས་བརྩམ་སྟེ་ཚོན་རྣམས་བསྡུ་ཞིང་ཐིག་ཤུལ་དབྱི། བདག་བསྐྱེད་ཀྱི་ཡེ་ཤེས་པ་བཛྲ་མུཿས་གཤེགས་སུ་གསོལ། སུམ་ཅུ་པ་བསྔོ་བ་དང་། ཉེར་དགུ་པ་བཀྲ་ཤིས་གཉིས་གོ་ལྡོག་པར་སྣང་བས་ཐོག་མར་བསྔོ་བ་ནི། རྩ་བར་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །ཞེས་གསུངས་པས་བཟང་སྤྱོད་སོགས་སྨོན་ལམ་རྣམ་པར་དག་པ་བཏབ། སུམ་ཅུ་པ་ནི་རྩ་བར། མེ་ཏོག་བཀྲམ་སྟེ། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་བརྗོད་པར་གསུངས་པས། བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་གཉེན་དྲུང་དུ། །པོ་ཏ་ལ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བཀྲ་ཤིས་ཤོག །བདེ་གཤེགས་གཙུག་ཏོར་ཅན་ནི་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ཎིའི་གྲོང་ཁྱེར་དུ། །པུནྡ་རི་ཀའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ༴ རྒྱལ་བ་ཐམས་ཅད་སྐྱོབ་ནི་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉན་ཡོད་དུ། །ཤིང་མཆོག་སཱ་ལའི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ༴ ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཤི་རི་ཤ་ཡི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས༴ འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཨུ་དུམྺ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས༴ སྐྱོབ་པ་འོད་སྲུངས་བྲམ་ཟེ་བླ་མེད་ཡོད་ཏན་ཅན། །ཚེ་ལོ་ཉིས་ཁྲིའི་དུས་ན་ཝ་ར་ཎཱ་སི་རུ། །ནྱ་གྲོ་ཏ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས༴ འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤྭཏྠ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོག་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །མདོ་ལས་སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་གསུངས་པ་དང་ཅུང་ཟད་མ་མཐུན་ཀྱང་སྔ་འགྱུར་གྱི་འགྱུར་ཁྱད་ཡིན་འདྲ་སྙམ་རང་སོར་བཞག་གོ། །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བརྗོད་ཅིང་མེ་ཏོག་གཏོར་རོ། །ཉན་ཐོས་ཀྱི་ཐེག་པའི་ཆོ་གའོ། །ནུབ་མོ་ཞི་ཁྲོའི་ཕྲིན་ལས་ཚོགས་བསྐང་སོགས་ཀྱང་སྔ་མ་བཞིན་བྱའོ། །སོ་ཐར་གཞུང་བརྒྱའི་ཙནྡན་ནགས་ཀླུང་ནས། །དག་པའི་ཚུལ་ཁྲིམས་དྲི་ངད་བརྒྱར་འཐུལ་བ། །ལས་ཀྱི་ཆོ་གའི་དྲི་བཞོན་གྱིས་དྲངས་པས། །གདུལ་བྱའི་ཡིད་དབང་ཚིམ་བྱ་ངོ་མཚར་རྨད། །གནས་སྐབས་སོ་སོ་ཐར་པའི་ལམ་བསྟེན་ནས། །ངེས་པ་དོན་གྱི་དགེ་སློང་རྡོ་རྗེ་འཛིན། །ཉི་མའི་དཀྱིལ་འཁོར་ཤར་བའི་གཟི་འོད་ཀྱིས། །བགྲང་ཡས་རྒྱུ་སྐར་ཟིལ་གྱིས་གནོན་དང་མཚུངས། །ཐུབ་དབང་གནས་བརྟན་ཆེན་པོ་འཁོར་དང་བཅས། །སྔགས་རྒྱ་ཏིང་འཛིན་ལྡན་པའི་ཆོ་ག་ཡིན། །དཀྱིལ་འཁོར་འཁོར་ལོར་མངོན་སུམ་བཞུགས་པའི་དྲུང་། །དབང་བསྐུར་ཚུལ་ཁྲིམས་ལེགས་ནོད་སྐལ་བཟང་དཔྱིད། །ཅེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
༈ རང་སངས་རྒྱས་ཀྱི་ཐེག་པའི་སྒྲུབ་ཁྲིགས་ལ། དཀྱིལ་འཁོར་བཤམ་ཁུངས་མཆོད་པ་བཤམ། །རབ་གནས་ཆོག་གཞུང་ཆ་གསུམ་དང་། །དཔང་སྐོང་ཁྲུས་བྱས་སྡོམ་རྟེན་ཁྲི། །རྒྱན་ལྡན་ཁྲིར་འཛེག་སྟོན་པ་བསྒོམ། །གསོལ་གདབ་སྡོམ་པ་བསླབ་བྱ་དབོག །དཀའ་ཐུབ་ལྡན་པའི་བུམ་དབང་ལྷ། །བཀྲ་ཤིས་ཁྲིམས་ཆས་དྲང་སྲོང་ལྷ། །ཆོས་བཤད་དབང་བསྐུར་ལམ་འཁྱེར་བཞི། །ཐེག་པ་ལྷ་སྙིང་བསླབ་བྱ་དང་། །ཐེག་སྒོ་ལྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །གདམས་ངག་ངང་སྒོམ་བཀྲ་ཤིས་བསྔོ། །ཞེས་པས་དོན་སོ་གཅིག་ནང་གསེས་དང་བཅས་པའི། དང་པོ་དཀྱིལ་འཁོར་ལ་དོན་གསུམ་གྱིས་བསྟན་ཏེ། དང་པོ་གཞིའི་དཀྱིལ་འཁོར་གནས་ཚུལ་ལ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཡོངས་རྫོགས་ལས། འབྱུང་བ་ལྔ་རི་རབ་གཅིག་ཏུ་འདྲེས་པའི་གཞལ་ཡས་ཁང་གི་ཕྱིའི་མེ་རི་འདོད་ཁམས། རྡོ་ར་གཟུགས་ཁམས། པདྨ་གཟུགས་མེད་དེ་ཞེས་གསུངས་སོ། །གཉིས་པ་སྒོམ་པ་ནི་ཐེམ་འོག་མར་ཉན་ཐོས། གོང་མར་རང་རྒྱལ། གསུམ་པ་བྲི་བ་ནི། བསེ་རུ་ལ་དབུས་གྲུ་བཞི་སྐེད་ཉག །དེའི་ཕྱིར་འདབ་མ་བཅུ་གཉིས། ནེ་ཙོའི་ཆུང་བ་ལས་པདྨ་འདབ་བཞི། དེའི་ཕྱིར་བརྒྱད། ཚོགས་སྤྱོད་ཆེ་འབྲིང་ལ་རང་རྒྱུད་པ་དང་། སྤྲུལ་པའི་འདབ་མ་བཅུ་གཉིས་པ་གཉིས་སོ། །ཐམས་ཅད་ཀྱི་ལྟེ་བ་སེར། འདབ་མ་དམར། མཚམས་མཛེས་ཚོན། སྒོ་རྟ་བབས་སོགས་སྤྱི་དང་འདྲ། ཕྱིའི་ཁྱམས་སུ་དཔག་བསམ་ཤིང་རྩ་བ། མྱུ་གུ། སྡོང་བུ། ལོ་མ། མེ་ཏོག །འབྲས་བུ་དང་། ནམ་མཁའ་རླུང་མེ་ཆུ་ས་དུས་ཀྱི་ཁ་དོག་དང་། མ་རིག་པ་སོགས་རྟེན་འབྲེལ་བཅུ་གཉིས་ཀྱི་མཚན་མ་དགོད་དོ། །ཞེས་གསུངས་པས་ས་བཅད་དང་པོ་བསྟན་པ་དེ་ཉིད་ཕྱག་བཞེས་སུ་ཇི་ལྟར་བྲི་བ་ནི། ཟུར་ལུགས་རྩ་བའི་དགོངས་པ་ལྟར་ན་བསེ་རུ་ལྟ་བུ་དང་། ནེ་ཙོ་ལྟ་བུའི་དཀྱིལ་འཁོར་གཉིས། ནེ་ཙོའི་ཚོགས་སྤྱོད་ལ་རང་རྒྱུད་པ་དང་སྤྲུལ་པའི་གཉིས་ཏེ་གསུམ་མམ་བཞི་ཙམ་ལས་མ་གསུངས་པ་འདྲ་ཞིག་སྣང་ཡང་། རང་ལུགས་ཀྱི་བླ་མའི་གསན་ཡིག་རྣམས་སུ་རང་རྒྱལ་ལ་དཀྱིལ་འཁོར་ལྔར་གསུངས་ཏེ། བསེ་རུ་ལྟ་བུ་དང་། ནེ་ཙོ་ལྟ་བུ་གཉིས། རྟེན་འབྲེལ་བཅུ་གཉིས། རང་རྒྱལ་བཅུ་གཉིས། ཚོགས་སྤྱོད་ཆེ་ཆུང་བསྡོམས་པ་སྟེ་ལྔར་གསུངས། དེ་ཡང་གསུང་རབ་སྤྱི་སྐད་ལ་བསེ་རུ་ལྟ་བུ་ནི་གཅིག་པུར་གནས་པ་ཡིན་པས་གཅིག་པུར་སྤྱོད་པ་ཟེར། ནེ་ཙོ་ལྟ་བུ་ནི་མང་དུ་འདུས་ཤིང་གནས་པ་ཡིན་པས་ཚོགས་ན་སྤྱོད་པ་ཟེར། ཀཿཐོག་ལུགས་ལ་བསེ་རུ་དང་ནེ་ཙོ་ལྟ་བུ་རེ་རེ་སྟེ་དཀྱིལ་འཁོར་གཉིས་སུ་བཤད། གླན་བན་བསོད་ནམས་མགོན་པོ་སོགས་བསྡོམས་ཏེ་གཅིག་ཏུ་བཞེད་པ་ཡང་འདུག་ཅིང་། མདོར་ན་བསེ་རུ་ནེ་ཙོ་གཉིས་སམ་གཅིག་དྲིལ་ཙམ་གྱིས་འཐུས་པར་སྣང་ཡང་། ཟུར་ཧྭཾ་ཤཱཀ་འབྱུང་གི་ལྷ་ཐེམས་དང་། རིག་འཛིན་རྗེའི་དངོས་སློབ་ཨུ་རྒྱན་པ་སོགས་ཀྱི་ལྔར་བཤད་པ་བཞིན་བྲིས་ཀྱང་ཆོག་མོད། ཕྱག་ལེན་འཇུག་པ་བདེ་ཕྱིར་བསེ་རུ་ནེ་ཙོ་གཉིས་སུ་བསྡུས་ན་ལེགས་ཤིང་། དེ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱི་མཚན་མ་ནི་ཁྱམས་སུ་བཀོད་ལ། རང་རྒྱལ་བཅུ་གཉིས་ཀྱི་ཐུགས་རྒྱུད་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་དོན་གནས་ཕྱིར། རྟེན་འབྲེལ་དོན་ལ་བརྟེན་གནས་ཕྱིར། །ཞེས་ཀྱང་གསུངས་ཤིང་། འཕགས་པ་རང་རྒྱལ་དེ་རྣམས་གཅིག་པུར་གནས་པའི་ཚེ་བསེ་རུ་ལྟ་བུ་དང་། འདུས་ཏེ་གནས་པའི་ཚེ་ནེ་ཙོ་ལྟ་བུར་བཏགས་པ་ཡིན་པས་ནེ་ཙོ་ལྟ་བུའི་ཁོངས་སུ་ཚོགས་སྤྱོད་ཆེ་འབྲིང་གི་སྤྲུལ་པ་དང་རང་རྒྱུད་ཀྱང་འདུས་སོ། །འོན་ཀྱང་ཚོགས་སྤྱོད་ཆེ་འབྲིང་གི་སྤྲུལ་པ་དང་རང་རྒྱུད་པ་གཉིས་ཉན་ཐོས་ཀྱི་སྐབས་ཀྱི་མཆོག་བཅུ་དྲུག་དང་གཅིག་པར་བཤད་འདུག་པས་སྤྲོ་ན་དེ་བཞིན་དུ་ཕྱེ་ལ། བསྡུ་ན་སྔ་མ་སོང་བས་འཐུས། དཀྱིལ་འཁོར་རྒྱས་པར་ཕྱེ་ན་མདུན་བསྐྱེད་སྒྲུབ་མཆོད་སྐབས་ཀྱང་ཅུང་ཟད་མི་བདེ་བས་འདིར་གཉིས་སུ་བསྡུས་ན་མི་འགལ་ཞིང་ལེགས་ལ་ཕྱག་ལེན་ཡང་དེ་བཞིན་ཤས་ཆེ་བས། བསེ་རུ་ལྟ་བུ་ལ་དབུས་སུ་གྲུ་བཞི་སེར་པོ་རྐེད་ཉག །དེ་ཕྱིར་འདབ་མ་དམར་པོའམ་མཛེས་ཚོན་བཅུ་གཉིས། ནེ་ཙོ་ལྟ་བུའི་ལྟེ་བ་སེར། དེའི་ཕྱིར་འདབ་བཞི། དེའི་ཕྱིར་འདབ་བརྒྱད་གསུངས་ཀྱང་ཕྱག་ལེན་དུ་བཅུ་གཉིས་རྣམས་དམར་པོའི་མཛེས་ཚོན་རྩིག་པ་ལྔའི་ཁ་དོག་ཉན་ཐོས་དང་འདྲ། ཁྱམས་སྒོ་རྟ་བབས་དང་། དཀྱིལ་འཁོར་གཉིས་ཀའི་རྟ་བབས་ཀྱི་ཁྱམས་སུ་དཔག་བསམ་གྱི་ཤིང་རྩ་བ། མྱུ་གུ། སྡོང་བུ། ལོ་མ། མེ་ཏོག །འབྲས་བུར་བཅས་པ་དང་། ནམ་མཁའ་རླུང་མེ་ཆུ་ས་དང་། དཔྱིད་སོགས་དུས་བཞིའི་ཁ་དོག་གམ་མིང་བྲི། ཕྱིའི་ཁོར་ཡུག་གི་ཁྱམས་ལ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱི་མཚན་མ་བྲི་བ་ནི། མ་རིག་པ་རྒན་མོ་ལོང་བ། འདུ་བྱེད་རྫ་མཁན་རྫ་བཟོ་ཚུལ། རྣམ་ཤེས་སྤྲེའུ། མིང་གཟུགས་གང་ཟག་གྲུར་ཞུགས་པ། སྐྱེ་མཆེད་གྲོང་ཁྱེར། རེག་པ་འོ་བྱེད་པ། ཚོར་བ་པུས་མོ་ལ་མདའ་ཟུག་པ། སྲེད་པ་འོ་ཐུག་འཐུང་བ། ལེན་པ་མེ་ཏོག་འཐུ་བ། སྲིད་པ་ཕོ་མོ་འཁྲིག་པ་སྤྱོད་པ། སྐྱེ་བ་སྦྲུམ་མ་བུ་སྐྱེ་བ། རྒ་ཤི་རྒུད་པ་ཤི་བ་ལྟ་བུའི་མཚན་མ་དང་། དེའི་ཕྱིར་ཁམས་གསུམ་མཚོན་བྱེད་པད་རྡོར་མེ་རི་གསུམ་བྲིའོ། །རྩ་བར། གཉིས་པ་ཁུངས་ནི་རྩ་བའི་བསྟོད་པ་ལས། རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འཕགས་པའི་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་པ་རབ་ཞུགས་པའོ། །ཞེས་སོ། །ཞེས་གསུངས་པས་རྟོགས་པར་སླ། རྩ་བར། གསུམ་པ་མཆོད་པ་བཤམ་པ་ནི་ཉན་ཐོས་དང་མཐུན། བུམ་པ་ལ་ཀེང་རུས་ཀྱི་མཚན་མ་བྱའོ། །ཞེས་གསུངས་པའི་དོན་ནི། དཀྱིལ་འཁོར་གཉིས་ཀྱི་བཤམ་ཚུལ་གོང་དུ་བཤད་པ་དང་འདྲ་བར་བྱས་ཏེ་སོ་སོའི་མཐར་སྔ་མ་ལྟར་མཆོད་པ་གཡས་སྐོར་དང་། དཀོན་མཆོག་སྤྱི་གཏོར་གྱི་གཏོར་མ་རེ་ཡང་བཤམ། དཀྱིལ་འཁོར་གཉིས་ཀའི་དབུས་སུ་སྟོན་པའི་སྐུ་བྲིས་འབུར་གང་བདེ་དང་། འདབ་མ་བཅུ་གཉིས་ལ་རང་རྒྱལ་བཅུ་གཉིས། ཕྱི་མའི་ནང་གི་འདབ་མ་བཞིར་འཁོར་རྣམ་བཞིའི་ཙཀླི་བཙུགས། གསུང་རྟེན་དང་ཐུགས་རྟེན་ཡང་ཅི་རིགས་སུ་བཤམས། བུམ་པ་ནི་ས་བཅད་གསུམ་པ་དང་བཞི་པ་ལས་ཇི་ལྟར་བྱུང་བ་ལྟར་བུམ་རྫས་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་ཀེང་རུས་སམ་ཐོད་སྐམ་གྱི་མཚན་མ་གདགས། ཙནྡན་དཀར་པོ་བརྡར་ཕྱེ་དང་སྣག་ཚ་བསྲེས་པས་མེ་ལོང་ལ་རྟེན་འབྲེལ་སྙིང་པོ་ཚར་བདུན་བྲིས་པའི་ཚར་རེ་རེ་ལ་ལན་བདུན་བདུན་བཟླས་ཏེ་བུམ་པའི་ཁར་བཞག་སྟེ། དཀྱིལ་འཁོར་གཉིས་པོ་གང་རུང་གི་དབུས་སུ་མཉྫི་ལ་བཀོད། ཞི་ཁྲོ་དང་ཆོས་སྲུང་གི་གཏོར་མ་རྣམས་ཁ་གསོ། ཆ་གསུམ་སོགས་སྔར་ལྟར་བཤམ། སྔོན་རྟེན་གྱི་སྐུའི་དྲུང་དུ་ཡང་མཆོད་པ་རྒྱས་པར་བཤམ། དབང་རྫས་རྣམས་ཀྱང་སྟ་གོན་བྱ། རྩ་བར། བཞི་པ་རབ་གནས་ནི་དཀྱིལ་འཁོར་གྱི་གཞི་དྲི་བཟང་གིས་བྱུངས་པར་བུམ་པ་མ གུལ་ཆིངས་ཁ་རྒྱན་བུམ་རྫས་འབྲུ་ཆུས་བཀང་བའི་གཟུངས་ཐག་དྲང་ཞིང་མཆོད་པ་བསང་སྦྱང་བྱིན་བརླབ་སྐྱབས་འགྲོ་ཚད་མེད་པ་བཞི་སྒོམ། ཙནྡན་དཀར་པོ་བརྡར་བའི་སྣག་ཚས་མེ་ལོང་ལ་རྟེན་འབྲེལ་སྙིང་པོ་ཚར་བདུན་བྲི། ཚར་རེ་རེ་ཞིང་ལན་བདུན་བདུན་བཟླས་ཏེ་བུམ་པའི་ཁར་བཞག །དེར་ཟླ་བ་ལ་སྔགས་ཕྲེང་དཀར་པོ་ལས་འོད་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཞུ། ཚུར་འདུས་བུམ་པར་ཐིམ་པར་བསམ་ཞིང་ལག་པ་གཡས་པ་བུམ་པ་ལ་བཀབ་སྟེ་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་མེ་ལོང་གི་ཆུ་བུམ་པར་བླུག་གོ། །ཡང་སྔགས་ཕྲེང་གི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་ཐོས་སོགས་སྤྱན་དྲངས་རྟེན་དང་དཀྱིལ་འཁོར་གྱི་ལྷ་ལ་ཐིམ་པར་བསམ། དེ་ནས་ལུགས་སྐུ་ལ་སོགས་ལ་དངོས་སུ་ཁྲུས་གསོལ། རས་བྲིས་པོ་ཏི་སོགས་ལ་མེ་ལོང་གིས་ཁྲུས་གསོལ་ལ། དེའི་ཆུས་མཆོད་རྫས་ཐམས་ཅད་ལ་གཏོར་ཏེ་མ་དག་པ་སྦྱངས། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ཞིང་སྔགས་བཟླས་པས་བྱིན་གྱིས་བརླབ་བོ། །ཞེས་གསུངས་པ་རྣམས་ཀྱི་དོན་ནི་བདག་མདུན་བུམ་གསུམ་གྱི་ཆོ་ག་ལས་ཐོན་པས། ཐོག་མར་ས་གཞི་དང་མཆོད་པ་བྱིན་བརླབ། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་རྣམས་སྔ་མ་དང་འདྲ་བར་བྱ། བདག་བསྐྱེད་ནི་ཀཿ ཐོག་ལུགས་སུ་དཀྱིལ་འཁོར་ཡོངས་རྫོགས་སུ་མཛད་འདུག་པ་རྒྱས་པའི་ཡན་ལག་ཏུ་འགལ་བ་མེད་མོད། འདིར་ཉན་ཐོས་ཀྱི་སྐབས་ལྟར་ཐུབ་པ་གཙོ་རྐྱང་གི་བདག་བསྐྱེད་བཟླས་པ་མུ་ནེ་དང་རྟེན་འབྲེལ་སྙིང་པོ་ཆ་མཉམ་སྟེ་བཟླས་སོ། །བུམ་བསྐྱེད་ནི་རབ་གནས་དུས་སུ་གཟུངས་སྒྲུབ་ཁོ་ན་བཤད་ཀྱང་མཆན་བུར་བུམ་ནང་དུ་ཐུབ་པ་བསྐྱེད་པར་གསུངས་པས། དེའི་ཚུལ་ནི་ཐོག་མར་བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པད་ཟླའི་གདན་ལ་ཐུབ་དབང་སེར་པོ་ས་གནོན་མཉམ་བཞག་ཅན་ཆོས་གོས་སུམ་ལྡན་མཚན་དཔེས་སྤྲས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། འོག་མིན་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿ ཧུཾ་བཾ་ཧོཿ པདྨ་ཀ་མ་ལ་ཡེ་སྟྭཾ། མ་ཧཱ་མུ་ནེ་ཨརྒྷཾ་སོགས་ཀྱིས་མཆོད། རྣམ་དག་སྐུ་མངའ་མས་བསྟོད། གཟུངས་ཐག་ནས་བཟུང་སྟེ་མུ་ནེ་ཅི་རིགས་པར་བཟླས། བུམ་པའི་སྟེང་གི་མེ་ལོང་ལ་དམིགས་ཏེ་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་དཀར་པོ་ལས་འོད་འཕྲོས། སྣང་སྲིད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཞུ། ཚུར་འདུས་བུམ་པར་ཐིམ་པར་བསམ་ཞིང་། ལག་གཡས་བུམ་པ་ལ་བཀབ་པའམ་བཀབ་པའི་ཚུལ་བྱས་ཏེ་ཡེ་དྷརྨཱ་བརྒྱ་རྩ་བཟླས། མེ་ལོང་བཀྲུས་པའི་ཆུ་བུམ་པར་བླུག །སླར་ཡང་བུམ་ནང་གི་ལྷའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་ཐམས་ཅད་སྤྱན་དྲངས་ཏེ་བུམ་པར་ཐིམ་པར་བསམས་ལ་ཡེ་དྷརྨཱ་ཅི་རིགས་བཟླས། མཆོད་བསྟོད་སྔར་བཞིན་བྱས་ཏེ་ཐུབ་པ་འོད་དུ་ཞུ་བ་བུམ་ཆུར་གྱུར་པར་བསམ་མོ། །ལས་བུམ་ཡང་སྔ་མ་ལྟར་སྒྲུབ་པའི་རྣམ་བུམ་གྱིས་ཀྱང་འཐུས་སོ། །མདུན་བསྐྱེད་སྒྲུབ་པ་ནི། རྩ་བར། ལྔ་པ་ཆོག་གཞུང་། དྲུག་པ་ཆ་གསུམ། བདུན་པ་དཔང་སྐོང་། བརྒྱད་པ་ཁྲུས། དགུ་པ་སྡོམ་རྟེན། བཅུ་པ་ཁྲི། བཅུ་གཅིག་པ་རྒྱན་ལྡན། བཅུ་གཉིས་པ་སྟོན་པ། བཅུ་གསུམ་པ་གསོལ་བཏབ། བཅུ་བཞི་པ་སྡོམ་པ་ཡན་ཆད་ཉན་ཐོས་དང་མཐུན་ནོ། །ཞེས་འབྱུང་ཞིང་། རྩ་བའི་ས་བཅད་ཀྱི་དབང་དུ་བྱས་ན་ཁྲི་དང་ཁྲིར་འཛེག་པ་གཉིས་ཐ་དད་ཡིན་ཀྱང་འདིར་གཅིག་ཏུ་བསྡོམས་འདུག་ཅིང་། ས་བཅད་ལྔ་པ་ནས་བཅུ་བཞི་པའི་བར་ཉན་ཐོས་དང་མཐུན་པས་གོང་བཞིན་བགྱིས་པས་ཆོག་པར་སེམས་ཀྱང་། མདུན་བསྐྱེད་སྐབས་དཀྱིལ་འཁོར་གྱི་ལྷའི་ཁྱད་པར་དང་། ཆོ་ག་ཡང་ཅུང་ཟད་མི་འདྲ་བ་འདུག་ཅིང་། རྩ་བར། དེ་ནས་དཀྱིལ་འཁོར་བསྐྱེད་ལ་ཞེས་གསུངས་པའི་དོན་ལྟར་མདུན་བསྐྱེད་བྱ་བ་ནི། རྣམ་བུམ་གྱི་ཆུས་དཀྱིལ་འཁོར་དང་གནས་ཁང་མཆོད་རྫས་རྣམས་ལ་གཏོར་ཞིང་རྟེན་འབྲེལ་སྙིང་པོ་བཟླས་བས་མ་དག་པ་སྦྱངས་ཤིང་མཆོད་པའི་ཡོ་བྱད་རྣམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ་མོ། །དཀྱིལ་འཁོར་གཉིས་བསངས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ་སེར་མཐིང་དམར་ལྗང་དཀར་བའི་རྩིག་པ་ལྔའི་སྟེང་ན་ཕ་གུ་སེར་པོ་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང་མདའ་ཡབ་དང་པུ་ཤུས་བརྒྱན་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་བཞིས་བཏེག་པའི་དབུས་ཕྱུར་བུར་གྱུར་པ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་པ་བུམ་པ་བྲེ་ཆོས་འཁོར་གདུགས་ཏོག་དང་བཅས་པའི་ཕྱི་རོལ་ཏུ་འདོད་ཡོད་ཀྱི་སྣམ་བུ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཕྱིའི་ཁོར་ཡུག་ཏུ་སྣ་ཚོགས་པདྨ་རྡོ་རྗེའི་ར་བ་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་གི་ཁྱམས་དབུས་སྔོ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བའི་དང་པོར་དབུས་གྲུ་བཞི་རྐེད་ཉག་གི་ཕྱིར་འདབ་མ་བཅུ་གཉིས་དང་། ཕྱི་མར་ནང་འདབ་མ་བཞི་དེའི་ཕྱིར་བཅུ་གཉིས་ཏེ་དཀྱིལ་འཁོར་གཉིས་སུ་གྱུར། དཀྱིལ་འཁོར་གཉིས་ཀྱི་དབུས་སུ་པད་ཟླའི་གདན་ལ་ཐུབ་པ་ཤཱཀྱའི་རྒྱལ་པོ་གསེར་མདོག་མཚན་དཔེས་སྤྲས་པ་ས་གནོན་མཉམ་གཞག་ཅན་ཆོས་གོས་རྣམ་པ་གསུམ་དང་ལྡན་པ་འོད་ཟེར་ཀུན་ནས་འཕྲོ་བ་མཐོང་ན་མི་མཐུན་པ་མེད་པའི་བདག་ཉིད་དུ་གྱུར། དཀྱིལ་འཁོར་གཉིས་ཀྱི་འདབ་མ་བཅུ་གཉིས་པོར་ཤར་ནས་རིམ་བཞིན་འཕགས་པ་རང་རྒྱལ་བཅུ་གཉིས་ནི། འཇིགས་མེད་རྡོ་རྗེ་བསྣམས་པ། སྣང་བ་བརྩེགས་པ་རིན་པོ་ཆེ་འཛིན་པ། དཔའ་བོ་འདུལ་བ་རྡོ་རྗེ་རྩེ་ལྔ་པ། ཉོན་མོངས་གདུང་སེལ་བསིལ་ཡབ། ཤེས་རབ་མགྱོགས་ཆེན་ཟླ་ཚེས། རྫུ་འཕྲུལ་ཆེར་སྟོན་མེ་དཔུང་། གདུང་བ་སེལ་བྱེད་དུང་། སྒྲ་ཆེན་པོ་ཆ་ལང་། བསེ་རུ་ལྟ་བུ་མཉམ་གཞག །རི་རྒྱལ་རིན་པོ་ཆེའི་སྙེ་མ། སེང་གེ་ལྟ་བུ་རྡོ་རྗེ། ཡིད་མྱུར་རྔ་ཡབ་བསྣམས་ཤིང་ཐམས་ཅད་ཀྱང་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་གཙུག་ཏོར་ཅུང་ཟད་དང་བཅས་པའོ། །དཀྱིལ་འཁོར་ཕྱི་མའི་ནང་གི་འདབ་མ་བཞིའི་ལྷོ་བྱང་དུ་དགེ་སློང་ཕ་མ་གཉིས་རབ་ཏུ་བྱུང་བའི་ཆ་ལུགས་འཁར་གསིལ་ལྷུང་བཟེད་འཛིན་ཅིང་། ཤར་ནུབ་ཏུ་དགེ་བསྙེན་ཕ་མ་གཉིས་ཁྱིམ་པའི་ཆ་ལུགས་ཅན་ནོ། །གཉིས་ཀའི་སྒོ་བཞིར་ཤར་དུ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་མིག་མི་བཟང་། བྱང་དུ་རྣམ་ཐོས་སྲས་རྣམས་བཞུགས་པའོ། །ལྷ་ཚོགས་དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ༀ་བཛྲ་ས་མ་ཡ་ཛཿ ཞེས་སྙན་གསན་དབབ། སྤོས་བཏུལ་ཞིང་རྡོར་དྲིལ་འཛིན་པས། རྩ་བར། ཧཱུཾ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འདས་དང་མ་བྱོན་ད་ལྟར་གྱི། །དཀོན་མཆོག་བླ་མེད་རིན་ཆེན་གསུམ། །འགྲོ་བ་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ཏེ་གཤེགས་སུ་གསོལ། །ༀ་ཡེ་དྷ་རྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་དང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ནས། ཡེ་ཤེས་པ་འཇུག་པའི་བར་ཉན་ཐོས་བཞིན་ནོ། །བཞུགས་གསོལ་ནི། རྩ་བར། གནས་མཆོག་གཞལ་ཡས་ཕོ་བྲང་འདིར། །རིན་ཆེན་པདྨའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་ཨེ་དྷརྨཱ༴ ཕྱག་འཚལ་བ་ནི་རྩ་བར། དཀོན་མཆོག་བླ་མེད་རིན་ཆེན་གསུམ། །སྐུ་ནི་རྟེན་ཅིང་འབྲེལ་བའི་སྐུ། །གསུང་ནི་རྟེན་འབྲེལ་འགག་མེད་སྟོན། །ཐུགས་ནི་རྟེན་འབྲེལ་ཐམས་ཅད་མཁྱེན། །སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །རྟེན་འབྲེལ་སྙིང་པོ། སྐབས་འདིར་དཔང་སྐོང་ཕྱག་བརྒྱ་པ་ཚར་གཅིག་འདོན། དཀྱིལ་འཁོར་གཉིས་ཀྱི་མཆོད་ཕྲེང་ནི། སྤོས་མར་མེ་རྣམས་སྤར་ཞིང་། རྩ་བར། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བླ་མེད་དཀོན་མཆོག་གསུམ་ལ་འབུལ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཡེ་དྷརྨཱ༴ ༀ་བུདྡྷ་དྷརྨ་སཾ་གྷ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྟེན་ཅིང་༴ ལྷ་རྫས་དམ་པའི་བདུག་སྤོས་འདི། །བླ་མེད༴ རྟེན་ཅིང་༴ འགྲོ་བ༴ ཐུགས་རྗེས༴ ཡེ་དྷརྨཱ༴ ༀ་བུདྡྷ༴ དྷཱུ་པེ༴ རྟེན་ཅིང་༴ ལྷ་རྫས་དམ་པའི་མེ་ཏོག་འདི། །བླ་མེད༴ རྟེན་ཅིང་༴ འགྲོ་བ༴ ཐུགས་རྗེས༴ ཡེ་དྷརྨཱ༴ ༀ་བུདྡྷ་༴ པུཥྤེ༴ རྟེན་ཅིང་༴ ལྷ་རྫས་དམ་པའི་མར་མེ་འདི། །བླ་མེད༴ རྟེན་ཅིང་༴ འགྲོ་བ༴ ཐུགས་རྗེས༴ ཡེ་དྷརྨཱ༴ ༀ་བུདྡྷ༴ ཨཱ་ལོ་ཀེ༴ རྟེན་ཅིང་༴ ལྷ་རྫས་དམ་པའི་དྲི་མཆོག་འདི། །བླ་མེད༴ རྟེན་ཅིང་༴ འགྲོ་བ༴ ཐུགས་རྗེས༴ ཡེ་དྷརྨཱ༴ ༀ་བུདྡྷཱ༴ གནྡྷེ༴ རྟེན་ཅིང་༴ ལྷ་རྫས་དམ་པའི་ཞལ་ཟས་འདི། །རྟེན་ཅིང་༴ འགྲོ་བ༴ ཐུགས་རྗེས༴ ཡེ་དྷརྨཱ༴ ༀ་བུདྡྷ༴ ནཻ་ཝི་དྱ༴ རྟེན་ཅིང་༴ ལྷ་རྫས་དམ་པའི་རོལ་མོ་འདི། །བླ་མེད༴ རྟེན་ཅིང་༴ འགྲོ་བ༴ ཐུགས་རྗེས༴ ཡེ་དྷརྨཱ༴ ༀ་བུདྡྷཱ་དྷརྨཱ་སཾ་གྷ་ས་པ་རི་ཝཱ་ར་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བསྟོད་པ་ནི། རྣམ་དག་སྐུ་མངའ་སོགས་ཐུབ་བསྟོད་དང་། རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་ཞུགས་པའི། །རང་རྒྱལ་རྣམས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཞེས་སོགས་ཀྱིས་སྤྱིར་བསྟོད། བཟླས་པ་མུ་ནེ་དང་རྟེན་འབྲེལ་སྙིང་པོ་ཅི་རིགས་བཟླས་སོ། །སྨན་བླའི་མདོ་ཆོག་དང་གནས་བཅུའི་ཆོ་ག་བྱེད་པར་གསུང་པས་གྲུབ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་པས་ཉན་ཐོས་ལྟར་བྱ་ཞིང་། མ་གྲུབ་ཀྱང་འདིར་དཀྱིལ་འཁོར་ལ་དམིགས་བསལ་མེད་པས་ཆད་པའི་སྐྱོན་མེད་དམ་སྙམ། དཀྱིལ་འཁོར་བརྟན་བཞུགས་ནི། རྩ་བར། རྒྱལ་བ་འཁོར་དང་བཅས་པ་རྣམས། །འགྲོ་བ་སེམས་ཅན་དོན་སླད་དུ། །ཇི་སྲིད་ཆོ་ག་མ་གྲུབ་བར། །ཐུགས་རྗེས་དགོངས་ཏེ་བཞུགས་སུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བདེན་བརྗོད་ནི། ༀ་ཡེ་དྷརྨཱ༴ རྩ་བར། རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་རླབས་ཀྱིས། །བདེན་པར་གསུངས་པ་དེ་ལ་སྡིག་མེད་ཅིང་། །ལྷར་བཅས་ལྷ་མིན་གྱིས་རྟག་མཆོད་པ་ཡི། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །ༀ་ཡེ་དྷརྨཱ༴ དམ་ཆོས་བདུད་རྩི་ཐམས་ཅད་མཁྱེན་པ་ཡི། །ཞལ་ནས་གསུང་པ་བསིལ་བའི་རོ་འདི་ཡིས། །ཉོན་མོངས་འབར་བའི་མེ་ཡིས་གདུངས་པ་ཡི། །འགྲོ་བའི་སྡུག་བསྔལ་རྟག་ཏུ་ཞི་བྱེད་ཤོག །ༀ་ཡེ་དྷརྨཱ༴ འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ཞེས་པ་ནས་ཤོག་ཅིག་བར་བརྗོད། ༀ་ཡེ་དྷརྨཱ༴ ཞེས་པས་མེ་ཏོག་ཕྱོགས་ཐམས་ཅད་དུ་གཏོར་རོ། །ཆ་གསུམ་ཡང་ཉན་ཐོས་སྐབས་ལྟར་བཏང་། འོག་ཏུ་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་བདག་འཇུག་ཀྱང་བླང་ངོ་། །དེ་ནས་སློབ་མ་ཉན་ཐོས་ཀྱི་ཐེག་པའི་སྒོར་ཞུགས་ཏེ་སྡོམ་པར་ལྡན་པ་རྣམས་བོས་ཏེ་གྲལ་ལ་འཁོད་པ་ལས། ཁྲུས་བགེགས་གཏོར་མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་སོགས་སྔ་མ་ལྟར་རོ། །བླ་མས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འདིར་འདུས་པ་མདོའི་ཡན་ལག་གི་དཀྱིལ་འཁོར་རང་རྒྱལ་གྱི་ཐེག་པའི་སྒོར་ཞུགས་ཏེ་སྨིན་གྲོལ་གྱི་དོན་ཚུལ་བཞིན་དུ་ཉམས་སུ་བླངས་ཏེ་སེམས་ཅན་གྱི་དོན་བགྱིད་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་མངོན་དུ་བཏང་སྟེ་གསན་འཚལ། གསན་བྱའི་ཆོས་ནི་འདིར་རང་རྒྱལ་གྱི་ཐེག་པའི་སྒོར་འཇུག་པར་བྱེད་པ་ལ་སློབ་དཔོན་གྱི་བགྱི་བར་འོས་པ་དཀྱིལ་འཁོར་བྲི་བ་ནས་སྒྲུབ་མཆོད་བདག་འཇུག་གི་བར་དུ་ལེགས་པར་སོང་། བྱེ་བྲག་ཏུ་ཉན་རང་གི་ཐེག་པའི་ལུགས་ལ་བརྒྱད་པ་ཁྲུས་བྱ་བ་དང་། དགུ་པ་སྡོམ་རྟེན་གྱི་ཡོན་འབུལ་བ། བཅུ་པ་བླ་མའི་ཁྲིའི་ཁྱད་པར་དང་དེ་ལ་འཛེག་ཚུལ། བཅུ་གཅིག་པ་རྒྱན་ནི་ཚུལ་ཁྲིམས་ཡིན་པས་རབ་ཏུ་བྱུང་བའི་ཆས་བྱ་བ་དང་། བཅུ་གཉིས་པ་སྟོན་པ་སྒོམ་པ་ནི་བླ་མ་ཐ་མལ་པར་མི་ལྟ་བར་སྟོན་པ་དངོས་དང་མཚུངས་པར་ལྟ་དགོས་པ་སོགས་ཁ་སང་ཉན་ཐོས་ཀྱི་ཆོ་གའི་སྐབས་ནས་ཇི་ལྟར་བཤད་པ་ལས་གཞན་དུ་མེད་པས་དེ་བཞིན་དུ་གསལ་འདེབས་པ་དང་། བཅུ་གསུམ་པ་གསོལ་བ་གདབ་པ་ནི་ད་ལྟ་འབྱུང་། བཅུ་བཞི་པ་སྡོམ་པ་ཡང་ཉན་ཐོས་དང་མཐུན་པ་ཡིན་པར་ཁ་སང་རྒྱས་པར་སོང་བ་དེས་ཁྱབ་པ་ཡིན། རྩ་བར། བཅོ་ལྔ་པ་བསླབ་བྱ་ནི་བཟོད་པ་འབྲིང་ཡན་ཉན་ཐོས་ལྟར། འབྲིང་ནས་ཉན་རང་སོ་སོར་འབྱེད་པའོ། །ཞེས་གསུངས་པས་རྟོགས་པར་སླ། རྩ་བར། བཅུ་དྲུག་པ་བུམ་དབང་ནི། དཀའ་ཐུབ་ཤོར་ནས་རྫུ་འཕྲུལ་ཉམས་འགྲོ་བ་ལྟར་དཀའ་ཐུབ་ལྡན་པས་དབང་བསྐུར་དགོས་པའི་ཕྱིར་སྡིག་བཤགས། གསོ་སྦྱོང་བླངས། རྟེན་འབྲེལ་སྙིང་པོ་བཟླས། ཁྲུས་བྱས། བཀྲ་ཤིས་བརྗོད། ཅེས་གསུངས་པས་སྡིག་བཤགས་ཀྱི་དོན་ལྟུང་བ་སྤྱི་བཤགས་བྱ་ཞིང་། གསོ་སྦྱོང་བླངས་པས་སྡོམ་པ་གོང་འཕེལ་དུ་འགྱུར་བས། དེ་ད་ལྟ་ཉིད་དུ་མངོན་དུ་འགྱུར་ཞིང་། དེ་བཞིན་དུ་ཡེ་དྷར་གྱི་བཟླས་པ་དང་ཁྲུས་བཀྲ་ཤིས་སོགས་ཀྱང་དབང་གི་སྐབས་སུ་ཞར་ལ་འགྲོ་བ་ལགས། རྩ་བར། བཅུ་བདུན་པ་ཁྲིམས་ནི་དྲང་སྲོང་གི་བརྟུལ་ཞུགས་སྨྲ་བཅད་དང་རྫུ་འཕྲུལ་ལོ། །ཞེས་གསུངས་པ་ལུང་ལས་ཀྱང་རང་སངས་རྒྱས་རྣམས་ནི་ལུས་ཀྱིས་ཆོས་སྟོན་ཞིང་ངག་གིས་ཆོས་མི་སྟོན་པར་གསུངས་པས། ལུས་ཀྱི་སྒོ་ནས་སྟོད་ན་མེ་འབར་བ། སྨད་ནས་ཆུ་འབྲུབ་པ་སོགས་ཚུལ་སྣ་ཚོགས་ཀྱིས་འགྲོ་བ་འདུལ་བ་ཡིན། རྩ་བར། བཅོ་བརྒྱད་པ་ཁྲིམས་ཆས་ནི་རབ་བྱུང་ཡིན་ཡང་སྣམ་སྦྱར་དང་འཁར་གསིལ་མེད་དོ། །ཞེས་པ་གོ་སླ། རྩ་བར། བཅུ་དགུ་པ་ལྷ་ནི་ཀུན་གྱི་གཙོ་བོ་ཐུབ་པ་ཡིན་ལ། རང་རྒྱལ་རྣམས་ཀྱང་བསླབ་སྦྱངས་མཐར་ཕྱིན་པས་སྨོན་པ་ཡིད་བཞིན་འགྲུབ་ཅིང་། བློ་ཆེ་ཆུང་གིས་བསེ་རུ་ནེ་ཙོ་གཉིས་སུ་བྱུང་ལ། ཡེ་ཤེས་གཅིག་པས་གཙོ་བོ་གཅིག་པའོ། །རྟེན་འབྲེལ་ལ་གྲངས་རིགས་མང་ཡང་གཙོ་བོ་བཅུ་གཉིས་སུ་འདུས་པས་གྲངས་བཅུ་གཉིས་སུ་ངེས་པའོ། །ཞེས་གསུངས་པས་ལམ་ལ་བསླབ་པའི་ཚེ་བློ་ཆེ་ཆུང་གིས་གཅིག་པུ་དང་། ཚོགས་སྤྱོད་གཉིས་ཡོད་ཀྱང་ཉམས་ལེན་གྱི་གནད་གཅིག་པའི་ཚུལ་དང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ཏུ་བསྒོམས་པས་རྟེན་འབྲེལ་ཐམས་ཅད་དེར་འདུ་ཚུལ་ལོ། །རྩ་བར། ཉི་ཤུ་པ་ཆོས་བཤད་པ་ནི་བརྗོད་པ་སྒྲར་བཅས་རྣམ་གཡེང་གི་སྐྱོན་རིག་པས་སྨྲ་བ་བཅད་དེ་བརྡའི་ཆོས་སྟོན་པའོ། །ཞེས་གསུངས་པས་ངག་གི་ཆོས་མི་སྟོན་པའི་རྒྱུ་མཚན་གསུངས་པ་ཡིན། དེ་ལྟར་ལམ་དེར་འཇུག་པར་བྱེད་པ་ལ་ཐེག་པ་འདིའི་ལུགས་ལ་འཇུག་སྒོ་སྡོམ་པ་དང་དངོས་གཞི་དབང་འཁྲིད་གཉིས་ཡིན་པས། དེས་ན་བླ་མ་དང་ཐུབ་པའི་དབང་པོ་གཉིས་སུ་མེད་པ་ལ་རང་རྒྱལ་གྱི་ཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་བཅུ་གསུམ་པ་གསོལ་བ་གདབ་པ་ཉན་ཐོས་དང་འདྲ་བར་གསུངས་པའི་ཕྱིར། ལུགས་དེར་ཉན་ཐོས་རང་གཞུང་དང་། ཐེག་ཆེན་ཁ་སྐོང་གི་ལུགས་གཉིས་སུ་བཤད་པས། དང་པོར་དཀོན་མཆོག་གསུམ་ལ་ཕྱག་བྱ་བ་ནི། དཀྱིལ་འཁོར་ན་བཞུགས་པའི་གཙོ་བོ་སངས་རྒྱས་ལ་དམིགས་པའི་ཕྱག་གསུམ་མཛོད། དེ་ནས་ཐུགས་རྒྱུད་ལ་བཞུགས་པའི་ཆོས་ལ་དམིགས་པའི་ཕྱག་གསུམ་མཛོད། དེ་ནས་རང་རྒྱལ་གྱི་དགེ་འདུན་རྣམས་ལ་དམིགས་པའི་ཕྱག་གསུམ་མཛོད། དེས་དང་པོ་སོང་། གཉིས་པ་ནི་བླ་མ་སྟོན་པ་སངས་རྒྱས་དངོས་སུ་གསལ་བའི་གཙུག་ཏོར་གྱི་ནོར་བུ་འོད་ཟེར་ཀུན་ནས་འཕྲོ་བ་དེ་ཉིད་ལས་འདོད་རྒུ་འབྱུང་བར་མོས་ཏེ་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས༴ སྲིད་པའི༴ དེ་རིག༴ གཙོ་བོས༴ འདིར་སྡིག་བཤགས་དང་གསོ་སྦྱོང་བྱ་བར་གསུངས་པ་ཡིན་པས་སྡིག་བཤགས་ཀྱི་དོན་དུ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཞེས་སོགས་ཀྱི་ལྟུང་བ་སྤྱི་བཤགས་ཉན་ཐོས་སྐབས་ལྟར་ཚར་གསུམ་དང་མཇུག་ཏུ་ཐབས་ལེགས་བྱ། དེ་རྗེས་གསོ་སྦྱོང་བླང་བའི་སྔོན་དུ་བཞེངས་ཏེ་ཕྱག་འཚལ་ཞིང་ཡན་ལག་བདུན་པ་ཚར་གཅིག་གསུང་བར་ཞུ་ཞེས་མཚམས་སྦྱར་ན། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཚར་གཅིག་གི་བར་ཕྱག་བྱའོ། །དེ་ནས་གྲལ་ལ་འདུག་སྟེ་གསོ་སྦྱོང་བླང་བའི་སླད་དུ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཞེས་སོགས་ནས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཀྱི་བར་སྔ་མ་ལྟར་རོ། །དེས་སྦྱོར་བའི་ཆོས་རྣམས་ལེགས་པར་གྲུབ་ནས། དབང་དངོས་ནི། ཀཿ ཐོག་ལུགས་ལ་ཉན་རང་གི་སྐབས་སུ་ཡང་སྒྱུ་འཕྲུལ་ལྟར་ཕན་ནུས་ཀྱི་དབང་རྣམས་བསྐུར་བའི་སྲོལ་འདུག་ནའང་། འདིར་ཟུར་ལུགས་ལྟར་བགྱིས་པས་ལག་ལེན་ཚང་ཞིང་བདེ་བས་དེ་ལྟར་ན། རྩ་བར། ཉེར་གཅིག་པ་དབང་བསྐུར་བ་ནི་རྫས་དང་ལྷ་དབང་རིམ་པས་ཐོགས་ཏེ། གྱུར་ཤོག་དང་ཡེ་དྷརྨཱ་ཐམས་ཅད་ཀྱིས་བརྗོད་པར་བྱའོ། །ཞེས་གསུངས་པས་གྱུར་ཤོག་ནི་བླ་མས་གྱུར་ཅིག་ཅེས་གསུངས་རེས་ཀྱིས་སློབ་མས་ཤོག་ཅིག་ཟེར་དགོས་ཤིང་། དེ་བཞིན་དུ་རྟེན་འབྲེལ་སྙིང་པོ་བྱུང་རེས་ཀྱིས་དཔོན་སློབ་ཐམས་ཅད་མགྲིན་གཅིག་ཏུ་གསུང་བར་ཞུ། རྣམ་རྒྱལ་བུམ་པ་ཐོགས་ལ། རྩ་བར། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་རིགས་ཀྱི་བུ་ལ་བུམ་རྫས་ཆུའི་དབང་བསྐུར་བས། ཉོན་མོངས་པའི་བག་ཆགས་ཐམས་ཅད་བྱང་ཞིང་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ༴ བུམ་དབང་བསྐུར་ཆུ་འཐུང་ཁྲུས་བྱ། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་མིང་གི་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པ་རང་སངས་རྒྱས་ཀྱི་དབང་དམ་པ་ཐོབ་པར༴ ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་ཤེས་རབ་རལ་གྲིའི་དབང་བསྐུར་བས་འཁྲུལ་པའི་དྲྭ་བ་ཐམས་ཅད་གཅོད་པའི་དབང་༴ ༀ་ཡེ་དྷ རྨཱ༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་ན་བཟའ་ངུར་སྨྲིག་གི་དབང་བསྐུར་བས་ཉོན་མོངས་པའི་གདུང་བ་ལས་སྐྱོབ་པའི་དབང་༴ ༀ་ཡེ་དྷ རྨཱ༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་བཀྲ་ཤིས་པའི་རྫས་སྦྲང་རྩིའི་དབང་བསྐུར་བས་འབྲས་བུ་ཕུན་སུམ་ཚོགས་པའི་དབང་༴ ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་རྩྭ་གདིང་བའི་རྫས་ཀྱི་དབང་བསྐུར་བས་བཀྲ་ཤིས་ཐོབ་ཅིང་བར་ཆད་གང་གིས་ཀྱང་མི་ཚུགས་པའི་དབང་༴ ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ༴ ནང་གི་སྐྱེ་མཆེད་བཅུ་གཉིས་ནི། མ་རིག་རྒན་མོ་ལོང་བ་སྟེ། །འདུ་བྱེད་རྣམ་ཤེས་རྫ་མཁན་སྤྲེའུ། །མིང་གཟུགས་གྲུ་སྟེ་སྐྱེ་མཆེད་གྲོང་། །རེག་པ་འོ་བྱེད་ནང་གི་ན་། །ཚོར་བ་པུས་མོར་མདའ་ཟུག་འདྲ། །སྲེད་པ་འོ་ཐུག་འཐུང་བ་འདྲ། །ལེན་པ་མེ་ཏོག་འཐུ་བ་འདྲ། །སྲིད་པ་སྦྲུམ་མ་བུ་སྐྱེ་འདྲ། །རྒ་ཤི་རྒུད་དང་ཤི་བ་འདྲ། །ནང་གི་ཕྱི་ཡི་རྟེན་འབྲེལ་དྲུག །སྔ་མ་དྲུག་ནང་དེ་ལྷག་ཕྱི། །དེ་ལས་བཅུ་གཉིས་ཕྱི་རྟེན་འབྲེལ། །མཁའ་རླུང་མེ་ཆུ་ས་ཁམས་ལྔ། །དུས་ཀྱི་འགྱུར་དང་དྲུག་ཕྱིའི་ནང་། །རྒྱུ་དང་འབྲེལ་བ་དྲུག་ཅེས་བྱ། །ས་བོན་མྱུ་གུ་སྡོང་པོ་དང་། །ལོ་མ་མེ་ཏོག་འབྲས་བུ་དྲུག །དཔག་བསམ་ཤིང་འདྲ་རྟེན་འབྲེལ་དྲུག །ཕྱི་ནང་རྒྱུ་རྐྱེན་རྟེན་འབྲེལ་རྣམས། །ལུགས་འབྱུང་ལུགས་ལྡོག་མངོན་གྱུར་ནས། །ཡིད་བཞིན་བདེ་བ་མཆོག་ཐོབ་ཤོག །འདིར་ཙཀླིར་རང་རྒྱལ་གྱི་སྐུ་གཟུགས་བྲི་སྲོལ་འདུག་ཀྱང་དོན་ས་ལམ་གྱི་དབང་མ་གཏོགས་ལྷ་དབང་མ་ཡིན་པར་ཤེས་དགོས། ཧཱུཾ། བསེ་རུ་དང་ནི་ནེ་ཙོ་ལྟ་བུ་ཡི། །འབྲས་བུ་ལ་སོགས་ཕྱི་ཡི་རྟེན་འབྲེལ་དང་། །མ་རིག་ལ་སོགས་ནང་གི་རྟེན་འབྲེལ་དང་། །ལུགས་འབྱུང་འཁོར་བའི་རྒྱུ་འབྲས་སྤངས་བྱས་ཤིང་། །ལུགས་ལྡོག་འདས་པའི་རྒྱུ་འབྲས་རབ་བསྒྲུབས་ནས། །འཇིག་རྟེན་པ་དང་ཉན་ཐོས་རང་ས་དྲུག །འདས་ནས་རང་སངས་རྒྱས་ཀྱི་སར་ཕྱིན་ཤོག །ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ཁྱོད་ལ་རྟེན་འབྲེལ་གྱི་དབང་བསྐུར་བས་ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །ༀ་ཡེ་དྷརྨཱ༴ ཨ་བྷི་ཥིཉྩ་ཧཱུཾ། ལྷ་དབང་དངོས་ནི། དཀྱིལ་འཁོར་ནས་སྐུ་གཟུགས་རྣམས་རིམ་པར་བླངས་ཏེ་དབང་བསྐུར་ཞིང་འདི་སྐད་དོ། །བཅོམ་ལྡན་གཙོ་བོའི་དབང་བསྐུར་བས། །འཁོར་བའི་སྡུག་བསྔལ་གྲོལ་བར་ཤོག །ༀ་ཡེ་དྷརྨཱ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་རང་རྒྱལ་བསེ་རུ་ལྟ་བུ་དང་ནེ་ཙོ་ལྟ་བུའི་དབང་བསྐུར་བས་གཅིག་བུར་བསམ་གཏན་ལ་གནས་པ་དང་། ཚོགས་སྤྱོད་ཀྱི་གྲོགས་ལ་བརྟེན་ཏེ་བསམ་གཏན་མཐར་ཕྱིན་ནས་ཡིད་བཞིན་བདེ་བ་མཆོག་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་རང་སངས་རྒྱས་རྡོ་རྗེ་འཇིགས་བྱེད་རྡོ་རྗེ་རྩེ་དགུ་པའི་དབང་བསྐུར་བས་འཁོར་བ་སྐྲག་པར་བྱེད་པའི་དབང༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་རང་སངས་རྒྱས་སྣང་བ་བརྩེགས་པ་རིན་པོ་ཆེའི་དབང་བསྐུར་བས་ཏིང་ངེ་འཛིན་རབ་ཏུ་སྣང་བའི་དབང་༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་རང་སངས་རྒྱས་དཔའ་བོ་འདུལ་བའི་རྡོ་རྗེ་རྩེ་ལྔ་པའི་དབང་བསྐུར་བས་སྲིད་པ་བསྙིལ་བའི༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་རྣམས་དང་། རང་སངས་རྒྱས་འགྲེ། གདུང་བ་སེལ་བའི་དབང་བསྐུར་བས་ཉོན་མོངས་པའི་གདུང་བ་སེལ་བའི༴ ༀ་ཡེ༴ ཨ་བྷི༴ ན་མོ ཕྱོགས་བཅུ༴ ཤེས་རབ་མགྱོགས་ཆེན་གྱི་དབང་བསྐུར་བས་ཤེས་རབ་རྩལ་དང་ལྡན་པའི༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ རྫུ་འཕྲུལ་ཆེན་སྟོན་གྱི་དབང་བསྐུར་བས་སྤྲུལ་པའི་ཆོ་འཕྲུལ་དང་ལྡན་པའི༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ གདུང་བ་སེལ་བའི་དབང་བསྐུར་བས་དུག་ལྔ་འདུལ་བའི༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ སྒྲ་ཆེན་པོའི་དབང་བསྐུར་བས་གསུང་གི་དབང་ཕྱུག་གི་དབང་༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ བསེ་རུ་ལྟ་བུའི་དབང་བསྐུར་བས་ཏིང་ངེ་འཛིན་རྩེ་གཅིག་ཏུ་གྱུར་བའི༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིའི་རྒྱལ་པོའི་དབང་པོས་དབང་བསྐུར་བས་འཁོར་བའི་རླུང་གིས་མི་བསྐྱོད་པའི༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ སེང་གེ་ལྟ་བུའི་དབང་བསྐུར་བས་འཇིགས་པ་ཐམས་ཅད་དང་བྲལ་བའི༴ ༀ་ཡེ༴ ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་རྣམས་ལ་རང་སངས་རྒྱས་ཡིད་མྱུར་བའི་དབང་བསྐུར་བས་ཏིང་ངེ་འཛིན་རྫུ་འཕྲུལ་མྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་པས་དབང་བསྐུར་ཏེ། སླར་ཡང་བུམ་པས་དབང་བསྐུར་ཁྲུས་བྱའོ། །ཞེས་གསུངས་པས་གོང་བཞིན་དུ་དབང་བསྐུར་ཞིང་བུམ་ཆུ་འཐུང་ཁྲུས་བྱའོ། །དེ་ནས་ལམ་འཁྱེར་བཤད་པ་ལ་བཞི་སྟེ། ཐེག་པ་ལྷ་སྙིང་པོ་བསླབ་བྱ་རྣམས་ལམ་དུ་འཁྱེར་ཞིང་། འདིར་དབང་ལམ་འཁྱེར་ཡང་འབྱུང་བས། དེས་ན་རྩ་བར་ཉེར་གཉིས་པ་ལྷ་ལམ་འཁྱེར་ནི་གཙོ་བོ་ཤཱཀྱ་ཐུབ་པ་སེར་པོ་ས་གནོན་མཉམ་གཞག་དང་གཡས་གཡོན་བསེ་རུ་ནེ་ཙོ་རབ་བྱུང་གི་ཚུལ་ཐལ་མོ་སྦྱར་བ། རང་རྒྱལ་བཅུ་གཉིས་ནི་འཇིགས་མེད་རྡོ་རྗེ། སྣང་བརྩེགས་རིན་ཆེན། དཔའ་བོ་འདུལ་བ་རྡོ་རྗེ་རྩེ་ལྔ། ཉོན་མོངས་གདུང་སེལ་བསིལ་གཡབ། ཤེས་རབ་མགྱོགས་ཆེན་ཟླ་ཚེས། རྫུ་འཕྲུལ་ཆེར་སྟོན་མེ་དཔུང་། གདུང་བ་སེལ་བྱེད་དུང་། སྒྲ་ཆེན་ཆ་ལང་། བསེ་རུ་ལྟ་བུ་མཉམ་གཞག །རི་རྒྱལ་རིན་ཆེན་སྙེ་མ། སེང་གེ་ལྟ་བུ་རྡོ་རྗེ། ཡིད་མྱུར་རྔ་ཡབ་བསྣམས་པའོ། །ཞེས་གསུངས་པས་འདི་རྣམས་བསྡུ་ན་རང་ཐུབ་པར་བསྒོམས་པའི་འཁོར་དུ་བསེ་རུ་ནེ་ཙོ་གཉིས་རབ་བྱུང་ཐལ་སྦྱར་དུ་བསྒོམས་བས་ཆོག །རྩ་བར། ཉེར་གསུམ་པ་སྙིང་པོ་ནི། ༀ་ཡེ་དྷ རྨཱའོ། །ཞེས་འབྱུང་བས་རྟེན་འབྲེལ་སྙིང་པོ་ཅི་ནུས་བགྲང་ངོ་། །རྩ་བར། ཉེར་བཞི་པ་དབང་ལམ་འཁྱེར་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་དབང་ངོ་། །ཞེས་གསུངས་པ་གོང་དུ་སོང་། རྩ་བར། ཉེར་ལྔ་པ་ཐེག་པ་རང་སངས་རྒྱས་ཀྱི་ཐེག་པ་སྟེ། དེ་ལ་འཇུག་སྒོ་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་ཏེ། དེའང་རྫས་གཡུང་དྲུང་ཤུག་པའི་འབྲས་བུ་ལས་ཤེས་ཏེ། འབྲས་བུ་དེ་ཅི་ལས་བྱུང་བརྟགས་པས་མེ་ཏོག་ལས་བྱུང་། དེ་འདབ་མ། དེ་སྡོང་བུ། དེ་མྱུ་གུ། དེ་ས་བོན་ལ་ཐུག་སྟེ་རྒྱུ་དང་འབྲེལ་པ་དྲུག་གོ། །རྐྱེན་དང་འབྲེལ་པ་དྲུག་ནི། ནམ་མཁའ་གོ་འབྱེད། ས་ཡིས་རྟེན། ཆུ་ཡིས་བསྡུས། མེས་སྨིན། རླུང་གིས་བསྐྱོད། དུས་ཀྱིས་མི་རྟག་པར་བསྒྱུར་ནས་བྱུང་བར་ཤེས་ཏེ་ཕྱིའི་རྟེན་འབྲེལ་བཅུ་གཉིས་སོ། །འདི་རྣམས་ཀྱི་གཟུགས་བརྙན་དཀྱིལ་འཁོར་དུ་འབྲི་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ཕྲ་བ་བག་ཆགས་ཀྱི་ཚུལ་དུ་འཁོར་བར་འདོད། དེ་ཡང་ཉན་ཐོས་བྱེ་བྲག་པའི་ཚོགས་ལམ་པ་དང་མཉམ་པར་སྦྱངས་ནས་སྦྱོར་ལམ་བཟོད་འབྲིང་ནས་རིགས་བྱ་སྟེ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་སྟེ་སྒོམ་པ་ནི་དམིགས་རྟེན། ཤེས་རབ་ཆེ་བས་དུར་ཁྲོད་དུ་ཕྱིན་ནས་ཀེང་རུས་ཀྱི་ཕུང་པོ་ལ་བརྟགས་པས་ཤི་བ་ལས་བྱུང་བར་ཤེས། དེ་ན་བ་ལས། དེ་རྒས་པ་ལས། དེ་སྐྱེ་བ་ལས། དེ་ལེན་པ་ལས། དེ་སྲེད་པ་ལས། དེ་ཚོར་བ་ལས། དེ་རེག་པ་ལས། དེ་སྐྱེ་མཆེད་དྲུག །དེ་མིང་གཟུགས། དེ་རྣམ་ཤེས། དེ་འདུ་བྱེད། དེ་མ་རིག་པ། དེ་གང་ལས་བྱུང་བརྟགས་པས་མ་རྙེད་དེ། སྟོང་པར་རྟོགས་པས་ཐམས་ཅད་སྟོང་ཉིད་དུ་ཤེས་ཏེ། རྒ་ཤི་ནས་ལུགས་ལྡོག་ཏུ་རྟེན་འབྲེལ་བཅུ་གཉིས་བཀའ་ཤུལ་དུ་སྟོང་ཉིད་རེ་བསྒོམས་པས་ལུགས་ལྡོག་སྟེ་མྱང་འདས་ཀྱི་རྒྱུར་ཤེས། རྒྱུ་སྔ་མ་ལ་བརྟེན་ནས་འབྲས་བུ་ཕྱི་མ་འབྱུང་བ་ལ་མ་རིག་པ་ནས་རྒ་ཤིའི་བར་བརྟགས་པས་འགྲོ་བའི་རྒྱུར་ཤེས་སོ། །དེ་ཡང་རྟེན་འབྲེལ་མདོ་ལས། དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་བསྡུག་བསྔལ་ལོ། །སྒོམ་ཀློང་ལས། དང་པོ་བརྒྱད་དང་དགུ་པ་རྒྱུ། །གཉིས་པ་བཅུ་པ་རྐྱེན་ཡིན་ནོ། །བདུན་པོ་སྡུག་བསྔལ་ཉིད་འགྲུབ་འབྲས། །ཞེས་སོ། །དེའང་ཚེ་དུམ་བུ་གསུམ་དང་། རྒྱུ་རྐྱེན་འབྲས་གསུམ་དང་འཕེལ་འགྲིབ་ལྔར་འདོད་དེ། ནང་གི་རྟེན་འབྲེལ་བཅུ་གཉིས་པོ་དངོས་སུ་འཁོར་བའོ། །དེ་ཡང་། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ནས། དངོས་པོའི་གཟུགས་ལ་ཐོགས་པ་མེད་པར་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོག །ཅེས་སོ། །ཉེར་དྲུག་པ་ལྟ་བ་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ་ཆོས་ཀྱི་བདག་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་པ་སྟེ། དེ་གཟུང་ཡུལ་དང་འཛིན་སེམས་གཉིས་ལས། གཟུང་ཡུལ་རྡུལ་ཕྲན་རང་བཞིན་མེད་པར་སྟོང་པ་ཉིད་དུ་རྟོགས། འཛིན་པའི་ཤེས་པ་སྐད་ཅིག་མ་སྐྱེ་འགག་དང་བཅས་པ་ཉན་ཐོས་ལྟར་འདོད། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། འཛིན་པའི་སེམས་ནི་མ་སྤངས་ཏེ། །གཟུང་བྱའི་ཡུལ་ནི་རྣམ་རྟོག་བཅོམ། །རང་རྒྱལ་གྱི་ནི་ལྟ་བ་སྟེ། །ཉན་ཐོས་པ་ལས་ཁྱད་པར་འཕགས། །ཞེས་སོ། །ཉེར་བདུན་པ་བསྲུང་བྱ་ཚུལ་ཁྲིམས་ནི་ཉན་ཐོས་དང་མཐུན་ནོ། །ཉེར་བརྒྱད་པ་ཏི་ངེ་འཛིན་ནི་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་སྒོམ་པ་སྟེ། དེ་ཡང་། མ་རིག་པ་དང་སྲེད་ལེན་གསུམ། སྔ་མའི་དུས་ཏེ་རྒྱུ་རུ་འདོད། །འདུ་བྱེད་དང་ནི་སྲིད་པ་གཉིས། །ད་ལྟའི་དུས་ཏེ་རྐྱེན་དུ་འདོད། །རྣམ་ཤེས་མིང་དང་སྐྱེ་མཆེད་དྲུག །རེག་པ་དང་ནི་ཚོར་བ་དང་། །སྐྱེ་བ་རྒ་ཤི་བདུན་པོ་ནི། །ཕྱི་མའི་དུས་དེར་འབྲས་བུར་འདོད། །ཉེར་དགུ་པ་སྤྱོད་པ་ནི། སྟོད་ནས་མེ་འབར། སྨད་ནས་ཆུ་འབྲུབ། བར་ནས་རླུང་གཡོ་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་བསྟན་ནས་རིགས་མཐུན་དུ་དོན་མཛད་པའོ། །དགོངས་འདུས་ལས། ངག་གི་རྡོ་རྗེ་ཡི་གེ་མེད། །ལུས་ཀྱི་རྡོ་རྗེ་སྣང་བྱེད་ནས། །བརྗོད་མེད་སྤྲུལ་པའི་ཆོས་སྟོན་པའོ། །ཞེས་སོ། །སུམ་ཅུ་པ་འབྲས་བུ་ནི། རང་སངས་རྒྱས་ཀྱི་དགྲ་བཅོམ་པ་རང་བྱང་ཆུབ་ཐོབ་པའོ། །སོ་གཅིག་པ་འགག་ནི། གནས་རི་བོ་བྱ་རྐང་ཅན། སྟོན་པ་སངས་རྒྱས། འཁོར་ཉན་ཐོས་དབང་པོ་རྣོ་བ། དབང་རྟེན་འབྲེལ་བཅུ་གཉིས། དགོས་པ་ལུགས་འབྱུང་ལུགས་ལྡོག་གིས་འཁོར་འདས་དབྱེར་མེད་དུ་རྟོགས་པའོ། །སོ་གཉིས་པ་དབང་དེ་ཆགས་ཤིང་བསྟན་པའི་ཕྱིར་ངང་སྒོམ་གདམས་ངག་གསལ་གདབ་པ་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག །དེ་ལས་ཁྲུ་གང་གིས་མཐོ་བར་དཀར་པོ་སྲན་མ་ཙམ་ཞིག་བ སམ། ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས་ཇེ་ཆེར་འཕེལ་སྣང་སྲིད་ཐམས་ཅད་དམར་ལམ་གྱིས་སོང་བར་བསམ། དམར་པོ་དེ་ཆགས་པའི་རང་བཞིན་ལུགས་འབྱུང་འཁོར་བའི་ཆོས་སོ། །ཡང་དཀར་པོ་ལ་ཤེས་པ་གཏད་པས་ཇེ་ཆེར་སྣང་སྲིད་ཐམས་ཅད་དཀར་ལམ་སོང་བར་བསམ། དེ་ལུགས་ལྡོག་མྱ་ངན་ལས་འདས་པའི་ཆོས་ཡིན་དཀར་དམར་གཉིས་པོ་དེ་འདྲེས་ནས་སྤྱི་བོ་ནས་མར་བབས། སྙིང་གི་དཀྱིལ་དུ་ཐིམ་ནས་རང་གི་སེམས་དང་དབྱེར་མེད་དུ་འདྲེས་པས་འཁོར་འདས་མཉམ་པ་ཉིད་ཀྱི་ངང་ལ་བཞག་གོ། །དེ་རྣམས་ཀྱི་དོན་སྒོམ་པ་ནི་ལྷ་དང་སྙིང་པོ་ལམ་འཁྱེར་རྩ་བ་ནས་ཇི་ལྟར་བཤད་པ་ལྟར་ལ། ངང་སྒོམ་གདམས་ངག་གསལ་འདེབས་འདིའི་དམིགས་ཁྲིད་ཀྱི་དངོས་གཞི་ཡིན་པས། རང་གི་སྤྱི་བོར་ལུགས་འབྱུང་འཁོར་བ་ཆགས་པའི་རང་བཞིན་ཐིག་ལེ་དམར་པོ་སྲན་མ་ཙམ། དེ་ལས་ཁྲུ་གང་གིས་མཐོ་བར་ལུགས་ལྡོག་མྱ་འདས་ཀྱི་རང་བཞིན་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསམ། ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས་ཇེ་ཆེར་འཕེལ། སྣང་སྲིད་ཐམས་ཅད་དམར་ལམ་གྱིས་སོང་བར་བསམ། ཡང་དཀར་པོ་ལ་ཤེས་པ་གཏད་པས་ཇེ་ཆེར་འཕེལ། སྣང་སྲིད་ཐམས་ཅད་དཀར་ལམ་གྱིས་སོང་བར་བསམ། མཐར་ཐིག་ལེ་དཀར་དམར་གཉིས་གཅིག་ཏུ་འདྲེས་ནས་སྤྱི་བོ་ནས་མར་བབས་ཏེ་སྙིང་གི་དཀྱིལ་དུ་ཐིམ་ནས་རང་སེམས་དང་དབྱེར་མེད་དུ་འདྲེས་པར་བསམ། འཁོར་འདས་མཉམ་པ་ཉིད་ཀྱི་ངང་དུ་བློ་ལྷོད་ཀྱིས་བསྐྱུར་ལ་བཞག་གོ། །གླན་སྟོན་གྱི་ཆོག་ཁྲིགས་སུ་ལྷ་རྗེ་ཤཱཀ་མགོན་ནི་དེ་གཅིག་པུ་ལ་ཡང་ཞག་གསུམ་སྒོམ་སྐད་གསུངས་པས་བླ་མ་གོང་མ་རྣམས་དམིགས་རྐང་དེ་ཙམ་ལ་ཡང་ནན་ཏན་དུ་མཛད་པས་ངོ་མཚར་གྱི་གནས་སོ། །ལྟ་སྒོམ་ཏིང་ངེ་འཛིན་གྱི་ཁྱད་པར་ནི། དུར་ཁྲོད་ཀྱི་བམ་རོའམ་ཀེང་རུས་ལ་བརྟགས་པས། དེ་ཤི་བ་ལས་བྱུང་བར་ཤེས། དེ་གང་ལས་བྱུང་བརྟགས་པས་ན་བ་ལ་བྱུང་བར་ཤེས། དེ་བཞིན་དུ་བརྟགས་པས་དེ་རྒས་པ་ལས། དེ་སྐྱེ་བ་ལས། དེ་སྲིད་པ་ལས། དེ་ལེན་པ་ལས། དེ་སྲེད་པ་ལས། དེ་ཚོར་བ་ལས། དེ་རེག་པ་ལས། དེ་སྐྱེ་མཆེད་དྲུག་ལས། དེ་མིང་དང་གཟུགས་ལས། དེ་རྣམ་ཤེས་ལས། དེ་འདུ་བྱེད་ལས། དེ་མ་རིག་པ་ལས་བྱུང་བར་ཤེས་ཤིང་། མཐར་མ་རིག་པ་ལ་བརྟགས་པས་གང་ནས་ཀྱང་མ་བྱུང་གང་དུ་ཡང་མ་གྲུབ་པ་སྟོང་པར་རྟོགས། དེ་རྣམས་དཔེ་གང་དང་འདྲ་ན། མ་རིག་པ་རྒན་མོ་ལོང་བ་ལྟ་བུ། འདུ་བྱེད་རྫ་མཁན་ལྟ་བུ། རྣམ་ཤེས་སྤྲེའུ་ལྟ་བུ། མིང་དང་གཟུགས་གང་ཟག་གྲུར་ཞུགས་པ་ལྟ་བུ། སྐྱེ་མཆེད་དྲུག་གྲོང་ཁྱེར་ལྟ་བུ། རེག་པ་འོ་བྱེད་པ་ལྟ་བུ། ཚོར་བ་པུས་མོ་ལ་མདའ་ཟུག་པ་ལྟ་བུ། སྲེད་པ་འོ་ཐུག་འཐུང་བ་ལྟ་བུ། ལེན་པ་མེ་ཏོག་འཐུ་བ་ལྟ་བུ། སྲིད་པ་ཕོ་མོ་འཁྲིག་པ་སྤྱོད་པ་ལྟ་བུ། སྐྱེ་བ་བུད་མེད་བུ་སྐྱེ་བ་ལྟ་བུ། རྒ་ཤི་རོ་ལྟ་བུ་དང་འདྲ་བར་ཤེས། དེ་བཞིན་དུ་འབྲས་བུ་ལ་བརྟགས་པས། དེ་མེ་ཏོག་ལས་བྱུང་། དེ་འདབ་མའམ་ཡལ་ག་ལས། དེ་སྔོང་པོའམ་མྱུ་གུ་ལས། དེ་རྩ་བའམ་ས་བོན་ལས་བྱུང་བར་ཤེས་པ་ནི་རྒྱུ་ལ་བརྟེན་ནས་འབྲེལ་བ་དྲུག་ཏུ་ཤེས། དེ་ཡང་རྒྱུ་རྐྱེན་ཇི་ལྟར་ན་ནམ་མཁས་གོ་ཕྱེ། ས་ཡིས་རྟེན། ཆུ་ཡིས་བསྡུས། མེའི་དྲོད་ཀྱིས་སྨིན། རླུང་གིས་བསྐྱོད། དེ་ཡང་དབྱར་དགུན་སྟོན་དཔྱིད་དུས་བཞིས་བསྒྱུར་བས་མྱུ་གུ་ནས་འབྲས་བུའི་བར་མི་རྟག་པར་འགྱུར་བས། རྐྱེན་གྱིས་འབྲེལ་བ་དྲུག་དང་བཅུ་གཉིས་སུ་ཤེས། དཔེ་དེ་བཞིན་དུ་རང་གི་ཚེ་སྔ་ཕྱི་ད་ལྟ་གསུམ་རྒྱུ་རྐྱེན་འབྲས་བུ་གསུམ་ལ་འཕེལ་འགྲིབ་ཡན་ལག་དྲུག་ཏུ་ཤེས། དེ་ཞིན་དུ་སྦྱར་ཏེ་ཕྱི་ནང་གི་ལས་ཐམས་ཅད་རྟེན་འབྲེལ་དུ་འཆར་བར་རྟོགས་ཤིང་ཤེས་པས་འཇུག་སྒོ་རྟེན་འབྲེལ་བཅུ་གཉིས། ལྟ་བ་གང་ཟག་གི་བདག་མེད་དང་ཕྱི་གཟུང་ཡུལ་སྟོང་པར་རྟོགས། ནང་གི་འཛིན་སེམས་ཉན་ཐོས་བཞིན་འདོད་པས་བདག་མེད་ཕྱེད་དང་གཉིས་རྟོགས་ཏེ། ལྷ་མོ་དྲི་མ་མེད་ལུང་བསྟན་པའི་མདོ་ལུང་གོང་དུ་གསུངས་པ་དེས་ཤེས་ལ། འོན་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། དབུ་མ་ལ་མཁས་པའི་སློབ་དཔོན་ཟླ་བ་གྲགས་པ་རང་རྒྱལ་གྱིས་བདག་མེད་གཉིས་ཀ་རྟོགས་པར་བཞེད། དེ་ལྟར་ལྟ་བ་བདག་མེད་ཕྱེད་དང་གཉིས་དང་། སྒོམ་པ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ཏུ་བསྒོམས་པས་འབྲས་བུ་རང་བྱང་ཆུབ་ཐོབ་པར་འགྱུར་ཞིང་། བསླབ་བྱ་ནི་ཉན་ཐོས་དང་མཐུན་པར་ལམ་དུ་འཁྱེར་རོ། །དེ་ལྟར་ངང་སྒོམ་གདམས་ངག་གསལ་འདེབས་ལྷ་དང་སྙིང་པོ་ལམ་འཁྱེར་དང་རྟེན་འབྲེལ་བཅུ་གཉིས་སྒོམ་ཚུལ་སོགས་དམིགས་ཐུན་དུ་བཅད་དེ་ཉམས་སུ་ལེན་པར་མཛོད། དེས་རང་རྒྱལ་གྱི་སྨིན་གྲོལ་རྣམས་ལེགས་པར་གྲུབ་པ་ཡིན་པས་ཚུལ་བཞིན་དུ་བསླབ་བྱ་རྣམས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དམ་ཚིག་བསྡུས་ཏེ་ཁས་བླངས། གཏང་རག་གི་མཎྜལ། བྲན་དུ་ཁས་བླངས། དགེ་བ་བསྔོ་བ་སོགས་སྔ་མ་ལྟར་རོ། །རྩ་བར། སོ་གསུམ་པ་མཆོད་ཅིང་གཏོར་མ་བསྡུ་གཤེགས་སུ་གསོལ། དཀྱིལ་འཁོར་བསྡུས་ཏེ་མི་རྟོག་པ་སྒོམ་མོ། །ཞེས་གསུངས་པའི་དོན་དཀྱིལ་འཁོར་གཉིས་ཀྱི་མཆོད་པ་རྣམས་ཁ་གསོས་ཏེ་བྱིན་གྱིས་བརླབ་ནས། མཆོད་བསྟོད་ཁ་བསྒྱུར། གཞན་མ་བཟོད་གསོལ་བསྡུ་ཆོག་གི་བར་ཉན་ཐོས་ལྟར་རོ། །རྩ་བར། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཞེས་གསུངས་འདིར་བླངས་ཏེ་བཟང་སྤྱོད་སོགས་བསྔོ་སྨོན་བྱ། རྩ་བར། སོ་གཅིག་པ་བཀྲ་ཤིས་ནི། དེ་ནས་མེ་ཏོག་སོ་སོར་བཀྲམ་སྟེ་རོལ་མོའི་སྒྲ་དང་བཅས་པས། ཤིན་ཏུ་བརྒལ་དཀའ་འཁོར་བའི་མཚོ་ལས་བརྒལ། །བསོད་ནམས་ཡེ་ཤེས་དཔག་ཡས་ཚོགས་གཉིས་རྫོགས། །འགྲོ་བ་ཀུན་གྱི་གཉེན་གཅིག་དེ་བཞིན་གཤེགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་རྒ་ན་འཆི་རྟག་ཏུ་མཐའ་དག་སྤངས། །མ་རིག་མུན་པ་འཇོམས་པའི་སྒྲོན་མེའི་ཚོགས། །དམིགས་པའི་མཐའ་སྤངས་ལམ་གྱི་བདེ་འགྲོར་ཞུགས། །བཀྲ་ཤིས༴ རང་དོན་སྤངས་ཤིང་གཞན་དོན་ལྷུར་ལེན་པ། །འདོད་པའི་ཡོན་ཏན་ལྟ་བ་རྒྱང་བསྲིངས་ཏེ། །དད་དང་བརྩོན་འགྲུས་འགྲོགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས༴ སྙིགས་དུས་སྨོན་ལམ་དབང་གིས་སྐུ་སྤྲུལ་ནས། །ཤིན་ཏུ་ཉོན་མོངས་གདུལ་དཀའ་འདུལ་མཛད་པ། །ཐབས་མཁས་ཐུགས་རྗེ་ཆེར་མངའ་རྐང་གཉིས་གཙོ། །བཀྲ་ཤིས་དེས་ཀྱང་དེར་འདིར་བདེ་ལེགས་ཤོག །ཅེས་བརྗོད་ལ་མེ་ཏོག་གཏོར་རོ། །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ། །རང་རྒྱལ་གྱི་ཆོ་གའོ། །ནུབ་མོ་ཞི་ཁྲོའི་ཕྲིན་ལས་ཚོགས་བསྐང་སོགས་ཀུན་ལ་སྦྱོར་ཤེས་པར་བྱའོ། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་རྣམས་ཀུན། །ཕྱི་ནང་རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་། །ཚུལ་བཞིན་ལེགས་ཤེས་བདག་མེད་རྟོགས་པ་ཡི། །ཏིང་འཛིན་སྒོ་བརྒྱའི་ལམ་ལ་སློབ་འདི་མཚར། །མ་ལུས་འགྲོ་རྣམས་ཐར་པར་འདྲེན་པའི་ཕྱིར། །བརྗོད་པ་སྒྲར་བཅས་རྣམ་གཡེང་སྐྱོན་རིག་ནས། །སྟོད་ནས་མེ་འབར་སྨད་ནས་ཆུ་འབྲུབ་སོགས། །རྨད་བྱུང་ལུས་ཀྱི་སྤྲུལ་པས་གདུལ་བྱ་འདུལ། །ཉན་རང་ལམ་གྱི་ཐེག་སྐས་ལ་འཛེགས་ནས། །རིན་ཆེན་བྱང་ཆུབ་སེམས་ཀྱི་ཁང་བརྩེགས་སུ། །གསང་སྔགས་ཕྱི་ནང་ཐེག་པའི་རྒྱལ་སྲིད་མཆོག །ཐོབ་འདོད་ལམ་གྱི་འཇུག་སྒོ་འདི་བཟུང་ཞིག །ཅེས་བྱ་བ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
༈ བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ལ་ས་བཅད་སྤྱིར་བཅོ་ལྔ་དང་། ནང་གསེས་བཞི་བཅུ་ཙམ་གྱིས་བསྟན་པ་ནི། རྩ་བར། དཀྱིལ་འཁོར་མཆོད་བཤམ་ལྷ་ཚོགས་བསྐྱེད། །རབ་གནས་ཆོག་གཞུང་ཆ་གསུམ་བཏང་། དཔང་སྐོང་ཁྲུས་བྱས་སྡོམ་རྟེན་ཁྲི། །རྒྱན་ལྡན་ཁྲིར་འཛེག་སྟོན་པ་སྒོམ། །གསོལ་གདབ་སྡོམ་པ་བསླབ་བྱ་དབོག །ཆོས་བཤད་དབང་བསྐུར་ལམ་འཁྱེར་བཞི། །ཐེག་པ་ལྷ་སྙིང་བསླབ་བྱ་ལའང་། །ཐེག་དག་ལྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །གདམས་ངག་ངང་སྒོམ་བཀྲ་ཤིས་བསྔོ། །ཞེས་པའི་དང་པོ་དཀྱིལ་ཁོར་ལ་གསུམ་སྟེ། གཞིའི་དཀྱིལ་འཁོར་གནས་ཚུལ་ནི། རྩ་བར། དང་པོ་དཀྱིལ་འཁོར་གྱི་ས་མཚམས་རི་རབ་ཀྱི་ཁ་ཁྱེར་མུ་ཏིག་དང་ནོར་བུ་བཀྲམ་པའི་བྲག །ཅེས་གསུངས། ལམ་དུ་དཀྱིལ་འཁོར་སྒོམ་ཚུལ་ནི། རྩ་བར། གཉིས་པ་སྒོམ་པ་ནི་རྟ་བབས་བང་རིམ་བཞི་པའོ། །ཞེས་གསུངས། ཇི་ལྟར་བྲི་བའི་ཚུལ་ནི། རྩ་བར། གསུམ་པ་བྲི་བ་ནི་དཀྱིལ་འཁོར་བཅུ་སྟེ། པདྨ་འདབ་མ་བཞི་པ་གཉིས་དང་། འདབ་མ་བརྒྱད་པ་གཉིས་དང་། ནང་འདབ་བཞི་ལྷ་སྣམ་ཅན་གཉིས་དང་། ནང་ལིང་ཚེ་དགུ། ཕྱི་འཁོར་ལོ་རྩིབས་བཅུར་པདྨ་འདབ་མ་བཞི་བཞི་གྲུ་ཆད་ལྷ་སྣམ་ཅན་གཉིས་དང་། ནང་འདབ་བརྒྱད་ཕྱི་ལྷོ་བྱང་དྲག་པོའི་རྩིབས་དྲུག་ལ་འདབ་བརྒྱད་པ་རེ་རེ་གྲུ་ཆད་ལྷ་སྣམ་ཅན་དང་། ནང་འདབ་བརྒྱད་ཀྱི་ཕྱིར་ཡང་འདབ་བརྒྱད་ཆེ་བའི་ནང་དུ་འདབ་བརྒྱད་རེ་རེ་སྟེ། ཤར་ནུབ་ཏུ་གཉིས་གཉིས་སོ། །འདབ་བཞི་དམར། མཚམས་མཛེས་ཚོན། མུ་ཁྱུད་ལྕགས་ཁ། གེ་སར་སེར། ལྟེ་བ་ལྗང་། གྲུ་ཆད་དང་ལྷ་སྣམ་ཕྱོགས་མདོག །སྒོ་རྟ་བབས་ཁོར་ཡུག་སོགས་སྤྱི་དང་མཐུན་ནོ། །ཞེས་གསུངས་པ་དེ་ཉིད་ལག་ལེན་དུ་ཇི་ལྟར་བྱ་བ་ནི་སྔོན་རབས་ཀྱི་དཀྱིལ་འཁོར་རྣམས་ལ། ལྷ་མི་ཉན་རང་བྱང་སེམས་ཀྲྀ་ཡོག་སྡེ་གསུམ་མན་ཆད་ལ་བཤད་གཞི་སྣ་ཚོགས་ཀྱང་ལག་ལེན་དུ་དཀྱིལ་འཁོར་རེ་རེ་བྱེད་པ་མང་བར་འདུག་མོད། འདིར་གཞུང་བཞིན་རྒྱས་པར་ཕྱེ་བ་དང་། ཁྱད་པར་བྱང་སེམས་སྐབས་འདིར་ཟུར་ལུགས་ཁམས་ལུགས་གཉིས་ཀ་ལ་དཀྱིལ་འཁོར་བཅུ་བྱེད་པར་གསུངས་པ་གྲངས་ཤིན་ཏུ་མཐུན་ཅིང་ལྷ་རྣམས་ཅུང་ཞིག་མི་འདྲ་ཙམ་འདུག་ཀྱང་། འདིར་ཟུར་ལུགས་གཙང་མར་བྱ་བ་ལ། དཀྱིལ་འཁོར་དང་པོ་དང་། གཉིས་པ་ནང་དུ་པདྨ་དམར་པོ་འདབ་བཞི་ཅན། དཀྱིལ་འཁོར་གསུམ་པ་དང་། བཞི་པ་འདབ་བརྒྱད་བཤད་པ་ཕྱོགས་བཅུའི་སངས་རྒྱས་ཀྱི་ལྷ་གནས་ཡིན་པར་སྟེང་འོག་གི་སངས་རྒྱས་ཀྱི་ལྷ་གནས་མ་བཤད་པ་ཡིན་སྣང་བས་ལག་ལེན་དུ་འདབ་བཅུ་མཛེས་ཚོན་ཅན། དཀྱིལ་འཁོར་ལྔ་པ་དང་། དྲུག་པ་འདབ་བཞི་དམར་པོ་གྲུ་ཆད་བཞི་ལྷ་སྣམ་དང་བཅས་པ། དཀྱིལ་འཁོར་བདུན་པ་དང་། བརྒྱད་པ་གཉིས་དབུས་སུ་ལིང་ཚེ་དགུས་རྡོ་རྗེའི་གདུང་ལྟར་བཅད་པའི། ཕྱིར་མཚོན་ཆ་འཁོར་ལོ་སེར་པོ་རྩིབས་བཅུ་པ་ཤར་ནུབ་གཉིས་སུ་ལྷག་རེ་དང་བཅས་ཏེ། ཚངས་ཐིག་འདེབས་དུས་ཤར་ནུབ་ཀྱི་ཐིག་རྩིབས་བར་དུ་འགྲོ་ཞིང་ལྷོ་བྱང་གི་ཐིག་རྩིབས་རྩེར་འགྲོ་བ། རྩིབས་རེ་རེའི་ནང་པདྨ་དམར་པོ་འདབ་བཞི་རེ་གྲུ་ཆད་དང་ལྷ་སྣམ་གོང་ལྟར་རོ། །དཀྱིལ་འཁོར་དགུ་པ་དབུས་སུ་འདབ་བརྒྱད་མཛེས་ཚོན་གྱི་ཕྱིར་མཚོན་ཆ་འཁོར་ལོ་སེར་པོ་རྩིབས་དྲུག་པ་རྩིབས་རེ་རེའི་སྟེང་དུ་འདབ་བརྒྱད་མཛེས་ཚོན་རེ། གྲུ་ཆད་དང་ལྷ་སྣམ་གོང་ལྟར་རོ། དཀྱིལ་འཁོར་བཅུ་པའི་དབུས་སུ་ཀཿ ཐོག་ལུགས་ལ་ལིང་ཚེ་དགུ་བྱེད་པར་གསུངས་ཀྱང་ཟུར་ལུགས་ལ་ནང་དུ་འདབ་བརྒྱད་དང་ཕྱིར་པདྨ་འདབ་བཅུ་མཛེས་ཚོན་གྱི་འདབ་མ་རེ་རེ་དབུས་སུ་འདབ་བརྒྱད་མཛེས་ཚོན་ཆུང་ངུ་རེ། གྲུ་ཆད་གློ་འབུར་གོང་བཞིན་ནོ། །རྩིག་པའི་ཁ་དོག་ནི་དཀྱིལ་འཁོར་དང་པོ། གཉིས་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་། བརྒྱད་པ། བཅུ་པ་རྣམས་ནང་ནས་རིམ་པ་བཞིན་སེར་མཐིང་དམར་ལྗང་དཀར་བ། གསུམ་པ་ནང་ནས་དཀར་སེར་དམར་ལྗང་མཐིང་བ། དགུ་པ་ནང་ནས་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་ལྔ་དང་། བཅུ་པོ་ཐམས་ཅད་ཀྱི་གོ་སར་སེར། ལྟེ་བ་ལྗང་། གྲུ་ཆད་དང་ལྷ་སྣམ་ཕྱོགས་མདོག་ཅན། ཕ་གུ། དྲྭ་ཕྱེད། མདའ་ཡབ། ཤར་བུ། སྒོ། རྟ་བབས། ཁྱམས། པད་རྡོར་མེ་རི་རྣམས་སྤྱི་དང་མཚུངས་ཤིང་། ལྷ་མཚན་དཀྱིལ་ཆོག་ལྟར་སྐུ་མདོག་དང་མཐུན་པའི་ཚོན་སྤུངས་བྱའོ། །རྩ་བར། གཉིས་པ་མཆོད་པ་བཤམ་པ་ནི་རྒྱན་བླ་བྲེ་སོགས་དང་། མེ་ཏོག་ལ་སོགས་དང་རོལ་མོ་སྟ་གོན་བྱ། བུམ་པ་མགུལ་ཆིངས་སོགས་དང་། མཛད་པ་ཉི་ཤུའི་དབང་རྫས། ཆ་གསུམ་ལ་སོགས་པ་བཤམ་མོ། །ཞེས་གསུངས་པའི་དོན་ནོ། །དཀྱིལ་འཁོར་དང་པོ་ནས་བཅུ་པའི་བར་གོ་རིམ་མ་ནོར་བར་བྱས་པའི་ལྷ་གནས་སུ་ཙཀླི་རྣམས་བཙུགས། ཙ ཀླི་མེད་པ་རྣམས་ལྷ་མཚན་ཡོད་ཕྱིར་སྟོང་པར་བཞག་པས་ཀྱང་འཐུས། མཆོད་པ་དཀོན་མཆོག་སྤྱི་གཏོར་ཡང་དཀྱིལ་འཁོར་སོ་སོར་བཤམ་དགོས་ཕྱིར་མཆོད་པ་ཚར་བཅུ་དང་གཏོར་མ་བཅུའོ། །ཡོལ་བ། བླ་བྲེ། ཕྱེ་ཕུར། འཕན། རྒྱལ་མཚན་སོགས་ཀྱང་འབྱོར་ན་ཚོགས་གཉིས་གསོག་ཕྱིར་མཛེས་པར་བཤམ་མོ། །བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དར་དམར་སེར་གང་རིགས་སམ་ཁ་དོག་སྣ་ཚོགས་པས་བརྒྱན་པ་གཟུངས་རྡོར་དུང་ཆོས་བཅས་པ་དཀྱིལ་འཁོར་གྱི་དབུས་གང་བདེར་མཉྫིའི་སྟེང་དུ་བཞག །སྔ་འགྱུར་ལུགས་ལ་རྫས་དབང་རྣམས་འབྱོར་ན་དངོས་བཤམས་ཁོ་ན་མཛད་པར་འདུག་པ་ཀུན་ལ་གོ་བར་བྱ་དགོས། ཆ་གསུམ་དང་དབང་གི་སྔོན་འགྲོའི་བགེགས་གཏོར། ཞི་ཁྲོ་ཆོས་སྲུང་གི་མཆོད་གཏོར་ཁ་བསོས་ཏེ་སྔ་མ་བཞིན་དུ་ཉེར་བསྡོགས་དང་། སྡོམ་རྟེན་སྟོན་པའི་སྐུ་དྲུང་དུ་མཆོད་པ་འབུར་དོད་ཀྱི་རྒྱས་པར་བྱ་དགོས་ཏེ། ཇོ་བོ་ཡབ་སྲས་སོགས་བྱང་སྡོམ་མཆོད་པ་བཟང་ངན་གྱི་ཁྱད་པར་ལས་སྐྱེ་ཚུལ་སོགས་གསུངས་པའི་ཕྱིར་རྩ་བའི་ས་བཅད་ཀྱི་དཀྱུས་སུ་ལྷ་བསྐྱེད་པ་འདུག་ཀྱང་བཞི་པ་འདིར་ལེན་དགོས་ཏེ། རྩ་བར། བཞི་པ་རབ་གནས་གོང་བཞིན་ནོ། །ཞེས་གསུངས་པས་རྡོར་དྲིལ་དང་བཅས་ཏེ་མེ་ཏོག་འཐོར་ཞིང་རྟེན་འབྲེལ་སྙིང་པོས་རབ་གནས་བྱའོ། རྩ་བའི་ས་བཅད་གསུམ་པ་བདག་མདུན་གྱི་སྒྲུབ་མཆོད་ཡིན་ཏེ། རྩ་བར། གསུམ་པ་ལྷ་བསྐྱེད་པ་ནི། རང་ཉིད་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ནས། ཕྱག་འཚལ། མཆོད་པ་འབུལ། སྡིག་པ་བཤགས། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ན། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཏེ་བསོད་ནམས་ཀྱི་ཚོགས་གསག་གོ། །ཞེས་གསུངས་པའི་ཕྱིར་མཆོད་པ་བྱིིན་རླབ་དང་སྐྱབས་སེམས་ཚད་མེད་བཞི་རྣམས་སྔ་མ་བཞིན་བྱས་རྗེས། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ཡིད་ཆེས་པར་བྱའོ། །དེ་རྗེས་བདག་མདུན་བུམ་གསུམ་ནི་ཀཿཐོག་ལུགས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཆོ་ག་ཁ་བསྒྱུར་འདུག་པ་ལེགས་པར་སྣང་ཡང་། ཧ་ཅང་མང་སྐྱོན་འདུག་པས་འདིར་བདག་བུམ་གཉིས་སུ་གཙོ་བོ་ལྷ་ལྔ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་འཁོར་དང་། མདུན་བསྐྱེད་དཀྱིལ་འཁོར་ཡང་རྫོགས་བསྒོམས་ནས་འཐད་ཅིང་། རྩ་བའི་ས་བཅད་བཅུ་བཞི་པར་བླ་མ་སངས་རྒྱས་ཐུབ་པ་ཡུམ། དེ་བཞིན་གཤེགས་པ་བཅུའི་ང་རྒྱལ་གྱིས་ཞེས་གསུངས་པས་གཞུང་དོན་དང་མཐུན་པར་སེམས་པས་དང་པོ་བདག་བསྐྱེད་ནི། བསངས་སྦྱངས། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་པདྨ་འདབ་བཞི་ལྷ་སྣམ་དང་བཅས་པའི་ལྟེ་བར་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ་མཾ་ལས་རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སེར་པོ་ས་གནོན་མཉམ་གཞག་ཅན་འདབ་བཞིའི་ཤར་དུ་པཾ་ལས་ཡུམ་ཆེན་སེར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་མཉམ་གཞག །གཡས་འོག་མ་རྡོ་རྗེ། གཡོན་འོག་མ་གླེགས་བམ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ལྷོར་ཧཱུཾ་ལས་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་པདྨ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། ནུབ་ཏུ་མཾ་ལས་ཤཱ་རིའི་བུ་དགེ་སློང་སེར་པོ་འཁར་གསིལ་ལྷུང་བཟེད་ཅན། བྱང་དུ་ཧྲཱིཿལས་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་པདྨ་དང་གླེགས་བམ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ལྷ་སྣམ་གྱི་ཤར་སྟོད་དུ་སངས་རྒྱས་དགའ་བའི་དཔལ་སྔོ་སྐྱ་བུམ་པ། ཤར་དུ་དཀོན་མཆོག་འབྱུང་གནས་དཀར་པོ་གཡས་མཆོག་སྦྱིན་གྱིས་རིན་པོ་ཆེ། ལྷོར་མྱ་ངན་མེད་དཔལ་སྔོན་པོ་གཡས་འཁོར་ལོ། །ནུབ་ཏུ་རིན་ཆེན་འོད་འཕྲོ་དཀར་པོ་གཡས་མཆེ་བ། བྱང་དུ་རྒྱལ་བའི་དབང་པོ་ལྗང་གུ་གཡས་པདྨ། ཤར་ལྷོར་པདྨ་དམ་པའི་དཔལ་དཀར་པོ་གཡས་པདྨ། ལྷོ་ནུབ་ཏུ་ཉི་མ་སྣང་བ་དམ་པའི་དཔལ་དམར་པོ་གཡས་ཉི་མ། ནུབ་བྱང་དུ་གདུགས་ཆེན་དམ་པའི་དཔལ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ། བྱང་ཤར་དུ་ཏིང་འཛིན་གླང་པོ་དམ་པའི་དཔལ་སེར་པོ་གཡས་ཆོས་འཆད། ནུབ་སྨད་དུ་པདྨོའི་དཔལ་སེར་པོ་གཡས་པདྨ། གཡོན་ཐམས་ཅད་མཉམ་གཞག་མཛད་པ་སངས་རྒྱས་སྤྲུལ་པ་སྐུའི་ཆ་ལུགས་ཅན་ནོ། །གཙོ་འཁོར་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། འོག་མིན་དང་ཕྱོགས་བཅུའི་ཞིང་ཁམས་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨ་རྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་ཨཱཿཧཱུཾ། རྣམ་དག་སྐུ་མངའ༴ སྨྲ་བསམ་བརྗོད་མེད༴ ལྕང་ལོ་ཅན་གྱི་གནས་མཆོག༴ སྐྱོན་གྱིས་མ་གོས་སོགས་ཤློ་ཀ་རེ་རེ་དང་། དགའ་བ་པདྨོའི་དཔལ་དང་དཀོན་མཆོག་འབྱུང་། །མྱ་ངན་མེད་དཔའ་འོད་འཕྲོ་རྒྱལ་བའི་དབང་། །གླང་པོ་པདྨ་སྣང་བ་གདུགས་དམ་པ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཞེས་སོགས་ཀྱིས་བསྟོད། བཟླས་པ་ནི། གཙོ་བོ་ལ་མུ་ནེ། ཡུམ་ཆེན་མོར་དབང་གི་སྐབས་ནས་འབྱུང་བ་ལྟར། ༀ་དྷཱི་པྲཛྙཱ་མ་ཧཱ་པྲ ཛྙཱ་དྷརྨཱ་དྷཱ་ཏུ་ཡེ་སྭཱ་ཧཱ། ཕྱག་རྡོར་ལ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཤཱ་རིའི་བུར། ༀ་ན་མཿས་མནྟ་བུདྡྷ་ནཱ་བྷ་ག་ཝན་པྲ་བྷ་ཏ་ཐཱ་ག་ཏ་ཡ་ཨ་བ་ལོ་ཀི་ཏེ་ཀཱ་རུ་ཎ་མ་ཡེ་སྭཱ་ཧཱ། སྤྱན་རས་གཟིགས་ལ། ༀ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་སྭཱ་ཧཱ། ཞེས་གཙོ་བོ་ལྔའི་བཟླས་པ་ཅི་རིགས་དང་། ཕྱོགས་བཅུའི་སངས་རྒྱས་ལ་ཐུན་མོང་དུ། མུ་ནེ་ཅི་རིགས་བཟླས་མཐར་གོང་བཞིན་མཆོད་བསྟོད་བྱའོ། །བདག་བསྐྱེད་དབང་མ་ཚར་བར་མི་བསྡུ་བར་གསུངས། གཉིས་པ་བུམ་བསྐྱེད་ནི། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གཞལ་ཡས་ཁང་པར་གྱུར་པའི་དབུས་སུ་པདྨ་འདབ་བཞི་ལྷ་སྣམ་དང་བཅས་པའི་ལྟེ་བར་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ་མཾ་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་སོགས་གོང་བཞིན་བདག་བསྐྱེད་ཁོ་ནའི་རིགས་འགྲེས་སྦྱོར་ཞིང་། གཟུངས་ཐག་བླངས་ཏེ་བཟླས་པ་བྱ་ཞིང་བདག་གི་ཐུགས་ཀ་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་གོང་བཞིན་བཟླས་པ་དང་། མཐར་མཆོད་བསྟོད་བྱ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་བཀང་། དུང་ཆོས་ཀྱི་ཆུ་བླུག་པས་ལྷ་རྣམས་འོད་དུ་ཞུ་བ་བུམ་ཆུར་གྱུར་པར་བསམ་མོ། །རྩ་བའི་ས་བཅད་བརྒྱད་པ་བུམ་པར་ལྷ་བསྐྱེད་བཟླས་པ་བྱ། ཞེས་པའི་མཆན་བུར་བུམ་ནང་དུ་ཤཱཀ་ཐུབ་བསྐྱེད་པ་དབུས་སུ་གཞུག་གསུང་། ཞེས་པའི་དགོངས་པ་ལྟར་རོ། །ལས་བུམ་བསྐྱེད་པ་སྔ་མ་རྣམས་དང་འདྲའོ། །གསུམ་པ་མདུན་བསྐྱེད་ནི། རྩ་བར། དེ་ནས་ༀ་སྭ་བྷཱ་ཝ་ཤུདྡྷ ཿསརྦ་དྷ་རྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསམ། དེའི་ངང་ལས་རྡོར་སེམས་སུ་མོས་པའི་སྙིང་གར་ཧཱུཾ། དེ་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་ཆད་པ་ལས། ནམ་མཁའ་རླུང་མེ་ཆུ་ས་རི་རབ་ཀྱི་སྟེང་དུ། བྷྲཱུཾ་རཏྣ་བི་ཤྭ་བི་ཤུདྡྷེ་མཎྜ་ལ། ཞེས་པས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞན་ཡས་ཁང་གསལ་དྭངས་སྒྲིབ་ཐོགས་མེད་པའི་དབུས་སུ་ཞེས་འབྱུང་བའི་དོན་རྒྱས་པར་བསྟན་པ་ནི། རང་བདག་བསྐྱེད་དུས་ཐུབ་པར་བསྐྱེད་པ་ཁོ་ནས་གོ་ཆོད་དེ་རྒྱུ་མཚན་ཅིའི་ཕྱིར་ན། རྡོར་སེམས་ལ་རྣམ་འགྱུར་མང་ཡང་ལུགས་འདིའི་དཀྱིལ་འཁོར་དགུ་པའི་གཙོ་བོ་རྡོར་སེམས་སྔོན་པོ་ས་གནོན་མཉམ་གཞག་ཅན་ཞིག་ཡོད་པ་ལ་ཟིན་བྲིས་རྣམས་སུ་ངོ་བོ་ཐུབ་པ་རྣམ་པ་རྡོར་སེམས་ཞེས་བཤད་འདུག་པས། ཐུབ་པ་ཁོ་ནའི་ང་རྒྱལ་ལ་ཐེ་ཚོམ་མི་བྱའོ། །རྣམ་རྒྱལ་བུམ་པའི་ཆུ་ཀུ་ཤས་ཕྱོགས་བཅུར་འཐོར་ཞིང་། རྟེན་འབྲེལ་སྙིང་པོ་བརྗོད་མཐར། སྭ་བྷཱ་ཝས་སྦྱངས། སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་ཐུབ་པ་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་དུ་གསལ་བའི་སྙིང་གར་རྒྱུའི་ཡེ་གེ་ཧཱུཾ་སྔོན་པོ་དེ་ལས། ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་ཆད་དེ་འོག་ཏུ་འཕྲོས་པ་ལས། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་མཐིང་ནག་གྲུ་གསུམ་པ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ་གྱི་དབྱིབས་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། དེའི་སྟེང་དུ་སུཾ་ལས་རི་རབ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་བ་བང་རིམ་བཞི་རྣམས་སུ་གྱུར། བྷཱུཾ་རཏྣ་བི་ཤྭ་བི་ཤུདྡྷེ་མཎྜལ་ལ། ཞེས་པས་རི་རབ་ཀྱི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྩིག་པ་ཁ་དོག་ལྔ་ལྡན་གྱི་སྟེང་ན་ཕ་གུ་སེར་པོ་ལ་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ་མདའ་ཡབ་དང་པུ་ཤུས་བསྐོར་བ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་བཞིས་བཏེག་པའི་དབུས་ཕྱུར་བུར་གྱུར་པ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གི་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་པ་སྟེང་འོག་གི་སྒོ་རྒྱན་དང་ལྡན་པ། སྣ་ཚོགས་རྡོ་རྗེ་ཉི་དཀྱིལ་པདྨ་རྡོ་རྗེའི་ར་བ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པའི་དཀྱིལ་འཁོར་བཅུར་གྱུར། དཀྱིལ་འཁོར་དང་པོ་དང་། གཉིས་པའི་དབུས་སུ་པདྨ་འདབ་མ་བཞི་པ། དང་པོའི་དབུས་དང་། གཉིས་པའི་ཤར་དུ་རིན་པོ་ཆེའི་ཁྲི་ཉི་ཟླ་པདྨའི་གདན་ལ། མཾ་ལས་ཐུབ་པ་སེར་པོ་ས་གནོན་མཉམ་གཞག་ཅན། དཀྱིལ་འཁོར་གཉིས་པའི་དབུས་དང་། དང་པོའི་ཤར་དུ་པཾ་ལས་ཡུམ་ཆེན་པོ་སེར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་མཉམ་གཞག །གཡས་འོག་མ་རྡོ་རྗེ། གཡོན་འོག་མ་པོ་ཏི་ལོངས་སྐུའི་ཚུལ་ཅན། དཀྱིལ་འཁོར་གཉིས་ཀའི་ལྷོར་ཧཱུཾ་ལས་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ། གཡོན་པདྨ་ལོངས་སྐུ། ནུབ་ཏུ་མཾ་ལས་ཤཱ་རིའི་བུ་སེར་པོ་དགེ་སློང་འཁར་གསིལ་ལྷུང་བཟེད་ཅན། བྱང་དུ་ཧྲཱིཿལས་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་པདྨ། གཡོན་པོ་ཏི་འཛིན་པ་ལོངས་སྐུའོ། །རྩ་བར། ཡང་ཡུམ་དང་ཐུབ་པ་གནས་བརྗེས་པས་དཀྱིལ་འཁོར་གཉིས་སུ་འགྱུར་རོ། །ཞེས་པའི་དོན་ནི། དཀྱིལ་འཁོར་གསུམ་པ་དང་། བཞི་པའི་པདྨ་འདབ་མ་བཅུ་པའི་དབུས་དང་ཕྱོགས་བཅུར་ཨ་སིང་ཨ་ཧྲཱིཿལས་རིན་པོ་ཆེའི་ཁྲི་ཉི་ཟླ་པདྨའི་གདན། དཀྱིལ་འཁོར་གསུམ་པའི་དབུས་སུ་ཡུམ་ཆེན་མོ་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། གཡོན་པདྨ་པོ་ཏིས་མཚན་པ་ལོངས་སྐུ། དཀྱིལ་འཁོར་བཞི་པའི་དབུས་སུ་ཐུབ་པ་སེར་པོ་ས་གནོན་མཉམ་གཞག་ཅན། དཀྱིལ་འཁོར་གཉིས་ཀའི་ཤར་དུ་སངས་རྒྱས་དཀོན་མཆོག་འབྱུང་གནས་དཀར་པོ་གཡས་མཆོག་སྦྱིན་གྱིས་རིན་པོ་ཆེ། གཡོན་མཉམ་གཞག །ལྷོར་མྱ་ངན་མེད་པའི་དཔལ་སྔོན་པོ་གཡས་འཁོར་ལོ། །ནུབ་ཏུ་རིན་ཆེན་འོད་འཕྲོ་དཀར་པོ་གཡས་མཆེ་བ། བྱང་དུ་རྒྱལ་བའི་དབང་པོ་ལྗང་གུ་གཡས་པདྨ། ཤར་ལྷོར་སངས་རྒྱས་པདྨ་དམ་པའི་དཔལ་དཀར་པོ་པདྨ། ལྷོ་ནུབ་ཏུ་ཉི་མ་སྣང་བ་དམ་པའི་དཔལ་དམར་པོ་ཉི་མ། ནུབ་བྱང་དུ་གདུགས་ཆེན་དམ་པའི་དཔལ་ལྗང་གུ་སྣ་ཚོགས་རྡོ་རྗེ། བྱང་ཤར་དུ་རིན་ཆེན་གླང་པོ་དམ་པའི་དཔལ་སེར་པོ་གཡས་ཆོས་འཆད། སྟེང་མཚོན་པའི་ཤར་སྟོད་དུ་སངས་རྒྱས་དགའ་བའི་དཔལ་སྔོ་སྐྱ་བུམ་པ། འོག་མཚོན་པའི་ནུབ་སྨད་དུ་པདྨ་དམ་པའི་དཔལ་སེར་པོ་པདྨ་བསྣམས་པ་ཐམས་ཅད་ཀྱང་གཡོན་མཉམ་གཞག་མཛད་པའོ། །རྩ་བར། ཡང་ཐུབ་པ་དང་ཡུམ་གནས་བརྗེས་པས་དཀྱིལ་འཁོར་གཉིས་སུ་འགྱུར་རོ། །ཞེས་གསུངས་པའི་དོན། དཀྱིལ་འཁོར་ལྔ་པ་དང་། དྲུག་པ་འདབ་བཞི་ལྷ་སྣམ་ཅན་གྱི་ལྔ་པའི་དབུས་དང་། དྲུག་པའི་ཤར་དུ་མི་ལས་ཐུབ་པ་སེར་པོ་ས་གནོན་མཉམ་གཞག་ཅན། ཡང་དཀྱིལ་འཁོར་དྲུག་པའི་དབུས་དང་། ལྔ་པའི་ཤར་དུ་དྷི་ལས་ཡུམ་ཆེན་མོ་སེར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་མཉམ་གཞག །འོག་མ་གཉིས་རྡོ་རྗེ་དང་པོ་ཏི་ལོངས་སྐུ། དཀྱིལ་འཁོར་གཉིས་ཀའི་ལྷོར་ཧཱུཾ་ལས་ཕྱག་རྡོར་སྔོན་པོ་རྡོ་རྗེ་དང་པདྨ་ལོངས་སྐུ། ནུབ་ཏུ་མཾ་ལས་ཤཱ་རིའི་བུ་དགེ་སློང་སེར་པོ་འཁར་གསིལ་ལྷུང་བཟེད། བྱང་དུ་ཏྲཾ་ལས་སྤྱན་རས་གཟིགས་དཀར་པོ་པདྨ་དང་པོ་ཏི་ལོངས་སྐུ། གཉིས་ཀའི་ལྷ་སྣམ་ཤར་དུ་ཧྲཱིཿལས་སངས་རྒྱས་གླང་པོ་དམ་པའི་དཔལ་དཀར་པོ་རྡོ་རྗེ། ལྷོར་ཧྲཱིཿལས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ། ནུབ་ཏུ་ཧྲཱིཿལས་པདྨ་དམ་པའི་དཔལ་དམར་པོ་པདྨ། བྱང་དུ་ཧྲཱིཿལས་ཏིང་འཛིན་རྒྱལ་པོ་ལྗང་གུ་རྡོ་རྗེ་རྒྱ་གྲམ། བཞི་ག་གཡོན་མཉམ་གཞག་གོ། །ཤར་ལྷོར་ཉ་ལས་རྡོ་རྗེ་སེམས་མ་དཀར་མོ་རྡོ་རྗེ། ལྷོ་ནུབ་ཏུ་ས་ལས་རིན་ཆེན་སེམས་མ་སེར་མོ་རིན་པོ་ཆེ། ནུབ་བྱང་དུ་ར་ལས་ཆོས་ཀྱི་སེམས་མ་དམར་མོ་པདྨ། བྱང་ཤར་དུ་མི་ལས་ལས་ཀྱི་སེམས་མ་ལྗང་གུ་རྒྱ་གྲམ་གཡོན་མཉམ་གཞག་ལོངས་སྐུའི་ཚུལ་ལོ། །རྩ་བར། འདིར་ཡང་ཡུམ་དང་ཐུབ་པ་གནས་བརྗེས་པས་དཀྱིལ་འཁོར་གཉིས་སུ་འགྱུར་རོ། །ཞེས་གསུངས་པའི་དོན། རྩ་བར། ཡང་ལིང་ཚེ་དགུའི་དབུས་སུ་ཡུམ་ཆེན་མོ། ཕྱོགས་བཞིར་རིགས་བཞིའི་སངས་རྒྱས། འཁོར་ལོ་རྩིབས་བཅུར་ཕྱོགས་བཅུའི་སངས་རྒྱས་རེ་རེ་ལ་བྱང་ཆུབ་སེམས་དཔའ་བཞི་བཞིས་བསྐོར་བ། གྲུ་ཆད་བཞི་ལ་སྒེག་སོགས་བརྒྱད། ཁྱམས་ལ་སེམས་དཔའ་བཅུ་དྲུག །འདོད་སྣམས་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་མ་བཞི་སྟེ་དགུ་བཅུ་རྩ་གཅིག་གོ། །འདིར་ཐུབ་པས་གཙོ་བྱས་ཡང་དཀྱིལ་འཁོར་གཉིས་སུ་འགྱུར་རོ། །འདི་དག་གི་སྐུ་མདོག་ཕྱག་མཚན་སྔགས་རྣམས་གོང་འོག་ཏུ་ཞིབ་ཏུ་བསྟན་ནོ། །ཞེས་གསུངས་པས། འདིའི་དཀྱིལ་འཁོར་གྱི་ལྷ་རྣམས་དབང་བསྐུར་ཚིག་སྟེང་ནས་ལེན་པ་ལས་མངོན་རྟོགས་ཟུར་པ་མེད་ཕྱིར་འདིར་བསྡེབས་པ་ནི། དཀྱིལ་འཁོར་བདུན་པ་དང་། བརྒྱད་པ་གཉིས་ནང་ལིང་ཚེ་དགུའི་ཕྱིར་འཁོར་ལོ་སེར་པོ་རྩིབས་བཅུ་པ། རྩིབས་རེ་རེའི་ནང་དུ་འདབ་བཞི་དང་ཕྱིར་གྲུ་ཆད་ལྷ་སྣམ་ཅན་གཉིས་ཀྱི། བདུན་པའི་དབུས་སུ་ཡུམ་ཆེན་སེར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རལ་གྲི་དང་མཆོག་སྦྱིན། གཡོན་གཉིས་ཨུཏྤལ་གླེགས་བམ་འཛིན་པ་ལོངས་སྐུའི་ཚུལ་ལོ། །བརྒྱད་པའི་དབུས་སུ་ཐུབ་དབང་སེར་པོ་ས་གནོན་མཉམ་གཞག་གི་སྟེང་ན་ལྷུང་བཟེད་དང་འཁར་གསིལ་འཆང་བའོ། །དཀྱིལ་འཁོར་གཉིས་ཀའི་ལིང་ཚེ་དགུའི་ཤར་དུ་སངས་རྒྱས་གླང་པོ་དམ་པོའི་དཔལ་དཀར་པོ་རྡོ་རྗེ། ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ། ནུབ་ཏུ་པདྨ་དམ་པའི་དཔལ་དམར་པོ་པདྨ། བྱང་དུ་ཧྲཱིཿལས་ཏིང་འཛིན་རྒྱལ་པོ་ལྗང་གུ་རྒྱ་གྲམ་གཡོན་མཉམ་གཞག་གོ། །ལིང་ཚེའི་ཤར་ལྷོར་རྡོ་རྗེ་སེམས་མ་དཀར་མོ་རྡོ་རྗེ། ལྷོ་ནུབ་ཏུ་རིན་ཆེན་སེམས་མ་སེར་མོ་རིན་པོ་ཆེ། ནུབ་བྱང་དུ་ཆོས་ཀྱི་སེམས་མ་དམར་མོ་པདྨ། བྱང་ཤར་དུ་ལས་ཀྱི་སེམས་མ་ལྗང་གུ་རྒྱ་གྲམ། གཡོན་མཉམ་གཞག་བརྒྱད་ཀ་ལོངས་སྐུའོ། །རྩིབས་བཅུའི་ཤར་རྩིབས་དང་པོའི་དབུས་སུ་སྟེང་གི་སངས་རྒྱས་དགའ་བའི་དཔལ་དཀར་པོ་གཡས་རྒྱལ་མཚན། དེའི་ཕྱོགས་བཞིའི་ཤར་དུ་བཟང་སྐྱོང་སེར་པོ་གསེར་གྱི་བུམ་པ་བསྣམས་པ། ལྷོར་དཀོན་མཆོག་འབྱུང་གནས་སྔོན་པོ་རིན་ཆེན་སྒྲོམ་བུ། ནུབ་ཏུ་དཔའ་བར་འགྲོ་བ་དམར་པོ་རལ་གྲི། བྱང་དུ་ཟླ་འོད་གཞོན་ནུ་ལྗང་གུ་ཟླ་ཚེས། དེ་ཡང་ཤར་ནུབ་གཉིས་སེམས་དཔའ་དང་། ལྷོ་བྱང་ཉན་ཐོས་ཀྱི་ཚུལ་ལོ། །ཤར་རྩིབས་གཉིས་པར་ཤར་ཕྱོགས་ཀྱི་སངས་རྒྱས་དཀོན་མཆོག་འབྱུང་གནས་དཀར་པོ་གཡས་མཆོག་སྦྱིན་དང་འཁོར་ལོ། །གཡོན་སྐྱབས་སྦྱིན་མཛད་པ། ཤར་དུ་ཆོས་ཀྱི་རྒྱལ་མཚན་དཀར་པོ་ཆུ་སྲིན་གྱི་རྒྱལ་མཚན། ལྷོར་དབང་ཕྱུག་རྒྱལ་པོ་སྔོན་པོ་ལྕགས་ཀྱུ། ནུབ་ཏུ་བཀོད་པའི་རྒྱལ་མཚན་དམར་པོ་མེ་ཏོག །བྱང་དུ་རིན་ཆེན་འོད་འཕྲོ་ལྗང་གུ་རིན་ཆེན་འཛིན་པ། ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་སོ། །ཤར་ལྷོའི་རྩིབས་དབུས་སངས་རྒྱས་པདྨོ་དམ་པའི་དཔལ་དཀར་སེར་གཡས་པ་ཉི་མ། གཡོན་མཉམ་གཞག །དེའི་ཤར་དུ་ཀུན་བཟང་དཀར་པོ་རིན་ཆེན་སྡོང་བུ། ལྷོར་འཇམ་དཔལ་སྔོན་པོ་ཨུཏྤལ། ནུབ་ཏུ་སྒྲིབ་སེལ་དམར་པོ་པོ་ཏི། བྱང་དུ་བྱམས་པ་ལྗང་གུ་ཀླུ་ཤིང་དང་གྷུནྡྷེ་སྟེ་སྤྱི་བླུགས་འཛིན་པ། ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་སོ། །ལྷོ་རྩིབས་ཀྱི་དབུས་སུ་སངས་རྒྱས་མྱ་ངན་མེད་དཔལ་སྔོན་པོ་གཡས་ཐུགས་ཀར་སྐྱབས་སྦྱིན་གྱིས་རིན་པོ་ཆེ། གཡོན་མཉམ་གཞག་གོ། །དེའི་ཤར་དུ་སྣང་བའི་མཆོག་དཀར་པོ་རྡོ་རྗེ། ལྷོར་ཕྱག་རྒྱའི་རྒྱལ་པོ་སེར་པོ་རྒྱ་གྲམ། ནུབ་ཏུ་སྤོས་ཀྱི་གླང་པོ་དམར་པོ་འབུད་དུང་དཀར་པོ། བྱང་དུ་སྤོབས་པ་བརྩེགས་ལྗང་གུ་གསེར་གཡུའི་ཏོག་དང་བཅས་པ། ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་སོ། །ལྷོ་ནུབ་ཀྱི་རྩིབས་དབུས་སུ་སངས་རྒྱས་སྣང་བ་དམ་པའི་དཔལ་དམར་སེར་ཉི་མ་བསྣམས་པ། དེའི་ཤར་དུ་མཐུ་ཆེན་ཐོབ་དཀར་པོ་རྡོ་རྗེ། ལྷོར་སྨན་རྒྱལ་སྔོན་པོ་བུམ་པ། ནུབ་ཏུ་ཡོན་ཏན་སྙིང་པོ་དམར་པོ་རིན་ཆེན་སྙེ་མ། བྱང་དུ་མཐོང་ན་དགའ་ལྗང་གུ་ཀླུ་ཤིང་ཅན། ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་སོ། །ནུབ་རྩིབས་དང་པོའི་དབུས་སུ་ནུབ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འོད་འཕྲོ་དམར་པོ་གཡས་ཐུགས་ཀར་སྐྱབས་སྦྱིན་གྱིས་པདྨ་བསྣམས་ཤིང་། གཡོན་མཆོག་སྦྱིན་པུས་མོར་བརྐྱང་བ། དེའི་ཤར་དུ་པདྨའི་རྒྱལ་པོ་དཀར་པོ་སྒྲོམ་བུ། ལྷོར་པདྨ་དམ་པ་སྔོན་པོ་པད་དཀར། ནུབ་ཏུ་རྡོ་རྗེ་མི་གཡོ་དམར་པོ་ལྕགས་ཀྱུ། བྱང་དུ་ཐོགས་མེད་རྒྱལ་པོ་ལྗང་གུ་རལ་གྲི་འཛིན་པ། ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་སོ། །ནུབ་རྩིབས་གཉིས་པའི་དབུས་སུ་འོག་གི་སངས་རྒྱས་པདྨོ་དམ་པའི་དཔལ་སྔོ་ནག་ཆོས་འཆད་ཀྱིས་པདྨ་བསྣམས་པ། དེའི་ཤར་དུ་ཡེ་ཤེས་ཏོག་དཀར་པོ་ཏོག །ལྷོར་མྱ་ངན་མེད་འཇོམས་སྔོན་པོ་རལ་གྲི། ནུབ་ཏུ་བློ་གྲོས་མི་ཟད་པ་དམར་པོ་པདྨ། བྱང་དུ་ཡེ་ཤེས་འོད་ལྗང་གུ་རྡོ་རྗེ། ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་སོ། །ནུབ་བྱང་གི་རྩིབས་ཀྱི་དབུས་སུ་སངས་རྒྱས་གདུགས་མཛེས་དམ་པའི་དཔལ་དམར་ལྗང་གདུགས་བསྣམས་པ། དེའི་ཤར་དུ་གཞོན་ནུ་རྒྱལ་མཚན་དཀར་པོ་ཨུཏྤལ། ལྷོར་སྐྱེས་བུ་དམ་པ་སྔོན་པོ་དུང་རྔ་ཡབ། ནུབ་ཏུ་སེང་གེ་སྒྲ་དམར་པོ་ཀུ་མུད། བྱང་དུ་མྱ་ངན་མེད་ལྗང་གུ་པདྨ་བསྣམས་པ། ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་སོ། །བྱང་གི་རྩིབས་ཀྱི་དབུས་སུ་སངས་རྒྱས་རྒྱལ་བའི་དབང་པོ་ལྗང་གུ་གཡས་སྐྱབས་སྦྱིན་གྱིས་ཉི་མ་དང་། གཡོན་མཆོག་སྦྱིན་གྱིས་རྡོ་རྗེ་ཅན། དེའི་ཤར་དུ་རིན་འབྱུང་དཀར་པོ་རིན་ཆེན་ཟུར་བརྒྱད། ལྷོར་གྲུབ་པ་སྔོན་པོ་སྣ་ཚོགས་རྡོ་རྗེ། ནུབ་ཏུ་དགའ་བ་དམར་མོ་མེ་ལོང་། བྱང་དུ་མི་གཡོ་བ་ལྗང་གུ་མཉམ་གཞག་གོ། །ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་སོ། །བྱང་ཤར་གྱི་རྩིབས་ཀྱི་དབུས་སུ་སངས་རྒྱས་གླང་པོ་དམ་པའི་དཔལ་ལྗང་གུ་གཡས་ཐུགས་ཀར་གླེགས་བམ། གཡོན་པ་མཆོག་སྦྱིན་གྱིས་ཆོས་གོས་ཀྱི་དྲྭ་བ་བསྣམས་པ། དེའི་ཤར་དུ་ཕྱག་རྡོར་དཀར་པོ་རྡོ་རྗེ་རྩེ་དགུ་པ། ལྷོར་སྤྱན་རས་གཟིགས་སྔོན་པོ་པད་དཀར། ནུབ་ཏུ་ནམ་མཁའི་སྙིང་པོ་དམར་པོ་པདྨ། བྱང་དུ་ས་སྙིང་ལྗང་གུ་རིན་པོ་ཆེའི་མྱུ་གུ་བསྣམས་པ། ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་སོ། །དཀྱིལ་འཁོར་གཉིས་ཀའི་ཤར་ལྷོའི་གྲུ་ཆད་ཀྱི་ནང་དུ་སྒེག་མོ་དཀར་མོ་མེ་ལོང་འཛིན་པ་དང་། དེའི་རྒྱབ་ཏུ་སྤོས་མ་དུད་ཁ་སྤོས་ཕོར་འཛིན་པ། ལྷོ་ནུབ་ཀྱི་གྲུ་ཆད་ལ་ཕྲེང་བ་མ་སྔོན་མོ་མེ་ཏོག་གི་ཕྲེང་བ་དང་། མེ་ཏོག་མ་དཀར་མོ་མེ་ཏོག་འཛིན་པ། ནུབ་བྱང་གི་གྲུ་ཆད་ལ་གླུ་མ་དམར་མོ་པི་ཝང་དང་། མར་མེ་དམར་མོ་མར་མེ་འཛིན་པ། བྱང་ཤར་གྱི་གྲུ་ཆད་ལ་གར་མ་ལྗང་གུ་གར་བསྒྱུར་ཞིང་། དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ། ལྷ་སྣམ་གྱི་ཁྱམས་ལ་ཤར་དུ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་མུན་འཇོམས། ལྷོར་སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག །ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་རྣམས་ཕྱོགས་ཀྱི་རང་མདོག་ཅན་ཕྱག་མཚན་སྣ་ཚོགས་འཛིན་པའོ། །ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། །ལྷོ་སྒོར་ཞགས་པ་མ་སེར་མོ། །ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། །བྱང་སྒོར་དྲིལ་བུ་མ་ལྗང་གུ། འདོད་སྣམ་ལ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ནི་ཤར་དུ་ལྷ་མོ་དཀར་མོ་གཉིས་དཔལ་བེའུ་དང་འཁོར་ལོ། ལྷོར་སེར་མོ་གཉིས་པདྨ་དང་རྒྱལ་མཚན། ནུབ་ཏུ་དམར་མོ་གཉིས་གདུགས་དང་བུམ་པ། བྱང་དུ་ལྗང་གུ་གཉིས་དུང་དང་ཉ་འཛིན་པའོ། །དཀྱིལ་འཁོར་དགུ་པ་འདབ་བརྒྱད་རྩིབས་དྲུག་ཅན་གྱི་དབུས་འདབ་མ་བརྒྱད་ཀྱི་ལྟེ་བར་ཐུབ་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་སྔོན་པོ་ས་གནོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཤར་དུ་དགའ་བའི་སྤྱན་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་ཡོངས་སུ་དགོངས་པའི་རྒྱལ་པོ་སྔོ་སེར་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་གསེར་གྱི་འོད་ཟེར་དམར་པོ་ཏིང་ངེ་འཛིན་གྱི་རྒྱལ་པོའི་ཕྱག་རྒྱ་ཅན། བྱང་དུ་ཏིང་འཛིན་གླང་པོ་ལྗང་གུ་མཉམ་གཞག་གི་ཕྱག་རྒྱ་ཅན། ཤར་ལྷོར་ཞི་བ་དབང་པོ་སྔོ་སྐྱ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོ་ནུབ་ཏུ་མེ་ལོང་འོད་དཀར་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། ནུབ་བྱང་དུ་ཡིད་འོང་དབྱངས་དམར་ལྗང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། བྱང་ཤར་དུ་མེ་ལོང་འོད་དཀར་ལྗང་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། དེའི་ཕྱི་འཁོར་ལོ་རྩིབས་དྲུག་གི་རྩིབས་རེ་རེའི་ནང་དུ་པདྨ་འདབ་བརྒྱད་པ་རེ་རེའི་བྱང་ཤར་གྱི་རྩིབས་ཀྱི་དབུས་སུ་ཐུབ་པ་ཆེན་པོ་སེར་པོ་ས་གནོན་མཉམ་གཞག་ཅན། དེའི་ཤར་དུ་ཡུམ་ཆེན་མོ་སེར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་མཉམ་གཞག །འོག་མ་གཉིས་རྡོ་རྗེ་དང་གླེགས་བམ། ཤར་ལྷོར་ལྷའི་ཐུབ་པ་སྲིད་ཐུབ་འཛིན་སྔོན་པོ་གོ་མཚོན་ཅན། ལྷོར་རྣམ་པར་སྣང་མཛད་སེར་པོ་མཉམ་གཞག་ཅན། ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སྣང་བྱེད་དམར་ནག་སྒྲོམ་བུ་ཅན། ནུབ་ཏུ་ཤཱ་རིའི་བུ་དགེ་སློང་སེར་པོ་བསེག་པར་ཅན། ནུབ་བྱང་དུ་བྱོལ་སོང་ཐུབ་པ་རྣམ་གནོན་སེར་ནག་པོ་ཏི་ཅན། བྱང་དུ་ལྷ་མིན་ཐུབ་པ་རྣམ་རྒྱལ་མཐིང་ཁ་པདྨ་ཅན། བྱང་ཤར་དུ་དམྱལ་བའི་ཐུབ་པ་རབ་རྒྱལ་དུད་ཁ་མེ་ཆུ་བསྣམས་པ། ཤར་ལྷོའི་རྩིབས་ཀྱི་དབུས་སུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་ཟླ་འོད་དཔལ་དཀར་པོ་ས་གནོན་ཅན། ལྷོར་ཉི་མའི་སྙིང་པོ་སེར་པོ་མཆོག་སྦྱིན། ནུབ་ཏུ་སྤོས་ཀྱི་དཔལ་དམར་པོ་ཏིང་ངེ་འཛིན་ཅན། བྱང་དུ་སྔོན་འཕྲོའི་རྒྱལ་པོ་ལྗང་གུ་སྐྱབས་སྦྱིན་ཅན། ཤར་ལྷོར་རིན་ཆེན་རྒྱལ་དཀར་སེར་ས་གནོན་ཅན། ལྷོ་ནུབ་ཏུ་འོད་ཟེར་དཔལ་སེར་སྐྱ་མཆོག་སྦྱིན། ནུབ་བྱང་དུ་དཀའ་ཐུབ་རྒྱལ་དམར་སྐྱ་ཏིང་ངེ་འཛིན་ཅན། བྱང་ཤར་དུ་གཙུག་ཏོར་སྙིང་པོ་དཀར་ལྗང་སྐྱབས་སྦྱིན་ཅན་ནོ། །ལྷོའི་རྩིབས་ཀྱི་དབུས་སུ་རིན་འབྱུང་སེར་པོ་མཆོག་སྦྱིན་ཅན། ཤར་དུ་གསེར་འོད་འཕྲོ་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་བཀོད་པའི་རྒྱལ་པོ་སེར་པོ་ས་གནོན་ཅན། ནུབ་ཏུ་གསེར་གྱི་གཟུགས་དམར་པོ་ཏིང་ངེ་འཛིན་ཅན། བྱང་དུ་དཔལ་གྱི་རྒྱལ་པོ་སྔོན་པོ་སྐྱབས་སྦྱིན་ཅན། ཤར་ལྷོར་སྣང་བ་བརྩེགས་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོ་ནུབ་ཏུ་མྱ་ངན་མེད་པ་དམར་སེར་ས་གནོན་ཅན། ནུབ་བྱང་དུ་དགའ་བའི་དཔལ་དམར་ལྗང་མཉམ་གཞག་ཅན། བྱང་ཤར་དུ་གཟི་བརྗིད་དཔལ་དཀར་ལྗང་སྐྱབས་སྦྱིན་ཅན་ནོ། །ལྷོ་ནུབ་ཀྱི་རྩིབས་ཀྱི་དབུས་སུ་ཤཱཀྱ་སེང་གེ་ལྗང་གུ་པོ་ཏི་ཐུགས་ཀར་བསྣམས་པ། ཤར་དུ་དྲི་མེད་སྒྲ་དཀར་པོ་བྱང་ཆུབ་མཆོག །ལྷོར་དཀོན་མཆོག་སྤྲིན་སྔོན་པོ་མཆོག་སྦྱིན་ཅན། ནུབ་ཏུ་ཡོན་ཏན་འབྱུང་དམར་པོ་མཉམ་གཞག་ཅན། བྱང་དུ་སེང་གེ་སྒྲ་ལྗང་གུ་སྐྱབས་སྦྱིན་ཅན། ཤར་ལྷོར་མཛེས་པའི་ཏོག་དཀར་སེར་བྱང་ཆུབ་མཆོག །ལྷོ་ནུབ་ཏུ་གཟི་བརྗིད་རྒྱལ་དམར་སེར་མཆོག་སྦྱིན་ཅན། ནུབ་བྱང་དུ་ཙནྡན་དཔལ་དམར་ལྗང་མཉམ་གཞག་ཅན། བྱང་ཤར་དུ་སྙིང་རྗེའི་རྒྱལ་དཀར་ལྗང་སྐྱབས་སྦྱིན་ནོ། །ནུབ་བྱང་གི་རྩིབས་ཀྱི་དབུས་སུ་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཤར་དུ་ངེས་པར་གཤེགས་དཀར་པོ་བྱང་ཆུབ་མཆོག །ལྷོར་ངེས་པར་གསུངས་སྔོན་པོ་མཆོག་སྦྱིན་ཅན། ནུབ་ཏུ་བརྡལ་བ་ཆེ་དམར་པོ་ས་གནོན། བྱང་དུ་མེ་ཏོག་དབྱངས་ལྡན་ལྗང་གུ་སྐྱབས་སྦྱིན་ཅན། ཤར་ལྷོར་གྲགས་པའི་དཔལ་དམར་སྐྱ་བྱང་ཆུབ་མཆོག །ལྷོ་ནུབ་ཏུ་སྤྲུལ་པའི་རྒྱལ་དམར་པོ་ཆོས་འཆད། ནུབ་བྱང་དུ་སྒྲ་དབྱངས་མི་ཟད་པ་དམར་པོ་ས་གནོན་ཅན། བྱང་ཤར་དུ་སྨན་གྱི་རྒྱལ་པོ་དཀར་ལྗང་སྐྱབས་སྦྱིན་མཛད་པའོ། །བྱང་གི་རྩིབས་ཀྱི་དབུས་སུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་ཅན། ཤར་དུ་དགེ་བའི་བཤེས་གཉེན་དཀར་པོ་བྱང་ཆུབ་མཆོག །ལྷོར་ངན་སོང་སྦྱོང་བ་སྔོན་པོ་ཆོས་འཆད། ནུབ་ཏུ་ཀུན་གྱི་སློབ་དཔོན་དམར་པོ་མཉམ་གཞག །བྱང་དུ་རྣམ་པར་རྒྱལ་བ་ལྗང་གུ་ས་གནོན། ཤར་ལྷོར་མེ་ཏོག་བཀོད་པའི་རྒྱལ་པོ་ལྗང་སྔོན་བྱང་ཆུབ་མཆོག །ལྷོ་ནུབ་ཏུ་ཐམས་ཅད་སྣང་ལྗང་སེར་ཆོས་འཆད། ནུབ་བྱང་དུ་ཙནྡན་དྲི་དམར་ལྗང་མཉམ་གཞག །བྱང་ཤར་དུ་སེང་གེ་འབུམ་གཟུགས་ལྗང་སྐྱ་ས་གནོན། གྲྭ་བཞིའི་ནང་དུ་སྒེག་མོ་དཀར་མོ་རབ་ཏུ་སྙེམ་པ། ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། གླུ་མ་དམར་མོ་པི་ཝང་འདྲེན་པ། གར་མ་ལྗང་གུ་གར་བྱེད་པའོ། །ཕྱིར་བདུག་པ་སྔོན་མོ་སྤོས་ཁང་འཛིན་པ། མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ། མར་མེ་མ་དམར་མོ་མར་མེའི་སྡོང་བུ་འཛིན་པ། དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །ལྷ་སྣམ་ལ་ཤར་དུ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་མུན་འཇོམས། ལྷོར་སྤོས་ཀྱི་གླང་པོ། དཔལ་བར་འགྲོ། ནམ་མཁའ་མཛོད། ཡེ་ཤེས་ཏོག །ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད་ཟེར། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོའོ། །ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོ་སྒོར་ཞགས་པ་མ་སེར་མོ། །ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། །བྱང་སྒོར་དྲིལ་བུ་མ་ལྗང་གུའོ། །འདོད་སྣམ་ལ་ཤར་དུ་དཔལ་བེའུ་འཁོར་ལོ་འཛིན་པའི་ལྷ་མོ་གཉིས་དཀར། ལྷོར་པདྨ་རྒྱལ་མཚན་འཛིན་པའི་ལྷ་མོ་གཉིས་སེར། ནུབ་ཏུ་གདུགས་དང་བུམ་པ་འཛིན་པའི་ལྷ་མོ་གཉིས་དམར། བྱང་དུ་དུང་དང་ཉ་འཛིན་པའི་ལྷ་མོ་གཉིས་ལྗང་གུ་སྟེ་ལྷ་ཚོགས་དགུ་བཅུ་རྩ་དགུའོ། །ཡང་དཀྱིལ་འཁོར་བཅུ་པ་ནང་འདབ་བརྒྱད་དང་དེའི་ཕྱིར་འདབ་མ་བཅུ་པའི་དབུས་སུ་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེག་པའི་སྟེང་དུ་ཉི་ཟླ་པདྨའི་གདན་ཆ་གཉིས་ཁ་སྤྲོད་ལ། དབུས་སུ་དྷི་པྲ་ལས་ཡུམ་ཆེན་མོ་སེར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་མཉམ་གཞག་དང་། འོག་མ་གཉིས་རྡོ་རྗེ་དང་གླེགས་བམ་འཛིན་པའོ། །དེའི་མདུན་ཞལ་སྤྲོད་དུ་མཾ་ལས་ཐུབ་པ་ཆེན་པོ་སེར་པོ་ས་གནོན་མཉམ་གཞག །ཕྱོགས་བཞིར་ཧྲཱིཿལས་གླང་པོ་དམ་པའི་དཔལ་རྡོ་རྗེ་ཐུགས་ཀར་འཛིན་པ། རིན་ཆེན་འབྱུང་གནས་སེར་པོ་རིན་པོ་ཆེ། པདྨའི་དཔལ་དམར་པོ་པདྨ། ཏིང་འཛིན་རྒྱལ་པོ་ལྗང་གུ་རྒྱ་གྲམ། བཞི་གའང་གཡོན་མཉམ་གཞག་གོ། །ཤར་ལྷོར་ཉ་ལས་རྡོ་རྗེ་སེམས་མ་དཀར་མོ་ཆོས་འཆད། ལྷོ་ནུབ་ཏུ་ས་ལས་རིན་ཆེན་སེམས་མ་སེར་མོ་རྡོ་རྗེ། ནུབ་བྱང་དུ་ར་ལས་ཆོས་ཀྱི་སེམས་མ་དམར་མོ་པདྨ། བྱང་ཤར་དུ་མི་ལས་ལས་ཀྱི་སེམས་མ་ལྗང་གུ་རྒྱ་གྲམ་བསྣམས་པའོ། །དེའི་ཕྱིར་ཤར་གྱི་པདྨ་གཉིས་པའི་དབུས་སུ་དི་ལས་མྱ་ངན་མེད་པའི་དཔལ་དཀར་པོ་འཁོར་ལོ། །དེའི་ཤར་དུ་ཨ་ལས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་དཀར་པོ་ཆུ་སྲིན་རྒྱལ་མཚན་བསྣམས་པ། ལྷོར་ཏྲི་ལས་དབང་ཕྱུག་རྒྱལ་པོ་སྔོན་པོ་ལྕགས་ཀྱུ། ནུབ་ཏུ་ཧྲཱིཿལས་བཀོད་པའི་རྒྱལ་པོ་དམར་པོ་མེ་ཏོག །བྱང་དུ་ཏྲཾ་ལས་རིན་ཆེན་འོད་འཕྲོ་ལྗང་གུ་རིན་པོ་ཆེ་འབར་བ་བསྣམས་པ། ཤར་ནུབ་སེམས་དཔའ། ལྷོ་བྱང་ཉན་ཐོས་ཀུན་ལ་འགྲེའོ། །མཚམས་བཞིར་ཡུམ་བཞི་དཀར་སྔོ་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཛིན་པའོ། །ལྷོའི་པདྨའི་དབུས་སུ་དི་ལས་རིན་ཆེན་དཔལ་སྔོ་སྐྱ་རིན་ཆེན་ཐུགས་ཀར་བསྣམས་པ། ཤར་དུ་ཨ་ལས་སྣང་བའི་མཆོག་དཀར་པོ་རྡོ་རྗེ། ལྷོར་ཧཱུཾ་ལས་ཕྱག་རྒྱའི་རྒྱལ་པོ་སེར་པོ་རྡོ་རྗེ་རྒྱ་གྲམ། ནུབ་ཏུ་ཏྲཾ་ལས་སྤོས་ཀྱི་གླང་པོ་དམར་པོ་འབུད་དུང་། བྱང་དུ་དུ་ལས་སྤོབས་པ་བརྩེགས་ལྗང་གུ་རིན་པོ་ཆེའི་ཟ་མ་ཏོག །མཚམས་བཞིར་ཡུམ་བཞི་དཀར་སེར་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། །ནུབ་ཀྱི་པདྨའི་དབུས་སུ་དི་ལས་གདུགས་དམ་པའི་དཔལ་དམར་པོ་ཐུགས་ཀར་པདྨ། ཤར་དུ་ཧྲཱིཿ ལས་པདྨའི་རྒྱལ་པོ་དཀར་པོ་པདྨའི་སྒྲོམ་བུ། ལྷོར་ས་ལས་པདྨ་སེམས་དཔའ་སྔོན་པོ་པདྨ་ཁ་འབྱེད་པ། ནུབ་ཏུ་ཧཱུཾ་ལས་མི་གཡོ་བ་དམར་པོ་ལྕགས་ཀྱུ། བྱང་དུ་ཨ་ལས་ཐོགས་མེད་རྒྱལ་པོ་ལྗང་གུ་རལ་གྲི། མཚམས་བཞིར་ཡུམ་བཞི་དཀར་སྔོ་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། །བྱང་གི་པདྨའི་དབུས་སུ་དི་ལས་དབང་དུ་གྱུར་པ་ལྗང་གུ་ཉི་མ་ཐུགས་ཀར། ཤར་དུ་ཏྲཾ་ལས་རིན་ཆེན་དབང་ཕྱུག་དཀར་པོ་རིན་ཆེན་ཟུར་བརྒྱད། ལྷོར་ཏྲཾ་ལས་གྲུབ་པའི་དཔལ་སྔོན་པོ་རྡོ་རྗེ་རྒྱ་གྲམ། །ནུབ་ཏུ་ༀ་ལས་དགའ་བ་སྟོན་པ་དམར་པོ་མེ་ལོང་། བྱང་དུ་ཨཾ་ལས་མི་བསྐྱོད་པ་ལྗང་གུ་མཉམ་གཞག །མཚམས་སུ་ཡུམ་བཞི་དཀར་སྔོ་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། །བྱང་ཤར་པདྨའི་དབུས་སུ་དི་ལས་ཤཱཀྱ་སེང་གེ་ལྗང་གུ་པོ་ཏི་ཐུགས་ཀར་བསྣམས་པ། ཤར་དུ་བ་ལས་ཕྱག་ན་རྡོ་རྗེ་དཀར་པོ་རྡོ་རྗེ། ལྷོར་ཧཱུཾ་ལས་སྤྱན་རས་གཟིགས་སྔོན་པོ་པདྨ། ནུབ་ཏུ་ཏྲཾ་ལས་ནམ་མཁའི་སྙིང་པོ་དམར་པོ་རིན་ཆེན་ཟ་མ་ཏོག །བྱང་དུ་སའི་སྙིང་པོ་ལྗང་གུ་རིན་ཆེན་མྱུ་གུ། མཚམས་སུ་ཡུམ་བཞི་དཀར་སྔོ་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། །ཤར་ལྷོ་པདྨའི་དབུས་སུ་དི་ལས་ཆོག་པའི་འོད་དམ་པདྨོ་དམ་པའི་དཔལ་དཀར་སེར་པདྨ་བསྣམས་པ། ཤར་དུ་ཏྲཾ་ལས་ཀུན་ཏུ་བཟང་པོ་དཀར་པོ་རིན་ཆེན་སྡོང་བུ། ལྷོར་ༀ་ལས་འཇམ་དཔལ་གཞོན་ནུ་སྔོན་པོ་ཨུཏྤལ། ནུབ་ཏུ་ཨ་ལས་སྒྲིབ་པ་རྣམ་སེལ་དམར་པོ་པོ་ཏི་བསྣམས་པ། བྱང་དུ་མེ་ལས་བྱམས་པ་ལྗང་གུ་གྷུནྡྷེའམ་སྤྱི་བླུགས་འཛིན་པ། མཚམས་བཞིར་ཡུམ་བཞི་དཀར་སྔོ་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། །ལྷོ་ནུབ་ཏུ་པདྨ་དབུས་སུ་དི་ལས་རྣམ་པར་གྲོལ་བའི་པདྨོ་དམར་སེར་ཉི་མ་ཐུགས་ཀར་བསྣམས་པ། ཤར་དུ་པ་ལས་མཐུ་ཆེན་ཐོབ་དཀར་པོ་རྡོ་རྗེ། ལྷོར་ཧཾ་ལས་པདྨ་རྒྱལ་སྔོན་པོ་སྨན་གྱི་བུམ་པ། ནུབ་ཏུ་ཏྲཾ་ལས་ཡོན་ཏན་སྙིང་པོ་དམར་པོ་རིན་ཆེན་ཉི་མ། བྱང་དུ་ཨ་ལས་མཐོང་ན་དགའ་བ་ལྗང་གུ་ཀླུ་ཤིང་ལོ་མ། མཚམས་སུ་ཡུམ་བཞི་དཀར་སྔོ་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། །ནུབ་བྱང་དུ་པདྨའི་དབུས་སུ་དི་ལས་བདུད་རྩི་རྒྱལ་བ་དམར་ལྗང་གཡས་གདུགས་ཀྱིས་འགེབས་པ། ཤར་དུ་ཨ་ལས་གཞོན་ནུ་རྒྱན་དཀར་པོ་ཨུཏྤལ། ལྷོར་ཧཱུཾ་ལས་སྐྱེས་བུ་དམ་པ་སྔོན་པོ་འབུད་དུང་། ནུབ་ཏུ་ཧྲཱིཿལས་སེང་གེ་སྒྲ་དམར་པོ་ཀུ་མུ་ད། བྱང་དུ་ཧཱུཾ་ལས་མྱ་ངན་གསལ་ལྗང་གུ་སྤྱན་གསལ་བསྣམས་པ། མཚམས་བཞིར་ཡུམ་བཞི་དཀར་སྔོ་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། །ཤར་གྱི་པདྨ་དང་པོ་སྟེང་གི་པདྨའི་དོད་ཀྱི་དབུས་སུ་དི་ལས་དགའ་བའི་དཔལ་དཀར་པོ་རྒྱལ་མཚན། ཤར་དུ་ཧཱུཾ་ལས་བཟང་སྐྱོང་དཀར་པོ་བུམ་པ། ལྷོར་ཏྲཾ་ལས་དཀོན་མཆོག་འབྱུང་གནས་སྔོན་པོ་རིན་ཆེན་སྒྲོམ་བུ། ནུབ་ཏུ་ཧྲཱིཿ ལས་དཔའ་བར་འགྲོ་བ་དམར་པོ་རལ་གྲི། བྱང་དུ་ཨ་ལས་ཟླ་འོད་གཞོན་ནུ་ལྗང་གུ་ཟླ་ཚེས། མཚམས་སུ་ཡུམ་བཞི་དཀར་སྔོ་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། །ནུབ་ཀྱི་པདྨ་གཉིས་པ་འོག་གི་པདྨའི་དོད་ཀྱི་དབུས་སུ་དི་ལས་པདྨ་དམ་པའི་དཔལ་སྔོན་པོ་པདྨ་ཆོས་འཆད། ཤར་དུ་ཏྲཾ་ལས་ཡེ་ཤེས་ཏོག་དཀར་པོ་ཏོག་བསྣམས་པ། ལྷོར་ཨ་ལས་མྱ་ངན་ཀུན་སེལ་སྔོན་པོ་རལ་གྲི། ནུབ་ཏུ་ཧ་ལས་བློ་གྲོས་མི་ཟད་པ་དམར་པོ་པོ་ཏི། བྱང་དུ་ཨ་ལས་ཡེ་ཤེས་འོད་ཟེར་ལྗང་གུ་རྡོ་རྗེ་བསྣམས་པ། མཚམས་སུ་ཡུམ་བཞི་དཀར་སྔོ་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། །གྲྭ་བཞིའི་ནང་གི་ཤར་ལྷོར་སྒེག་མོ་དཀར་མོ་མེ་ལོང་། ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ་མེ་ཏོག་གི་ཕྲེང་བ། ནུབ་བྱང་དུ་གླུ་མ་དམར་མོ་པི་ཝང་། བྱང་ཤར་དུ་གར་མ་ལྗང་གུ་གར་བསྒྱུར་བ། ཤར་ལྷོའི་གྲྭའི་ཕྱིར་བདུག་སྤོས་མ་དུད་ཁ་སྤོས་ཁང་། ལྷོ་ནུབ་ཏུ་མེ་ཏོག་མ་དཀར་མོ་མེ་ཏོག །ནུབ་བྱང་དུ་མར་མེ་མ་དམར་མོ་མར་མེ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ། ལྷ་སྣམ་ལ་ཤར་དུ་བརྒྱ་བྱིན་སེར་པོ་རྡོ་རྗེ་འཛིན་པ་གླང་པོ་ཆེ་ལ་ཞོན་པ། ཤར་ལྷོར་མེ་ལྷ་དམར་པོ་བགྲང་ཕྲེང་འཛིན་པ་ར་སྐྱེས་ལ་ཞོན་པ། ལྷོར་གཤིན་རྗེ་སྔོན་པོ་དབྱུག་ཏོ་བསྣམས་པ་མ་ཧེ་ལ་ཞོན་པ། ལྷོ་ནུབ་ཏུ་སྲིན་པོ་སྨུག་ནག་རལ་གྲི་འཛིན་པ་རོ་ལངས་ལ་ཞོན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་སྤྲུལ་ཞགས་བསྣམས་པ་ཆུ་སྲིན་ལ་ཞོན་པ། ནུབ་བྱང་དུ་རླུང་ལྷ་ལྗང་གུ་བ་དན་འཕྱར་བ་ཤ་བ་ལ་ཞོན་པ། བྱང་དུ་ནོར་བདག་ལྗང་གུ་དབྱུག་ཏོ་འཛིན་པ་རྟ་ལ་ཞོན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་རྩེ་གསུམ་འཛིན་པ་ཁྱུ་མཆོག་ལ་ཞོན་པ། ཤར་སྟོད་དུ་ཚངས་པ་གདོང་བཞི་པ་དཀར་པོ་མེ་ཏོག་འཛིན་པ་ངང་པ་ལ་ཞོན་པ། ནུབ་སྨད་དུ་སའི་ལྷ་མོ་སེར་མོ་བུམ་པ་འཛིན་པ་ཕག་ལ་ཞོན་པ། ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝང་། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་སྒོར་སྤྱན་མི་བཟང་དམར་པོ་མཆོད་རྟེན་དང་སྦྲུལ་ཞགས། བྱང་སྒོར་རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་དང་ནེའུ་ལེ་འཛིན་པའོ། །དཀྱིལ་འཁོར་བཅུ་པོའི་སངས་རྒྱས་སྤྲུལ་སྐུ་རྣམས་མཚན་དཔེས་སྤྲས་པ། ལོངས་སྐུ་སེམས་དཔའ་དང་སེམས་མ་རྣམས་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའ་རབ་ཏུ་བྱུང་བ་རྣམས་དགེ་སློང་གི་ཆ་ལུགས་དང་ལྡན་པའོ། །གཙོ་འཁོར་དེ་རྣམས་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ་དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མ་ཡ་ཛཿཛཿ རྩ་བའི་ས་བཅད་བཞི་པར་རབ་གནས་གོང་དུ་སོང་། ལྔ་པ་ནི། རྩ་བར། ལྔ་པ་ཆོ་ག་གཞུང་བསྲང་བ་ནི། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །གཟུགས་བརྙན་སྤྲུལ་པའི་དཀྱིལ་འཁོར་འདིར། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ཞེས་སྙན་གསན་དབབ་ལ། དེ་ནས་སྤོས་དང་རྡོ་རྗེ་དྲིལ་བུ་སོགས་རོལ་མོ་དང་བཅས་ཏེ། ཧཱུཾ། ཆོས་ཉིད་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱང་། །གཞི་དང་ལམ་དང་རྣམ་པ་ཐམས་ཅད་མཁྱེན། །བདག་མེད་སྟོང་པ་དོན་དམ་ཡང་དག་མཐའ། །ཡུམ་ཆེན་ཕ་རོལ་ཕྱིན་མ་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ནས། །ཁྱེད་བཞེད་འགྲོ་དོན་མཛད་པ་འདི་ལགས་ཀྱིས། །སྟོན་པ་འཁོར་དང་བཅས་ནས་གཤེགས་སུ་གསོལ། །ཤར་ཕྱོགས་རིན་ཆེན་ཡོད་པའི་ཞིང་ཁམས་ནས། །བདེ་གཤེགས་རིན་ཆེན་འབྱུང་ལྡན་འཁོར་བཅས་གཤེགས། །ལྷོ་ཕྱོགས་མྱ་ངན་མེད་པའི༴ བདེ་གཤེགས་མྱ་ངན་མེད་པ༴ ནུབ་ཕྱོགས་བདེ་དང་ལྡན་པའི༴ བདེ་གཤེགས་རིན་ཆེན་འོད་འཕྲོ༴ བྱང་ཕྱོགས་རྒྱལ་བ་ཅན་གྱི༴ བདེ་གཤེགས་རྒྱལ་བའི་དབང་པོ༴ ཤར་ལྷོ་སྙིང་པོ་བྱང་ཆུབ༴ བདེ་གཤེགས་པདྨོ་དཔལ་མངའ༴ ལྷོ་ནུབ་རྡུལ་ཚོགས་བྲལ་བའི༴ བདེ་གཤེགས་ཉི་མ་སྣང་བ༴ ནུབ་བྱང་དབང་དུ་གྱུར་པའི༴ བདེ་གཤེགས་གདུགས་མཆོག་དམ་པ༴ བྱང་ཤར་ཏིང་འཛིན་བརྒྱན་པའི༴ ཏིང་འཛིན་གླང་པོ་དཔལ་མངའ༴ འོག་ཕྱོགས་པདྨ་ཅན་གྱི༴ བདེ་གཤེགས་པདྨ་དཔལ་ཉིད༴ སྟེང་ཕྱོགས་འཇིག་རྟེན་མདངས་དགའི་ཞིང་ཁམས་ནས། །བདེ་གཤེགས་དགའ་བ་དཔལ་གྱི་འཁོར་བཅས་གཤེགས། །ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས་ལ་གདན་འབུལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མི་སྤོང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །མཉམ་ཉིད་ངང་དུ་བཞུགས་སུ་གསོལ། །ཕོ་བྲང་གཞལ་ཡས་དམ་པ་འདིར། །ཐུགས་རྗེས་དགོངས་པའི་ཕྲིན་ལས་རྣམས། །འགྲོ་དོན་རྫོགས་མཛད་དེ་བཞིན་དུ། །ཡུན་རིང་བརྟན་པར་བཞུགས་སུ་གསོལ། །པདྨ་ཨ་ས་ནི་ཏིཥྛ་ས་མ་ཡ་སྟྭཾ། ཕྱག་འཚལ་བ་ནི། སྨྲ་བསམ་བརྗོད་མེད་ཅེས་པ་ནས། །ཕྱག་འཚལ་བསྟོད། ཅེས་པ་དང་། རྣམ་དག་སྐུ་མངའ་ཞེས་པའི་ཤློ་ཀ་དང་། ཞིང་བཅུར་སྐུ་ཁྱབ་ཟབ་ཡངས་གསུང་སྒྲ་ཅན། །ཇི་ལྟ་ཇི་སྙེད་ཐམས་ཅད་མཁྱེན་པའི་ཐུགས། །དུས་ཀུན་རྣམ་བཞི་ཕྲིན་ལས་ལྷུན་གྲུབ་པའི། །ཕྱོགས་བཅུའི་རྒྱལ་བ་རྣམས་ལ་ཕྱག་འཚལ་བསྟོད། །གདུལ་བྱའི་ཞིང་དུ་འགྲོ་དོན་རྫོགས་མཛད་ཕྱིར། །མི་བསྙེལ་ཐུགས་རྗེས་འཁོར་བ་མཐར་ལ་གཟིགས། །ཐབས་མཁས་ཐུགས་རྗེས་འགྲོ་དོན་ལྷུར་མཛད་པ། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །བདེ་གཤེགས་མཆོད་སྤྲིན་སྐུར་སྤྲུལ་པ། །ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་བསྲུང་མཛད་ཅིང་། །སོ་སོའི་བགེགས་རྣམས་འདུལ་མཛད་པའི། །ཕྱོགས་སྐྱོང་རྒྱ་ཆེན་ཕྱག་འཚལ་ལོ། །མཆོད་པ་འབུལ་བ་ནི། མར་མེ་སྤར། བདུག་སྤོས་བཏུལ། རོལ་མོའི་བྱེ་བྲག་དུ་མ་དང་བཅས་ཏེ། བླ་མེད་དཀོན་མཆོག་གསུམ་པོ་དང་། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཡིད་འོང་མཆོད་སྤྲིན་ཐམས་ཅད་དང་། །རོལ་མོ་སིལ་སྙན་འཕན་གདུགས་དང་། །བླ་བྲེ་རྒྱལ་མཚན་ལྷབ་ལྷུབ་དང་། །མེ་ཏོག་ཕྲེང་བ་བདུག་པ་དང་། །མར་མེ་དྲི་ཆབ་ཞལ་ཟས་སོགས། །མཆོད་སྤྲིན་སྣ་ཚོགས་ཕྱོོགས་བཅུར་འབུལ། །སྣ་ཚོགས་རིག་པའི་བདེན་པ་དང་། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །བླ་མེད་མཆོད་པའི་སྤྲིན་འབྱུང་ཞིང་། །ཡོན་ཏན་དཔག་མེད་ཐམས་ཅད་ཀྱི། །ཞབས་ལ་སྤྱི་བོས་གཏུག་གྱུར་ཅིག །ཅེས་པ་དང་། འཇིག་རྟེན་འདི་དག་འཇིག་རྟེན་གཞན་དག་ན། །མཆོད་པར་འོས་པའི་གཟུགས་སྒྲ་དྲི་དག་དང་། །རོ་དང་རེག་བྱ་ཐུགས་དང་མི་འགལ་བའི། །གཙང་དང་མ་ཉམས་སྨན་གྱི་མཆོག་གྱུར་པའི། །ཆུ་གཙང་བསིལ་དང་མེ་ཏོག་ཁྱད་པར་ཅན། །དབྱིབས་ལེགས་དྲི་ཞིམ་ཁ་དོག་སྣ་ཚོགས་འཛིན། །ཙནྡན་ག་བུར་གུར་གུམ་སྦྱར་བ་དང་། །སོ་སོར་བསྲེས་པའི་གཏོར་མ་ཇི་སྙེད་པ། །ཉི་ཟླ་ལྟར་གསལ་རིན་ཆེན་འབར་བ་ཡི། །སྒྲོན་མ་རབ་གསལ་མར་མེ་མཛེས་པའི་འོད། །གླ་རྩི་ཧུ་ལུ་ཀ་སོགས་ལེགས་སྦྱར་དྲི། །སྐུ་མཛེས་དོན་དུ་བྱི་དོར་བྱུག་པའི་རྫས། །སྨན་དང་བཅུད་དང་ཤིང་འབྲས་དམ་པ་དང་། །ཡུལ་རིགས་འཚོ་བ་རྣམས་ཀྱང་ལེགས་པར་འབུལ། །སྒྲ་སྙན་དབྱངས་དང་སིལ་སྙན་རོལ་མོར་བཅས། །རིན་ཆེན་བདུན་དང་རིན་ཆེན་གཞན་རྣམས་དང་། །བཀྲ་ཤིས་རྫས་བརྒྱད་གཞན་ཡང་བཀྲ་ཤིས་རྫས། །བདག་གི་ལུས་ངག་ཡིད་བཅས་ཁྱེད་ལ་འབུལ། །རྒྱལ་བ་སྲས་བཅས་ཐུགས་རྗེས་བརྩེར་དགོངས་ལ། །འགྲོ་རྣམས་བདེ་བར་བྱ་ཕྱིར་བཞེས་སུ་གསོལ། །ཞེས་པ་དང་། གཞན་ཡང་མཆོད་བསྟོད་ཀྱི་རིགས་གཞན་ནས་འབྱུང་བ་བཞིན་རྒྱས་པར་བྱས་ལ་གོང་བཞིན་ཆ་གསུམ་ཡང་བཏང་ངོ་། །མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ་བ་ནི། རྩ་བར། དེ་དག་གི་སྙིང་པོ་རིམ་བཞིན་དཀྱིལ་འཁོར་དང་པོ་དང་། གཉིས་པའི་ལྷ་སྔགས་ནི་མུ་ནེ་དང་། ༀ་དི་པྲ་བ་ཡེ་ཡ་དི་པྲ་དུང་པྲ་ནི་བི་ཤུདྡྷེ་བྷྱ་དྷརྨཱ་དྷཱ་ཏུ་བྷ་ག་ཝན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ༀ་ཨ་མྲྀ་ཨ་ར་ཧི་ཛ་ཧཱུཾ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ༀ་ན་མཿ ས་མནྟ་བུདྡྷཱ་ནཱཾ། བྷ་ག་ཝན་པྲ་ས་ཏ་ཐཱ་ག་ཏྱ་བྷི་ཤ་ཡ་སྭ་བྷཱ་ཝ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀ་རུ་ནཾ་མཱ་ར་ཡ་བཛྲ་སྭཱ་ཧཱ། ཞེས་པའོ། །དཀྱིལ་འཁོར་གསུམ་པ་དང་། བཞི་པའི་སྙིང་པོ་ནི། ༀ་དི་པྲཛྙཱ་མ་ཧཱ་པྲ་ཛྙཱ་ཧཱུཾ་དྷརྨ་དྷཱ་ཏུ་ཡེ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཡུ་པུ་ར་ག་ཏི་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་ཙི་ཡ་ནི་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་ཏྲི་ཐི་ས་ག་པ་རི་བི་ས་རི་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་སུ་དྱ་བི་ལ་ཏ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ར་ཏི་ར་མ་ཏི་བཛྲ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་པདྨ་བྷ་ལ་སྭཱ་ཧཱ། ཞེས་སོ། །དཀྱིལ་འཁོར་ལྔ་པ་དང་། དྲུག་པ་དེ་དག་གི་སྔགས་ཀྱང་རིམ་པ་བཞིན་དུ་གཙོ་བོ་ལྷ་གོང་དང་འདྲ། ༀ་ཀྵཱུ་བན་ཨ་ཙེ་ནན་སརྦ་བུདྡྷ་ནཾ་མརྒ་བི་ཤ་ག་ཏེ་སྭཱ་ཧཱ། ཨོོཾ་རཏྣ་བི་ལོ་ཀ་རི་སྭཱ་ཧཱ། ༀ་པདྨ་བི་ཤྭ་དྷ་ནི་ཤུདྡྷེ་སིཏི་ནཾ་སྭཱ་ཧཱ། ༀ་པ་ཏི་པ་མ་ཏི་པྲ་ས་མ་ཡེ་སྭཱ་ཧཱ། ༀ་བཛྲ་ས་སྟྭ་ཛི་མ་ཏི་སྭཱ་ཧཱ། ༀ་རཏྣ་ཛི་རཏྣ་བ་ཏི་སྭཱ་ཧཱ། ༀ་པདྨ་ཛི་པདྨ་ཧི་ཤོ་དྷ་སྭཱ་ཧཱ། ༀ་ཀརྨ་ཛི་ཀརྨ་ཧྲི་ཤེ་དེ་སྭཱ་ཧཱ། ཞེས་པའོ། །དཀྱིལ་འཁོར་བདུན་པ་དང་། བརྒྱད་པ་དང་། བཅུ་པ་གསུམ་གྱི་གཙོ་བོ་ཡབ་ཡུམ་གཉིས། དེ་བཞིན་གཤེགས་པ་བཅུ། ཡུམ་བཞི་གོང་དུ་བསྟན། འཁོར་སེམས་དཔའ་བཞི་བཅུའི་སྔགས་རིམ་པ་བཞིན་དུ། ༀ་ན་མཿས་མནྟ་བུདྡྷཱ་ནཱཾ་དྷརྨཱ་ཀེ་ཏུ་སྭཱ་ཧཱ། ༀ་ཀེ་ཏུ་ཤྭ་རཱ་ཛ་སྭཱ་ཧཱ། ༀ་པདྨ་པ་ལ་པདྨ་ད་ར་སྭཱ༴ ༀ་རཏྣ་བྷ་ཏྲ་ཏ༴ ༀ་རཏྣ་ཨ་ཙི་ཡ་ར་ན༴ ༀ་ཨ་ཏྲ་ཨ་ལོ་ཀ༴ ༀ་ཙ་ར་མུ་ཙ་བྲ་བ་ཏ༴ ༀ་པྲ་ཏི་རཱ་ཛ་ནོ༴ ༀ་པྲ་ཏི་བན་ཀུན་ཏི༴ ༀ་དྷརྨཱ་ཧྲི་ཏོ་ཡ་བ་ཏི༴ ༀ་ཀ་མཱ་ལ་ཙ་པདྨ་ད་ར༴ ༀ་བཛྲ་ཨ་ཀྵོ་བྷྱོ༴ ༀ་ཨ་མོ་ག་རཱ་ཛ་ད་ར༴ ༀ་རཏྣ་ཤ་ར་ད་ར༴ ༀ་ཀརྨ་སི་ཏི་ད་ར༴ ༀ་རུ་ཏི་ཨ་དཪྴ་ད་ར༴ ༀ་ཨ ཀྵོ་ས་མ་ཡ་ད་ར༴ ༀ་བཛྲ་ཙཎྜ་རོ་ཥ་ནི༴ ༀ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ་ཨ་ཀཪྴ་གརྦྷེ༴ ༀ་ཀྵི་ཏི་གརྦ་རཏྣ་ད་ར༴ ༀ་ས་མནྟ་རཏྣ་ད་ར༴ ༀ་མཉྫུ་ཤྲཱི་ཀུ་མཱ་ར་མུཾ༴ ༀ་ས་ན་སརྦ་བི་ཤྭ་དྷ་ནི༴ ༀ་མཻ་ཏྲི་མ་ཧཱ་མ་ཏི༴ ༀ་བི་མུ་གེ་མརྒ་ལ་ད་ར༴ ༀ་ཀ་རུ་ཎ་བྷ་དྲ་ད་ར༴ ༀ་གུ་ཎ་ཧྲི་ཏོ་ཡ་བ༴ ༀ་རཏྣ་ཨ་མ་ཀི་ཏི༴ ༀ་ས་ན་ད་ཀུ་མཱ་ར་ད་ར༴ ༀ་བུ་ལིང་ཨ་ཙན་ན༴ ༀ་སིང་ཧ་ཧྲི་ཤང་ཀ༴ ༀ་བཛྲ་ཙཀྵུ་ད་ར༴ ༀ་ས་ལ་པྲ་བ་ལེ༴ ༀ་རཏྣ་སྭ་བྷཱ་ཝ་ད་ར༴ ༀ་ཤུཾ་རཾ་ག་མེ་ས་ཏི༴ ༀ་ཙན་དྲ་པྲ་བྷ་ཀུ་མཱ་ར༴ ༀ་ཛྙཱ་ན་ཀེ་ཏུ་པྲ་ཏི༴ ༀ་སརྦ་ཤོ་ག་ན་ག་ཏི༴ ༀ་མ་ཏི་ཕུ་བ་རི༴ ༀ་ཛྙཱ་ན་པྲ་བ་བྷ་ཏ་ད་ར་སྭཱ་ཧཱ། དཀྱིལ་འཁོར་དགུ་པའི་སྔགས་ནི། ༀ་བཛྲ་སཏྭ་ཧཱུཾ། ཞེས་པ་དང་། མུ་ནིའོ། །བདུན་པ་དཔང་སྐོང་ནི། རྩ་བར། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་དང་། རྟོགས་པ་ཆེན་པོ་དང་། དཔང་སྐོང་ཕྱག་བརྒྱ་པ་དང་། སྨན་གྱི་བླའི་མདོ་ཆོག་དང་། གནས་བརྟན་བཅུ་དྲུག་གི་གསོལ་འདེབས་ལ་སོགས་པ་པདྨ་སྟོང་ལྡན་གྱི་ལྷ་ཚོགས་ལ་ཚོགས་གསོག་པ་དང་སྒྲིབ་པ་གཉིས་སྦྱང་བའི་ཆོ་ག་ཐམས་ཅད་ཀྱང་རྒྱས་པར་བྱའོ། །ཞེས་གསུངས་པས། བོད་སྐད་དུ། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱི་སྡིག་སྦྱངས་ཏེ། སངས་རྒྱས་སུ་བསྒྲུབ་པ་རྣམ་པར་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་སོགས་བཀླག །འདོན་པར་མི་ནུས་ན་འོག་ཏུ་སློབ་མ་འདུས་མ་ཐག་ཏུ་འུར་འདོན་དུ་བཀླག་གོ། །དེ་བཞིན་དུ་དཔང་སྐོང་ཕྱག་རྒྱ་པ་དང་། སྨན་བླའི་མདོ་ཆོག་དང་། གནས་བརྟན་ཕྱག་མཆོད་ཀྱང་སྤྲོ་ན་ཉན་རང་གི་སྐབས་བཞིན་བྱའོ། །འོག་ནས་འབྱུང་བ་ལྟར་བདག་འཇུག་ཀྱང་བླང་ངོ་། །དེ་ནས་སློབ་མ་རྣམས་འདུས་ཏེ། རྩ་བར། བུམ་པར་ལྷ་བསྐྱེད་བཟླས་པ་བྱས་ཏེ་དཔོན་སློབ་ཀུན་ཁྲུས་བྱའོ། །ཞེས་གསུངས་པས་བུམ་བཟླས་གོང་དུ་སོང་། ཁྲུས་ནི་ལས་བུམ་མམ་ཁྱད་པར་རྣམ་བུམ་གྱི་ཆུས་བྱ་ཞིང་། ཁྲུས་དང་བགེགས་གཏོར་བཏང་བ་རྣམས་གོང་དང་འདྲ་ཞིང་། བགེགས་སྐྲོད་ཀྱི་བདེན་བརྡར་ལ་ཁྱད་པར་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་དང་། བཀའ་བསྒོར། རྒྱལ་བ་སྲས་བཅས་དཀྱིལ་འཁོར་དུ། །ཞེས་འདོན་པ་བསྒྱུར་རོ། །མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་ཞུགས་ནས་སྡོམ་པ་བླངས་ལ་དབང་བསྐུར་དང་སྨིན་གྲོལ་གྱི་གདམས་པ་རྣམས་ཚུལ་བཞིན་ཉམས་སུ་བླངས་སེམས་ཅན་གྱི་དོན་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། གནས་བྱའི་ཆོས་ནི་འདིར་ཐེག་ཆེན་བྱང་ཆུབ་སེམས་དཔའི་ཐེག་པ་སྒོར་འཇུག་པ་ཡིན་པས། འདི་ནི་གཞན་ལམ་རྨད་དུ་བྱུང་ཞིང་ཁྱད་པར་དུ་ཆེས་འཕགས་པ་ཡིན་ཏེ། རྒྱན་ལས། ཡོན་ཏན་ཤིན་ཏུ་རྒྱ་ཆེན་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར། །བདག་དང་གཞན་ལ་ཕན་བདེའི་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །ཞེས་གསུངས་པའི་ཕྱིར་དང་། དེ་ཡང་དལ་འབྱོར་གྱི་མི་ལུས་འདི་ལ་བརྟེན་ནས་བསྒྲུབ་དགོས་པས་འདི་ཉིད་ཐར་པའི་ལམ་བརྟེན་བླ་ན་མེད་པའི་ཡིན་ཏེ། སློབ་དཔོན་ཙནྡྲ་གོ་མིས། བདེ་གཤེགས་ལམ་བསྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིགས་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡིས་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་བསྒྲུབས། །ཞེས་གསུངས་པ་དང་། སྤྱོད་འཇུག་ལས་ཀྱང་། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར་བརྩོན་འགྲུས་བསྐྱེད་དགོས་ཤིང་། དེ་ལྟར་བརྩོན་འགྲུས་བསྐྱེད་དགོས་ཚུལ་ཡང་བཤེས་སྤྲིང་ལས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། དེ་ལས་ཕྱིར་ཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་བཞིན་བྱ་དགོས་ལ། དེ་ཡང་ཐོག་མར་ཡོངས་འཛིན་དགེ་བའི་བཤེས་གཉེན་ཞིག་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་ཏེ་ཐེག་པ་ཆེན་པོའི་ལམ་ལ་ལེགས་པར་བསླབ་དགོས་པ་ཡིན་པས་འདིར་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་སེམས་བསྐྱེད་བླང་བ་དང་། དབང་བསྐུར་བ་དང་། གྲོལ་བྱེད་ཀྱི་གདམས་པ་སྟེར་བ་སོགས་སྐབས་སུ་བབས་པ་ཡིན། དེ་ཡང་སྤྱིར་སྡོམ་པ་སྐྱེ་བའི་རྟེན་གང་ཟག་གི་ཁྱད་པར་ལས་དབུ་སེམས་གང་རུང་གི་ཆོ་ག་ལ་བརྟེན་ནས་ལེན་དགོས་ཀྱང་། འདིར་དབུ་མ་ལུགས་ཁོ་ན་འབྲེལ་ཆགས་ཤིང་ཁམས་ལུགས་སུ་དབུ་སེམས་གཉིས་ཀའི་སྡོམ་པ་འབོགས་ཆོག་འདུག་པ་རྣམ་པ་གཅིག་ཏུ་ཉན་རང་གི་ལམ་སྔོན་དུ་གྲུབ་ཟིན་ལ་དགོངས་པ་ཡིན་འདྲ་ཡང་། ཟུར་ལུགས་སུ་གཉིས་ཀ་མི་མཛད་ཅིང་། ཁྱད་པར་འདིར་དབང་དང་སྤྲེལ་དགོས་པས་ཐོག་མར་དཀྱིལ་འཁོར་བྲི་བ་ནས་བདག་འཇུག་གི་བར་དུ་རྩ་བའི་ས་བཅད་དང་པོ་ནས། བརྒྱད་པའི་བར་དུ་ལེགས་པར་གྲུབ་པ་ཡིན། རྩ་བར། དགུ་པ་སྡོམ་རྟེན་ནི་གཞན་དོན་དུ་ཚོགས་རྫོགས་སྒྲིབ་པ་སྦྱང་པའི་ཕྱག་རྟེན་བཟང་པོ་འབུལ་ལོ། །ཞེས་འབྱུང་བ་སྦྱིར་གསང་སྔགས་ལུགས་ལ་བྱིན་རླབས་འཇུག་པའི་སྒོ་ཡིན་པས་དབང་གི་ཡོན་སོགས་འབྱོར་སྟོབས་དང་བསྟུན་པའམ་མེད་ཀྱང་བསྩལ་ཏེ་བྱ་དགོས་ཤིང་། ཁྱད་པར་ཐུགས་བསྐྱེད་ཀྱི་སྐབས་འདིར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་སློབ་པ་ལམ་གྱི་གནས་སྐབས་སུ་ཟང་ཟིང་གི་དངོས་པོ་ཅི་འབྱོར་རེ་ཐུགས་བསྐྱེད་ཀྱི་ཡོན་དུ་དབུལ་བར་མཛད་པའི་ཚུལ་ནི་མདོ་སྡེ་བསྐལ་བཟང་སོགས་ལས་ཤེས་པར་ནུས་ཤིང་། བདག་ཅག་གི་སྟོན་པས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཁམ་སའི་བུམ་པ་གཅིག །འགྲོན་བུ་ལྔ། མཆིལ་ལྷྭམ་ཟུང་གཅིག །གདུགས་གཅིག་རྣམས་ཕུལ་ཏེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །དེ་བཞིན་མཚན་མཆོག་བཟང་པོ་ཅི་འདྲ་བ། དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་སྨོན་ལམ་བཏབ་སྟེ་ཐུགས་བསྐྱེད་པ་ལགས་པས། འདིར་བླ་མ་ལ་ཅི་འབྱོར་བའི་ཡོན་ངེས་པར་འབུལ་དགོས། རྩ་བར། བླ་མའི་ཁྲི་བརྩིག་གོ་ཞེས་གསུངས་པ་ཡང་གྲུབ། རྩ་བར། བླ་མ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཁྲི་ལ་འདུག་སྟེ་སྟོན་པ་སྒོམ་མོ། །ཞེས་གསུངས་བ་གོང་དུ་བདག་བསྐྱེད་སོང་བ་དེས་ཁྱབ་པར་འདུག་ཅིང་། ཁྱད་པར་ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པའི་ཤེས་རབ་དང་། འགྲོ་རྣམས་བདེ་ལ་འགོད་འདོད་ཀྱི་བརྩེ་བ། སློབ་མ་རྣམས་ལ་བྱང་སེམས་སྐྱེ་འདོད་གསུམ་དགོས་པ་ཁོ་བོའི་གོ་སྐལ་ཡིན་ནོ། །རྩ་བར། བཅུ་གཅིག་པ་དཀོན་མཆོག་གི་རྟེན་དང་མཆོད་པ་བཤམས་ལ་དགེ་བའི་བཤེས་གཉེན་ལ་སྟོན་པ་དངོས་ཀྱི་འདུ་ཤེས་བསྐྱེད། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་སེམས་མཆོག་བླང་སྙམ་པས་བླ་མ་ལ་ཕྱག་བཙལ་ཏེ་ཡོན་དང་མཎྜལ་ཕུལ་ཏེ། ཞེས་འབྱུང་བས་བླ་མ་ཐ་མལ་པ་མ་ཡིན་པར་སྟོན་པ་དངོས་ཀྱི་འདུ་ཤེས་བཞག་སྟེ། དེ་ཡང་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད། ཕ་མ་བྱས་རེས་ཀྱི་དྲིན་ཅན་ཤ་སྟག་ཡིན་པས་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ་དགོས་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྟུང་བ་ལྟ་བུ་སྣང་བཞིན་དུ། །སྐྱེ་ཤི་འཕོས་བོ་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་དང་། སེམས་ཅན་ཕ་མ་ཡིན་པའི་རྒྱུ་མཚན་ནི། བཤེས་སྤྲིང་ལས། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་སྙམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པ་ལྟར་ཤེས་དགོངས་པས་འདིར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་བླང་བ་དང་། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། རྩ་བའི་ས་བཅད་བཅུ་གཅིག་པའི་ནང་གསེས་བཞི་པ་གསོལ་བ་གདབ་པ་ཡིན་ཞིང་། རྩ་བར། ཐལ་མོ་སྦྱར་ལ་འདི་སྐད་དུ་ཞེས་གསུངས་པས་འདིའི་རྗེས་ཟློས་མཛོད། ཀྱེ་རིགས་ཀྱི་བུ་བདག་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་གདབ་བོ། །སློབ་དཔོན་གྱིས་ནུས་པ་ཇི་ལྟ་བ་བཞིན་དུ་སྦྱིན་ནོ། །ཞེས་ཁས་བླང་ངོ་། །སེམས་བསྐྱེད་བླང་བར་བྱ་བ་ནི། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་སྡོམ་གསུམ་རྣམ་ངེས་ལས། བསྐལ་བཟང་འགྲོ་བའི་འདྲེན་པ་ཐུབ་ཆེན་དེས། །བྱ་རྒོད་ཕུང་སོགས་ཐེག་ཆེན་རིགས་ཅན་ལ། །ཤིན་ཏུ་རྒྱས་པའི་སྡེ་སྣོད་དཔག་ཡས་གསུངས། །འཇམ་དབྱངས་བཀའ་བསྡུས་ཀླུ་སྒྲུབ་སོགས་ཀྱིས་བཀྲལ། །ཞི་བ་ལྷས་སྤེལ་ཟབ་མོ་ལྟ་བའི་ལུགས། །བྱམས་པས་བཀའ་བསྡུས་ཐོགས་མེད་སྐུ་མཆེད་བཀྲལ། །ཇོ་བོ་རྗེས་སྤེལ་རྒྱ་ཆེན་སྤྱོད་པའི་སྲོལ། །པདྨའི་རིང་ལུགས་ནཱ་གརྫུ་ན་མཐུན། །ངོ་བོ་བྱམས་དང་སྙིང་རྗེས་རྒྱུད་བརླན་ཅིང་། །གཞན་གྱི་དོན་དུ་བྱང་ཆུབ་ཐོབ་འདོད་པས། །སྒོ་གསུམ་ཉེས་པ་སྤོང་བའི་སེམས་དཔའ་འོ། །ཞེས་གསུངས་པའི་ཕྱིར་ལུགས་གཉིས་ཀྱི་ཀླུ་སྒྲུབ་ལུགས་དང་སྔ་འགྱུར་ཕྱོགས་མཐུན་པར་བཞེད་ཅིང་། དེ་ལ་ཡང་དབུ་སེམས་ཀྱི་ཁྱད་པར་ནི་གོང་དུ་མདོ་ཙམ་སྨོས་པ་ལྟར། རབ་དབྱེར། ཇི་ལྟར་འབྲས་ཀྱི་ས་བོན་ནི། །གྲང་པའི་ཡུལ་དུ་མི་སྐྱེ་བ། །དེ་བཞིན་སེམས་ཙམ་པ་ཡི་ཡང་། །སེམས་བསྐྱེད་སྡིག་ཅན་ལ་མི་སྐྱེ། །ཇི་ལྟར་ནས་ཀྱི་ས་བོན་ནི། །གྲང་དྲོ་གང་དུའང་སྐྱེ་བ་ལྟར། །དེ་བཞིན་དབུ་མའི་སེམས་བསྐྱེད་ཀྱང་། །སྡིག་པ་ཡོད་མེད་ཀུན་ལ་སྐྱེ། །ཞེས་གསུངས་ལ། །ཆོ་གའི་ཁྱད་པར་ཡང་། དེ་ཉིད་ལས། དེས་ན་སེམས་ཙམ་པ་ཡི་ལུགས། །གལ་ཏེ་སེམས་བསྐྱེད་དེ་འདོད་ན། །ཐོག་མར་སོ་སོ་ཐར་པ་ལོང་། །བྱང་ཆུབ་སེམས་དཔའི་སྡེ་སྣོད་སློབས། །དད་ཅིང་སྒྲུབ་པར་ནུས་གྱུར་ན། །ཕྱིས་ནས་སེམས་བསྐྱེད་སྡོམ་པ་ལོང་། །ཅི་སྟེ་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་ས་བོན་འཇོག་འདོད་ན། །ཆོ་ག་འཁྲུལ་པ་མེད་པ་ཡིས། །དབུ་མ་པ་ཡི་གཞུང་བཞིན་གྱིས། །ཞེས་གསུངས་པས། ཕྱི་མ་འདི་དོན་ཆེ་ཞིང་ཁྱད་པར་སྔགས་ཁོ་ན་དང་འབྲེལ་ཆགས་གཤིས། ཨོ་རྒྱན་ཆེན་པོ་དང་། ཀླུ་སྒྲུབ་དང་། ནཱ་རོ་པ་དང་། བིཪྺ་པ་སོགས་རྒྱ་གར་གྱི་གྲུབ་ཆེན་ཕལ་ཆེར་འདི་ཁོ་ན་བཞེད་པར་སྣང་། དེ་ལྟར་ལེན་ཚུལ་ནི་པན་ཆེན་པདྨ་དབང་རྒྱལ་གྱི་སྡོམ་གསུམ་རྣམ་ངེས་ལས། ལེན་ཚུལ་སྡོམ་གནས་དགེ་བའི་བཤེས་གཉེན་ལ། །ཐེག་ཆེན་སྣོད་གྱུར་དད་ལྡན་སློབ་མ་ཡི། །ཡན་ལག་བདུན་མཐར་སྨོན་འཇུག་སྟབས་གཅིག་ཏུ། །ལེན་ཉིད་རང་གཞན་དགའ་བ་བསྒོམ་པ་རྣམས། །ཞེས་གསུངས་པ་དང་སྐབས་འདིའི་ཆོ་ག་ཤིན་ཏུ་མཐུན་ཅིང་འདི་ལ་ཡང་རྒྱས་བཤད་མང་མོད་ཀྱི་མདོར་བསྡུ་ན། རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་གསུངས་པས། སྡུག་བསྔལ་ཅན་གྱི་སེམས་ཅན་མཐོང་ཐོས་ལས་སྙིང་རྗེ་དྲག་པོ་དང་། བླ་མ་དཀོན་མཆོག་ལ་དང་བའི་དད་པ། སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་ཐོབ་འདོད་ཀྱི་དད་པ། ལས་འབྲས་ལ་ངེས་པ་ཐོབ་པའི་ཡིད་ཆེས་ཀྱི་དད་པ་སྟེ་དད་པ་རྣམ་པ་གསུམ་དང་། འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ཤིང་དེ་ལས་ཐར་འདོད་ཀྱི་བློ་ཡང་རང་གཅིག་པུ་ཞི་བདེ་དོན་གཉེར་མ་ཡིན་པས་གཞན་དོན་དུ་སངས་རྒྱས་བགྱིད་སྙམ་པ་སོགས་གསལ་གདབ་དགོས་ཤིང་། དེ་ཡང་རྩོལ་བ་དྲག་པོས་སྒྲུབ་དགོས་ཚུལ་གོང་དུ་བཤད་པ་ལྟར་ཡིན། ཆོ་ག་དངོས་ནི། གསར་མ་བ་རྟེན་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་བཤམས་ལ་ཐོག་མར་དཀོན་མཆོག་བརྩེགས་པའི་མདོ་ལས་གསུངས་པའི་ལྟུང་བཤགས་སྔོན་དུ་བཏང་རྗེས། གདམས་ངག་གི་བཤད་པས་གསལ་བཏབ་ལ། མཎྜལ་ཚོམ་བུ་ལ་བརྟེན་པའི་དཀོན་མཆོག་རྣམས་ལ་ཕྱག་དང་མཆོད་ཕྲེང་། བཤགས་པ་སོགས་སྔོན་དུ་བྱ་བར་བཤད་ཀྱང་། འདིར་ནི་རྩ་བར། དེ་ནས་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་བྱས་ལ་ཞེས་གསུངས་ཤིང་། པཎ་ཆེན་གྱི་སྡོམ་གསུམ་དུ། ཡན་ལག་བདུན་མཐར་སྨོན་འཇུག་སྟབས་གཅིག་ཏུ། །ཞེས་གསུངས་པ་ཡང་འདི་ལ་དགོངས་པ་ཡིན་པས། དེ་ན་ཚོམ་བུའི་མཎྜལ་གྱི་དོད་དུ་ཁོ་བོས་སྒྲུབ་མཆོད་ལེགས་པར་བགྱིས་ཟིན་པའི་དཀྱིལ་འཁོར་བཅུ་པོ་འདི་རྣམས་ལ་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་མ་ཚང་བ་མེད་པར་མངོན་སུམ་དུ་བཞུགས་པ་ཡིན་པས་མཚོན། གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ན་རྒྱལ་བ་སྲས་དང་བཅས་པ་བཞུག་པ་རྣམས་ཀྱང་ཡིད་ཀྱིས་ལེགས་པར་གསལ་བཏབ་སྟེ། དེ་རྣམས་ལ་ཐོག་མར་ལུས་ངག་ཡིད་གསུམ་གུས་པའི་ཕྱག་འཚལ་བ་སྟེ་ཡན་ལག་དང་པོ། མཆོད་པ་ལ་ཡང་རྣམ་གྲངས་བསམ་གྱི་མི་ཁྱབ་ཀྱང་། འདིར་དང་པོ་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲས་བསྟོད་དབྱངས་ཀྱིས་མཆོད་པ་དང་། གཞན་ཡང་མེ་ཏོག་དང་། བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་ལ་སོགས་པའི་ཉེར་སྤྱོད་ལྔ་དང་། གདུགས། རྒྱལ་མཚན། ཕྱེ་མའི་ཕུར་མ། བླ་བྲེ། རིན་ཆེན་བདུན། འདོད་ཡོན་ལྔ། བཀྲ་ཤིས་པའི་རྫས་དང་། རྟགས་ཀྱི་ཁྱད་པར་བརྒྱད། སིལ་སྙན་དང་། པི་ཝང་། གླིང་བུ། རྔ་བོ་ཆེ། དུང་ལ་སོགས་པའི་རོལ་མོའི་ཁྱད་པར་དང་། གཞན་ཡང་ཁང་བཟང་དང་། ཁྲུས་ཀྱི་རྫིང་བུ་དང་། ལྗོན་ཤིང་། བ་མཆོག་དང་། མ་རྨོས་པའི་ལོ་ཏོག །ནོར་བུའི་བྱེ་བྲག་སོགས་འཇིག་རྟེན་ན་སྲིད་དོ་ཅོག་གི་དངོས་པོ་བདག་པོས་བཟུང་བ་དང་མ་བཟུང་བའི་ཚོགས་ཇི་སྙེད་དང་། བདག་གིས་བཤགས་པའི་མཆོད་པའི་ཚོགས་འདི་དག་ལྷན་ཅིག་པར་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུར་ནམ་མཁའི་ཁམས་ཐམས་ཅད་ཕྱུར་བུར་བཀང་ནས་འབུལ་བ་སྟེ་ཡན་ལག་གཉིས་པ། ལུས་ངག་ཡིད་གསུམ་ཆགས་སྡང་རྨོངས་པའི་དབང་དུ་གྱུར་ཏེ་སྡིག་པ་མི་དགེ་བའི་ལས་ཅི་བསགས་པ་ཐམས་ཅད་འགྲོ་བ་ཀུན་གྱི་སྡིག་དང་ལྷན་ཅིག་ཏུ་རྟེན་དེ་རྣམས་ཀྱི་དྲུང་དུ་དུག་འཐུངས་པ་ལྟ་བུའི་འགྱོད་སེམས་ཀྱིས་བཤགས་ཤིང་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་སྡོམ་སེམས་དང་། དེ་ལྟར་བགྱིས་པ་ལ་བརྟེན་ནས་སོར་ཆུད་དེ་དག་ཅིང་བྱང་བར་བྱ་བ་སོགས་སྟོབས་བཞི་ཚང་བའི་ཚུལ་གྱིས་བཤགས་པ་སྟེ་ཡན་ལག་གསུམ་པ་དང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཉན་རང་སོ་སྐྱེ་སོགས་ཀྱི་དུས་གསུམ་བསོད་ནམས་ཀྱི་དངོས་པོ་ཀུན་ལ་རྗེས་སུ་ཡིད་རང་བར་བྱ་བ་སྟེ་ཡན་ལག་བཞི་པ་དང་། རྒྱལ་བ་གང་ཞིག་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་ཐུགས་ལས་ཆུང་ངུར་བཞུགས་པ་དེ་དག་ལ་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཡང་དག་པར་བསྐུལ་བ་སྟེ་ཡན་ལག་ལྔ་པ་དང་། གང་ཞིག་མྱ་ངན་ལས་འདས་བའི་ཚུལ་སྟོན་པར་བཞེད་པ་རྣམས་ལ་འགྲོ་བའི་དོན་དུ་བསྐལ་པ་རྒྱ་མཚོར་བཞུགས་པར་གསོལ་བ་རྩེ་གཅིག་ཏུ་གདབ་པ་སྟེ་ཡན་ལག་དྲུག་པ་དང་། དེ་རྣམས་ཀྱི་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་བ་སྟེ་ཡན་ལག་བདུན་པ་རྣམ་པར་དག་པ་ཞིག་མཛད་པར་ཞུ་ཞེས་མཚམས་སྦྱར་ལ། སྡོམ་རྟེན་གྱི་དྲུང་གི་མཆོད་པ་རྣམས་ལས་མར་མེ་སྤར་ཞིག་སྤོས་བཏུལ་རོལ་མོ་བྱ་ཞིང་། བཟང་སྦྱོད་ནས་འབྱུང་བ་བཞིན་ཡན་ལག་བདུན་པ་བྱ་སྟེ། ཇི་སྙེད་སུ་དག་སོགས་བརྗོད་ཅིང་། བདེ་བ་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་དུ་ཕྱག་རྒྱ། དེ་ནས་སྟན་ལ་འདུག་སྟེ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །ཞེས་པ་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་པའི་མཇུག་ཏུ་རོལ་ཆེན་བྱ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ཞེས་པ་མན་ཆད་སླར་བཞེངས་ཏེ་ཕྱག་བྱའོ། །དེ་ནི་གཞུང་གཞན་ལས་ཀྱང་སེམས་བསྐྱེད་ཀྱི་སྔོན་དུ་མཐུན་རྐྱེན་ཚོགས་བསག་པ་དང་། འགལ་རྐྱེན་སྡིག་སྒྲིབ་སྦྱང་བ་གཉིས་འབྱུང་བ་ཡང་དེས་ཁྱབ་བོ། །དངོས་གཞི་ལ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་གཉིས་ལས། དང་པོ་ནི་རྩ་བར། ཐལ་མོ་སྦྱར་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་དམ་ཆོས་རྣམས་ལ༴ ཚོགས་རྣམས་ཀྱི་མཆོག །ཕྱོོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད། གཉིས་པ་སེམས་བསྐྱེད་པ་ལ་གཉིས་ཀྱི་སྨོན་འཇུག་སྟབས་གཅིག་ཏུ་ལེན་པ་ནི། རྩ་བར། ཡང་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་ས་ལ་བཀོད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམ་གྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་བར་བགྱིའོ། །ཞེས་ལན་གསུམ་བཟླས་ཏེ། སློབ་དཔོན་གྱི་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བྱའོ། །རྩ་བར། བཅུ་གསུམ་པ་ཆོས་བཤད་པ་ནི། དེའང་ཁྱེད་རྣམས་དེ་རིང་ནས་བྱང་ཆུབ་སེམས་དཔར་གྱུར་པས་མི་ལུས་ཐོབ་པ་དོན་ཅན་ཡིན་ནོ། །ཞེས་གསུངས་པ་ནི་དགའ་བ་བསྒོམ་པ་སྟེ། དེ་ཡང་གཉིས་ཏེ་རང་དང་གཞན་ལས། དང་པོ་རང་དགའ་བ་སྒོམ་པ་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་ལན་གསུམ་རྗེས་ཟློས་དང་། ཇི་ལྟར་གསུངས་པ་དེ་བཞིན་དུ་དགའ་བ་དང་སྤྲོ་བ་ཆེན་པོ་མཛོད། གཉིས་པ་གཞན་དགའ་བ་བསྐྱེད་དུ་གཞུག་པ་ནི། བདག་གིས་དེ་ལྟར་སེམས་བསྐྱེད་པས་བསྟན་པ་ལ་དགའ་བའི་ལྷ་ཀླུ་ཐམས་ཅད་དགྱེས་པ་བསྐྱེད་པར་མཛད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ཀྱང་ལན་གསུམ་མཛོད། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་སོ། །དེ་ནས་སེམས་བསྐྱེད་ལས་མི་འདའ་བར་དམ་བཅའ་བའི་སླད་དུ་འདིའི་རྗེས་ཟློས་མཛོད། དེ་ཡང་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལན་གསུམ་རྗེས་ཟློས་བྱའོ། །རྩ་བར། བླ་མ་ལ་གུས་པ་དང་། ནག་པོའི་ཆོས་བཞི་སྤང་བ་དང་། སེམས་ཅན་བློས་མི་བཏང་བ་ལ་བསླབས་པས་བསོད་ནམས་དཔག་ཏུ་མེད། དཔལ་སྦྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་བར་འགྱུར། །ཞེས་སོ། །དེ་རྣམས་ཀྱི་དོན་རྒྱས་པར་འོག་ཏུ་རྩ་བའི་ས་བཅད་བཅོ་ལྔ་པ་ལམ་འཁྱེར་བཤད་པའི་ནང་གསེས་ཀྱི་ས་བཅད་བཞི་པ་བསླབ་བྱ་ལམ་འཁྱེར་གྱི་སྐབས་སུ་འཆད་ཅིང་། འདིར་གཞུང་དོན་བླ་མ་ལ་གུས་པ་ནི་རྟོགས་པར་སླ། ནག་པོའི་ཆོས་བཞི་སྤང་བ་ནི་སྡོམ་གསུམ་རྣམ་ངེས་ལས། མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུ་སྤྱོད། །ཅེས་བཤད་པ་ལྟར་སྤོང་ཞིང་། དེ་ལས་ལྡོག་པ་བཞི་དང་དུ་བླང་བ་ནི་དཀར་པོའི་ཆོས་བཞི་སྟེ། དེ་ཉིད་ལས། ནག་པོའི་ཆོས་བཞི་སྤང་ཞིང་ལྡོག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། །ཅེས་གསུངས་པའི་སེམས་ཅན་བློས་མི་གཏོང་བ་ནི་སེམས་བསྐྱེད་པའི་ཉིང་དགོས་མཐར་ཐུག་པ་ཡིན། དེ་ལ་བསོད་ནམས་འབྱུང་ཚུལ་དཔལ་སྦྱིན་གྱིས་ཞུས་པའི་མདོའི་ལུང་ལྟར་རོ། །དེས་སྡོམ་པ་དང་བསླབ་བྱ་དབོག་པ་གྲུབ་ནས། རྩ་བར། བཅུ་བཞི་པ་དབང་བསྐུར་བ་ནི། བླ་མ། སངས་རྒྱས། ཐུབ་པ། ཡུམ། དེ་བཞིན་གཤེགས་པ་བཅུའི་ང་རྒྱལ་གྱིས་སློབ་མ་རྣམས་མཎྜལ་ཐལ་མོ་སྦྱར་ཏེ་ཞེས་འབྱུང་བས། བླ་མ་བདག་བསྐྱེད་ཀྱི་ང་རྒྱལ་ལྡན་བཞིན་པ་ལ། སླར་ཡང་དབང་གི་དོན་དུ་མཎྜལ་ཕུལ་མཛོད། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་སངས་རྒྱས་དགོངས་སུ་གསོལ། །བདེན་གཉིས་དོན་རྟོགས་ཐེག་ཆེན་གྱི། །རྒྱལ་བའི་མཛད་པ་མཐར་ཕྱིན་པ། །ཟབ་ཅིང་རྒྱ་ཆེའི་དབང་རྣམས་གསོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །རྩ་བར། དེ་ནས་བླ་མས་དབང་རྫས་རྣམས་རིམ་པར་ཐོགས་ཏེ། ཞེས་གསུངས་ཤིང་མཆན་བུར་བུམ་པས་དབང་བསྐུར་ཁྲུས་བྱ་ཞེས་གསུངས་པས། ཐོག་མར་བུམ་དབང་བསྐུར་བ་ནི། བུམ་པས་དབང་བསྐུར་ཞིང་མུ་ནེ་དང་ཏདྱ་ཐཱ་ལ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བཏགས་པ་བུམ་ཆུས་ཁྲུས་བྱེད་དུ་བཅུག །དེ་ནས་ལྷ་དབང་ནི་སྐུ་གཟུགས་རྣམས་རིམ་པར་སྤྱི་བོར་བཞག །རྩ་བར། ཧཱུཾ། གསེར་གྱི་གདོག་ཅན་རྐང་གཉིས་གཙོ། །སྤྱན་ཡངས་མཛོད་སྤུར་མཐིང་ཁར་ལྡན། །སྐུ་ཡི་སྒོ་ནས་འོད་ཟེར་འགྱེད། །བསྟན་པའི་མངའ་བདག་འགྲོ་བ་འདྲེན། །ཤཱཀྱའི་རྒྱལ་པོས་བྱིན་གྱིས་རློབས། །དབང་མཆོག་དམ་པ་ཐོབ་པར་ཤོག །མུ་ནེ་བརྗོད། ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་པདྨ་ཟླ་རྒྱས་སྟེང་། །ཡུམ་ཆེན་རྒྱན་ལྡན་རྡོ་རྗེ་སྐྱིལ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། །ཕྱག་བཞི་དང་པོ་མཉམ་གཞག་ཅན། །འོག་གཉིས་ཆོས་འཆད་པོ་ཏི་འཛིན། །འགྲོ་བ་སེམས་ཅན་དོན་མཛད་པ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་དྷི་པྲ་ཛྙཱ་མ་ཧཱ་པྲཛྙཱ་ཧཱུཾ། དྷརྨཱ་དྷཱ་ཏུ་ཡེ་སྭཱ་ཧཱ། ཨ་བྷི༴ ལྷོ་ཕྱོགས་པདྨ་ཟླ་རྒྱས་སྟེང་། །ཕྱག་ན་རྡོ་རྗེ་ཞི་བའི་ཞལ། །མཐིང་ཁ་རྡོ་རྗེ་པདྨ་འཛིན། །རིན་ཆེན་རྒྱན་ལྡན་སེམས་སྐྱིལ་བཞུགས། །དེ་ཡི་བྱིན་རླབས་དབང་ཐོབ་ཤོག །ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཨ་བྷི༴ ནུབ་ཕྱོགས་པདྨ༴ ཤཱ་རིའི་བུ་ནི་གསེར་མདོག་ཅན། །རབ་བྱུང་འཁར་གསིལ་ལྷུང་བཟེད་བསྣམས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །བྷ་ག་ཝན་པྲ་བ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཀ་རུ་ཎ་མ་ཡེ་སྭཱ་ཧཱ། ཨ་བྷི༴ བྱང་ཕྱོགས་པདྨ༴ སྤྱན་རས་གཟིགས་དབང་ཀུནྡའི་མདོག །ལོངས་སྤྱོད་རྫོགས་སྐུ་པདྨ་པོ་ཏི་འཛིན། །དེ་ཡི་དབང་༴ ༀ་ཨཱརྻ་ཨ་ཝ་ལོ་ཀི་ཝ་ར་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་སྭཱ་ཧཱ། ཨ་བྷི༴ གཞལ་ཡས་ལྷ་སྣམ་ཤར་ཕྱོགས་སུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི། །སྐུ་མདོག་ཤེལ་ལྟར་དཀར་བ་ལ། །མཆོག་སྦྱིན་རིན་ཆེན་གཡོན་མཉམ་གཞག །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཡུ་ར་ག་ཏི་སྭཱ་ཧཱ། ཨ་བྷི༴ གཞལ་ཡས་ལྷོ་ཕྱོགས་པད་ཟླའི་སྟེང་། །བདེ་གཤེགས་མྱ་ངན་མེད་པའི་དཔལ། །སྔོན་པོ་འཁོར་ལོ་གཡོན་མཉམ་གཞག །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་ཙི་ཡ་ནི་སྭཱ་ཧཱ། ཨ་བྷི༴ ནུབ་ཕྱོགས་པད་སྟེང་པད་ཟླའི་སྟེང་། །བདེ་གཤེགས་རིན་ཆེན་འོད་འཕྲོ་རབ་ཏུ་དཀར། །གཡས་པ་མཆེ་བ་གཡོན་མཉམ་གཞག །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་ཏྲི་ཏི་ཤ་ག་པ་རི་བྷི་ཤྭ་རི་སྭཱ་ཧཱ། ཨ་བྷི༴ བྱང་ཕྱོགས་པད་སྟེང་པད༴ བདེ་གཤེགས་རྒྱལ་བའི་དབང་པོ་སྐུ་མདོག་ལྗང་། །གཡས་པ་པད་དཀར་གཡོན་མཉམ་གཞག །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་བི་ཤ་རཏྣ་སན་ཏི་སྭཱ་ཧཱ། ཨ་བྷི༴ ཤར་ལྷོ་བདེ་གཤེགས་པདྨ་དཔལ། །དུང་ལྟར་པད་དམར་གཡོན་མཉམ་གཞག །འགྲོ་ལ་བསྟན་པས་བག་ཆགས་འཇོམས། །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་དུ་མ་ལེ་ཀ་དོ་བ་ཡེ་སྭཱ་ཧཱ། ཨ་བྷི༴ ལྷོ་ནུབ་པད་སྟེང་བདེ་གཤེགས་ནི། །ཉི་མ་སྣང་བ་དམ་པའི་དཔལ། །དམར་སྨུག་ཉི་མ་གཡོན་མཉམ་གཞག །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་བི་མུག་ཏི་མརྒད་རུ་ཤ་མ་ཏི་སྭཱ་ཧཱ། ཨ་བྷི༴ ནུབ་བྱང་པད་ཟླར་བདེ་གཤེགས་ནི། །གདུགས་ཆེན་དམ་པ་ཨིནྡྲའི་མདོག །སྣ་ཚོགས་རྡོ་རྗེ་གཡོན་མཐིལ་སྟོན། །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་སུརྻ་བི་ཏ་ལ་སྭཱ་ཧཱ། ཨ་བྷི༴ བྱང་ཤར་པད་ཟླར༴ གླང་པོ་དམ་པ་གསེར་ལྟར་འཚེར། །གཡས་པ་ཆོས་འཆད་གཡོན་གོས་འཛིན། །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་བི་དྱ་བི་ཤ་ཡ་བྷ་པ་སྭཱ་ཧཱ། ཨ་བྷི༴ སྟེང་གི་བདེ་གཤེགས་དགའ་བ་དཔལ། །སྔོན་པོ་རིན་ཆེན་བུམ་པ་གཡས། །གཡོན་པ་དཀུར་བརྟེན་སྐྱིལ་ཀྲུང་བཞུགས། །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་ར་ཏི་ར་མ་ཏི་བཛྲ་སྭཱ་ཧཱ། ཨ་བྷི༴ འོག་གི་སངས་རྒྱས་པདྨོའི་དཔལ། །གསེར་མདོག་གཡས་པ་པདྨ་བསྣམས། །གཡོན་པ་ལྟེ་བར་མཐིལ་ཕྱིར་བསྟན། །དེ་ཡི༴ ༀ་སརྦ་ཏ་ཐཱ་ག་ཏ་པདྨ་བྷ་ལ་སྭཱ་ཧཱ། ཨ་བྷི༴ ཞེས་པས་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའི་དབང་དང་། །ཡང་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་དང་། ལྷ་བཅོ་ལྔ་མའི་དབང་ནི། ཧཱུཾ། ཕྱོགས་བཅུའི་དབུས་སུ་སེང་གེའི་ཁྲི། །ཉི་ཟླ་པདྨའི་གདན་སྟེང་དུ། །དབུས་ཕྱོགས་བདེ་བར་གཤེགས་པའི་ཡུམ། །སྐུ་མདོག་དཀར་གསལ་གཡས་མཆོག་སྦྱིན། །གཡོན་ན་པདྨ་པོ་ཏིས་མཚན། །དེ་ཡི༴ ༀ་དྷི་པྲ ཛྙཱ་མ་ཧཱ་པྲ ཛྙཱ་ཧཱུཾ། དྷརྨཱ་དྷཱ་ཏུ་ཡེ་སྭཱ་ཧཱ། ཨ་བྷི༴ ཧཱུཾ། ཤར་ཕྱོགས་སངས་རྒྱས་དཀོན་མཆོག་འབྱུང་། །དཀར་གསལ་མཆོག་སྦྱིན་རིན་ཆེན་གཡས། །གཡོན་པ་ལྟེ་བར་དཀུར་བརྟེན་ཚུལ། །དེ་ཡི༴ ཨ་བྷི༴ ཧཱུཾ། ལྷོ་ཕྱོགས་སངས་རྒྱས་མྱ་ངན་མེད། །མཁའ་ལྟར་ཕྱག་གཡས་འཁོར་ལོ་བསྣམས། །གཡོན་པ་དཀུར་བརྟེན་བསྙེམས་པའི་ཚུལ། །དེ་ཡི༴ ཨ་བྷི༴ ཧཱུཾ། ནུབ་ཕྱོགས་རིན་ཆེན་འོད་འཕྲོ་བ། །གཡས་པ་མཆེ་བ་གཡོན་དཀུར་བརྟེན། །སངས་རྒྱས་པད་ཟླ་ཉི་མར་བཞུགས། །དེ་ཡི༴ ཨ་བྷི༴ ཧཱུཾ། བྱང་ཕྱོགས་རྒྱལ་བའི་དབང་པོ་ནི། །ཉི་ཟླ་པད་སྟེང་སྐུ་མདོག་ལྗང་། །པད་དཀར་གཡས་ལ་གཡོན་དཀུར་བརྟེན། །དེ་ཡི༴ ཨ་བྷི༴ བྱང་ཤར་པད་སྟེང་གསེར་གྱི་མདོག །ཏིང་འཛིན་གླང་པོ་དམ་པའི་དཔལ། །ཆོས་འཆད་གཡས་ཏེ་གཡོན་དཀུར་བརྟེན། །དེ་ཡི༴ ཨ་བྷི༴ ཤར་ལྷོ་པདྨ་དམ་པའི་དཔལ། །དུང་ལྟར་པད་དཀར་གཡས་ན་སྟེ། །གཡོན་པ་དཀུར་བརྟེན་བསྙེམས་པའི་ཚུལ། །དེ་ཡི༴ ཨ་བྷི༴ ལྷོ་ནུབ་ཉི་སྣང་དམ་པའི་དཔལ། །མརྒད་ལྟ་བུ་གཡས་ཉི་མ། །གཡོན་པ་བསྙེམས་ཚུལ་དཀུ་ལ་བརྟེན། །དེ་ཡི༴ ཨ་བྷི༴ ནུབ་བྱང་སངས་རྒྱས་གདུགས་དམ་པ། །ལྗང་གུ་སྣ་ཚོགས་རྡོ་རྗེ་གཡས། །གཡོན་པ་དཀུར་བརྟེན་འགྱིང་ཚུལ་ཅན། །དེ་ཡི༴ ཨ་བྷི༴ ཧཱུཾ། སྟེང་ཕྱོགས་དགའ་བ་བྱེད་པ་པོ། །སངས་རྒྱས་ཨུཏྤལ་ལྟ་བུའི་མདོག །བུམ་པ་གཡས་ལ་དཀུར་བརྟེན་གཡོན། །དེ་ཡི༴ ཨ་བྷི༴ འོག་གི་སངས་རྒྱས་པདྨའི་དཔལ། །གསེར་མདོག་པདྨ་དམར་པོ་གཡས། །གཡོན་པ་དཀུར་བརྟེན་ཐུགས་རྗེའི་བདག །དེ་ཡི༴ ཨ་བྷི༴ ཡང་ལྷ་ལྔ་མ་དང་གོ་དགུ་མ་དང་། བརྒྱ་ཉེར་གཅིག་མའི་གཙོ་བོ་ཡབ་ཡུམ་འདྲ། ཧཱུཾ། རྣམ་དག་དབུས་ཀྱི་པདྨའི་དཀྱིལ་འཁོར་ནས། །ཡང་དག་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ། །ས་གནོན་མཉམ་གཞག་བསེག་ཤང་པར་བུ་ཅན། །ཡུམ་ཆེན་གསེར་མདོག་རལ་གྲི་མཆོག་སྦྱིན་གཡས། །གཡོན་པ་ཨུཏྤལ་པོ་ཏི་ཕྲེང་བ་ཅན། །རིགས་བཞིའི་སངས་རྒྱས་ཕྱོགས་མདོག་ཏིང་འཛིན་གླང་། །རིན་འབྱུང་པདྨ་ཏིང་འཛིན་རྒྱལ་པོ་གཡས། །རྡོ་རྗེ་ཆོས་འཆད་རིན་ཆེན་པད་རྒྱ་གྲམ། །ཐུགས་ཀར་བསྣམས་ཤིང་གཡོན་པ་མཉམ་གཞག་མཛད། །ཡུམ་བཞི་ཕྱོགས་མདོག་རྡོ་རྗེ་རིན་ཆེན་ཆོས། །ལས་མ་བཞི་པོ་ཕྱག་མཚན་ཡབ་དང་མཐུན། །ༀ། རིགས་ལྔ་ཡབ་ཡུམ་འདི་ལ་ཐུགས་རྗེས་བཟུང་། །བྱིན་རླབས་དབང་བསྐུར་དམ་པ་མཛད་དུ་གསོལ། །མུ་ནེ་དང་ག་ཏེ་བརྗོད། ཨ་བྷི༴ ཧཱུཾ། ཤར་ཕྱོགས་སངས་རྒྱས་དཀོན་འབྱུང་དཀར། །མཆོག་སྦྱིན་འཁོར་ལོ་གཡོན་པ་སྐྱབས་སྦྱིན་མཛད། །ཤར་ལྷོ་ནུབ་བྱང་དཀར་སྔོ་དམར་ལྗང་གུ། །ཆོས་ཀྱི་རྒྱལ་མཚན་ཆུ་སྲིན་རྒྱལ་མཚན་ཅན། །དབང་ཕྱུག་རྒྱལ་པོ་ལྕགས་ཀྱུ་འབར་བ་འཛིན། །བཀོད་པའི་རྒྱལ་མཚན་མཛེས་པའི་མེ་ཏོག་བསྣམས། །རིན་ཆེན་འོད་འཕྲོ་ནོར་བུ་རིན་ཆེན་འཛིན། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སངས་རྒྱས་ཐུབ་པའི་ཚུལ་དང་སེམས་དཔའ་རེ་རེ་ཡང་། །རབ་བྱུང་ཚུལ་ཁྲིམས་སྣ་ཚོགས་ཚུལ་འཛིན་པའོ། །ༀ། འགྲོ་བ་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །སྒྲིབ་སྦྱང་དབང་བསྐུར་དམ་པ་མཛད་དུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ལྷོ་ཕྱོགས་སངས་རྒྱས་མྱ་ངན་མེད་དཔལ་སྔོ། །སྐྱབས་སྦྱིན་ཐུགས་ཀར་རིན་ཆེན་གཡོན་མཉམ་གཞག །ཤར་ལྷོ་ནུབ་བྱང་དཀར་སེར་དམར་ལྗང་སེམས། །སྣང་བའི་མཆོག་ནི་ཕྱག་ན་རྡོ་རྗེ་བསྣམས། །ཕྱག་རྒྱའི་རྒྱལ་པོ་རྡོ་རྗེ་རྒྱ་གྲམ་འཛིན། །སྤོས་ཀྱི་གླང་པོ་འབུད་དུང་དཀར་པོ་སྟེ། །སྤོབས་པ་བརྩེགས་པ་གསེར་གཡུའི་ཏོག་དང་བཅས། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །ༀ། འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ནུབ་ཕྱོགས་རིན་ཆེན་འོད་འཕྲོ་དམར། །སྐྱབས་སྦྱིན་ཐུགས་ཀར་པདྨ་བསྣམས། །གཡོན་པ་མཆོག་སྦྱིན་པུས་མོའི་སྟེང་། །ཕྱོགས་བཞི་དཀར་སྔོ་དམར་ལྗང་སེམས། །པདྨའི་རྒྱལ་པོ་སྒྲོམ་བུ་སྟེ། །པདྨ་དམ་པ་པད་དཀར་པོ། །རྡོ་རྗེ་མི་གཡོ་ལྕགས་ཀྱུའོ། །ཐོགས་མེད་རྒྱལ་པོ་རལ་གྲི་འཛིན། །སེམས་མ་རྡོར་རིན་པད་རྒྱ་གྲམ། །ཤར་ནུབ་སེམས་མ་ལྷོ་བྱང་ཉན་ཐོས་ཚུལ། །ༀ། འགྲོ་ལ༴ དབང་བསྐུར༴ མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། བྱང་ཕྱོགས་རྒྱལ་བའི་དབང་པོ་ལྗང་། །གཡས་པ་སྐྱབས་སྦྱིན་ཉི་མ་སྟེ། །གཡོན་པ་མཆོག་སྦྱིན་རྡོ་རྗེ་ཅན། །ཕྱོགས་བཞི༴ རིན་འབྱུང་རིན་ཆེན་ཟུར་བརྒྱད་འཛིན། །གྲུབ་པ་སྣ་ཚོགས་རྡོ་རྗེ་སྟེ། །དགའ་བ་སྟོན་པ་མེ་ལོང་ཅན། །མི་གཡོ་བ་ནི་མཉམ་གཞག་རྒྱ། །སེམས་མ༴ ཤར་ནུབ༴ ༀ། འགྲོ་ལ༴ དབང་བསྐུར༴ མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། བྱང་ཤར་གླང་པོ་དམ་པའི་དཔལ། །ལྗང་གུ་ཐུགས་ཀར་པོ་ཏི་བསྣམས། །གཡོན་པ་མཆོག་སྦྱིན་ཆོས་གོས་འཛིན། །ཕྱོགས་བཞི༴ ཕྱག་ན་རྡོ་རྗེ་རྩེ་དགུ་སྟེ། །སྤྱན་རས་གཟིགས་དབང་པད་དཀར་འཛིན། །ནམ་མཁའི་སྙིང་པོ་ཟ་མ་ཏོག །ས་སྙིང་རིན་ཆེན་མྱུ་གུའོ། །སེམས་མ༴ ཤར་ནུབ༴ ༀ། འགྲོ་ལ༴ དབང་བསྐུར༴ མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ཤར་ལྷོ་པདྨ་དམ་པའི་དཔལ། །དཀར་སེར་གཡས་པ་ཉི་མ་སྟེ། །ཕྱོགས་བཞི༴ ཀུན་བཟང་རིན་ཆེན་སྡོང་བུ་སྟེ། །འཇམ་དཔལ་གཞོན་ནུ་ཨུཏྤ ལ་ལོ། །སྒྲིབ་པ་རྣམ་སེལ་པོ་ཏི་འཛིན། །བྱམས་པ་ཀླུ་ཤིང་གྷུནྡྷེ་བསྣམས། །སེམས་མ༴ ཤར་ནུབ༴ ༀ། འགྲོ་ལ༴ དབང་བསྐུར༴ མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ལྷོ་ནུབ་སྣང་བ་དམ་པའི་དཔལ། །དམར་སེར་ཉི་མ་ཐུགས་ཀར་བསྣམས། །ཕྱོགས་བཞི༴ མཐུ་ཆེན་ཐོབ་ནི་རྡོ་རྗེ་སྟེ། །སྨན་གྱི་རྒྱལ་པོ་བུམ་པའོ། །ཡོན་ཏན་སྙིང་པོ་རིན་ཆེན་སྙེ། །མཐོང་ན་དགའ་བ་ཀླུ་ཤིང་ངོ་། །སེམས་མ༴ ཤར་ནུབ༴ ༀ། འགྲོ་ལ༴ དབང་བསྐུར༴ མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ནུབ་བྱང་གདུགས་མཛེས་དམ་པའི་དཔལ། །དམར་ལྗང་གཡས་ན་གདུགས་ཀྱིས་བརྗིད། །ཕྱོགས་བཞི༴ གཞོན་ནུ་རྒྱལ་མཚན་ཨུཏྤལ། །སྐྱེས་བུ་དམ་པ་དུང་རྔ་ཡབ། །སེང་གེ་སྒྲ་ནི་ཀུ་མུ་ད། །མྱ་ངན་བསལ་ནི་པདྨའོ། །ཡུམ་བཞི་རྡོར་རིན་པད་རྒྱ་གྲམ། །ཤར་ནུབ༴ ༀ། འགྲོ་ལ༴ དབང་བསྐུར༴ མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། སྟེང་ཕྱོགས་སངས་རྒྱས་དགའ་བའི་དཔལ། །དཀར་པོ་གཡས་ན་རྒྱལ་མཚན་བསྣམས། །ཕྱོགས་བཞི༴ བཟང་སྐྱོང་གསེར་གྱི་བུམ་པ་བསྣམས། །དཀོན་མཆོག་འབྱུང་གནས་རིན་ཆེན་སྒྲོམ། །དཔའ་བར་འགྲོ་བ་རལ་གྲི་སྟེ། །ཟླ་འོད་གཞོན་ནུ་ཟླ་ཚེས་སོ། །ཡུམ་བཞི༴ ཤར་ནུབ༴ ༀ། འགྲོ་ལ༴ དབང་བསྐུར༴ མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། འོག་གི་པདྨོ་དམ་པའི་དཔལ། །སྔོ་ནག་ཆོས་འཆད་པདྨ་བསྣམས། །ཕྱོགས་བཞི༴ ཡེ་ཤེས་ཏོག་ནི་ཏོག་དཀར་པོ། །མྱ་ངན་མུན་འཇོམས་རལ་གྲི་སྟེ། །བློ་གྲོས་མི་ཟད་པོ་ཏི་འོ། །ཡེ་ཤེས་འོད་དེ་རྡོ་རྗེ་བསྣམས། །ཡུམ་བཞི༴ ཤར་ནུབ༴ ༀ། འགྲོ་ལ༴ དབང་བསྐུར༴ མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ཤར་དུ་གླང་པོའི་གདན་ཁྲི་ལ། །བརྒྱ་བྱིན་སེར་པོ་རྡོ་རྗེ་འཛིན། །ཤར་ལྷོར་ར་སྐྱེས་གདན་སྟེང་དུ། །མེ་ལྷ་དམར་པོ་བགྲང་ཕྲེང་འཛིན། །ལྷོ་རུ་མ་ཧེའི་གདན་ལ་ནི། །གཤིན་རྗེ་སྔོན་པོ་བེ་ཅོན་འཛིན། །ལྷོ་ནུབ་རོ་ལངས་གདན་སྟེང་དུ། །སྲིན་པོ་སྨུག་ནག་རལ་གྲི་འཛིན། །ནུབ་ཏུ་ཆུ་སྲིན་གདན་ལ་ནི། །ཆུ་ལྷ་དཀར་པོ་སྤྲུལ་ཞགས་འཛིན། །ནུབ་བྱང་ཤ་བའི་གདན་སྟེང་དུ། །རླུང་ལྷ་ལྗང་གུ་བ་དན་འཛིན། །བྱང་དུ་རྟ་ཡི་གདན་ལ་ནི། །གནོད་སྦྱིན་ལྗང་སྔོན་དབྱུག་པ་འཛིན། །བྱང་ཤར་ཁྱུ་མཆོག་གདན་ལ་ནི། །དབང་ལྡན་ནག་པོ་རྩེ་གསུམ་འཛིན། །སྟེང་དུ་ངང་པའི་གདན་སྟེང་དུ། །ཚངས་པ་སེར་པོ་པདྨ་འཛིན། །འོག་ཏུ་ཕག་གི་གདན་ལ་ནི། །བརྟན་མ་སེར་མོ་གཏེར་བུམ་བསྣམས། །ༀ། འགྲོ་ལ༴ དབང་བསྐུར༴ མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། སྒེག་ཕྲེང་གླུ་གར་མེ་ཏོག་སྤོས། །མར་མེ་དྲི་ཆབ་སྒོ་སྐྱོང་བཞི། །རྒྱལ་བ་མཆོད་ཅིང་བསྟན་པ་སྲུང་། །ཚད་མེད་ཕྲིན་ལས་གདུལ་བྱ་སྐྱོང་། །ༀ། འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མུ་ནེ༴ ག་ཏེ༴ ཨ་བྷི་ཥིཉྩ་ཧཱུཾ། དེ་རྣམས་ནི་ལྷ་དབང་ངོ་། །རྩ་བར། རྫས་དབང་བསྐུར་བ་རིམ་པ་བཞིན་ཐོགས་ཏེ། ཞེས་གསུངས་པས་ཅོད་པན་ཐོགས་ཏེ། དེ་ཡང་བདག་ཅག་གི་སྟོན་པས་སྒྱུ་འཕྲུལ་མའི་ལྷུམས་སུ་འཇུག་པའི་ཚུལ་སྟོན་པར་བཞེད་པའི་ཚེ། རང་གི་ཅོད་པན་བྱམས་པར་བཅིངས་ཏེ་དགའ་ལྡན་གྱི་གནས་རྒྱལ་མཚན་མཐོན་པོར་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་། སྐྱེས་བུ་དམ་པ་ཁྱོད་ནི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་དེ་རིང་ཁྱོད་རྣམས་ལ་ཡང་ཅོད་པན་སྤྱི་བོར་བཅིངས་ཏེ་དབང་བསྐུར་བས་དེ་ལྟར་དུ་འགྱུར་བར་བྱིན་གྱིས་བརླབས་པའི་མོས་པ་མཛོད། འདི་སྐད་དུ། སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དགའ་ལྡན་གྱི་གནས་ནས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་གཤེགས་པའི་ཚེ་དབུ་ལས་རིན་པོ་ཆེའི་པྲོག་ཞུ་ཕུད་ནས་མ་ཕམ་མགོན་ལ་ཆོས་ཀྱི་རྒྱལ་ཚབ་ཏུ་ལྷ་རྣམས་ཀྱི་སྟོན་པར་དབང་བསྐུར་རོ། །དེ་བཞིན་དུ་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་ཚབ་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཧཱུཾ། ཏོག་གི་དབུ་ལས་རིན་ཆེན་ཅོད་པན་ཕུད། །དེ་ཉིད་ཕྱག་གིས་བུ་ཡི་དབུ་ལ་བཞག །མ་ཕམ་མགོན་པོ་ཆོས་ཀྱི་རྒྱལ་ཚབ་རྗེ། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་བྱེད་པར་ཤོག །ཆོས་ཀྱི་དབྱིངས་ནས་བྱུང་ནས་ག་ལ་བར། །སྤྲུལ་སྐུ་ཀུན་ཁྱབ་ཡིད་བཞིན་འབྱུང་བའི་གཏེར། །དང་པོ་ཚོགས་རྫོགས་སྨོན་ལམ་མཐར་ཕྱིན་པ། །འདི་ནི་བསོད་ནམས་རྫོགས་པའི་དབང་གི་བཀྲ་ཤིས་དང་པོའོ། །དེ་ཡང་རྒྱ་ཆེ་རོལ་པ་ལས། །སེར་སྐྱའི་གྲོང་ཁྱེར་ཆེན་པོ་དེ་དང་ཡུལ་གཞན་དག་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་སུ་གང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོས་ནོན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་མ་མཐོང་མ་ཐག་ཏུ་སོས་ཤིང་དྲན་པ་ཐོབ་པར་གྱུར་ཏོ། །མི་མ་ཡིན་པ་དེ་དག་ཀྱང་མྱུར་དུ་གནས་གཞན་དུ་འདོང་བར་གྱུར་ཏོ། །སེམས་ཅན་གང་ལ་ལ་ཞིག་ནད་སྣ་ཚོགས་ཀྱིས་ཐེབས་པར་གྱུར་ཏེ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་ལས་བྱུང་བའི་ནད་ཀྱིས་གནོད་པར་གྱུར་པ་དང་། མིག་གི་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་ནད་དམ། མཆུའི་ནད་དམ། སོའི་ནད་དམ། ལྐོག་མའི་ནད་དམ། ཤུ་བའམ། འབྲས་སམ། མཛེ་འམ། ཤ་བཀྲའམ། སྐམ་པའམ། བརྗེད་བྱེད་དམ། རིམས་སམ། ལྦ་བའམ། ཕོལ་མིག་གམ། མེ་དབལ་ལམ། རྐང་ཤུ་ལ་སོགས་པའི་ནད་ཀྱིས་བཏབ་པར་གྱུར་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་མས་ལག་པ་གཡས་པ་སྤྱི་བོར་བཞག་པ་ཙམ་གྱིས་ནད་དང་བྲལ་བར་གྱུར་ཅིང་། རང་རང་གི་གནས་སུ་འདོང་བར་གྱུར་ཏོ། །ཐ་ན་ལྷ་མོ་སྒྱུ་འཕྲུལ་གྱིས་རྩྭ་ཉག་མ་འགའ་ཞིག་ས་ལས་བླངས་ཏེ་སེམས་ཅན་ནད་པ་དེ་དག་ལ་བྱིན་ཡང་། དེ་དག་དེས་བླངས་མ་ཐག་ཏུ་ནད་མེད་ཅིང་ཉམས་པ་མེད་པར་གྱུར་ཏོ། །ཞེས་འབྱུང་བ་བཞིན། འདིར་ཡང་སྒྱུ་འཕྲུལ་ལྷ་མོའི་ཕྱག་གིས་དབང་བསྐུར་བ་ཡང་དགོས་པ་དེ་ལྟ་བུ་འབྱུང་བའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དམ་པ་ཏོག་དཀར་པོ་དེ་ཡུམ་གྱི་ལྷུམས་ན་བཞུགས་པའི་ཚེ། ཡུམ་གྱི་ཕྱག་གིས་སེམས་ཅན་རྣམས་ལ་རེག་ཅིང་དབང་བསྐུར་བས་སེམས་ཅན་རྣམས་ཀྱི་ན་ཚ་དང་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཏོ། །དེ་བཞིན་འདིར་ཡང་ཡུམ་གྱི་ཕྱག་གིས་རེག་ཅིང་དབང་བསྐུར་བས་ཉོན་མོངས་པ་དང་ན་ཚ་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །སྒྱུ་མ་ལྷ་མཛེས་ལྷ་ཡི་ལྕམ། །ལྷ་ཡི་ལུས་ལ་རིན་ཆེན་མཛེས། །ཉོན་མོངས་སྡུག་བསྔལ་ཀུན་ཞི་ནས། །ན་ཚའི་སྡུག་བསྔལ་ཐར་བར་ཤོག །བྱིན་རླབས་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ཀུན་ལ་བྱམས་སྙོམས་ཐུགས་རྗེ་ཆེ་བའི་མ། །གཞན་ལ་ཕན་མཛད་དོན་གཉིས་ལྷུན་གྱིས་གྲུབ། །འདི་ནི་ལྷུན་གྱིས་གྲུབ་པའི་དབང་གི་བཀྲ་ཤིས་གཉིས་པའོ། །དེ་ཡང་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ལྷུམས་སུ་ཞུགས་པ་དང་བལྟམས་པའི་ཚེ་གངས་རིའི་ངོས་ནས་སེང་ཕྲུག་ཟུང་ཅིག་བྱུང་སྟེ་སེར་སྐྱའི་གྲོང་ཁྱེར་ལ་བསྐོར་བ་བྱེད་པའི་དགེ་མཚན་བཞིན། འདིར་ཡང་སེང་ཕྲུག་གི་དབང་བསྐུར་བས་འཇིགས་མེད་སེང་གེའི་སྒྲ་བསྒྲགས་ཏེ་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་ལུམྦིའི་ཚལ་དུ་ལྷུམས་ནས་བལྟམས་པའི་ཚེ། སེང་གེའི་ཕྲུ་གུ་ཟུང་ཅིག་གིས་བསྐོར་བ་བྱས་ཤིང་དབང་བསྐུར་བས་རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་བོ། །དེ་བཞིན་དུ་འདིར་ཡང་སེང་གེའི་ཕྱུ་གུ་ཟུང་ཅིག་གི་དབང་བསྐུར་བས་ཕྱིར་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཅིག །སེང་གེའི་ང་རོ་སྐད་ཆེན་ཐོགས་མེད་པས། །འཇིགས་པ་མེད་པའི་སྒྲ་རྣམས་བསྒྲགས་ནས་ཀྱང་། །བར་དུ་གཅོད་པའི་བདུད་ཀྱི་སྡེ་བཏུལ་ཏེ། །རྒོལ་བའི་ཚོགས་རྣམས་ཟིལ་གྱིས་གནོན་པར་ཤོག །ཐམས་ཅད་ཟིལ་གནོན་ཆོ་འཕྲུལ་ཆེ་བའི་ལྷ། །ཡོན་ཏན་ཀུན་ཚང་གདུག་པ་ཟིལ་གྱིས་གནོན། །ཆེ་བའི་མཐུ་སྟོབས་གཞན་བས་ཁྱད་པར་འཕགས། །འདི་ནི་ཆེ་བཙན་མཐུ་སྟོབས་ཅན་གྱི་དབང་གི་བཀྲ་ཤིས་གསུམ་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་གཞོན་ནུ་དོན་གྲུབ་སེར་སྐྱར་གནས་པའི་ཚེ་གླང་པོའི་ཕྲུ་གུ་རྣམས་ཀྱང་སེར་སྐྱར་འོངས་ཏེ་སྐོར་བ་བྱེད་པ་བཞིན་དུ་འདིར་ཡང་གླང་ཆེན་ཕྲུ་གུ་ཟུང་གི་དབང་བསྐུར་བས་ཐེག་ཆེན་སྟོབས་བཅུའི་རྩལ་དང་ལྡན་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་སེར་སྐྱ་ན་བཞུགས་པའི་ཚེ་གླང་པོ་ཆེའི་ཕྲུ་གུ་གཉིས་ཀྱི་སྣས་ཕྱུག་ཅིང་དབང་བསྐུར་བས་འཇིག་རྟེན་འདེགས་པའི་དབང་ཐོབ་བོ། །དེ་བཞིན་དུ་འདིར་ཡང་གླང་པོ་ཆེའི་ཕྱུག་གུ་གཉིས་ཀྱི་དབང་བསྐུར་བས་འཇིག་རྟེན་འདེགས་པའི་དབང་ཐོབ་པར་གྱུར་ཅིག །འཇིག་རྟེན་འདེགས་པའི་སྟོབས་ལྡན་ཞིང་། །ཐེག་པ་བཞི་ཡི་དོན་རྟོགས་ནས། །བྱེ་བྲག་འབྱེད་པའི་སྟོབས་རྫོགས་ཏེ། །སྟོབས་ཀྱི་ཕ་རོལ་ཕྱིན་རྫོགས་ཤོག །མཐུ་སྟོབས་ཕུན་ཚོགས་ལྡན་པ་ཡི། །རིན་ཆེན་གསེར་རྒྱན་ཀུན་གྱིས་སྤྲས། །དཔེ་བྱད་མཚན་རྫོགས་གླང་པོའི་སྟོབས། །འདི་ནི་སྟོབས་བཅུ་ལྡན་པའི་དབང་གི་བཀྲ་ཤིས་བཞི་པའོ། །དེ་ཡང་རྒྱ་ཆེ་རོལ་པ་ལས། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང་མི་མཛེད་ཀྱི་བདག་པོ་ཚངས་པ་གཉིས་མདུན་ན་འཁོད་དེ། དེ་གཉིས་ཀྱི་རིམ་གྲོ་དམ་པ་ཆེན་པོས་ལྷའི་གོས་ཀ་ཤི་ཀའི་སླེབ་མོས་ལུས་དང་ཡན་ལག་ཐམས་ཅད་ཀྱིས་དྲན་བཞིན་ཤེས་བཞིན་དུ་བྱང་ཆུབ་སེམས་དཔའ་བླངས་སོ། །ཞེས་གསུངས་པ་ལྟར་ཀ་ཤི་ཀའི་རས་གོས་ཀྱིས་དབང་བསྐུར་བས་ཉེས་སྐྱོན་སྤངས་ཤིང་ཡོན་ཏན་རྫོགས་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་ལུམྦིའི་ཚལ་དུ་སྐུ་བལྟམས་པའི་ཚེ་ཚངས་པ་དང་བརྒྱ་བྱིན་གྱིས་བླངས་ཏེ་ན་བཟའ་ཀ་ཤི་ཀའི་རས་གསོལ་ཏེ་དབང་བསྐུར་བས་མཁྱེན་པའི་བྱེ་བྲག་གསལ་ཞིང་མ་འདྲེས་པའི་དབང་ཐོབ་བོ། །དེ་བཞིན་དུ་ན་བཟའ་ཀ་ཤི་ཀའི་རས་ཀྱིས་དབང་བསྐུར་བས་མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དབང་ཐོབ་པར་གྱུར་ཅིག །ཉོན་མོངས་སྐྱོན་སྤངས་ཀ་ཤི་ཀ་ཡི་རས། །ལེགས་པའི་ཡོན་ཏན་ཀུན་རྫོགས་ཏེ། །ཉེས་པའི་སྐྱོན་ལས་སྐྱོབ་པ་དང་། །མཁྱེན་པའི་བྱེ་བྲག་གསལ་བར་ཤོག །བརྒྱ་བྱིན་བསོད་ནམས་དག་པའི་ལྷ། །ཚངས་པ་མངོན་ཤེས་ལྔ་དང་ལྡན། །བདུད་རྩི་ཆོས་འཁོར་ཞུ་བའི་བདག །འདི་ནི་ཡོན་ཏན་རིན་པོ་ཆེ། །དབང་གི་བཀྲ་ཤིས་ལྔ་པའོ། །རྒྱ་ཆེ་རོལ་པ་ལས། ཀླུའི་རྒྱལ་པོ་ཆེན་པོ་དགའ་བོ་དང་། ཉེ་དགའ་བོ་གཉིས་ཀྱང་ནམ་མཁའི་དཀྱིལ་ནས་ལུས་ཕྱེད་ཕྱུངས་ཏེ་འཁོད་ནས་བསིལ་བ་དང་དྲོ་བའི་ཆུ་རྒྱུན་གཉིས་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའི་ལུས་བཀྲུས་སོ། །བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ། གཞན་ཡང་ལྷའི་བུ་བརྒྱ་སྟོང་མང་པོ་དག་བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ་སྤོས་ཆུ་སྣ་ཚོགས་དང་། མེ་ཏོག་སིལ་མས་ལུས་འཁྲུ་ཞིང་མངོན་པར་འཐོར་རོ། །ཞེས་འབྱུང་བ་ལྟར་ཁྲུས་ཆུས་དབང་བསྐུར་བས་མ་དག་པའི་དྲི་མ་འཁྲུ་ཞིང་ལེགས་ལམ་མཐར་ཕྱིན་པའི་དབང་ཐོབ་པའི་མོས་པ་མཛོད། ཙཀླི་དང་ཁྲུས་བུམ་སྤྲགས་ཏེ། སྔོན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བལྟམས་པའི་ཚེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་གཉིས་ཀྱིས་ལྷོ་ཕྱོགས་ཀྱི་ཆུ་མིག་རྟ་རྔ་འཛིན་ནས་བདུད་རྩིའི་ཆུ་བླངས་ནས་ཁྲུས་གསོལ་བས་ཉོན་མོངས་པའི་དྲི་མ་དག་པའི་དབང་ཐོབ་བོ། །དེ་བཞིན་དུ་འདིར་ཡང་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་དག་པའི༴ ཀླུ་རྒྱལ་བདུད་རྩིའི་ཆུ་བླངས་ཏེ། །བཅོམ་ལྡན་དྲིན་ལན་བསབ་པའི་ཕྱིར། །སྐུ་ཡི་དྲི་མ་ཡོངས་སུ་བཀྲུ། །སྐྱོན་གྱི་དྲི་མ་དག་པར་ཤོག །ཡོན་ཏན་ཀུན་ལྡན་བྱང་ཆུབ་སེམས་དཔའི་རིགས། །བཅོམ་ལྡན་རྗེས་དྲན་སྨོན་ལམ་འགྲུབ་པའི་མཆོག །དྲི་མ་ཀུན་འཁྲུ་ལེགས་པ་མཐར་ཕྱིན་པའི། །འདི་ནི་སྐུ་ཚེ་རིང་བའི་དབང་གི་བཀྲ་ཤིས་དྲུག་པའོ། །རྒྱ་ཆེ་རོལ་པ་ལས། དེ་ལྟར་རྒྱལ་པོ་ཟས་གཙང་མ་དེའི་དོན་བསམ་པ་གང་ཡིན་པ་དེ་དག་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ནས། རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་བདག་གི་བུ་གཞོན་ནུ་དེའི་མིང་ཇི་སྐད་གདགས་པར་བྱ་སྙམ་པ་དང་། དེ་འདི་སྙམ་དུ་སེམས་ཏེ་བུ་འདི་སྐྱེས་མ་ཐག་ཏུ་བདག་གི་དོན་ཐམས་ཅད་ཡང་དག་པར་གྲུབ་པར་གྱུར་གྱིས། འདིའི་མིང་ནི་དོན་ཐམས་ཅད་གྲུབ་པར་གདགས་སོ་སྙམ་སྟེ། དེ་ནས་རྒྱལ་པོས་བྱང་ཆུབ་སེམས་དཔའ་དེ་ལ་རིམ་གྲོ་ཆེར་བྱས་ནས་བུའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །ཞེས་མིང་དུ་བཏགས་སོ། །ཞེས་གསུངས་པ་ལྟར་མིང་གི་དབང་བསྐུར་བས་འཁོར་འདས་ལ་དབང་སྒྱུར་རྒྱལ་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་བལྟམས་ནས་དགུང་ལོ་བདུན་ལོན་པའི་ཚེ་ཤཱཀྱའི་རིགས་རྣམས་འཚོགས་ནས་གཞོན་ནུ་དོན་གྲུབ་པར་མིང་དུ་བཏགས་ཏེ་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པའི་དབང་ཐོབ་བོ། །དེ་བཞིན་དུ་འདིར་ཡང་མིང་གི་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པའི་དབང་༴ རིགས་ཀྱི་བུ་ཁྱོད་དེང་ཕྱིན་ཆད། །མིང་མཆོག་གྲགས་པས་དབང་བསྐུར་བས། །གཞོན་ནུ་དོན་གྲུབ་ཡིན་པའི་ཕྱིར། །རྒྱལ་བུ་དོན་ཀུན་གྲུབ་པར་ཤོག །རྒྱལ་ཁྲིམས་གཙང་མ་རྒྱལ་བུ་ཀུན་འདུས་པ། །ལྷ་མི་ཀུན་ལ་དབང་སྒྱུར་རྒྱལ་པོར་བསྐོས། །ཀུན་ལས་འཕགས་པའི་རྒྱལ་དབང་དམ་པ་སྟེ། །འདི་ནི་ཀུན་གྱི་དབང་གི་བཀྲ་ཤིས་བདུན་པའོ། །རྒྱ་ཆེ་རོལ་པ་ལས། དེ་ཡང་གཞོན་ནུ་དོན་གྲུབ་ལ་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་དང་། བྲམ་ཟེ་མདུན་ན་འདོན་འཆར་པོ། །བྲམ་ཟེ་ལྔ་བརྒྱ། ཤཱཀྱའི་རྒྱལ་པོ་བཟང་པོ་སོགས་ཀྱིས་རྒྱན་གྱི་བྱེ་བྲག་དུ་མས་བརྒྱན་ཏེ་མཛེས་པར་བྱས། རྒྱན་གཞན་གྱིས་མཛེས་པར་མ་གྱུར་པར་གསུངས་པ་བཞིན་རྒྱན་དུ་མའི་དབང་བསྐུར་བས་ཡོན་ཏན་རྒྱ་མཚོའི་རྒྱན་དང་ལྡན་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་ལ་སྲུ་སྐྱེ་དགུའི་བདག་མོས་རྒྱན་གྱི་བྱེ་བྲག་གིས་བརྒྱན་ཅིང་དབང་བསྐུར་བས་ས་རྡོ་ལ་བྱས་པའི་བསམ་མ ནོ་མེད་པ་ཕྱག་གིས་ཚུར་སྩལ་བའི་དབང་ཐོབ་བོ། །དེ་བཞིན་དུ་རྒྱན་གྱི་བྱེ་བྲག་གི་དབང་བསྐུར་བས་འགྲོ་བ་ཐམས་ཅད་ཤེས་པ་དང་ལྡན་པར་བྱེད་པའི༴ མཛེས་པའི་རྒྱན་རྣམས་མྱུར་དུ་བཏགས་ནས་ཀྱང་། །ལེགས་པའི་ཡོན་ཏན་ཀུན་ཚང་ཡེ་ཤེས་སྐུ། །མ་རིག་ཐར་ལམ་མ་ལུས་འདྲེན་པའི་མཆོག །རྟོགས་པའི་ཡོན་ཏན་མཆོག་དང་ལྡན་པར་ཤོག །ཡོན་ཏན་ཀུན་ལྡན་སྲུ་མོས་མཛེས་པར་བརྒྱན། །ལེགས་པ་ཀུན་རྫོགས་ཡོན་ཏན་མཐར་ཕྱིན་པ། །ཆེ་བའི་ཡོན་ཏན་མཐར་ཕྱིན་མི་ལང་སྟེ། །འདི་ནི་ལེགས་བརྒྱན་དབང་གི་བཀྲ་ཤིས་བརྒྱད་པའོ། །རྒྱ་ཆེ་རོལ་པ་ལས། བྱང་ཆུབ་སེམས་དཔའ་ཡི་གེའི་གྲར་བྱོན་པའི་ཚེ་ཡིག་དཔོན་ཀུན་གྱི་བཤེས་གཉེན་ཟིལ་གྱིས་མནན་ཏེ། ཡི་གེའི་སྒྲ་ལས་ཆོས་སྒོ་བརྒྱ་སྟོང་གྲངས་མེད་པ་བྱུང་སྟེ་བྱིས་པ་སུམ་ཁྲི་ཉིས་སྟོང་བྱང་ཆུབ་ཏུ་སྨིན་པར་མཛད་པ་བཞིན་ཡིག་ཤིང་གི་དབང་བསྐུར་བས་ཆོས་ཀྱི་སྒྲ་སྒྲོག་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་ཀུན་གྱི་བཤེས་གཉེན་ལ་ཡི་གེ་སློབ་པའི་ཚེ། ཙནྡན་སྤྲུལ་གྱི་སྙིང་པོའི་བྱང་ཤིང་གསེར་གྱི་ཝཾ་མིག་བཏགས། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཏེ་ཡི་གེ་སློབ་པའི་དབང་བསྐུར་བས་ཡིག་དཔོན་ཡང་དང་ངས་ཏེ་ལྷ་མིའི་ཡི་གེ་ཐམས་ཅད་ལ་མཁས་པའི་དབང་ཐོབ་བོ། །དེ་བཞིན་དུ་ཡིག་ཤིང་གི་དབང་བསྐུར་བས་ཆོས་ཀྱི་སྒྲ་སྒྲོག་པའི༴ ཙནྡན་སྤྲུལ་གྱི་ཡིག་ཤིང་ལ། །རིན་ཆེན་གསེར་གྱི་ཝཾ་མིག་བཏགས། །འགྲོ་བའི་དོན་བྱེད་ཡི་གེའི་མཐུ། །ཕ་རོལ་ཟིལ་གནོན་ཀུན་ལས་རྒྱལ། །ཡོན་ཏན་བླ་མེད་ཡི་གེའི་མཆོག །དབང་གི་བཀྲ་ཤིས་དགུ་པའོ། །རྒྱ་ཆེ་རོལ་པ་ལས། བྱང་ཆུབ་སེམས་དཔའ་མེས་སེང་གེ་ཟ་འགྲམ་གྱི་གནམ་རུ་བརྡུངས་པའི་ཚེ་སྒྲ་མངོན་པར་གྲགས་པ་ལ། ལྷ་དང་མི་བརྒྱ་སྟོང་དག་ཨེ་མ་ཨ་ལ་ལ་ཞེས་ཟེར་བ་དག་ལྷའི་བུ་དག་གིས། གདན་ལས་མ་བཞེངས་རྩོལ་བ་མ་མཆིས་སུ། །ཐུབ་པས་གནམ་རུ་འདི་འདྲ་བརྡུངས་པ་ལས། །གདོན་མི་འཚལ་བར་དགོངས་པ་རྫོགས་གྱུར་ཏེ། །བདུད་ཀྱི་སྡེ་བཅོམ་མྱུར་དུ་ཐུབ་པར་བྱོན། །ཞེས་བསྔགས་པ་ལྟར་གནམ་རུས་དབང་བསྐུར་བས་བདུད་དཔུང་འཇོམས་པའི་མཐུ་རྩལ་ལྡན་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་སྒྱུ་རྩལ་གྱི་སྟོབས་འགྲན་པའི་ཚེ་མེས་སེང་གེ་འགྲམ་གྱི་གནམ་རུ་བརྡུངས་པས་སྒྲའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་སྒྱུ་རྩལ་གྱིས་འདུལ་བའི་དབང་ཐོབ་པར་གྱུར་ཏེ། །དེ་བཞིན་དུ་གནམ་རུའི་དབང་བསྐུར་བས་སྙན་པའི་སྒྲ་སྒྲོག་ཅིང་བདུད་དཔུང་འཇོམས་པའི་མཐུ་རྩལ་དང་ལྡན་པའི༴ སྙན་པའི་སྒྲ་སྒྲོག་གནམ་རུ་མཆོག །འགྲོ་བ་ཀུན་གྱི་ཡིད་ཚིམ་ཞིང་། །གནོད་པའི་བདུད་རྣམས་བཅོམ་ནས་ནི། །མ་རུང་འདུལ་བའི་དབང་ཐོབ་ཤོག །ཐམས་ཅད་ཀུན་འདུལ་མཐུ་སྟོབས་ཕུན་སུམ་ཚོགས། །རྫུ་འཕྲུལ་ཐབས་ཀྱིས་ཕ་རོལ་ཟིལ་གྱིས་གནོན། །དོན་དང་མི་འགལ་གདུག་པ་ཞི་མཛད་པ། །འདི་ནི་གནམ་རུ་དབང་གི་བཀྲ་ཤིས་བཅུ་པའོ། །རྒྱ་ཆེ་རོལ་པ་ལས། དེའི་ཚེ་ཤཱཀྱ་ལག་ན་བེ་ཅོན་གྱིས་རང་གི་བུ་མོ་ས་འཚོ་མ་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །རྒྱལ་པོ་ཟས་གཙང་མས་ཀྱང་དེ་རིམ་གྱིས་བག་མར་བླངས་ཏེ་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་མཐུན་པ་ཙམ་དུ་བྱ་བའི་ཕྱིར་བུད་མེད་བརྒྱད་ཁྲི་བཞི་སྟོང་གི་ནང་དུ་འདུག་སྟེ། དགའ་ཞིང་རྩེ་ལ་ཡོངས་སུ་སྤྱོད་པ་སྟོན་ཏོ། །བུད་མེད་བརྒྱད་ཁྲི་བཞི་སྟོང་དེ་དག་ཐམས་ཅད་ཀྱི་ནང་ན་ཤཱཀྱའི་བུ་མོ་ས་འཚོ་མ་བཙུན་མོའི་མཆོག་ཏུ་དབང་བསྐུར་བར་གྱུར་ཏོ། །ཞེས་གསུངས་པ་ལྟར་བཙུན་མོ་ས་དབང་བསྐུར་བས་རིགས་མི་ནུབ་ཅིང་སྐལ་བ་དང་འཚམས་པར་གདུལ་བྱ་འདུལ་བའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་རྒྱལ་སྲིད་ཁབ་ཏུ་བཞེས་པའི་ཚེ་ཤཱཀྱ་ས་འཚོ་མ་ཁབ་ཏུ་ཕུལ་ཏེ་དབང་བསྐུར་བས་རིགས་མི་ནུབ་ཅིང་འགྲོ་བ་ཁྱིམ་དང་འདུ་འཛི་འདུལ་བའི་དབང་ཐོབ་བོ། །དེ་བཞིན་དུ་བཙུན་མོའི་དབང་བསྐུར་བས་རིགས་མི་ནུབ་ཅིང་ཇི་ལྟར་འདུལ་བ་བཞིན་དུ་འགྲོ་དོན་བྱེད་པའི༴ ནོར་བུ་རིན་ཆེན་བྱི་དོར་བྱས་ཤིང་གསལ། ཤཱཀྱ་ས་འཚོ་མ་བཀབ་ཕྱར་ན་ཡང་། །བློས་མོས་ཡིད་གཅུགས་དང་པོའི་སེམས་བསྐྱེད་དེ། །དགོས་པའི་དོན་རྣམས་ཡོངས་སུ་རྫོགས་པར་ཤོག །ཁྱིམ་དང་འདུ་འཛིན་འདུལ་བར་གཟིགས་པ་ཡི། ཁབ་དང་རྒྱལ་སྲིད་འཁོར་ལོས་སྒྱུར་བའི་ཚུལ། ཁམས་གསུམ་ཁྱིམ་པ་རྣམས་ཀྱི་དོན་མཛད་པ། །བཙུན་མོ་དབང་གི་བཀྲ་ཤིས་བཅུ་གཅིག་པའོ། །རྒྱ་ཆེ་རོལ་པར། བྱང་ཆུབ་སེམས་དཔའ་ཕོ་བྲང་གི་ཤར་སྒོར་རྒན་པོ་ན་ཚོད་ཀྱིས་གཏུགས་པ་དང་། ལྷོ་སྒོར་ནད་ཀྱིས་ཉམ་ཐག་པ་དང་། ནུབ་སྒོར་ཤི་བའི་རོ་ཁྱོགས་ལ་བཏེགས་པ་དང་། བྱང་སྒོར་ལྷས་དགེ་སློང་དུ་སྤྲུལ་པ་རྣམས་གཟིགས་པས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མཁྱེན་ཏེ་ཐར་པ་རབ་ཏུ་བྱུང་བ་འཆི་མེད་ཀྱི་འབྲས་བུ་མཆོག་ལ་སྨོན་པའི་ཚུལ་བསྟན་པ་དེ་བཞིན་དུ། ཤིང་རྟས་དབང་བསྐུར་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སུན་ཕྱུངས་ཏེ་མྱང་འདས་ཀྱི་ཡོན་ཏན་མཆོག་ཏུ་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་གྱི་ཕྱོགས་བཞིར་ཤིང་རྟ་ཁ་ལོ་སྒྱུར་བས་འཁོར་བའི་ཆོས་ཐམས་ཅད་མི་རྟག་པར་མཁྱེན་པའི་དབང་ཐོབ་བོ། །དེ་བཞིན་དུ་ཤིང་རྟ་ཁ་ལོ་སྒྱུར་བའི་དབང་བསྐུར་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སུན་དབྱུང་བའི༴ རྒྱལ་སྲིད་ལོངས་སྤྱོད་དཔལ་དང་ལྡན་པའི་མཆོག །འགྲོ་བའི་དོན་མཛད་འཁོར་ལོས་སྒྱུར་བའི་ལྷ། །ལྷ་མི་ཡོངས་ཀྱི་སྤྱོད་པ་བསམ་མི་ཁྱབ། །སྐྱེ་ཤི་མི་རྟོག་པ་ལས་བཟློག་པར་ཤོག །རྒྱལ་ཆེན་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས། །གླིང་བཞིའི་མཐའ་བསྐོར་སྐྱེ་རྒ་ན་འཆི་སྤོངས། །འཁོར་བའི་སྐྱོན་སེལ་བདེ་སྦྱིན་ཡོན་ཏན་མཛོད། །ཤིང་རྟ་དབང་གི་བཀྲ་ཤིས་བཅུ་གཉིས་པའོ། །རྒྱ་ཆེ་རོལ་པ་ལས། འདུན་པ་དེས་ཀྱང་ལྷ་ཚིག་དེ་ཐོས་བསྔགས་ལྡན་རྟ་ཕོ་དེ་ལ་སྨྲས། །སེམས་ཅན་ཁ་ལོ་སྒྱུར་མཆོག་འདི་བཞུད་ཁྱོད་ནི་རྟ་སྐད་སྒྲོགས་ཤིང་ཤོག །དེ་ཡིས་དབྱར་གྱི་ཁ་དོག་ཅན་དེ་རྨིག་པ་གསེར་གྱིས་བརྒྱན་བྱས་ནས། ཡིད་མི་དགའ་བཞིན་ཡོན་ཏན་རྒྱ་མཚོ་མངའ་བའི་བཅིབས་པར་དབུལ་བ་བྱས། །མཚན་མཆོག་མངའ་ཞིང་ཕན་མཛད་ཁྱོད་ཀྱི་ཆིབས་འདི་རིགས་བཟང་དགེ་བ་ལགས། །ཁྱོད་ཀྱི་སྔོན་ཆད་གང་དགོངས་སྨོན་ལམ་དེ་གྲུབ་གྱུར་ཅིང་གཤེགས་སུ་གསོལ། །གང་དག་གེགས་བགྱིད་ཞི་བར་གྱུར་ཅིག་དགོངས་པའི་བརྟུལ་ཞུགས་གྲུབ་གྱུར་ཅིག །འགྲོ་བ་ཀུན་ལ་དེ་དག་མཐོ་རིས་ས་དང་ཞི་བ་སྦྱིན་གྱུར་ཅིག །ཅེས་གསུངས་པ་ལྟར་ཆིབས་རྟའི་དབང་བསྐུར་བས་ཉོན་མོངས་པ་ལས་གྲོལ་བའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་ཁབ་ནས་བྱུང་བའི་ཚེ་འབངས་མོས་པས་ཆིབས་ངང་པ་བསྔགས་ལྡན་བརྒྱན་ཏེ་ཕུལ་བས་མཚན་ཕྱེད་ལ་དཔག་ཚད་བརྒྱ་འདས་ཏེ་རབ་ཏུ་བྱུང་ནས་ཉོན་མོངས་པ་ལས་ཐར་བའི་དབང་ཐོབ་བོ། །དེ་བཞིན་དུ་ཆིབས་རྟའི་དབང་བསྐུར་བས་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ལས་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གར་ཡང་ཐོགས་མེད་བརྩོན་འགྲུས་མྱུར་བའི་ཤུགས། །ཚངས་པ་བརྒྱ་བྱིན་མཐུ་ཆེན་ཆེ་བ་ཡི། །རྒྱལ་ཆེན་རིགས་བཞིས་འདེགས་པའི་སྟོབས་དང་ལྡན། །ཐོག་མེད་ཚངས་པར་སྤྱོད་པའི་མཐུ་ལྡན་ཤོག །འཁོར་བའི་ཆོས་རྣམས་མཆིལ་མ་བཞིན་དུ་འདོར། །ནུས་པ་མ་ལུས་དགྲ་རྣམས་གཞོམ་པའི་ཕྱིར། །འདོད་པའི་རྒྱུ་སྤོང་རྣམ་རྟོག་འཇོམས་མཛད་པ། །ཆིབས་མཆོག་དབང་གི་བཀྲ་ཤིས་བཅུ་གསུམ་པའོ། །རྒྱ་ཆེ་རོལ་པ་ལས། ཇི་ལྟར་ན་གཙུག་ཕུད་ཀྱང་ཡོད་ལ་རབ་ཏུ་བྱུང་བ་ཞེས་གསུངས་པར་ཡང་འགྱུར་སྙམ་ནས། དེས་རལ་གྲིས་གཙུགས་ཕུད་བཅད་དེ་བར་སྣང་ལ་བོར་བ་དང་། དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་བླངས་ཏེ། དེང་སང་དུ་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གཙུག་ཕུད་ཀྱི་དུས་སྟོན་བྱེད་དོ། །དེར་མཆོད་རྟེན་ཡང་བྱས་ཏེ་དེང་སང་མཆོད་རྟེན་དེ་གཙུག་ཕུད་བླངས་པའི་མཆོད་རྟེན་ཞེས་མིང་དུ་ཆགས་སོ། །ཞེས་གསུངས་པ་ལྟར་གཙུག་ཕུད་འབྲེག་པའི་རལ་གྲིའི་དབང་བསྐུར་བས་ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་བའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་མཛེས་པའི་ཏོག་གིས་ཕྱག་ཤན་ཕུལ་ཏེ་དབང་བསྐུར་བས་ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་ཐོབ་བོ། །དེ་བཞིན་དུ་རལ་གྲིའི་དབང་བསྐུར་བས་ཉོན་མོངས་པའི་དྲྭ་བ་གཅོད་པའི༴ ཉོན་མོངས་དྲྭ་བ་གཅོད་པའི་རལ་གྲི་སྟེ། །མི་ཤེས་ཉོན་མོངས་རྒྱུ་རྣམས་བཅད་ནས་ཀྱང་། །བླ་མེད་བྱང་ཆུབ་གནས་སུ་འགོད་པའི་ཕྱིར། །ཉོན་མོངས་སྒྲིབ་པའི་དྲྭ་བ་གཅོད་པར་ཤོག །ཉོན་མོངས་དགྲ་རྣམས་མ་ལུས་བཅོམས་ནས་ཀྱང་། །བདེ་བའི་དོན་རྟོགས་ནགས་ཁྲོད་དབེན་པར་གནས། །བདག་དོན་ལྷུན་གྲུབ་གཞན་དོན་མཐར་ཕྱིན་པའི། །ཚུལ་ཁྲིམས་དབང་གི་བཀྲ་ཤིས་བཅུ་བཞི་པའོ། །བསེག་པར་བྱུང་ཚུལ་རྒྱ་རོལ་གྱི་གླེང་གཞི་དང་མ་མཐུན་པས་མ་བྲིས་སོ། །སྔོན་བྱང་ཆུབ་སེམས་དཔའ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་རྫོགས་པའི་ཚེ། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་ཡིད་བཞིན་འབྱུང་བས་བསེག་ཤང་པར་བུ་ཕུལ་བས་འགྲོ་དོན་མཐར་ཕྱིན་པའི་དབང་ཐོབ་བོ། །དེ་བཞིན་དུ་བསེག་ཤང་པར་བུའི་དབང་བསྐུར་བས་འགྲོ་དོན་མཐར་ཕྱིན་པའི་དབང་ཐོབ་པར་གྱུར་ཅིག །སེར་སྣའི་མདུན་པ་འགྲོལ་ཕྱིར་བསེག་ཤང་བསྣམས། །ཆོག་ཤེས་དགང་བ་སླ་ཕྱི་པར་བུ་བསྣམས། །བསོད་ནམས་ཚོགས་རྫོགས་བྱང་ཆུབ་ཉིད་ཀྱི་སྐུ། །བདག་དང་གཞན་དོན་མཐར་ཕྱིན་རྫོགས་པར་ཤོག །མ་རིག་གཉིད་སློང་བསིལ་བྱེད་སྒྲ། །ལྷུང་བཟེད་ཟག་མེད་ཡོན་ཏན་སྣོད། །ཞི་ཞིང་དབང་པོ་རབ་དུལ་བ། །དབང་གི་བཀྲ་ཤིས་བཅོ་ལྔ་པའོ། །རྒྱ་ཆེ་རོལ་པ་ལས། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བསམས་ཏེ། རབ་ཏུ་བྱུང་བས་ཀ་ཤི་ཀའི་རས་གྱོན་པ་མི་རིགས་པར་མཐོང་སྟེ་ངུར་སྨྲིག་ཞིག་རྙེད་ན་སྙམ་དགོངས་པ་ལ། ལྷས་རྔོན་པ་ངུར་སྨྲིག་བགོས་པར་སྤྲུལ་པ་དང་བྱང་ཆུབ་སེམས་དཔས་ཀ་ཤིའི་རས་དང་བརྗེས་ཏེ་གསོལ་བའི་གཏམ་རྒྱུད་བཞིན་ངུར་སྨྲིག་གི་ན་བཟའ་དབང་བསྐུར་བས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་བསྙེན་པར་རྫོགས་པའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷའི་བུས་ན་བཟའ་ངུར་སྨྲིག་ཕུལ་བས་སྲིད་པའི་གདུང་བ་ལས་སྐྱོབ་པའི་དབང་ཐོབ་བོ། །དེ་བཞིན་དུ་ན་བཟའ་ངུར་སྨྲིག་གི་དབང་བསྐུར་བས་སྲིད་པའི་གདུང་བ་ལས་སྐྱོབ་པའི༴ ངན་འགྲོ་བསྐྱབ་ཕྱིར་ན་བཟའ་ཆོས་གོས་གསོལ། །མི་ཤེས་རྨོངས་པ་མ་ལུས་བསལ་བ་དང་། །བག་ཆགས་སྐྱོན་གྱི་དྲི་མས་མ་གོས་པའི། །འབྲས་བུ་བྱང་ཆུབ་གནས་སུ་གྲུབ་པར་ཤོག །བསླབ་གསུམ་ཚུལ་ཁྲིམས་སྒོ་གསུམ་རྣམ་པར་དག །བདེ་བ་མཆོག་བརྙེས་འཇིགས་པའི་དགྲ་ལས་རྒྱལ། །རབ་བྱུང་དགེ་སློང་རྐང་གཉིས་ལྷ་མིའི་གཙོ། ན་བཟའ་དབང་གི་བཀྲ་ཤིས་བཅུ་དྲུག་པའོ། །རྒྱ་ཆེ་རོལ་པར། སྟེང་རྒྱས་ཀྱི་སྡེ་དབོན་གྱི་གྲོང་ན་དགའ་བྱེད་ཅེས་བྱ་བའི་བུ་མོ་ལེགས་སྐྱེས་མས། བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྤྲང་རྩི་དང་འབྲས་གསར་པ་དང་སྦྱར་ཏེ་གསེར་གྱི་སྣོད་བཀང་སྟེ་བྱང་ཆུབ་སེམས་དཔའ་དཀའ་ཐུབ་ཀྱིས་ལུས་ཅུང་ཟད་ཉམས་པའི་ཚུལ་བསྟན་པ་དེ་ལ་ཕུལ་བས་ཟས་རགས་པ་ཟོས་མ་ཐག་ཏུ་ལུས་ཁ་དོག་བཟང་པོ་རྒྱས་པ་མཚན་དཔེས་སྤྲས་པ། འོད་འདོམ་གང་དང་བཅས་པར་གྱུར་པ་དེ་བཞིན་དུ་འོ་ཐུག་འབྲས་ཆན་གྱི་དབང་བསྐུར་བས་མཚན་དཔེ་རྫོགས་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་ལོ་གཉིས་ལ་འབྲས་ཉག་མ་རེ། ལོ་གཉིས་ལ་ཆུ་ཐིགས་པ་རེ། ལོ་གཉིས་ལ་ཅི་ཡང་མ་གསོལ་བ་ཉིད་ལ་ཚོར་བ་མི་མངའ་ཡང་། སྐུ་རིད་ཅིང་སྐམས་པའི་ཚེ་གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་འབྲས་ཆན་འཁར་གཞོང་གང་ཕུལ་བས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་ཏེ་མཚན་དང་དཔེ་བྱད་ཀྱི་དབང་ཐོབ་བོ། །དེ་བཞིན་དུ་འོ་ཐུག་འབྲས་ཆན་གྱི་དབང་བསྐུར་བས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི༴ ཉོན་མོངས་མེད་པ་འབྲས་བུའི་མཆོག །ཞི་བའི་ངང་ལ་རབ་ཏུ་གནས། །བསོད་ནམས་ཐོབ་ཕྱིར་བསྔོས་པ་འདིས། །མཚན་དང་དཔེ་བྱད་རྫོགས་པར་ཤོག །ཟད་མེད་བདུད་རྩིའི་ཆོས་ཀྱི་རོ། །བསོད་ནམས་ལུགས་རྫོགས་ཡེ་ཤེས་ཀྱི། །མཚན་དཔེས་རབ་བརྗིད་རྒྱལ་བའི་སྐུ། །དབང་ཆོག་བཀྲ་ཤིས་བཅུ་བདུན་པའོ། །རྒྱ་ཆེ་རོལ་པ་ལས། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །གང་གི་ཆེད་དུ་ང་ཡིས་བསྐལ་སྟོང་དུ། །སྦྱིན་དང་དུལ་དང་སྡོམ་དང་གཏོང་བྱས་དང་། །ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་རབ་སྤྱད་པ། །དེ་ནི་དེ་རིང་ང་ཡིས་ཐོབ་པར་འགྱུར། །ཞེས་སོགས་ཀྱི་མཐར། དེ་རིང་ང་ལ་རྩྭ་སྦྱིན་བྱས་ན་ནི། །ཁྱོད་ལ་བསོད་ནམས་སྟོབས་ནི་མཐའ་ཡས་ཏེ། །དེ་ནི་ཁྱོད་ཀྱི་ངན་པའི་རྒྱུར་མི་འགྱུར། །ཁྱོད་ཀྱང་སྟོན་པ་བླ་ན་མེད་པར་འགྱུར། །ཞེས་སོགས་གསུངས་པ་ལ། བཀྲ་ཤིས་ཀྱིས་རྩྭ་ཕུལ་ཞིང་འདི་སྐད་སྨྲས་པ། གལ་ཏེ་རྩྭ་ཡིས་བྱང་ཆུབ་གོ་འཕང་དམ་པ་འཆི་མེད་པ། །མཆོག་གྱུར་ཞི་བ་ལྟ་དཀའ་སྔོན་གྱི་རྒྱལ་བའི་ལམ་ཐོབ་ན། །ཡོན་ཏན་ཆེན་པོའི་རྒྱ་མཚོ་གྲགས་པ་དཔག་མེད་ཁྱོད་བཞེས་ཤིག །བདག་གི་གོ་འཕང་དམ་པ་འཆི་མེད་ཐོག་མར་འཚང་རྒྱར་བགྱི། །ཞེས་འབྱུང་བ་ལྟར་རྩྭ་དུརྦའི་དབང་བསྐུར་བས་བདུད་ཚོགས་བཏུལ་ཏེ་སངས་རྒྱས་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་ཚེ། རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་རྨ་བྱའི་མགྲིན་པ་ལྟར་སྔོ་བ་ཕྱག་ཏུ་ཕུལ་བ་སྟན་ཏུ་བཏིང་སྟེ་བཞུགས་པ་བདུད་ཀྱི་བར་ཆད་ཀྱིས་མི་ཚུགས་པའི་དབང་ཐོབ་བོ། །དེ་བཞིན་དུ་རྩྭ་དུརྦའི་དབང་བསྐུར་བས་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི༴ སྔོན་གྱི་དྲང་སྲོང་རྣམས་ཀྱི་གྲུབ་པའི་རྫས། །ངོ་མཚར་རྩྭ་མཆོག་རྨ་བྱའི་མགྲིན་པ་འདྲ། །ཉེས་མེད་ལེགས་པ་མཐའ་དག་རྫོགས་བྱེད་པའི། །འགྲོ་བའི་དོན་དུ་བཀྲ་ཤིས་རྫོགས་པར་ཤོག །མཉམ་ཉིད་མི་གཡོ་རྡོ་རྗེ་ལྟ་བུའི་སྐུ། །ཏིང་འཛིན་འཇིག་ཚོགས་ལྟ་བ་ཉི་ཤུ་འཇོམས། །བདུད་རིགས་ཚོགས་བཏུལ་མངོན་པར་སངས་རྒྱས་པའི། །རྩྭ་མཆོག་དབང་གི་བཀྲ་ཤིས་བཅོ་བརྒྱད་པའོ། །ལུང་ལས། བཅོམ་ལྡན་འདས་སྒྲ་གཅན་གྱི་དྲང་སྲོང་གུག་རྫི་ཀའི་གནས་ན་བཞུགས་པའི་ཚེ་སྤྲེའུས་ལྷུང་བཟེད་དུ་སྦྲང་རྩི་ཕུལ་ཞིང་། དེ་སྲོག་ཆགས་ཀྱིས་གང་བས་མ་བཞེས་པ་ལས་སླར་ཡང་སྲོག་ཆགས་བསལ་ཏེ་ཕུལ་བ་བཞེས་པ་ལ་དགའ་སྟེ་གར་བྱས་པ་ཁྲོན་པར་ལྷུངས་ཏེ་ཤི་བ་སྒྲ་གཅན་གྱི་བྲམ་ཟེའི་བུར་སྐྱེས་པ་ལྟར་སྦྲང་རྩིས་དབང་བསྐུར་བས་སྟོབས་མཆོག་དང་ལྡན་པའི་མོས་པ་མཛོད། སྔོན་བཅོམ་ལྡན་འདས་མ་ག་དྷར་བསོད་སྙོམས་ལ་གཤེགས་པའི་ཚེ་སྤྲེའུས་སྦྲང་རྩི་ལྷུང་བཟེད་གང་ཕུལ་བས་བཀྲ་ཤིས་པའི་རྫས་སུ་མངའ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་བཀྲ་ཤིས་པའི་རྫས་ཀྱི་དབང་བསྐུར་བས་འབྲས་བུ་ཕུན་སུམ་ཚོགས་པའི༴ རྒྱལ་རིགས་སྤྲེའུའི་གཙོ་བོ་ཡིས། །སྦྲང་རྩི་ཕུལ་བའི་བསོད་ནམས་མཆོག །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །བཀྲ་ཤིས་སྟོབས་མཆོག་ལྡན་པར་ཤོག །སྟོང་ཉིད་རང་བྱུང་ཟག་མེད་སྙིང་པོའི་བཅུད། །དུས་གསུམ་རྒྱལ་བས་ཞེན་མེད་རོལ་པར་མཛད། །གང་གིས་འདི་འཐུངས་མཉམ་ཉིད་སྐུ་གསུམ་རྫོགས། །རྩི་མཆོག་དབང་གི་བཀྲ་ཤིས་བཅུ་དགུ་པའོ། །རྒྱ་ཆེ་རོལ་པར། བཅོམ་ལྡན་འདས་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་བྱང་ཕྱོགས་ཀྱི་ཚོ་པ་ག་གོན་དང་བཟང་པོ་ཞེས་སྤུན་གཉིས་ལྷོ་ཕྱོགས་སུ་དོང་བ་ལ། གླང་བུ་ཅང་ཤེས་ལེགས་སྐྱེས་དང་གྲགས་པ་གཉིས་ཀྱི་ཐུབ་པའི་སྤྱན་སྔར་ལམ་དྲངས་ཏེ་མཐོང་བས་དད་དེ་སྦྲང་རྩི་དང་། སྐྱོ་མ་དང་། བུ་རམ་ཕུལ་ཞིང་། དེར་རྒྱལ་ཆེན་བཞིས་རིན་པོ་ཆེའི་ལྷུང་བཟེད་ཕུལ་བ་མ་བཞེས་པར་སླར་རྡོའི་ལྷུང་བཟེད་ཕུལ་བ་ན་ཕྱི་མའི་ཉན་ཐོས་རྣམས་ལ་བརྩེ་བར་དགོངས་ཏེ་ཐོག་མར་རྣམ་ཐོས་ཀྱི་བུ་དང་། དེ་ནས་ལྷག་མ་གསུམ་ཡང་བཞེས་ཤིང་བཞི་པོ་ཡང་གཅིག་ཏུ་བྱིན་གྱིས་བརླབས་ཏེ་གོང་གི་སྦྲང་རྩི་དང་། སླད་ཀྱི་ཚོང་པ་སྤུན་གཉིས་ཀྱིས་བ་སྟོང་གི་འོ་མ་ཉིང་ཁུར་འདུས་པའི་ཞལ་ཟས་དང་སྦྱར་ཏེ་རིན་པོ་ཆེའི་གཞོང་པ་བཀང་སྟེ་ཕུལ་བ་བཞེས་ཏེ། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱེད་ཀྱི་དོན་རྣམས་གྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་སོགས་དང་། སྦྲང་རྩི་འབྱུང་བའི་རྒྱལ་པོར་ལུང་བསྟན་ནོ། །དེ་བཞིན་དུ་བཀྲ་ཤིས་པའི་རྫས་སྤྲང་རྩིས་དབང་བསྐུར་བས་སྐྱེ་འཆི་མེད་པའི་དབང་ཐོབ་པའི་མོས་པ་མཛོད། སྔོན་བཅོམ་ལྡན་འདས་སྐྱེས་བུ་གྱད་ཀྱི་ཉེ་འཁོར་ན་བཞུགས་པའི་ཚེ། བྱང་ཕྱོགས་ཀྱི་ཚོང་བ་ག་གོན་ཏ་བཟང་པོས་བུ་རམ་སྦྲང་རྩི་ཕུལ་བ་བཞེས་པ་ཤིན་ཏུ་བཀྲ་ཤིས་པའི་རྫས་ལ་མངའ་བསྙེས་པར་གྱུར་ཏོ། །དེ་བཞིན་དུ་བཀྲ་ཤིས་པའི་རྫས་ཀྱི་དབང་བསྐུར་བས་སྐྱེ་ཤི་མེད་པའི་དབང་ཐོབ་པར་གྱུར་ཅིག །ཀུན་གྱི་སྙིང་པོ་ཡོན་མཆོག་དད་པས་ཕུལ། །མཆོད་གནས་མཆོག་གི་རབ་བཞེས་འབྲས་བུ་ནི། །རྒྱལ་བར་ལུང་བསྟན་སྨོན་ལམ་མྱུར་ཐོབ་ཕྱིར། །འདི་དག་བཀྲ་ཤིས་ཐོག་མེད་རྫོགས་པར་ཤོག །ཡོན་ཏན་རབ་རྫོགས་སངས་རྒྱས་ས་ལ་གནས། །གོ་འཕང་བླ་མེད་རྒྱལ་ཐབས་སྤྱོད་པ་གཅིག །འགྲོ་དོན་མཐར་ཕྱིན་འཇིག་རྟེན་གསུམ་གྱི་མགོན། །མཛད་པ་མཐར་ཕྱིན་དབང་མཆོག་ཉི་ཤུ་པའོ། །འདི་ཡན་རྒྱ་ཆེ་རོལ་པ་འགྲོ་བ་འདུལ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་དབང་ངོ་། །དེ་ལྟར་དབང་གི་རིམ་པ་གྲུབ་ནས་རྩ་བའི་ས་བཅད་བཅོ་ལྔ་པ་ལམ་འཁྱེར་ལ་ནང་གསེས་བཞིའི་དང་པོ་ཐེག་པ་ལམ་འཁྱེར་གྱི་རྒྱས་བཤད་རྣམས་འོག་ཏུ་འབྱུང་ལ། གཉིས་པ་ལྷ་དང་། གསུམ་པ་སྙིང་པོ་ནི་རྩ་བར། བཅོ་ལྔ་པ་ལམ་འཁྱེར་ནི། ཐེག་པ་རྒྱུ་མཚན་ཉིད་བྱང་ཆུབ་སེམས་དཔའི་ཐེག་པའོ། །ལྷ་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའི། །སྙིང་པོ་ཏདྱ་ཐཱ་ག་ཏེ་བཟླས་པའོ། །དབང་མཛད་པ་ཉི་ཤུའི་དབང་ངོ་། །ཞེས་གསུངས་པ་ལྟར་ལྷ་སྔགས་དེ་རྣམས་ལམ་དུ་འཁྱེར། ཐེག་པ་ལམ་འཁྱེར་དྲུག་གི་དང་པོ་འཇུག་སྒོ་ནི། རྩ་བར་འཇུག་སྒོ་བདེན་པ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དེ་ཡང་། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པ་དོན་གྱི་བདེན་པའོ། །ཞེས་པའོ། །ཀུན་རྫོབ་ཀྱི་བདེན་པ་ལ་བཞི་སྟེ་མཚན་གཞིའམ་ངོ་བོ་ནི་ཡུལ་སྣ་ཚོགས་སྣང་བའོ། །དེ་ཀུན་རྫོབ་ཏུ་མཚོན་པའི་མཚན་ཉིད་ནི་རིག་པས་དཔྱད་ན་མི་འཐད་པའོ། །མིང་དོན་ནམ་ངེས་ཚིག་ནི་ཐ་སྙད་པའི་ཤེས་པ་ལ་སྣང་ཞིང་ཡང་དག་པའི་དོན་ལ་སྒྲིབ་པ་སྟེ། སྣང་བ་ལས། གང་ཞིག་གི་སེམས་གང་ཞིག་ལ། །ཡན་ལག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོ། །བཞི་པ་དབྱེ་ན་གཉིས་ཏེ། སྣང་ལ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་དང་། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་བོ། །དེ་གཉིས་ཀྱི་ཁྱད་པར་ནི། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱ། །ཞེས་སོ། །དོན་དམ་པའི་བདེན་པ་ལ་བཞི་སྟེ། མཚན་ཉིད་དམ་ངོ་བོ་ནི་སྤྲོས་པ་དང་བྲལ་བར་སྣང་བའོ། །དོན་དམ་དུ་མཚོན་པར་བྱེད་པའི་མཚན་ཉིད་ནི་རིག་པས་དཔྱད་ན་འཐད་པ་སྟེ་ཤེས་བྱ་ཡིན་ལུགས་ལྟར་གནས་པའོ། །གོ་དོན་ནམ་ངེས་ཚིག་ནི། རིག་ཤེས་ཀྱི་ཡུལ་ཡིན་པས་དོན་མི་བསླུ་བས་དམ་པ། ཡུན་ནི་དེའི་ངོ་བོར་བདེན་པའོ། །དབྱེ་ན་གཉིས་ཏེ། རྣམ་གྲངས་ཀྱི་དོན་དམ་བདེན་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པའོ། །དང་པོ་ནི། སྤྲོས་པ་ལ་ཕྱོགས་གཅིག་པར་དང་བྲལ་བ་སྟེ། སྐྱེ་བ་ལ་སོགས་བཀག་པ་ནི། །ཡང་དག་པ་དང་མཐུན་ཕྱིར་འདོད། །ཅེས་སོ། །གཉིས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། སྣང་བ་ལས། ཡོད་མེད་ཅེས་པ་འདི་ཡང་མཐའ། །དེ་ཕྱིར་མཐའ་གཉིས་རྣམ་སྤངས་ནས། །མཁའ་པས་དབུས་ལ་གནས་མི་བྱ། །ཞེས་པས་འདི་ལ་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བའི་འདོད་ལུགས་མང་དུ་ཡོད་དེ། ཀུན་རྫོབ་རྣམ་དཔྱད་དགག་བྱར་བྱས་ནས་འགེགས། དོན་དམ་ཡོངས་སྤྱོད་སྒྲུབ་བྱར་བྱས་ནས་སྒྲུབ་པ་དེ་འཇུག་སྒོ། །ཞེས་གསུངས། གཉིས་པ་ལྟ་བ་ནི་རྩ་བར། གཉིས་པ་ལྟ་བ་ནི་གང་ཟག་གི་བདག་གཅིག་དང་དུ་བྲལ་གྱི་རྟག་འཛིན་གྱི་རང་བཞིན་མེད་པར་རྟོགས་ལ། ཆོས་ཀྱི་བདག་དང་གཟུང་ཡུལ་ཐམས་ཅད་སྒྱུ་མ་ལྟར་རྟོགས་པས་ཕྱི་རོལ་ཡུལ་ལ་བདག་མ་གྲུབ་ལ། འཛིན་པའི་ཤེས་པ་ཀུན་གཞི་མཐའ་བྲལ་དུ་གནས་པ་དེ་ལ་སྐད་ཅིག་ཏུ་གྲུབ་པ་མེད་དོ། །དེ་ཡང་། ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི་རྩ་བར། གསུམ་པ་བསྲུང་བའི་ཚུལ་ཁྲིམས་ནི་བྱང་ཆུབ་སེསམ་དཔའ་རྩ་བའི་སྡོམ་པ་བཞིན་ནི། སྡོམ་པ་ཉི་ཤུ་པ་ལས། གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་སྲོག །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣའི་ཆོས་ནོར་མ་བྱིན་ལེན། །རྙེད་དང་བཀུར་སྟིར་ཆགས་པ་ཡི། །བདག་བསྟོད་གཞན་ལ་སྨོད་པ་ལོག །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པ་རྫུན། །ཞེས་པས། རྩ་བཞི་ཡན་ལག་ཉི་ཤུ། ཉིང་ལག་དུ་མ་རྣམས་བསྲུང་བའོ། །ཞེས་གསུངས། བཞི་པ་ཏིང་འཛིན་ནི་རྩ་བར། ཏིང་ངེ་འཛིན་ནི་སྒོམ་གྱི་ངོ་བོ་བྱང་ཕྱོགས་སོ་བདུན་ཏེ། ཆོས་ཉིད་དུ་དྲན་པ་ཉེར་བཞག་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དུ་དབང་པོ་ལྔ། སྟོབས་ལྔའོ། །མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན། སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད། མཐོང་ལམ་དུ་གཟུངས་ཀྱི་སྒོ་ལྔ་བརྒྱ། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་གོ། །ཞེས་གསུངས། ལྔ་པ་སྤྱོད་པ་ནི་རྩ་བར། ལྔ་པ་སྦྱོད་པ་ནི་བདག་གཅེས་གཞན་གཅེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཡང་སྤྱོད་པའི་རང་བཞིན་ཕར་ཕྱིན་བཞི་ལ་སྤྱོད་པ་སྟེ། སྦྱིན་པ་ལ་གསུམ། ཟང་ཟིང་། སྐྱབས། ཆོས་ཀྱི་སྦྱིན་པའོ། །དང་པོ་ལ་གཉིས་ཏེ། ཕྱི་ཡོངས་སུ་གཏོང་བ་འཁོར་གསུམ་ཡོངས་སུ་དག་པ་འཛིན་ཆགས་མེད་པ་སྟེ། སྡུད་པ་ལས། གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟར་མིན། །ཞེས་སོ། ནང་ཡོངས་སུ་གཏོང་བ་ནི། རང་གི་ལུས་སྲོག་དང་། བུ་དང་ཆུང་མ་ལ་སོགས་པ་གཏོང་བ་སྟེ། མགོ་དང་ཡན་ལག་གཏོང་ཞིང་ཞུམ་པའི་སེམས་མེད་ཀྱང་། །བདོག་པ་ཐམས་ཅད་གཏོང་ཞིང་ཞེན་མེད་པ། །ཞེས་སོ། །ཚུལ་ཁྲིམས་ལ་གསུམ། མི་དགེ་བ་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དོ། །བརྩོན་འགྲུས་ལ་གསུམ། འཇུག་པའི་བརྩོན་འགྲུས། གོ་ཆའི་བརྩོན་འགྲུས། ཕྱིར་མི་ལྡོག་པའོ། །བཟོད་པ་ལ་གསུམ། །གནོད་པ་ལ་ཇི་མི་སྙམ་པ་། ཆོས་ལ་ངེས་པར་སེམས་པ། སྡུག་བསྔལ་དང་དུ་ལེན་པའོ། །ཞེས་གསུངས། དྲུག་པ་འབྲས་བུ་ནི། རྩ་བར། དྲུག་པ་འབྲས་བུ་ནི་ལམ་ལྔ། ས་བཅུ་རིམ་པར་བགྲོད་ནས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་ས་ཐོབ་བོ། །དེ་ཡང་། བདག་མེད་གཉིས་དོན་ཕ་རོལ་ཕྱིན་རྟོགས་པ། །ས་བཅུ་རིམ་གྱིས་སྒོམ་པའི་རྣལ་འབྱོར་པ། །བདེན་གཉིས་སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །ཞེས་པ་དང་། སངས་རྒྱས་དངོས་ནི་ཆོས་ཀྱི་སྐུ་ཡིན་ཏེ། །གཟུགས་སྐུ་རྣམ་གཉིས་འགྲོ་བའི་མོས་རྟོག་ཙམ། །ཞེས་སོ། །འགག་དྲུག་ནི། རྩ་བར་འགག་ནི། གནས་ནི་བྱ་རྒོད་ཕུང་པོའི་རིའམ། རྒྱལ་པོའི་ཁབ། སྟོན་པ་ཕུན་སུམ་ཚོགས་པ་ནི་སངས་རྒྱས། འཁོར་བྱང་ཆུབ་སེམས་དཔའ་དོན་གྲུབ། དབང་མཛད་པ་ཉི་ཤུ། ཅིའི་ཕྱིར་ན་མཛད་པ་ཡོངས་སུ་རྫོགས་པའི་ཆེད་དུའོ། །དགོས་པ་བདུད་དཔུང་བཅོམ་ནས་ཆོས་ཀྱི་རྒྱལ་སྲིད་འཛིན་པའོ། །དེ་ཡང་། གང་གིས་གང་དུ་ཇི་ལྟ་བར། །ཚུལ་དགོས་བཅས་པ་རྣམ་དྲུག་གིས། །འདི་ནི་བྱང་སེམས་འགག་དྲུག་ཡིན། །ཞེས་གསུངས། ངང་སྒོམ་ནི་རྩ་བར། གདམས་ངག་གི་སྒོམ་ཚུལ་ནི། ཡུལ་དཔོན་ཡུལ་རྩིས་བྱེད་པ་ལྟ་བུ་སྟེ། གཞན་དོན་ཁོ་ན་ལ་ཡོངས་སུ་དམིགས་པའོ། །དེ་ཡང་ངང་སྒོམ་གྱི་དབང་དུ་བྱས་ན་བདེན་གཉིས་ཀྱི་དོན་སྒོམ་པ་སྟེ། དེ་ཡང་ཀུན་རྫོབ་ཀྱི་དབང་དུ་བྱས་ན། དབང་རྫས་གཏད་ཆོག་དང་། ཏིང་ངེ་འཛིན་གྱི་དབང་བསྐུར་བསྐུར་བྱེད་དང་བཅས་པ་ཡེ་ཤེས་ཆེན་པོ་མཛད་པ་ཉི་ཤུའི་དབང་དེ་ག་ཡིན་ལ། དོན་དམ་པར་སྙིང་གི་དཀྱིལ་དུ་ཐིག་ལེ་ཅོག་སྒོང་ཙམ་འོད་ཁ་དོག་གང་དུའང་མ་ངེས་པ་ཞིག་སྒོམ། དེ་ཡང་། ཐིག་ལེ་སྟོང་པ་སྐྱེ་མེད་པར། །ཞེས་སོ། །དེ་ལ་བརྟགས་པས་ཁ་དོག་གི་རྣམ་པ་མ་འགགས་པ་ཅི་ཡང་སྣང་ལ། ཁ་དོག་དེ་དག་ལ་བརྟགས་པས་ཕྱོགས་གཅིག་པ་གང་དུའང་མ་གྲུབ་དེ་བཞིན་དུ་དབང་བསྐུར་དང་བཅས་པ་མ་འགགས་པར་ཤར་ཡང་། དོན་དམ་པར་གང་དུའང་མ་དམིགས་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་པ་ཡིན་ནོ། །དེ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མ་གཡོས་པར་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དེའི་རྗེས་ལ་ཀུན་རྫོབ་མ་འགགས་པའི་སྣང་ཆ་ཉིད་ཡུམ་ཤེར་ཕྱིན་དུ་ལམ་གྱིས་སྒོམ་ཞིང་སྤྱོད་ལམ་རྣམ་བཞི་ལྷ་དང་མི་འབྲལ་བ་ནི་བདེན་གཉིས་ཟུང་འཇུག་གི་ལམ་སྟེ་ཡེ་ཤེས་དང་སྒོམ་ཆེན་པོའོ། །དེ་རྣམས་ཀྱི་དོན་གཞན་རྣམས་རྩ་བ་ལྟར་ལ། འདིར་བསྲུང་བྱའི་ཚུལ་ཁྲིམས་ཀྱི་སྐབས་སུ་སྐྱབས་འགྲོའི་བསླབ་བྱ་ནི་ལྷ་མིའི་ཐེག་པའི་སྐབས་སུ་རྒྱས་པར་གྲུབ། སེམས་བསྐྱེད་ཀྱི་བསླབ་བྱའི་གཙོ་བོ་ནག་པོའི་ཆོས་བཞི་སྤང་ཞིང་། དཀར་པོའི་ཆོས་བཞི་སྒྲུབ་ཚུལ་བྱང་སྡོམ་ཚར་མ་ཐག་ཏུ་བཤད་ཟིན། འདིར་གཙོ་བོ་ནི་གཞུང་འདིའི་ལུགས་ལ་སྡོམ་པ་ཉི་ཤུ་པ་ཁུངས་སུ་མཛད་པས། དེས་ན་ཐོག་མར་ཕས་ཕམ་བཞི་ནི། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སྡོམ་པ་ཉི་ཤུ་པར། ཉོན་མོངས་དྲག་ལས་བྱུང་བ་ཡི། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པ་ནི། །ཕས་ཕམ་འདྲ་བར་དགོངས་པ་ཡིན། །ཞེས་གསུངས་པའི་ཉེས་པ་བཞི་པོ་གང་ཞེ་ན། དེ་ཉིད་ལས། རྙེད་དང་བཀུར་བསྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་པའི། བདག་བསྟོད་གཞན་སྨོད་ནི་ཕམ་པ་དང་པོའོ། །ཆོས་དང་ཟང་ཟིང་ལ་སེར་སྣ་བྱེད་པ་ནི་གཉིས་པའོ། །ཁྲོས་འཁྲུགས་ཏེ་བཤད་སྦྱངས་ལ་མི་ཉན་པར་འཚོག་ཅིང་བརྡུང་བ་ནི་གསུམ་པའོ། །ཐེག་པ་ཆེན་པོའི་ཆོས་སྤངས་ཏེ་ཆོས་ལྟར་བཅོས་པ་ལ་མོས་ཤིང་གཞན་ལ་སྟོན་པར་བྱེད་པ་ནི་བཞི་པའོ། །དེ་ལྟར་ཡིན་པར་པཎ་ཆེན་སྡོམ་གསུམ་ལས་ཀྱང་། རྙེད་བཀུར་ལྷག་ཞེན་བདག་བསྟོད་གཞན་སྨོད་དང་། །སེར་སྣས་ཟང་ཟིང་ཆོས་དང་ནོར་མི་སྟེར། །ཁྲོ་བས་གཞན་འཚེ་བཤད་སྦྱང་གིས་མི་ལྡོག །གཡོམ་ལས་ཆོས་ལྟར་བཅོས་མོས་སྟོན་པ་བཞི། །རྩ་ལྟུང་བཞི་སྟེ་འཇུག་པའི་བསླབ་བྱའོ། །ཞེས་གསུངས། དེ་ཡང་སོ་ཐར་གྱི་ཕམ་པ་བཞི་ནི་སླར་བླང་དུ་མེད་ཀྱང་། འདི་ནི་ཉམས་ན་བསྐྱར་བས་ཆོག་སྟེ། སྡོམ་པ་ཉི་ཤུ་པའི་འགྲེལ་པ་སློབ་དཔོན་ཞི་བ་འཚོས་མཛད་པ་ལས། དེ་ཅི་བྱང་ཆུབ་སེམས་དཔས་ཡང་དག་པར་བླངས་པར་གྱུར་པ་དེས་འདི་ལྟར། དགེ་སློང་སོ་སོ་ཐར་པའི་སྡོམ་པ་ལས་ཕམ་པ་འབྱུང་བ་བཞིན་དུ་ཚེ་འདི་ཉིད་ལ་ཡང་དག་པར་བླང་བའི་སྐལ་པ་མེད་པ་ཡིན་ན། མ་ཡིན་ཏེ་སྡོམ་པ་སླར་ཡང་བླང་བར་བྱའོ། །ཞེས་དང་གསོ་བའི་ཚུལ་རྣམ་གྲངས་དུ་མར་བཤད། དེ་ལྟར་རྩ་ལྟུང་བཞི་པོ་བཤད་ནས། ཉེས་བྱས་ཀྱི་ཆོས་བཞི་བཅུ་ཞེ་དྲུག་བསྟན་པ་ནི། སྡོམ་པ་ཉི་ཤུ་པ་ལས། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱིས་རྗེས་སུ་འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །མགྲོན་པོས་བདག་གིར་མི་བྱེད་པ། །གསེར་ལ་སོགས་པ་ལེན་མི་བྱེད། །ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །ཕ་རོལ་དང་ཕྱིར་བསླབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང་། །སྙིང་བརྩེར་བཅས་ན་ཉེས་པ་མེད། །འཚོ་བ་ལོག་པ་དང་དུ་ལེན། །འཕྱར་ཞིང་རབ་ཏུ་རྒོད་ལ་སོགས། །འཁོར་བ་གཅིག་ཏུ་བགྲོད་པར་སེམས། །གྲགས་པ་མ་ཡིན་མི་སྤོང་བ། །ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། །གཤེ་ལ་ལན་དུ་གཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་འཇོག །ཕ་རོལ་བཤད་ཀྱི་འཆགས་པ་སྤོར། །ཁྲོ་བའི་སེམས་ཀྱི་རྗེས་སུ་འཇུག །རྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། །ལེ་ལོ་ལ་སོགས་སེལ་མི་བྱེད། །ཆགས་པས་བྲེ་མོའི་གཏམ་ལ་བརྟེན། །ཏིང་ངེ་འཛིན་གྱི་དོན་མི་འཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་བལྟ། །ཉན་ཐོས་ཐེག་པ་སྤོང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་པོ་སྤོང་བར་བྱེད། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དེ་ལ་སྣོད་དང་ཡི་གེ་བསྟེན། །དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་རིམ་གྲོ་བྱ་བ་སྤོང་། །སྡུག་བསྔལ་སེལ་བར་མི་བྱེད་པ། །བག་མེད་རྣམས་ལ་རིགས་མི་སྟོན། །བྱས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་སངས་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་གྱི་བློ་དང་མཐུན་མི་འཇུག །ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །རྐྱེན་དུ་འཚམས་པར་ཚར་མི་གཅོད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་རྗེ་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་ཏེ། པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་ལས། །ཉེས་བྱས་ཕྲ་བ་ཞེ་དྲུག་གཞན་དུ་ཤེས། །ཞེས་བཤད་པའི་ཕྱིར་རོ། །འདི་ལ་གོང་དུ་ཐེག་པ་ལམ་འཁྱེར་གྱི་ས་བཅད་གསུམ་པ་བཤད་པའི་སྐབས། རྩ་བཞི་ཡན་ལག་ཉི་ཤུ་ཉིང་ལག་དུ་མ་རྣམས་བསྲུང་བའོ། །ཞེས་གསུངས་པའི་དོན་ཡིན་ལ། སྡོམས་ཚིག་དེ་རྣམས་ཀྱི་དོན་རྒྱས་པར་འདིར་བཤད་ཀྱིས་མ་ལང་བས། སྡོམ་པ་ཉི་ཤུའི་འགྲེལ་པ་རྣམས་དང་། ཁྱད་པར་མཁན་པོ་ཞི་བ་འཚོའི་འགྲེལ་བཤད་དུ་བལྟ་བར་བྱའོ། །མདོར་ན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ལས། དང་པོ་ཉེས་སྤྱོད་སྡོམ་པའི་ཁོངས་སུ་བསླབ་བྱ་ཕལ་ཆེར་འདུ་ཞིང་། དེ་ཡང་ནམ་མཁའི་སྙིང་པོའི་མདོ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བའི་རྩ་ལྟུང་ལྔ། བློན་པོ་ལ་ལྔ། ཕལ་པ་ལ་འབྱུང་བ་བརྒྱད་རྣམས་རྩ་ལྟུང་དུ་བཤད་པ་མདོའི་ཚིག་ཧ་ཅང་མང་བས་ཡི་གེར་འཇིགས་ཏེ། འདིར་པཎ་ཆེན་རིན་པོ་ཆེའི་སྡོམ་གསུམ་རྣམ་ངེས་ལས། དཀོན་མཆོག་དཀོར་འཕྲོག་དང་ནི་ཆོས་སྤོང་ལས། །ཚུལ་ལྡན་ཚུལ་འཆལ་ཁྲིམས་གཅོད་བསླབ་འབེབས་སོགས། །མཚམས་མེད་ལས་བྱེད་ལོག་ལྟ་ལྔ་རྒྱལ་པོ། །གྲོང་ལྗོངས་གྲོང་ཁྱེར་གྲོང་བརྡལ་ཡུལ་འཁོར་རྣམས། །འཇོམས་པར་བྱེད་པ་བློན་པོར་ངེས་པ་ལྔ། །མ་སྦྱངས་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན། །རྫོགས་བྱང་ཕྱིར་ལྡོག་ཐེག་དམན་སེམས་བསྐྱེད་དང་། །སོ་ཐར་སྤངས་ནས་ཐེག་ཆེན་སློབ་པ་དང་། །ཉན་ཐོས་ཐེག་པས་ཆགས་སོགས་མི་ལྡོག་པས། །དེ་ལོག་དེ་ཡི་འབྲས་བུ་མེད་པར་བྱས། །ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨོད་དང་། །དགེ་སློང་ཆད་པས་གཅོད་འཇུག་སུག་འབུལ་དང་། །སྤོང་པའི་ལོངས་སྤྱོད་ཁ་ཏོན་པ་ལ་སྦྱིན། །ཞི་གནས་འདོར་བཅུག་ཕལ་ལ་འབྱུང་ངེས་བརྒྱད། །ཅེས་གསུངས་ཤིང་། གཞན་ཡང་དེ་ཉིད་ལས། ཡན་ལག་ཉེས་བྱས་བརྒྱད་ཅུ་ལ་སོགས་པ། །ཕྲ་ཕྱིར་འདིར་ནི་མ་བཤད་བསླབ་བཏུས་བལྟ། །ཞེས་གསུངས་པས་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་སུ་བལྟ་བར་བྱའོ། །གཉིས་པ་དགེ་བ་ཆོས་སྡུད་ནི་ཕར་ཕྱིན་དྲུག་ལ་བསླབ་དགོས་ཤིང་། དེ་ཡང་དང་པོ་སྦྱིན་པ་ལ་ཟང་ཟིང་། མི་འཇིགས་པ། སྐྱབས། ཆོས་ཏེ་བཞིར་བཤད་ཀྱང་འདིར་མི་འཇིགས་པ་དང་སྐྱབས་སྦྱིན་གཉིས་དོན་གཅིག་ཏུ་བསྡུས་ཏེ་སྦྱིན་པ་རྣམ་པ་གསུམ་དུ་འཆད་ཅིང་། ཟང་ཟིང་ལ་གཉིས་སུ་ཕྱེ་སྟེ་ཕྱི་ཡོངས་སུ་གཏོང་བ་ཞེས་རྒྱལ་སྲིད་དང་ལོངས་སྤྱོད་སོགས་སྟེར་བ། ནང་ཡོངས་སུ་གཏོང་བ་ཞེས་ལུས་སྲོག་དང་། བུ་དང་ཆུང་མ་སྦྱིན་པར་གཏོང་བ་སོགས་ཡིན། འདི་ལ་གཏོང་བ་དང་། གཏོང་བ་ཆེན་པོ་ཞེས་གྲགས་ཤིང་། སྡུད་པའི་ལུང་དང་སྦྱར་བ་ཡང་གོང་དུ་སོང་། མི་འཇིགས་པ་སྐྱབས་སྦྱིན་དང་། ཆོས་སྦྱིན་ནི་རྟོགས་པར་སླ། ཚུལ་ཁྲིམས་ལ་གསུམ་སྟེ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་གྱི་ངོ་བོ་ཡིན། བཟོད་པ་ཡང་གསུམ་སྟེ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་གསུམ། བརྩོན་འགྲུས་ལ་གསུམ། འཇུག་པའི་བརྩོན་འགྲུས། གོ་ཆའི་བརྩོན་འགྲུས། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་གསུམ། དེ་ལྟར་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས་བཞི་ལ། འདིར་ཐེག་པ་ལམ་འཁྱེར་གྱི་ས་བཅད་ལྔ་པ་སྤྱོད་པའི་སྐབས་སུ། སྤྱོད་པ་ཕར་ཕྱིན་བཞི་ལ་སློབ། །ཅེས་གསུངས། བསམ་གཏན་དང་ཤེས་རབ་ནི་གཙོ་བོ་ཡིན་ཏེ་ལྟ་སྒོམ་གྱི་ངོ་ཐི་ཡིན་ལ། གཞན་བཞི་པོ་ཡན་ལག་གམ་སྤྱོད་པའི་དོན་དུ་བཤད། དེ་ཡང་བསྡུ་ན་པཎ་ཆེན་རིན་པོ་ཆེའི་སྡོམ་གསུམ་ལས། དགེ་བ་ཆོས་སྡུད་ཕར་ཕྱིན་དྲུག་སློབ་དེ། །དབུལ་བ་སེལ་ཕྱིར་ཆོས་ནོར་མི་འཇིགས་སྦྱིན། །སྤོང་བའི་སེམས་ཀྱིས་ཚུལ་ཁྲིམས་རྣམ་གསུམ་སྤྱད། །ཁོང་ཁྲོ་ཟབ་མོ་སྡུག་བསྔལ་བཟོད་པར་བྱ། །གོ་ཆ་དགེ་སྡུད་གཞན་ཕན་བརྩོན་འགྲུས་བརྩམས། །འཇིག་རྟེན་འཇིག་རྟེན་འདས་པའི་བསམ་གཏན་སྒོམ། །ཐོས་བསམ་སྒོམ་པའི་ཤེས་རབ་ཟབ་མོ་སྤྱད། །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་བསྡུ་བའི་དངོས་པོ་བཞི་སྟེ། དེ་ཉིད་ལས། ཐོག་མར་སྦྱིན་པར་གདུལ་བྱ་རབ་བསྡུས་ནས། །སྙན་པར་སྨྲ་བའི་གཏམ་གྱིས་ཡིད་རབ་དྲང་། །ཐེག་པ་རིམ་དགུར་བཀྲི་བ་དོན་སྤྱོད་དེ། །དེ་དག་འདྲེན་ཕྱིར་རང་ཡང་དོན་དེ་སྤྱོད། །ཅེས་གསུངས་པ་ལྟར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་ན་གསོ་བའི་ཚུལ་མང་ཡང་མདོར་བསྡུ་ན། པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་ལས། ཐུན་འདས་ཉམས་ན་འཕགས་པ་ནམ་སྙིང་ལ། །ཐོ་རེངས་གསོལ་བཏབ་རྨི་ལམ་ལྟུང་བ་འཆགས། །ཞེས་གསུངས་པའི་དོན་ནི། ནམ་མཁའི་སྙིང་པོའི་མདོ་ལུང་བསླབ་བཏུས་སུ་དྲངས་པར། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉེས་པ་དང་བཅས་པ་དེས་ཐོ་རངས་ལངས་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། བདུག་པས་བདུག་པར་བྱ། སྐྱ་རེང་གི་ལྷའི་བུ་ལ་གསོལ་བ་གདབ་པར་བྱ་སྟེ། ཚིག་འདི་སྐད་དུ། སྐྱ་རེང་སྐྱ་རེང་སྙིང་རྗེ་ཆེན་པོ་ལེགས་པ་ཆེན་པོ་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁེབས་པར་མཛད་དུ་གསོལ། ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ། ཐབས་གང་གིས་བདག་ལྟུང་བ་འཆགས་པར་འགྱུར་བ་དང་། ཐེག་པ་ཆེན་པོ་འཕགས་པ་ལ་ཐབས་དང་ཤེས་རབ་ཐོབ་པར་འགྱུར་བའི་ཐབས་དེ་བདག་གི་རྨི་ལམ་དུ་བསྟན་དུ་གསོལ། ཞེས་སྨྲོས་ལ་དེའི་ཚེ་གཉིད་ལེགས་པར་ཉོལ་ཞིག་དང་། འཛམ་བུའི་གླིང་འདིར་སྐྱ་རེངས་ཤར་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་འཕྲད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་རྨི་ལམ་དུ། དེ་ཉིད་དུ་བྱང་ཆུབ་སེམས་དཔའ་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །ཐེག་པ་ཆེན་པོ་ལ་བརྟན་པོར་གནས་པར་འགྱུར་རོ། །ཞེས་དང་། ཡང་དེ་ཉིད་ལས་ཆོག་གཞན་སྔགས་དང་བཅས་པ་ཡང་བཤད་དོ། །གཞན་ཡང་། པཎ་ཆེན་གྱི་སྡོམ་གསུམ་ལས། ལྷག་མ་ཕུང་པོ་གསུམ་པ་ཉིན་མཚན་དུ། །ལན་གསུམ་འདོན་པས་གཞིལ་བ་ཀླུ་སྒྲུབ་ལུགས། །ཞེས་གསུངས་པའི་ཕུང་པོ་གསུམ་པའི་མདོ་ནི། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལུང་བསླབ་བཏུས་སུ་དྲངས་པར། ཉིན་ལན་གསུམ་མཚན་ལན་གསུམ་དུ་གཙང་བ་དང་གོས་བཙང་མ་བགོས་ཏེ་ཕུང་པོ་གསུམ་པ་བཀླག་བར་བྱའོ། །དེ་ལ་ཕུང་པོ་གསུམ་ནི་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ལ་བསྐུལ་བ་ཞེས་བྱ་བ་སྟེ། བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ། །ཞེས་དང་། དེ་ཉིད་ལས། དེ་ལ་ཕྱག་འཚལ་བ་ནི། སྡིག་པ་བཤགས་པའི་ནང་དུ་འདུས་ཏེ། སངས་རྒྱས་ལ་ཕྱག་བྱས་ནས་སྡིག་པ་བཤགས་སོ་ཞེས་ཉེ་བ་འཁོར་གྱིས་ཞུས་པ་ལས་འབྱུང་ངོ་། །གསོལ་བ་གདབ་པ་ནི་བསྐུལ་བ་དང་དོན་གཅིག་པའི་ཕྱིར་རོ། །ཞེས་གསུངས། ཕུང་པོ་གསུམ་པ་དངོས་ནི། དཀོན་མཆོག་བརྩེགས་པའི་མདོ་ལས། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སོགས་ལྟུང་བཤགས་གསུངས་པས། དེ་ཉིན་མཚན་དུས་དྲུག་ཏུ་འདོན་ནོ། །དེ་ཡང་སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བསྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་བདག་གཞན་མཉམ་པ་དང་བརྗེ་བའི་བྱང་ཆུབ་ཀྱི་སེམས་སོགས་སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པར་བྱ་བའི་ཚུལ་ནི་རྒྱས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་དང་། དེའི་དགོངས་འགྲེལ་བཤེས་སྤྲིང་། སྤྱོད་འཇུག །བསླབ་བཏུས་སོགས་ལས་འབྱུང་བ་ལྟ་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་ཉམས་སུ་བླང་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པར་འདོད་པ་རྣམས་ཀྱིས་ལམ་གྱི་གནད་མ་ནོར་བར་ཤེས་དགོས་ཤིང་། གནད་འཕྱུགས་ན་ལམ་འདི་ལ་མ་བསླབ་པར་ཆོས་གཞན་གྱིས་འཚང་རྒྱ་བར་མི་ནུས་ཏེ། རབ་དབྱེ། བྱང་ཆུབ་སེམས་ཀྱི་གནད་འཕྱུགས་ན། །ཆོས་གཞན་གྱིས་ནི་སངས་མི་རྒྱ། །ཞེས་གསུངས་པའི་ཕྱིར་སྔགས་ལམ་གྱི་ཡང་རྩ་བ་ཁོ་ནར་རིག་པར་བྱའོ། །དེ་ལྟ་བུའི་བྱང་སེམས་སྐྱེ་བ་འདི་ཉིད་ཤིན་ཏུ་དཀའ་སྟེ། སྤྱོད་འཇུག་ལས། ལོང་བས་ཕྱག་དར་ཕུང་པོ་ནས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་ལྟས་ནས། །བྱང་ཆུབ་སེམས་འདི་བདག་ལ་སྐྱེས། །ཞེས་གསུངས་པས་ལོང་བས་ཕྱག་དར་གྱི་ཕུང་པོ་ནས་རིན་ཆེན་རྙེད་པ་ལྟར་ཤིན་ཏུ་དཀའ་ཞིང་། སྟེས་ལེགས་པའི་དབང་གིས་བྱང་ཆུབ་སེམས་འདི་རྙེད་པའམ་སྐྱེས་པའི་དོན་ཡིན། དེ་ལྟ་རྙེད་ཀྱང་དཀའ་ལ། རྙེད་པ་ཡང་དོན་ཆེན་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། དེ་ཉིད་ལས། འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམས་ཤིང་དུབ་པ་ཡི། །འགྲོ་བའི་ངལ་བསོའི་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྦྱི་སྟེགས་ཡིན། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་འབྱུང་བ་ཡིན། །ཞེས་དང་། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བཅིངས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས། འདིའི་མི་མཐུན་ཕྱོགས་ནི་ཁོང་ཁྲོ་སྟེ། དེ་ཉིད་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོག་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས། ཁོང་ཁྲོ་ཐུལ་ན་ཕྱི་རོལ་གྱི་དགྲ་བོ་ཐམས་ཅད་ཆོམས་པ་ཡིན་ཏེ། དེ་ཉིད་ལས། ས་སྟེང་འདི་དག་ཀོ་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷྭམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་པའི་དོན་ཡང་། དེ་ཉིད་ལས། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱི་ཡོངས་མི་ལང་། །ཁྲོ་བོའི་སེམས་ནི་གཅིག་བཅོམ་ན། །དགྲ་སྡེ་ཐམས་ཅད་ཆོམ་དང་འདྲ། །ཞེས་གསུངས། མདོར་ན་བསླབ་པ་བསྲུང་བར་བྱ་བ་ཡང་སེམས་བསྲུང་བ་ཁོ་ན་སྟེ། དེ་ཉིད་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུངས་ཏེ། །སེམས་ནི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །ཞེས་དང་། དེ་ཉིད་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །ཅེས་དང་། སེམས་འདི་གཅིག་པུ་བཏུལ་གྱུར་ན། །དེ་དག་ཐམས་ཅད་བཏུལ་བར་འགྱུར། །ཞེས་གསུངས་པའི་དོན་བཤེས་སྤྲིངས་ལས་ཀྱང་། །ཁྱོད་ཀྱི་ཐུགས་ཐུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་གསུངས། དེ་ལྟར་སེམས་འདུལ་བར་བྱེད་པའི་ཐབས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བྱམས་པ་དང་སྙིང་རྗེ་སྒོམ་ཞིང་། དོན་དམ་བྱང་ཆུབ་ཀྱི་སེམས་ཞི་གནས་དང་ལྷག་མཐོང་སྒོམ་པ་སྤྱིའི་ལུགས་ཡིན་ལ། བྱེ་བྲག་ཏུ་ལམ་འདིའི་ལུགས་ལ་གདམས་ངག་ངང་སྒོམ་ནི་གྲོལ་བྱེད་ཀྱི་ཉམས་ལེན་ཏེ། དེ་ལ་ཡེ་ཤེས་ངང་སྒོམ་གྱི་དབང་དུ་བྱས་ནས་བདེན་གཉིས་ཀྱི་དོན་བ སྒོམ་པ་སྟེ། དེ་ལ་འཆད་ཚུལ་མང་ཡང་ལམ་འདིའི་ལུགས་ལ་དབང་རྫས་གཏད་ཆོག་དང་། ཏིང་ངེ་འཛིན་གྱི་དབང་བསྐུར་བསྐུར་བྱེད་དང་བཅས་པ་ཡེ་ཤེས་ཆེན་པོ་མཛད་པ་ཉི་ཤུའི་དབང་དང་བཅས་པ་ནི་ཀུན་རྫོབ་བདེན་པ་ཡིན། དོན་དམ་བདེན་པ་ནི་ངང་སྒོམ་གྱི་ངོ་བོ་སྟེ། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་ཅོག་སྒོང་ཙམ་འདི་ཁ་དོག་གང་དུའང་མ་ངེས་པ་ཞིག་གསལ་བཏབ་ཅིང་། དེ་ལ་བརྟགས་ཏེ་མཉམ་པར་བཞག་པས་ཁ་དོག་གི་རྣམ་པ་མ་འགགས་པ་སྣ་ཚོགས་སུ་སྣང་ཡང་། ཁ་དོག་དེ་དག་ལ་བརྟགས་པས་ཕྱོགས་གཅིག་པ་གང་དུ་ཡང་མ་གྲུབ་པ་དེ་བཞིན་དུ། ཀུན་རྫོབ་ཀྱི་སྣང་ངོར་དབང་བསྐུར་དང་དབང་རྫས་སོགས་མ་འགགས་པར་འཆར་ཡང་། དོན་དམ་གང་དུའང་མ་གྲུབ་མ་དམིགས་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་པ་ཡིན་པས། དེའི་དོན་ལ་གནས་པ་མེད་པའི་ཚུལ་གྱི་གནས་པར་བྱས་ཏེ་མཉམ་པར་བཞག་གོ། །དེ་ལྟར་མཉམ་གཞག་གི་དུས་སུ་བདེན་གཉིས་དབྱེར་མེད་དུ་གྱུར་ཀྱང་། དེ་ཉིད་ལམ་དུ་འཁྱེར་ཚུལ་ལམ་རྗེས་ཐོབ་ཀྱི་རྗེས་ཤེས་མ་འགགས་པའི་སྣང་ཆ་དེ་ཉིད་ཡུམ་ཤེར་ཕྱིན་དུ་སྒོམ་ཞིང་སྤྱོད་ལམ་རྣམ་བཞིར་སྣང་བ་ཐམས་ཅད་ལྷ་དང་མི་འབྲལ་བར་རྗེས་ཐོབ་ཀྱི་རྒྱུན་སྐྱོང་བའི་དྲན་པས་གསལ་གདབ་པ་ནི། བདེན་གཉིས་ཟུང་འཇུག་གི་ལམ་ཡེ་ཤེས་ངང་སྒོམ་ཡིན་པས་མཉམ་རྗེས་གཉིས་ཆུ་བོའི་རྒྱུན་བཞིན་ཉམས་སུ་བླང་ངོ་། །དེ་ལྟར་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་བྱང་སྡོམ་དང་དབང་བསྐུར་གྲོལ་བྱེད་ཀྱི་གདམས་པ་རྣམས་ནོས་པ་ཚུལ་བཞིན་ཉམས་སུ་བླངས་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་མཚམས་སྦྱར་ལ་དམ་ཚིག་བསྡུས་ཏེ་ཁས་བླངས། གཏང་རག་མཎྜལ། བྲན་དུ་ཁས་བླངས། དགེ་བ་བསྔོ་བ་སོགས་སྔ་མ་ལྟར་ལ། བཀྲ་ཤིས་ནི། རྩ་བར། དེ་ནས་མེ་ཏོག་བཀྲམ་སྟེ་རོལ་མོར་བྱས་པས། དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དམ་པ་རུ། །མ་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང་། །འཛམ་གླིང་ཉིད་དུ་གླང་ཆེན་ཐལ་ཀར་ལྷུམས་སུ་གཤེགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་པོའི་ཁབ་ཀྱི་སེར་སྐྱའི་གྲོང་ཁྱེར་ཟས་གཙང་སྲས། །བུད་མེད་མཆོག་གྱུར་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུམ། །ལྷུམས་སུ་ཟླ་བཅུར་བཞུགས་ནས་འབྱོར་ལྡན་ཤཱཀྱའི་རིགས། །བཀྲ་ཤིས་དེས་ཀྱང་༴ ལུམྦིའི་ཚལ་ནི་ཉམས་དགའ་པཱཀ་ཤ་ལྗོན་པ་ཡི། །ཡལ་ག་ནས་བཟུང་བལྟམས་ཚེ་ཚངས་པ་བརྒྱ་བྱིན་འདུས། །མཁའ་ལ་གཤེགས་ཏེ་ཕྱུར་པོར་པདྨ་བྱུང་གྱུར་གང་། །བཀྲ་ཤིས་དེས༴ ཕོ་བྲང་གཞལ་ཡས་ཁང་མཛེས་དྲང་སྲོང་མདུན་བཞག་ནས། །མཚན་ལྟས་ཤིས་པ་བརྗོད་དེ་སྟོན་པ་འབྱུང་འགྱུར་ཞེས། །ཤཱཀ་རིགས་བུད་མེད་འཁོར་གྱིས་བསྐོར་ཞིང་རབ་ཏུ་བརྒྱན། །བཀྲ་ཤིས༴ ཕོ་བྲང་ནས་བྱུང་ཕྱོགས་བཞིར་སྐྱེ་རྒ་ན་འཆི་གཟིགས། །མི་རྣམས་སྨིན་མཛད་ལྷ་ཡིས་བཏེག་སྟེ་མཁའ་ལ་གཤེགས། །སྲིད་གསུམ་རྒྱལ་ཕྱིར་རབ་བྱུང་དབུ་སྐྲ་མཐོན་མཐིང་བྲེགས། །བཀྲ་ཤིས༴ ལྷ་ཡིས་རྫུ་འཕྲུལ་བླངས་ནས་ན་བཟའ་ངུར་སྨྲིག་ཕུལ། །ནཻ་རཉྫ་ནར་ཐུབ་པའི་དཀའ་ཐུབ་ལོ་དྲུག་རྫོགས། །བསམ་གཏན་ནས་བཞེངས་ལེགས་སྐྱེས་མས་ཕུལ་འོ་ཐུག་བཞེས། །བཀྲ་ཤིས༴ པདྨ་ལ་སོགས་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་བདུད་བཏུལ་ནས། །ཐོ་རེང་བདུད་རྩི་འཆི་མེད་ཕུན་སུམ་ཚོགས་པ་བརྙེས། །བཀྲ་ཤིས༴ ཝ་ར་ཎཱ་སིར་ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར། །ཀུན་མཁྱེན་སྟོན་པས་ལྔ་སྡེ་བཟང་ལ་བདེན་བཞི་བསྟན། །ལྷ་དང་མི་དང་ལྷ་མིན་རྣམས་ཀྱང་འདུས་གྱུར་པ། །བཀྲ་ཤིས༴ ང་རྒྱལ་དྲེགས་པའི་མུ་སྟེགས་སྟོན་པ་དྲུག་བཏུལ་ནས། །གླང་ཆེན་རབ་མྱོས་རྦད་པའི་མ་རུངས་ལྷས་སྦྱིན་བཏུལ། །དྲང་སྲོང་མཆོག་དང་སྤྲེལ་རྒྱལ་ཅང་ཤེས་སྦྲང་རྩིས་མཆོད། །བཀྲ་ཤིས༴ པདྨ་ལྟ་བུར་སྐྱོན་གྱིས་མ་གོས་ཤཱཀྱའི་རིགས། །ཟས་གཙང་སྲས་པོ་རྒྱལ་རིགས་མཆོག་གྱུར་འཁོར་ལོས་སྒྱུར། །སྐུ་བལྟམས་གྱུར་པས་དེ་ཡི་མཛད་པ་མ་ལུས་རྫོགས། །བཀྲ་ཤིས༴ བྱམས་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་རབ་ཏུ་སྒྲོལ། །སེམས་ཅན་ཐམས་ཅད་སྨིན་གྲོལ་ཞི་བའི་ལམ་ལ་བཀོད། །རྩྭ་མཆོག་གྲོང་དུ་མཛད་པ་མཐར་ཕྱིན་དགོངས་པ་རྫོགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གཏོར་རོ། །དེ་ནས་རྗེས་ཆོག་ནི། རྩ་བར། དཀྱིལ་འཁོར་བསྡུ། དགེ་བ་བླ་མེད་བྱང་ཆུབ་ཏུ་བསྔོའོ། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་གྱི་མཆོད་པ་རྣམས་ཁ་གསོས་ཏེ་བྱིན་གྱིས་བརླབ་ལ། གོང་དུ་བཤད་པ་ལྟར་མཆོད་ཕྲེང་དང་བསྟོད་པ་རྒྱས་བསྡུས་གང་ཡང་རུང བ་བྱ་ཞིང་། བཟོད་གསོལ་དང་དཀྱིལ་འཁོར་བསྡུ་བ། བསྔོ་སྨོན་སོགས་དཀྱིལ་འཁོར་སྔ་མ་རྣམས་ཀྱི་ཆོག་ཁྲིགས་ཀྱི་འགྲོས་ལྟར་བྱ་ཞིང་མཛད་པ་ཉི་ཤུའི་བཀྲ་ཤིས་ཀྱང་བྱའོ། །ནུབ་མོ་ཆོག་ཕྲིན་ཚོགས་བསྐང་སོགས་ཀྱང་སྔ་མ་ལྟར་རོ། །བྱང་ཆུབ་སེམས་དཔའ་ཆོ་གའོ། །དལ་འབྱོར་ས་གཞིར་ཐར་པའི་ས་བོན་ནི། །བྱང་ཆུབ་ལམ་བཟང་དྲོད་གཤེར་གྱིས་བསྐྲུན་ཏེ། །ལམ་ལྔ་ས་བཅུའི་ལོ་འབྲས་གཡུར་ཟ་བ། །མ་ལུས་སྐྱེ་རྒུའི་ལེགས་བྱས་བསོད་ནམས་ཞིང་། །འགྲོ་ཀུན་ཕ་མར་ཤེས་པའི་བྱམས་ཆེན་ཆབ། །སྙིང་རྗེའི་རྦ་རླབས་དཀར་པོས་ཉེར་མཛེས་པ། །ཕྱིན་དྲུག་ནོར་བུས་ལེགས་གཏམས་འཕགས་པའི་ལམ། །ཡན་ལག་བརྒྱད་ལྡན་ཆུ་ཀླུང་འདི་བསྟེན་ཅིག །གང་ཞིག་གཞན་ཕན་བྱང་ཆུབ་མཆོག་གི་སེམས། །རབ་བསྐྱེད་བརྣག་དཀའི་སྡུག་བསྔལ་ཁུར་ཁྱེར་ཏེ། །འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས་པ་ཀུན། །སེལ་ནུས་སེམས་དཔའ་ཆེན་པོར་བདག་འགྱུར་ཤོག །ཅེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།དེ་ཡན་ཆོད་ཀྱིས་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པའི་སྨིན་གྲོལ་གྱི་རིམ་པ་རྣམ་ལེགས་པར་གྲུབ་སྟེ། ༈ །འདི་མན་ཆོད་ནང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་ཚུལ་རྣམས་རིམ་བཞིན་སྟོན་པར་བྱེད་པ་ལ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང་། དབང་སྒྱུར་ཐབས་ཀྱི་ཐེག་པ་གཉིས་སུ་ཡོད་པའི་དང་པོ་ལ་གསུམ་སྟེ། ཀྲྀ་ཡ། ཨུ་པ། ཡོ་གའོ། །དེ་ལ་དང་པོ་ཀྲྀ་ཡ་ནི། ཀཿཐོག་ལུགས་སུ་རྣམ་འཇོམས་ལ་རིགས་གསུམ་དང་། རིགས་བཞི་ཁྲོ་བཅུ་སོགས་ཀྱིས་བསྐོར་བའི་དཀྱིལ་འཁོར་གཅིག་ཏུ་མཛད་ཅིང་། པཎ་ཆེན་རི་ཟངས་ཏོག་པ་སོགས་ཀྱང་འདི་ལྟར་བཞེད། ཟུར་ལུགས་ལ་རྣམ་འཇོམས་ཀྱི་དམིགས་བསལ་མེད་ཀྱང་། ཕྱག་ལེན་བསྡུས་པའི་ཕྱོགས་སུ་དཀྱིལ་འཁོར་གཅིག་ཏུ་བྱེད་པ་ཡང་འདུག་མོད་ཀྱང་། འདིར་རྩ་བ་ལས་ཇི་ལྟར་གསུངས་པ་བཞིན་བྱ་བ་ལས། དང་པོ་སྡོམས་ནི། རྩ་བར། ཀྲྀ་ཡའི་ཐེག་པའི་ཆོ་ག་ནི། །དཀྱིལ་འཁོར་མཆོད་བཤམ་ལྷ་ཚོགས་བསྐྱེད། །རབ་གནས་ཆོག་གཞུང་ཆ་གསུམ་དང་། །ཁྲུས་བྱས་ནང་ཞུགས་གསོལ་བ་གདབ། །སྡོམ་བཟུང་ཆོས་བཤད་བསླབ་བྱ་དབོག །དབང་བསྐུར་ལམ་འཁྱེར་བཞི་ཡང་བསྟན། །ཐེག་སྒོ་ལྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱི་དགོས། །གདམས་ངག་ངང་སྒོམ་བཀྲ་ཤིས་བསྔོ། །ཞེས་ས་བཅད་བཅོ་བརྒྱད་ནང་གསེས་དང་བཅས་པའི་དང་པོ་དཀྱིལ་འཁོར་ལ་གཞིའི་གནས་ཚུལ། ལམ་དུ་སྒོམ་ཚུལ། ཇི་ལྟར་བྲི་བ་གསུམ། དང་པོ་ནི། རྩ་བར། དང་པོ་དཀྱིལ་འཁོར་གྱི་ས་མཚམས་རི་རབ་ཀྱི་རྡོ་རྗེའི་བྲག་རི་ལའོ། །ཞེས་གསུངས། ལམ་དུ་སྒོམ་ཚུལ་ནི། ཚོགས་ཆེན་གྱི་དཀྱིལ་འཁོར་གྱི་ཤར་ལྷོར་ཀྲྀ་ཡ་གནས་པར་གླན་སྟོན་བསོད་ནམས་མགོན་པོ་བཞེད། ཇི་ལྟར་བྲི་བ་ནི། ཁམས་ལུགས་སུ་རྒྱས་པར་ན་རིགས་གསུམ་མགོན་པོ་ལ་སྒེག་སོགས་བཞིས་བསྐོར་བའི་དཀྱིལ་འཁོར་ལ་འདབ་བཞི་པ་གསུམ་དང་། འདབ་དྲུག་པ་ལྟེ་བ་མི་འདྲ་བ་གསུམ་ལ་གཙོ་བོ་རིགས་གསུམ་དང་། འཁོར་ཀྲྀ་ཡ་དོན་གྱི་ལྷ་དྲུག་གིས་བསྐོར་བ་གསུམ། ཀྲྀ་ཡ་ལྷ་བཅོ་ལྔ་མའི་དཀྱིལ་འཁོར་གསུམ་སྟེ་དགུ། ལྷ་ཉེར་བདུན་མའི་དཀྱིལ་འཁོར་ཏེ་བཅུ། ཡང་བསྐལ་བཟང་གི་ལྷ་སྣམ་ཅན་ཏེ་བཅུ་གཅིག་ཏུ་བྱེད་པ་དང་། དགུར་བྱེད་པ་གཉིས་སུ་གསུངས། ཟུར་ལུགས་རིག་འཛིན་རྗེའི་མཆོད་ཤོམ་པ་བླ་མ་ཨོ་རྒྱན་པའི་གསན་ཡིག་ཏུ་དཀྱིལ་འཁོར་བདུན་དུ་བཞེད་ཀྱང་། འདིར་ཟུར་ལུགས་རྩ་བར་དཀྱིལ་འཁོར་དགུར་གསུངས་པ་ལ་བླ་མའི་མན་ངག་གིས་བརྒྱན་ནས་བཤད་པར་བྱའོ། །དེ་ཡང་འདི་མན་ཆོད་ལ་ལྷ་སྟ་གོན་ཀྱང་དགོས་པར་བཤད་པས། དཀྱིལ་འཁོར་འོག་ནས་འབྱུང་བ་ལྟར་བྲི་རྩིས་ཀྱི་ལས་ཐིག་བཏབ་པའི་སྟེང་དྲི་བཟང་གི་ཆུས་ཐིག་ལེ་བྱ་ཞིང་། པདྨ་སཱུརྻ་ཙནྡྲ་མཎྜལ་ཞེས་བརྗོད། དྲིའི་ཐིག་ལེའི་སྟེང་འབྲས་སམ་ནས་དཀར་གྱི་ཚོམ་བུ་བཀོད་པ་ནི། དཀྱིལ་འཁོར་དང་པོའི་དབུས་སུ་ཚོམ་བུ་བཀོད་ལ། ༀ་ཝཱ་གཱི་ཤྭ་རི་མུཾ། ཞེས་འཇམ་དབྱངས་དང་། ཕྱོགས་བཞིར་ཚོམ་བུ་བཀོད་ཅིང་། ༀ་བཛྲ་ལཱ་སྱ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཾ། ༀ་བཛྲ་གཱི་ཏི་ཧྲཱིཿ ༀ་བཛྲ་ནཱིརྟྱ་ཨ། ཞེས་བརྗོད་ཅིང་ཚོམ་བུ་བཀོད་པ་དང་བསྟུན་ལྷ་རྣམས་འོག་གི་མངོན་རྟོགས་བཞིན་གསལ་བཏབ་བོ། །དེ་བཞིན་དུ་དཀྱིལ་འཁོར་གཉིས་པའི་དབུས་སུ། ༀ་མ་ཎི་པདྨེ་ཧཱུཾ། ཞེས་སྤྱན་རས་གཟིགས་དང་། ཕྱོགས་བཞིའི་ལྷ་སྔགས་གོང་ལྟར་རོ། །དཀྱིལ་འཁོར་གསུམ་པའི་དབུས་སུ། ༀ་བཛྲ་པཱ་ཎི་ཧཱུཾ། ཞེས་ཕྱག་ན་རྡོ་རྗེ་དང་། ཕྱོགས་བཞིའི་ལྷ་སྔགས་གོང་བཞིན་ནོ། དཀྱིལ་འཁོར་བཞི་པའི་དབུས་སུ། ༀ་ཝཱ་གཱི་ཤྭ་རུ་མུཾ། ཞེས་འཇམ་དཔལ་དང་། ༀ་བཻ་རོ་ཙ་ན་ༀ། ཞེས་རིགས་བདག་རྣམ་སྣང་སྟེ་ཚོམ་བུ་ཉིས་སྤྲེལ་དུ་བཀོད། རྩིབས་བཞིའི་ཤར་དུ། ༀ་བུདྡྷ་ལོ་ཙ་ནི་ཧཱུཾ། ཞེས་སངས་རྒྱས་སྤྱན་དང་། ལྷོའི་རྩིབས་ལ་ༀ་ཝཱ་གཱི་ཤྭ་རི་མུཾ། ཞེས་འཇམ་དཔལ་དང་། ནུབ་ཀྱི་རྩིབས་ལ་ༀ་བཛྲ་ཏི་ཀྵ་ཎ་ཧཱུཾ། ཞེས་རྡོ་རྗེ་རྣོན་པོ་དང་། བྱང་གི་རྩིབས་ལ་ༀ་ཡ་མཱནྟ་ཀ་ཧཱུཾ། ཞེས་གཤིན་རྗེ་གཤེད་རྣམས་སོ། །སྐུའི་མགྲོན་ཐབས་ཀྱི་ལྷ་གསུམ་ལ་སྟ་གོན་མི་དགོས་སོ། །ལྷ་སྣམ་ལ་ཚོམ་བུ་ཤར་ནུབ་གཉིས་སུ་ལྷག་རེ་དང་བཅས་ཏེ་ཕྱོགས་མཚམས་བརྒྱད་དུ་འགོད་ཅིང་། ཁྲོ་བོ་བཅུའི་སྔགས་བརྗོད། གྲ་བཞིར་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ནི་ཤར་ལྷོའི་གྲུ་ཆད་དུ་ཚོམ་བུ་གཉིས་བཀོད་ཅིང་། ཏྲཾ་མདྒཱ་ལ་དེ་ཝི་ཧཱུཾ་གཉིས་བརྗོད། དེ་བཞིན་དུ་མཚམས་གཞན་གསུམ་ལ་ཚོམ་བུ་བཀོད་ཚུལ་དང་ལྷ་སྔགས་གོང་ལྟར་རོ། །དཀྱིལ་འཁོར་ལྔ་པའི་དབུས་སུ། ༀ་མ་ཎི་པདྨེ་ཧཱུཾ། ཞེས་གཙོ་བོ་དང་། ༀ་ཨ་མི་དེ་ཝ་ཧྲཱིཿ ཞེས་རིགས་བདག་འོད་དཔག་མེད་གཉིས། པད་འདབ་བཞིའི་ཤར་དུ་ༀ་ལོ་ཀི་ཏ་རི་པ་སྭཱ་ཧཱ། གོས་དཀར་མོ་དང་། ལྷོར་ༀ་མ་ཎི་པདྨེ་ཧཱུཾ། ཞེས་སྤྱན་རས་གཟིགས་དང་། ནུབ་ཏུ་ༀ་པདྨ་ཏ་ཀྲྀ་ཏ་ཧཱུཾ། རྟ་མགྲིན་དང་། བྱང་དུ་ༀ་བཛྲ་ཀཱི་ལ་ཡ་ཧཱུཾ། རྡོ་རྗེ་ཕུར་བུའོ། །མངོན་ཐབས་ཀྱི་ལྷ་གསུམ་མི་དགོས་ཤིང་། ལྷ་སྣམ་གྱི་ཁྲོ་བོ་བཅུ། གྲ་བཞིའི་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་སོགས་གོང་ལྟར་རོ། །དཀྱིལ་འཁོར་དྲུག་པའི་དབུས་སུ། ༀ་བཛྲ་པཱ་ཎི་ཧཱུཾ། ཞེས་ཕྱག་ན་རྡོ་རྗེ་དང་། ༀ་བཛྲ་ཨཀྵོ་བྷྱཿཧཱུཾ། ཞེས་རིགས་བདག་མི་བསྐྱོད་པ་གཉིས་བཀོད། རྡོ་རྗེ་རྒྱ་གྲམ་གྱི་ཤར་གྱི་རྭ་ལ་ༀ་ས་མནྟ་བྷ་དྲཱི་ཧཱུཾ། ཞེས་ཀུན་ཏུ་བཟང་མོ་དང་། ལྷོའི་རྭ་ལ་ༀ་བཛྲ་པཱ་ཎི་ཧཱུཾ། ཞེས་ཕྱག་ན་རྡོ་རྗེ་དང་། ནུབ་ཀྱི་རྭ་ལ་ༀ་བཛྲ་ཀྲོ་ཏ་ཧཱུཾ། ཞེས་རྡོ་རྗེ་ཁྲོ་བོ་དང་། བྱང་གི་རྭ་ལ་ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཞེས་བདུད་རྩི་འཁྱིལ་བ་རྣམས་སོ། །ལྷ་མགྲོན་གསུམ་པོ་མི་དགོས། ལྷ་སྣམ་ལ་བསྐལ་བཟང་བཅུ་དྲུག་དང་། ཁྲོ་བཅུ་འདམ་ཁར་གསུངས་པས་འདིར་བསྐལ་བཟང་ནི། ཀཿཐོག་ལུགས་སུ་ཡོ་ག་ནས་བཤད་པའི་རྡོ་རྗེ་སེམས་དཔའ་དང་རྒྱལ་པོ་སོགས་ཡིན་པར་བཤད་ཀྱང་། ཟུར་ལུགས་སུ་ཤར་དུ་དཔའ་བར་འགྲོ་བ་ཀུན་ཏུ་བཟང་པོ་སོགས་བཞི་དང་། ལྷོར་དྲྭ་བ་ཅན་སོགས་བཞི། ནུབ་ཏུ་མྱ་ངན་ཀུན་འཇོམས་སོགས་བཞི། བྱང་དུ་བྱམས་པ་སོགས་བཞིར་བཤད་པས་འོག་ཏུ་དབང་གི་བསྐུར་ཚིག་ཏུ་ཡང་དེ་བཞིན་བཤད་ལ་འདིར་སྟ་གོན་གྱི་ཚེ་སྣམ་བུའི་ཕྱོགས་རེར་ཚོམ་བུ་བཞི་རེ་བཀོད་ཅིང་། སྔགས་ནི་ཐམས་ཅད་མཐུན་པར་ༀ་བོ་དྷི་སཏྭ་ཧཱུཾ་འབའ་ཞིག་གོ། ཁམས་ལུགས་སུ་སྒོ་བ་བཤད་ཀྱང་ཟུར་ལུགས་སུ་གསལ་ཁ་མེད། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་པོ་འདིའི་གཙོ་བོ་ཁམས་ལུགས་སུ་རིགས་བདག་གསུམ་ལས་མ་བཤད་ཀྱང་། འདིར་ལྷ་ཐེམས་ལས། རིགས་བདག་གཙུག་རྒྱན་རིགས་གཙོ་དབུས། །ཡུམ་མདུན་གཡས་གཡོན་ཁྲོ་བོ་དང་། །རྒྱབ་ནས་ཕོ་ཉས་ལྷ་ལྔ་ཐིམ། །ཞེས་གསལ་བར་འབྱུང་བ་བཞིན་འདིར་བཀོད་དོ། །དཀྱིལ་འཁོར་བདུན་པའི་དབུས་སུ། ༀ་ཝཱ་གཱི་ཤྭ་རི་མུཾ། ཞེས་འཇམ་དཔལ་དང་། དཀྱིལ་འཁོར་བརྒྱད་པའི་དབུས་སུ། ༀ་མ་ཎི་པདྨེ་ཧཱུཾ། ཞེས་སྤྱན་རས་གཟིགས་དང་། དཀྱིལ་འཁོར་དགུ་པའི་དབུས་སུ། ༀ་བཛྲ་པཱ་ཎི་ཧཱུཾ། ཞེས་ཕྱག་ན་རྡོ་རྗེ་དང་། དཀྱིལ་འཁོར་དེ་གསུམ་གྱི་འདབ་མ་དྲུག་ལ་ཤར་དུ་ཆོས་ཉིད་རྣམ་དག་གི་སྔགས་བརྗོད་ཅིང་ཚོམ་བུ་བཀོད་པ་ནི་ཤཱཀ་ཐུབ། ཤར་ལྷོར་ནམ་མཁའ་མཛོད་ཀྱི་སྔགས་དང་ཚོམ་བུ་ནི་རྣམ་སྣང་། ལྷོ་ནུབ་ཏུ་འཁྱིལ་པའི་སྔགས་དང་ཚོམ་བུ་ནི་བདུད་རྩི་འཁྱིལ་བ། ནུབ་ཏུ་ཤུགས་ལྡན་འོད་ཀྱི་སྔགས་བརྗོད་ཅིང་ཚོམ་བུ་ནི་རིན་འབྱུང་། ནུབ་བྱང་དུ་ཡེ་ཤེས་སྐར་མདའི་སྔགས་བརྗོད་ཅིང་ཚོམ་བུ་ནི་དོན་གྲུབ། བྱང་ཤར་དུ་དབང་སྒྱུར་འཁོར་ལོའི་སྔགས་དང་ཚོམ་བུ་ནི་ཕྱག་རྡོར་ཏེ། ཀྲྀ་ཡ་དོན་གྱི་ལྷ་དྲུག་གོ། །སྟ་གོན་གྱི་ལྷ་མཆོད་པའི་ཕྱིར་མཐར་མཆོད་པ་རྒྱས་བསྡུས་ཅི་རིགས་པ་ཡང་བཤམ་མོ། །དེ་ལྟར་དམ་ཚིག་པ་བསྐྱེད་ཚར་མ་ཐག །ༀ་བཛྲ་ས་མ་ཡ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྙན་གསན་དབབ་ཅིང་། ན་མཿས་མནྟ་བུདྡྷཱ་ནཱཾ་བུདྡྷ་དྷརྨ་སཾ་གྷ་ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཞེས་སྤྱན་དྲངས། ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བི་དྱ་དྷཱ་ར་པཱུ་ཙ་ག་ག་ན་ས་མ་ཡེ་སྭཱ་ཧཱ། ཞེས་མཆོད་ཡོན་ཕུལ། ༀ་པདྨ་ཨཱ་ས་ན་ཡ་སྭཱ་ཧཱ། ཞེས་གདན་ཕུལ་ཏེ་བཞུགས་པར་བསམ། འོག་ནས་འབྱུང་བ་བཞིན་མཆོད་པ་བྱིན་གྱིས་བརླབས་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་སྔགས་རྒྱར་བཅས་ཏེ་དབུལ་ལོ། །འོག་ནས་འབྱུང་བའི་བསྟོད་པ་རྒྱས་པའམ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད་ཅིང་། དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་སྔགས་ཀྱང་ཅི་རིགས་པར་བཟླས་པའི་མཐར་མཆོད་བསྟོད་བསྡུས་པ་ཕུལ་ཞིང་། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་བཀང་སྟེ། ཧཱུཾ་བཛྲ་མུཿཞེས་སྔགས་རྒྱར་བཅས་ཏེ། སྟ་གོན་གྱི་ལྷ་གཤེགས་སུ་གསོལ། །རྒྱུད་སྡེ་འོག་མ་འདི་རྣམས་ལ་ནམ་མཁར་མི་འདེགས་པའི་ལུགས་ཀྱང་འདུག་པ་བཞིན་བྱས་སོ། །མཆོད་རྫས་དང་ཚོམ་བུ་བསྡུའོ། །དེ་ལྟར་ལྷ་སྟ་གོན་འདི་ཕྱག་ལེན་འཇུག་པ་བདེ་བའི་ཕྱིར་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་གྱི་བྱ་བ་ཟིན་མ་ཐག་བགྱིས་ན་དཀྱིལ་འཁོར་བྲི་བ་སོགས་ལ་མི་གནོད་པའི་ཁྱད་པར་ཤིན་ཏུ་ཆེའོ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། རྩ་བར། པདྨ་འདབ་མ་བཞི་པ་ལྟེ་བ་སེར་དཀར་སྔོ་བ་གསུམ་དང་། འདབ་དྲུག་པ་ལྟེ་བ་དཀར་དམར་མཐིང་གསུམ་དང་། ནང་དུ་འཁོར་ལོ་སེར་པོ་རྩིབས་བཞི་པ། དེའི་ཕྱིར་པདྨ་དམར་པོ་འདབ་བཞི་པ། དེའི་ཕྱིར་སྔོན་པོ་རྒྱ་གྲམ་ཅན་གསུམ་མོ། །སྒོ་རྟ་བབས་སོགས་སྦྱི་དང་མཐུན་ནོ། །རྒྱས་པར་ལྷ་ཉེར་བདུན་མ་བྱེད་ན་ལྷ་སྣམ་ཡང་བྱའོ། །ཞེས་གསུངས་པ་ལྟར་ཕྱག་ལེན་བཞིན་བྲི་བ་ལ། པདྨ་འདབ་མ་བཞི་པའི་དཀྱིལ་འཁོར་གསུམ་གྱི་ལྟེ་བ་རིམ་བཞིན་སེར་དཀར་སྔོ། ཡང་ལྟེ་བ་སེར་པོ་འཁོར་ལོ་རྩིབས་བཞི་པ། ལྟེ་བ་དམར་པོ་པདྨ་འདབ་མ་བཞི་པ། ལྟེ་བ་སྔོན་པོ་རྡོ་རྗེ་རྒྱ་གྲམ་ཅན་གསུམ་ལ་ལྷ་སྣམ་དང་བཅས་པ། ཡང་འདབ་དྲུག་པ་ལྟེ་བ་དཀར་དམར་མཐིང་གསུམ་སྟེ། དཀྱིལ་འཁོར་དགུ་པོ་ཐམས་ཅད་ལ་རྩིག་པ་ཕན་སྤྱི་དང་འདྲ་ཞིང་། རྩིག་པའི་ཁ་དོག་འོག་གི་དཀྱིལ་ཆོག་སྐབས་བཞིན་ལ། འདོད་སྣམ། ཕ་གུ། དྲྭ་ཕྱེད། མདའ་ཡབ། ཤར་བུ། མུན་པ། ཀ་བ། ཀ་རྒྱན། གླང་རྒྱབ། རྟ་བབས་རིམ་བཞི། པདྨ། ཆོས་འཁོར། གདུགས་ཏོག །ཁོར་ཡུག་ཏུ་པད་ར། རྡོར་ཕྲེང་། མེ་རི་སོགས་སྤྱི་ལྟར་དང་། ལྷ་གནས་སུ་ཚོན་སྤུངས་བྱའོ། །གཉིས་པ་མཆོད་པ་བཤམ་པ་ནི། རྩ་བར། དེ་ནས་ཆས་འཇུག་བྱ། མཆོད་པ་རྣམ་ལྔ་དང་གཏོར་མ་ཆ་གསུམ་བཤམ། དཀྱིལ་འཁོར་མཐའ་མར་མདའ། རལ་གྲི། ཕུར་བུ། ཐུགས་རྗེའི་རྒྱུན་ཐག་བཤམ། ཙཀླི་འགོད་པར་བྱའོ། །ཞེས་གསུངས་པས། དཀྱིལ་འཁོར་སོ་སོའི་མཐར་མཚམས་འཛིན་ནས་བཟུང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་། འདི་མན་ཆོད་གསང་སྔགས་ཁོ་ན་ཡིན་ཕྱིར་དཀོན་མཆོག་སྦྱི་གཏོར་ཞེས་མིང་མི་འདོགས་པར་འདས་གཏོར་དཀར་ཟླུམ་མཐེབ་སྐྱུས་བསྐོར་བ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཀུ་བག་ཅན་ཏེ་ཤ་ཆང་དང་མ་འདྲེས་པའི་གཙང་སྤྲ་དང་ལྡན་པ་བཤམ་པར་བྱའོ། །ཆ་གསུམ་གྱི་དཀྱིལ་འཁོར་མ་བསྡུས་ན་མཆོད་པ་རྣམས་གསོ་ཞིང་ཆ་གསུམ་གྱི་གཏོར་མ་གསར་དུ་བཤམ། བསྡུས་ཟིན་ན་ཆ་གསུམ་གྱི་གཏོར་མ་བཤམ་མོ། །གཞན་ཡང་རྩ་བ་ནས་གསུངས་པ་ལྟར་དཀྱིལ་འཁོར་གྱི་མཐའ་མར་མདའ་བརྒྱད་མེ་ལོང་དང་དར་ཚོན་གྱིས་བརྒྱན་པ། རལ་གྲི་དང་ཕུར་བུ་བརྒྱད་དམ་བཞི། དེ་རྣམས་ཀྱི་བར་ཚོན་སྐུད་སྣ་ལྔས་ཕྱག་ལེན་ལྟར་འབྲེལ་ཤིང་ལྷ་གནས་སོ་སོར་ལྷ་ཙཀ་ཀྱང་བཙུགས། དཀྱིལ་འཁོར་དགུ་པོ་གང་བདེའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་དོག་ལྔའམ་གང་མཛེས་འཁོར་ལོའི་མཚན་མ་གདགས་པ་ཁ་རྒྱན་དུང་ཆོས་རྡོར་གཟུངས་དང་བཅས་པ་དང་། སློབ་དཔོན་གྱི་མདུན་དུ་ལས་བུམ་གོང་བཞིན་ལ་བུམ་དར་དཀར་ལྗང་གང་རིགས་ཅན་རྫས་ལྡན་ཕུར་བུའི་མཚན་མ་ཅན་ཡང་བཤམ་མོ། །གཞན་ཡང་སྔོན་འགྲོའི་གཏོར་མ་གཉིས་དང་ཡུངས་ཐུན་གུ་གུལ་སོལ་མེ་མཎྜལ་མེ་ཏོག་དང་བཅས་པ་དང་། དབང་རྫས་རྣམས་ཀྱང་བཤམ་མོ། །རྩ་བའི་ས་བཅད་གསུམ་པ་ལྷ་ཚོགས་བསྐྱེད་པ་ནི་བདག་མདུན་བུམ་གསུམ་གྱི་ཆོ་གའི་སྐབས་སུ་སྟོན་ལ། བཞི་པ་རབ་གནས་ནི། རྩ་བར། རབ་གནས་གོང་བཞིན་བྱ། ཞེས་གསུངས་པས། སློབ་དཔོན་གྱིས་རྡོར་དྲིལ་དང་བཅས་ཏེ་རྟེན་འབྲེལ་སྙིང་པོ་བཟླ་ཞིང་གནས་ཁང་དཀྱིལ་འཁོར་མཆོད་རྫས་ཐམས་ཅད་ལ་མེ་ཏོག་གཏོར་རོ། །ལྔ་པ་ཆོག་གཞུང་ནི་བདག་མདུན་བུམ་གསུམ་གྱི་ཆོ་ག་སྟེ། དེ་ཡང་རྩ་བར། ལྷ་བུམ་དུ་བཟླས་པ་ཚར་བ་དང་། ལས་བུམ་དུ་ཁམས་གསུམ་རྣམ་རྒྱལ་དཀར་ལྗང་ཕྱག་གཉིས་ཕུར་བུ་ཅན་དུ་བསྐྱེད་དེ། ༀ་ཏྲཻ་ལོཀྱ་བི་ཛཱ་ཡ་ཧཱུཾ་ཕཊ། ཞེས་བཟླས་ཏེ་དང་པོ་ཁྲུས་བྱ། དེ་ནས་སུ་སི་ཏི་ཀ་ར་ཡེ་སཱ་ཧཱ། ཞེས་པས་མི་ཚུགས་ཤིང་ཉེ་རེག་འཐོར་འཐུང་བྱའོ། །དེ་ནས་བུམ་ཆུ་ཕྱོགས་བཅུར་གཏོར་ཞིང་ཞེས་འབྱུང་བ་དོང་སྤྲུགས་སོགས་ལས་ཀྱང་ཐོག་མར་བསང་ཆུ་བརླབ་ཅིང་དེས་བསང་སྦྱང་བྱ་བར་བཤད་པས། ལས་བུམ་གྱི་བསང་ཆུའི་དོད་བྱས་པ་ཡིན་པས་འདིར་སྒྲུབ་ཅིང་རྣམ་བུམ་ནི་བདག་བསྐྱེད་ཚར་ནས་སྒྲུབ་པ་དེའོ། །དེའི་ཚུལ་ནི། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གཞལ་ཡས་ཁང་པར་གྱུར་པའི་དབུས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་དཀར་ལྗང་ལས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སྐུ་མདོག་དཀར་ལྗང་ཞལ་གཅིག་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ་ཁྲོ་བོའི་ཆས་དང་ལྡན་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ བཛྲ་ས་མ་ཡ་སྟྭཾ། ༀ་ཀྲོ་ཏ་རཱ་ཛ་ཏྲཻ་ལོ ཀྱ་བི་ཛཱ་ཡ་ཨརྒྷཾ་སོགས་ཀྱིས་མཆོད། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ༀ་ཏྲཻ་ལོཀྱ་བི་ཛཱ་ཡ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བཟླས་མཐར་གོང་བཞིན་མཆོད་བསྟོད་བྱས་ལ་འོད་དུ་ཞུ་སྟེ་བུམ་པའི་ཆུར་གྱུར་པར་བསམ་མོ། །དེ་ནས་བུམ་ཆུས་རང་ཉིད་ཁྲུས་བྱ། སུ་སི་ཏི་ཀ་ར་ཡེ་སྭཱ་ཧཱ། ཞེས་གནས་རྣམས་སུ་ཉེ་རེག་དང་འཐོར་འཐུང་བྱ། དེ་ནས་ཕྱོགས་བཅུར་གཏོར་ཞིང་། རྩ་བར། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་མཁའ་ལ་ཆར་འབེབས་པ། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ༀ་ཤུདྡྷེ་ཤུདྡྷེ་ཤྭ་དྷ་ན་ཡེ་སཱ་ཧཱ། ཞེས་བཟླས་ལ་གནས་ཁང་དང་དཀྱིལ་འཁོར་མཆོད་རྫས་ཐམས་ཅད་ལ་གཏོར་རོ། །མཆོད་པ་རྣམས་གསུམ་རྒྱལ་གྱི་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཞེས་སོགས་དཀྱིལ་འཁོར་སྔ་མ་རྣམས་ཀྱི་ལུགས་ལྟར་སྔགས་རྒྱས་བྱིན་གྱིས་བརླབས་ཤིང་རོལ་མོའི་སྔགས་དང་མཆོད་པའི་སྤྲིན་གྱི་གཟུངས་འདོན་པའི་བར་རོ། །སྐྱབས་སེམས་ཀྱི་སྔོན་དུ་མཁྱེན་པར་གསོལ་ཏེ་སྡིག་པ་བཤགས་པ་དང་སྐྱབས་སུ་འགྲོ་བ་ནི། རྩ་བར། ཐལ་མོ་སྦྱར་ཏེ། ན་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དུས་འདི་ནས་བཟུང་སྟེ་ཐོག་མ་མ་མཆིས་པའི་བར་དུ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རངས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་གི་ལུས་འབུལ་གྱི་བཞེས་སུ་གསོལ། ན་མོ། སྐྱབས་མཆོག་དམ་པའི་མཆོག །གླིང་དམ་པའི་མགོན། བསོད་ནམས་དམ་པའི་དཔལ་གྱི་ཞིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཐུགས་རྗེའི་མངའ་བདག །འགྲོ་བ་ཡོངས་ཀྱི་དཔལ་མགོན། མཆོད་གནས་བླ་ན་མེད་པའི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཆོ་ག་སྔ་མ་རྣམས་ལས་འབྱུང་བ་བཞིན་སྤྱི་འགྲོའི་སྐྱབས་སེམས་དང་ཚད་མེད་བཞི་ཡང་བྱའོ། །སྔོན་འགྲོ་གཏོར་མ་དང་པོ་གསུམ་རྒྱལ་གྱིས་བསང་སྦྱང་། ༀ་ཨཱཿཧཱུཾ་ལན་གསུམ་གྱི་བྱིན་གྱིས་བརླབས་ཏེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ལ་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བའི་ང་རྒྱལ་བྱ་དགོས་ཏེ། གླན་སྟོན་གྱིས་ༀ་བཛྲ་མ་ཧཱ་ཀྲོ་ཏ་ཨ་མྲ་ྀ ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་ཕྱག་གཡས་རྡོ་རྗེ་རྒྱ་གྲམ་བསྣམས་པས་དགྲ་བགེགས་ཐམས་ཅད་སྐྲོད་པ། གཡོན་གྱི་དྲིལ་བུའི་སྒྲས་གདོན་བགེགས་ཐམས་ཅད་དཀྱིལ་འཁོར་ཆེན་པོའི་མཚམས་ཀྱི་ནང་ན་འདུག་ས་མེད་པར་བསམ་ལ། རྩ་བར། ན་མོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་། ལྷ་དང་དྲང་སྲོང་རྣམས་ཀྱི་བཀའ་བདེན་པ་དང་། ཡུམ་ཆེན་མོ་དང་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། མི་བསྐྱོད་པ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མཆོད་པ་དང་ཆོ་ག་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་གློག་ལྟར་གཡོ་ཞིང་རླུང་ལྟར་འཚུབས་པ། སྦལ་པ་རྨ་ཅན་དང་། ལོག་འདྲེན་གོད་སྐྱ་དང་། དྲི་ལི་ངད་ལྡན་དང་། གྲིབ་གནོན་སྲུལ་པོ་དང་། ཚངས་པ་སྦྱིན་ངན་དང་། ལོག་འདྲེན་སྣ་ཡོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་དེངས་ཤིག །རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བས། ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿས་མནྟ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོཏ་ཀ་ཊ་བྷེ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་བུདྡྷཱ་སྟྭ་ཡ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གྲྀ་ཧྞ་གྲྀ་ཧྞ། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། སྥོ་ཊ་སྥོ་ཊ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀ་ནན། མ་ཧཱ་ག་ན་པ་ཏི་ཛི་ཝི་ཏ་ཨནྟ་ཀ་རཱ་ཡ་སཱ་ཧཱ། ཞེས་བཟླས་ཏེ་གུ་གུལ་བདུག་ཅིང་ཡུགས་ཀར་གྱིས་བྲབ་ལ་བསྐྲད་དེ་མཚམས་བཅད་དོ། །རྩ་བར། དེ་ནས་ༀ་ཛི་ན་ཛིཀ྄། ཨཱཾ་ཨ་རོ་ལིཀ྄། ཧཱུཾ་བཛྲ་དྷྲྀཀ྄། ཏ་ཐཱ་ག་ཏོ་བྷ་ཝ་ཡེ་སྭཱ་ཧཱ། ༀ་བཛྲོད་བྷི་བ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་རིགས་གསུམ་འཁོར་དང་བཅས་པ་དམིགས་ལ། ཞེས་གསུངས་པའི་དོན་རྒྱུན་བཤགས་ཀྱི་དོད་ཡིན་པས་མདུན་གྱི་ནམ་མཁར་སྐུའི་ལྷ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། གསུང་གི་ལྷ་སྣང་བ་མཐའ་ཡས། ཐུགས་ཀྱི་ལྷ་མི་བསྐྱོད་པ། རྡོ་རྗེ་སེམས་དཔའ། གཞན་ཡང་རིགས་གསུམ་མགོན་པོ་སོགས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་མངོན་སུམ་དུ་དམིགས་ཏེ་ཕྱག་བྱས་པར་བསམ་ལ། ༀ་ཛི་ན་ཛིཀ྄་སོགས་སྔགས་རྣམས་བརྗོད་ཅིག ཐལ་མོ་སྦྱར་ཏེ་ཚིག་དོན་དྲན་པའི་ཏིང་ངེ་འཛིན་དང་ལྡན་པས། རྩ་བར། འཇིག་རྟེན་དག་གི་ཕྱོགས་ཀུན་ནས། །དེ་བཞིན་གཤེགས་པ་གང་བཞུགས་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་རྣམས། །བདག་གི་མ་འཚལ་སྡིག་བགྱིས་དང་། །གང་ཡང་བགྱིད་དུ་སྩལ་བ་དང་། །རྗེས་སུ་ཡི་རངས་བགྱིས་ལ་སོགས། །བག་མེད་པ་ནི་ཕྲ་མོ་ཡང་། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །ཡང་དང་ཡང་དུ་མཐོལ་ཞིང་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱིད། །བདག་གི་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་ལྟར། །བདག་ཀྱང་དེ་ལྟར་དམ་བཅའོ། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། །དེང་ནས་མཆོག་གི་ས་བོན་གང་། །ཐར་པ་བདུད་རྩིའི་འབྲས་བུ་སྨིན། །ཤིན་ཏུ་བསྒོམས་པས་མཆོག་གྱུར་ཏེ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །དགེ་བའི་ལས་རྣམས་གང་དག་ཀུན། །འདི་དང་གཞན་དུ་བསགས་རྣམས་ཀྱི། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་པས་ཡི་རང་ངོ་། །སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་ལྟར། །བདག་ཀྱང་དགེ་བ་ཀུན་རྟོགས་ནས། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །འཕགས་པ་རྣམས་ཀྱིས་རྗེས་དགོངས་ཏེ། །མགོན་མ་མཆིས་པ་བདག་མྱུར་དུ། །སངས་རྒྱས་འགྲུབ་པར་མཛད་དུ་གསོལ། །ལན་གསུམ་བྱའོ། །ས་ལུགས་སོགས་བྱ་རྒྱུད་ལ་བདག་བསྐྱེད་དངོས་བསྟན་མ་བཤད་ཀྱང་། འདིར་བྱ་རྒྱུད་ཁོ་ནའི་སྐབས་མ་ཡིན་ཅིང་། སྤྱིར་བླ་མེད་ཀྱི་དཀྱིལ་འཁོར་ཁོངས་སུ་བསྡུས་པའི་ཕྱིར་ཐེག་པ་གོང་མས་འོག་མ་ཟིལ་གྱིས་གནོན་པའི་དགོངས་པ་འདི་རྣམ་པ་ཐམས་ཅད་དུ་དྲན་པར་བྱ་བ་གནད་དུ་ཆེ་བ་ཡོད་དོ། །དང་པོ་བདག་བསྐྱེད་ནི། ཁམས་ལུགས་སུ་ཆོ་གའི་སྐབས་བདག་མདུན་བུམ་གསུམ་གྱི་ལྷ་རྣམ་འཇོམས་རིགས་ལྔ་དང་། ཡུམ་ཆེན། རིགས་གསུམ་མགོན་པོ་སྟེ་གཙོ་འཁོར་དགུ་ལ། ཁྲོ་བོ་བཅུ། སྒེག་སོགས་བརྒྱད་དང་། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་སྒོ་བ་དང་བཅས་པ་ཁོ་ན་ཁ་བསྒྱུར་ཞིང་། དབང་གི་ལྷ་ཟུར་ལུགས་ལྟར་མཛད་འདུག་པ་རྒྱ་མགོ་ཧོར་མཇུག་ལྟར་སྣང་བས། འདིར་ཟུར་ལུགས་ལྟར་མདུན་བསྐྱེད་ལ་བྲིས་པའི་དཀྱིལ་འཁོར་དང་མཐུན་པའི་སྒོམ་ཚུལ། བུམ་བསྐྱེད་ལ་རྣམ་བུམ་གྱི་བསྐུར་ཚིག་གི་ཤུགས་བསྟན་ལྟར་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་དང་། རིགས་གསུམ་མགོན་པོ། བདག་བསྐྱེད་ལ་ངང་སྒོམ་ལྟར་རང་སྐུའི་ལྷ་རྣམ་སྣང་དུ་བསྐྱེད་པའི་གནས་གསུམ་དུ་རིགས་གསུམ་མགོན་པོ་བསྒོམས་པས། གསུང་གི་ལྷ་སྤྱན་རས་གཟིགས་ཀྱི་རིགས་བདག་དང་། ཐུགས་ཀྱི་ལྷ་ཕྱག་རྡོར་དང་གཉིས་མེད་དུ་ཤེས་པ་སོགས་གཞུང་དོན་དང་མཐུན་པར་རྟོགས་པ་འདི་ལྟར་རོ། །སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པད་ཟླའི་གདན་ལ་རང་ཉིད་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་ཅན་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྤྱི་བོར་པད་ཟླའི་སྟེང་དུ་མཱུཾ་ལས་འཇམ་དབྱངས་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་དང་གཡོན་ཨུཏྤལ་གྱི་སྟེང་ན་གླེགས་བམ་འཛིན་པ། མགྲིན་པར་པད་ཟླའི་སྟེང་དུ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར། གཡས་འོག་མས་ཤེལ་ཕྲེང་དང་གཡོན་འོག་མས་པདྨ་བསྣམས་པ། སྣང་བ་མཐའ་ཡས་ཀྱི་རིགས་བདག་ཅན། སྙིང་ཁར་པད་ཟླའི་སྟེང་དུ་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་ཁྲོ་ཚུལ་ཅན། ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ལྷ་སོ་སོའི་མཚན་བསྟོད་འོག་ནས་འབྱུང་བའམ་སྤྱི་བསྟོད་ཀྱིས་བསྟོད་ལ། རྣམ་སྣང་ལ་ༀ་བཻ་རོ་ཙ་ན་ༀ། འཇམ་དབྱངས་ལ་ཝཱ་གཱི་ཤྭ་རི། སྤྱན་རས་གཟིགས་ལ་མ་ཎི། ཕྱག་རྡོར་ལ་བཛྲ་པཱ་ཎི་བཟླས་སོ། །མཆོད་བསྟོད་གོང་ལྟར་བྱས་ལ་བདག་བསྐྱེད་བསྡུའོ། །གཉིས་པ་བུམ་བསྐྱེད་ནི། རྣམ་བུམ་གསུམ་རྒྱལ་གྱི་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པད་ཟླའི་གདན་ལྔའི་དབུས་སུ་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། མདུན་དུ་འོད་དཔག་མེད་སྤྲུལ་སྐུ་མཉམ་གཞག་ཅན། གཡས་སུ་འཇམ་དབྱངས་སེར་པོ་རལ་གྲི་གླེགས་བམ་ཅན། རྒྱབ་ཏུ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར། གཡས་འོག་མ་ཤེལ་ཕྲེང་དང་གཡོན་པད་དཀར་འཛིན་པ། གཡོན་དུ་ཕྱག་རྡོར་ཁྲོ་ཚུལ་རྡོ་རྗེ་སྡིགས་མཛུབ་ཅན། རྣམ་སྣང་དང་རིགས་གསུམ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ཨ་རྒྷཾ་སོགས་ཀྱིས་མཆོད། སྤྱི་དང་བྱེ་བྲག་གི་བསྟོད་པས་བསྟོད་ལ། །གཟུངས་ཐག་ནས་བཟུང་སྟེ། བདག་གི་ཐུགས་ཀ་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་བུམ་ནང་གི་ལྷ་ལ་ཕོག །དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས་རྒྱལ་བ་རྣམས་ཀྱི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་བསྡུས་བདག་ལ་ཐིམ། སླར་ཡང་བདུད་རྩི་གཟུངས་ཐག་ལ་འཁྲིལ་ཏེ་སོང་བའི་རྐྱེན་གྱིས་བུམ་ནང་གི་ལྷའི་སྐུའི་ཆ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་ཞིང་། དེའི་འོད་ཟེར་གྱིས་སེམས་ཅན་གྱི་སྡིག་སྒྲིབ་དག་པར་བསམ་ཞིང་། བདག་བསྐྱེད་ཀྱི་སྔགས་རྣམས་ཀྱི་སྟེང་འོད་དཔག་མེད་ལ་ༀ་ཨ་མི་དེ་ཝ་ཨ། ཞེས་པ་བསྣན་ཏེ་སོ་སོར་བརྒྱ་རྩ་རེ་བཟླས་མཐར་མཆོད་བསྟོད་དང་ཡིག་བརྒྱས་ལྷག་ཆད་བཀང་སྟེ། ༀ་ཨཱཿཧཱུཾ་ཞེས་དུང་ཆོས་ཀྱི་མཆོད་ཡོན་ཕུལ་བའི་རྐྱེན་གྱི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བུམ་ཆུར་གྱུར་པར་བསམ་མོ། །རྩ་བར། དེ་ནས་རང་ཉིད་ཁྲུས་བྱ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས་བདུད་རྣམ་དག་བྱ། སྭ་བྷཱ་ཝས་བདག་དང་སྣང་བ་སྟོང་པར་བསམ། དེའི་ངང་ལས་མདུན་བསྐྱེད་དཀྱིལ་འཁོར་རྣམས་རིམ་པ་བཞིན། ཞེས་གསུངས་པའི་དོན་ཁྲུས་དང་བདུན་རྣམ་དག་སྐྱབས་སེམས་སོགས་གོང་དུ་སོང་། འདིར་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྒྲུབ་ཚུལ་ལ། གསུམ་པ་མདུན་བསྐྱེད་སྒྲུབ་པ་ནི། དཀྱིལ་འཁོར་རྣམས་གསུམ་རྒྱལ་གྱི་སྔགས་ཆུས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྒྱན་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་པོ་དང་། བཞི་པ་དང་། བདུན་པ་རྣམས་རྩིག་པ་ནང་ནས་སེར་དཀར་དམར་ལྗང་སྔོ་བ། གཉིས་པ་དང་། ལྔ་པ་དང་། བརྒྱད་པ་རྣམས་ནང་ནས་དཀར་སེར་དམར་ལྗང་སྔོ་བ། གསུམ་པ་དང་། དྲུག་པ། དགུ་པ་རྣམས་ནང་ནས་མཐིང་དཀར་སེར་དམར་ལྗང་བའི་མདོག་ཅན་ནོ། །དཀྱིལ་འཁོར་དང་པོའི་དབུས་སུ་པད་ཟླའི་གདན་ལ། མཱུཾ་ལས་འཇམ་དཔལ་སེར་པོ་གཡས་རལ་གྲི་གཡོན་ཨུཏྤལ་འཛིན་པ་དང་། དཀྱིལ་འཁོར་གཉིས་པའི་དབུས་སུ་པད་ཟླའི་གདན་ལ་ཧྲཱིཿ ལས་སྤྱན་རས་གཟིགས་དཀར་པོ་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ། དཀྱིལ་འཁོར་གསུམ་པའི་དབུས་སུ་པད་ཟླའི་གདན་ལ་ཧཱུཾ་ལས་ཕྱག་ན་རྡོ་རྗེ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་ཅན་ནོ། །དཀྱིལ་འཁོར་གསུམ་གའི་ཤར་གྱི་པད་འདབ་ལ་ཧཱུཾ་ལས་སྒེག་མོ་དཀར་མོ་མེ་ལོང་འཛིན་པ། ལྷོའི་པད་འདབ་ལ་ཏྲཾ་ལས་ཕྲེང་བ་མ་སེར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ནུབ་ཀྱི་པད་འདབ་ལ་ཧྲཱིཿལས་གླུ་མ་དམར་མོ་པི་ཝཾ་འཛིན་པ། བྱང་གི་པད་འདབ་ལ་ཨཱཿལས་གར་མ་ལྗང་གུ་གར་བསྒྱུར་བའོ། །རྩ་བར། ལྷ་བཅོ་ལྔ་པ་སྟེང་གི་དབུས་སུ་རྣམ་སྣང་། མདུན་དུ་སངས་རྒྱས་སྤྱན། གཡས་སུ་འཇམ་དཔལ། གཡོན་དུ་ཁྲོ་བོ་གཤིན་རྗེ་གཤེད། རྒྱབ་ཏུ་ཕོ་ཉ་རྣོན་པོ། བར་གྱི་དབུས་སུ་འོད་དཔག་མེད། མདུན་དུ་གོས་དཀར་མོའོ། །གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཁྲོ་བོ་རྟ་མགྲིན། རྒྱབ་ཏུ་ཕོ་ཉ་རྡོ་རྗེ་ཕུར་བུའོ། །འོག་གི་དབུས་སུ་རྡོ་རྗེ་སེམས་དཔའ། མདུན་དུ་ཀུན་ཏུ་བཟང་མོ། །གཡས་སུ་ཕྱག་ན་རྡོ་རྗེ། གཡོན་དུ་བདུད་རྩི་འཁྱིལ་བ། རྒྱབ་ཏུ་ཕོ་ཉ་རྡོ་རྗེ་ཁྲོ་བོ། །ལྷ་ཉེར་བདུན་དུ་བྱེད་ན་ལྷ་སྣམ་ལ་ཁྲོ་བོ་བཅུ། གྲ་བཞིར་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དོ། །ཡང་ལྷ་སྣམ་ལ་སྐལ་བཟང་བཅུ་དྲུག་དགོད་པའམ་གང་མོས་སུ་བྱའོ། །ཞེས་གསུངས་པའི་དོན་རྣམས་མན་ངག་བཞིན་འདི་མན་ཆོད་དུ་སྡེབས་སོ། །དཀྱིལ་འཁོར་བཞི་པ་སྐུའི་དཀྱིལ་འཁོར་གྱི་དབུས་སུ་མཱུཾ་ལས་འཇམ་དཔལ་སེར་པོ་རལ་གྲི་དང་གླེགས་བམ་འཛིན་པའི་སྤྱི་བོར་ༀ་ལས་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། རྩིབས་བཞིའི་ཤར་དུ་ལཾ་ལས་སྤྱན་མ་དཀར་མོ་སྦྱན་འབྲས་འཛིན་པ། ལྷོའི་རྩིབས་ལ་མཱུཾ་ལས་འཇམ་དབྱངས་སེར་པོ་རལ་གྲི་དང་གླེགས་བམ་འཛིན་པ། ནུབ་ཀྱི་རྩིབས་ལ་དྷྲཱི་ལས་རྡོ་རྗེ་རྣོན་པོ་དཀར་པོ་ཕུར་བུ་སྒྲིལ་པ། བྱང་གི་རྩིབས་ལ་ཡ་ལས་ཁྲོ་བོ་གཤིན་རྗེ་གཤེད་སྨུག་ནག་བེ་ཅོན་དང་སྡིག་གཛུབ་མཛད་པའོ། །ཁོར་ཡུག་ལ་མགྲོན་ཐབས་ཀྱི་ལྷ་ལྷ་མོ་དཔལ་དཀར་མོ་པདྨ་འཛིན་པ། མཛོད་སྤྲུལ་མ་དཀར་མོ་ནོར་བུ་འཛིན་པ། ཚངས་པ་སེར་པོ་གདོང་བཞི་པ་འཁོར་ལོ་འཛིན་པའོ། །དཀྱིལ་འཁོར་ལྔ་པ་གསུང་གི་དཀྱིལ་འཁོར་གྱི་དབུས་སུ་པད་ཟླའི་གདན་ལ་ཧྲཱིཿལས་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར། འོག་མ་གཉིས་ཀྱིས་ཤེལ་ཕྲེང་དང་པད་དཀར་འཛིན་པའི་དབུ་གཙུག་ཏུ་རིགས་ཀྱི་བདག་པོ་འོད་དཔག་མེད་དམར་པོ་སྤྲུལ་སྐུའི་ཆ་བྱད་ཅན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། པད་འདབ་བཞིའི་ཤར་དུ་པཾ་ལས་གོས་དཀར་མོ་དམར་མོ་པདྨ་བསྣམས་པ། ལྷོར་ཧྲཱིཿལས་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་ཐལ་སྦྱར་ཤེལ་ཕྲེང་པདྨ་འཛིན་པ། ནུབ་ཏུ་ཧྲཱིཿལས་རྟ་མགྲིན་དམར་པོ་རྟ་མགོ་ཅན་རལ་གྲི་འཛིན་པ། བྱང་དུ་ཧཱུཾ་ལས་རྡོ་རྗེ་ཕུར་བུ་དམར་པོ་ཕུར་བུ་འཛིན་པའོ། །ཁོར་ཡུག་ལ་མགྲོན་ཐབས་ཀྱི་ལྷ་གྲགས་ལྡན་མ་དཀར་མོ་པདྨ་འཛིན་པ། ལུ་གུ་རྒྱུད་མ་སེར་མོ་ལྕགས་སྒྲོག་འཛིན་པ། ལྷ་ཆེན་མ་ཧཱ་དེ་བ་དམར་པོ་རྩེ་གསུམ་འཛིན་པའོ། །དཀྱིལ་འཁོར་བཞི་པ་དང་། ལྔ་པ་གཉིས་ཀྱི་ལྷ་སྣམ་ལ་ཧཱུཾ་བཅུ་ལས་ཤར་སྟོད་དུ་ཧཱུཾ་མཛད། ཤར་དུ་རྣམ་རྒྱལ། ལྷོར་གཤིན་རྗེ། ནུབ་ཏུ་རྟ་མགྲིན། ནུབ་སྨད་དུ་སྟོབས་པོ་ཆེ། བྱང་དུ་བདུད་རྩི་འཁྱིལ་བ། ཤར་ལྷོར་དབྱུག་སྔོན་ཅན། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་བྱང་དུ་གཞན་གྱིས་མི་ཐུབ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་ཏེ་བཅུ་པོ་ཐམས་ཅད་ཀྱང་གཡས་རྡོ་རྗེ་རྩེ་ལྔ་དང་གཡོན་སྡིགས་མཛུབ་ཅན་ཁྲོ་བོའི་རྒྱན་ཆས་བརྗིད་པ་ཉི་མའི་གདན་ལ་བརྐྱང་བསྐུམ་གྱིས་བཞུགས་པའོ། །དཀྱིལ་འཁོར་གཉིས་ཀའི་མཚམས་ཀྱི་གྲུ་ཆད་བཞིར་ཏྲཾ་བརྒྱད་ལས་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ནི། ཤར་ལྷོར་དུས་ལྡན་མ་དཀར་མོ་དཔལ་བེ་བསྣམས་པ་དང་། པདྨ་ཅན་དཀར་མོ་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་འཇིགས་བྲལ་མ་སྔོན་མོ་པདྨ་བསྣམས་པ། འོད་ལྡན་མ་སྔོན་མོ་རྒྱལ་མཚན་འཛིན་པ། ནུབ་བྱང་དུ་མདངས་ཅན་མ་དམར་མོ་གདུགས་འཛིན་པ། དྲི་མེད་མ་དམར་མོ་བུམ་པ་འཛིན་པ། བྱང་ཤར་དུ་རྒྱལ་གདུང་མ་ལྗང་གུ་དུག་བསྣམས་པ། ཡིད་བཟང་མ་ལྗང་གུ་གསེར་ཉ་འཛིན་པའོ། །དཀྱིལ་འཁོར་དྲུག་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་པད་ཟླའི་གདན་ལ་ཧཱུཾ་ལས་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་ཁྲོ་ཚུལ་ཅན་གྱི་སྤྱི་བོར་ཧཱུཾ་ལས་རིགས་བདག་ཐུགས་མཆོག་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་གཞག་ཅན། ཕྱོགས་ཀྱི་རྭ་བཞིའི་ཤར་དུ་མཱུཾ་ལས་ཀུན་ཏུ་བཟང་མོ་སྔོན་མོ་རྡོ་རྗེ་རྩེ་གསུམ་དང་དྲིལ་བུ་འཛིན་པ། ལྷོར་ཧཱུཾ་ལས་ཕྱག་རྡོར་སྔོན་པོ་རྡོ་རྗེ་སྡིགས་མཛུབ་ཁྲོ་ཚུལ་ཅན། ནུབ་ཏུ་ཧཱུཾ་ལས་རྡོ་རྗེ་ཁྲོ་བོ་དཀར་སེར་རྡོ་རྗེ་དང་ཞགས་པ་འཛིན་པ། བྱང་དུ་ཧཱུཾ་ལས་བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་དང་བུམ་པ་བསྣམས་པ། ཁོར་ཡུག་ལ་མགྲོན་ཐབས་ཀྱི་ལྷ་སྟོབས་ཆེན་མ་ནག་མོ་རྡོ་རྗེ་རྩེ་གཅིག་པ། རྣམ་རྒྱལ་མ་དཀར་མོ་འཁོར་ལོ་འཛིན་པ། ལྷ་ཆེན་ཁྱབ་འཇུག་མཐིང་ག་འཁོར་ལོ་འཛིན་པའོ། །ལྷ་སྣམ་ལ་ༀ་བཅུ་དྲུག་ལས། ཤར་དུ་བྱང་ཆུབ་སེམས་དཔའ་དཔའ་བར་འགྲོ་དཀར་པོ་རལ་གྲི་འཛིན་པ། ཀུན་བཟང་དཀར་པོ་རིན་ཆེན་འཛིན་པ། ཟླ་འོད་དཀར་པོ་ཟླ་བ་འཛིན་པ། བཟང་སྐྱོང་དཀར་པོ་བུམ་པ་འཛིན་པ། ལྷོར་དྲྭ་བ་ཅན་སྔོན་པོ་འོད་ཟེར་འགྱེད་པ། ནམ་མཁའ་མཛོད་སྔོན་པོ་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། ནམ་མཁའི་སྙིང་པོ་སྔོན་པོ་རྡོ་རྗེ་རྩེ་གསུམ་པ་འཛིན་པ། འོད་དཔག་མེད་སྔོན་པོ་རིན་ཆེན་འབར་བ་འཛིན་པ། ནུབ་ཏུ་མྱ་ངན་ཀུན་འཇོམས་དམར་པོ་རལ་གྲི་འཛིན་པ། ཡེ་ཤེས་ཏོག་དམར་པོ་རིན་པོ་ཆེའི་ཏོག་འཛིན་པ། སྤོབས་པ་བརྩེགས་དམར་པོ་པདྨ་འཛིན་པ། བློ་གྲོས་མི་ཟད་པ་དམར་པོ་གླེགས་བམ་འཛིན་པ། བྱང་དུ་བྱམས་པ་ལྗང་གུ་ཀླུ་ཤིང་དང་སྤྱི་བླུགས་འཛིན་པ། སྤོས་ཀྱི་གླང་པོ་ལྗང་གུ་དུང་དཀར་འབུད་པ། ངན་སོང་ཀུན་འདྲེན་ལྗང་གུ་ལྕགས་ཀྱུ་འཛིན་པ། དོན་ཀུན་གྲུབ་བྱེད་ལྗང་གུ་རྒྱ་གྲམ་འཛིན་པའོ། །དཀྱིལ་འཁོར་བདུན་པའི་དབུས་སུ་པད་ཟླའི་གདན་ལ་མཱུཾ་ལས་འཇམ་དབྱངས་སེར་པོ་རལ་གྲི་གླེགས་བམ་འཛིན་པ། དཀྱིལ་འཁོར་བརྒྱད་པའི་དབུས་སུ་པད་ཟླའི་གདན་ལ་ཧྲཱིཿལས་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར་དང་འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ། དཀྱིལ་འཁོར་དགུ་པའི་དབུས་སུ་པད་ཟླའི་གདན་ལ་ཧཱུཾ་ལས་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ་ཁྲོ་ཚུལ་ཅན་ནོ། །དཀྱིལ་འཁོར་དེ་གསུམ་གྱི་ཕྱི་རོལ་གྱི་པད་འདབ་དྲུག་ལ་ཤར་དུ་ཨ་ལས་སྦྱང་བའི་ལྷ་ཤཱཀྱ་ཐུབ་པ་དཀར་པོ་སྤྲུལ་སྐུའི་ཆ་བྱད་ཅན་ཕྱག་གཉིས་ཐུགས་ཀར་ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ནང་དུ་ཨཱཿདཀར་པོ་ཅན། ཤར་ལྷོར་ཁཾ་ལས་སྤེལ་བའི་ལྷ་རྣམ་སྣང་སེར་པོ་མཛོད་སྤུར་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་ཁཾ་སྔོན་པོ་ཅན། ལྷོ་ནུབ་ཏུ་ཛཿལས་སྒྱུར་བའི་ལྷ་བདུད་རྩི་འཁྱིལ་བ་ལྗང་སྔོན་མགྲིན་པར་མཐེ་བོང་བསྣོལ་ཏེ་ཐལ་མོ་ལྷག་མ་རྣམས་ཁ་ཕྱིར་གྱེད་པར་ཛཿ དམར་པོ་ཅན། ནུབ་ཏུ་ཏྲཾ་ལས་ཐོབ་པའི་ལྷ་རིན་ཆེན་འབྱུང་ལྡན་སེར་པོ་གཡོན་མཛུབ་མོ་ཐུགས་ཀར་སྒྲེང་བ། གཡས་མཆོག་སྦྱིན་ལ་ཏྲཾ་སེར་པོ་ཅན། ནུབ་བྱང་དུ་ཧ་ལས་ཚིམས་པའི་ལྷ་དོན་ཡོད་གྲུབ་པ་ལྗང་གུ་གཡས་ཁུ་ཚུར་དང་གཡོན་མཆོག་སྦྱིན་འདེགས་པ་ཧ་ལྗང་གུ་ཅན། བྱང་ཤར་དུ་ཛཿལས་དབང་དུ་བྱེད་པའི་ལྷ་ཕྱག་ན་རྡོ་རྗེ་སྔོན་པོ་ཕྱག་གཉིས་སྤྱི་བོར་སོར་མོ་ནང་དུ་བསྣོལ་བ་ཛཿདམར་པོ་ཅན་ནོ། །ལྷ་ཚོགས་དེ་དག་ཀྱང་ལོངས་སྐུ་རྣམས་དར་དང་རིན་པོ་ཆེའི་རྒྱན་ཅན་སྤྲུལ་སྐུ་རྣམས་ཆགས་བྲལ་ངུར་སྨྲིག་འཛིན་པ། ཁྲོ་བོ་རྣམས་སྟག་ལྤགས་ཀྱི་ཤམ་ཐབས་སྤྲུལ་གྱིས་བརྒྱན་པ་མེ་འབར་བའི་ཀློང་ན་བཞུགས་པའོ། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མ་ཡ་ཛཿ སྙན་བསྣན་པ་ནི། རྩ་བར། ན་མོ། འཕགས་པའི་ཚོགས་རྣམས་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། མཁྱེན་པའི་ཡེ་ཤེས་གཟིགས་སུ་གསོལ། དེ་ཡང་དུས་དྲུག་ལྷའི། ཉི་མ་ཐམས་ཅད་དགེ། གཟའ་སྐར་ཐམས་ཅད་བཀྲ་ཤིས། དགྲ་བཅོམ་ཐམས་ཅད་ཟག་པ་ཟད། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ་བའི་སྐབས་འདིར། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་འཁོར་དང་བཅས་པ་སྦྱན་འདྲེན་ཕྱག་འཚལ་བས་གཤེགས་སུ་གསོལ། སྤྱན་འདྲེན་ནི། སྤོས་བཏུལ་ཞིང་རྡོར་དྲིལ་དང་བཅས་ཏེ། རྩ་བར། སྟོབས་བཅུ་རྩལ་མངའ་མི་ཡི་སེང་གེ་གཤེགས། །གཏི་མུག་མུན་སེལ་འཇིག་རྟེན་སྒྲོན་མ་གཤེགས། །ཉོན་མོངས་ནད་སེལ་སྨན་པའི་རྒྱལ་པོ་གཤེགས། །བདུད་བཞི་འཇོམས་མཛད་ཐར་པའི་ལམ་སྟོན་གཤེགས། །དབང་མཆོག་རྒྱལ་པོ་འདིར་སྤྱོན་ཕྲིན་ལས་མཛོད། །ན་མཿས་མནྟ་བུདྡྷཱ་ནཱཾ། བུདྡྷཱ་དྷརྨ་སཾ་གྷ་ཨ་ས་མེ་ཏྲི་ས་མ་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཞེས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། དཀྱིལ་འཁོར་རྣམས་ཀྱི་སྒོ་དབྱེ་ནི། རྩ་བར། ཕྱོགས་བཅུ་རྒྱལ་ཡོངས་མ་ཆད་པའི། །རིན་ཆེན་ལྷུན་གྲུབ་གཞན་ཡས་ཁང་། །དབྱེ་སྡོམ་རྟོག་པ་མི་མངའ་ཡང་། །སྲི་ཞུའི་ཚུལ་དུ་སྒོ་དབྱེའོ། །ༀ་བཛྲ་སྥོ་ཊ་ག་ཏ་ཡེ་སྭཱ་ཧཱ། ཞེས་སྒོ་ཕྱེ་ལ་ནམ་མཁར་བཞུགས་པའི་ལྷ་རྣམས་ལ་མཆོད་ཡོན་འབུལ་བ་ནི། རྩ་བར། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཙ་ག་ག་ན་ས་མ་ཡེ་སྭཱ་ཧཱ། གདན་འབུལ་བ་ནི། རྩ་བར། རིན་ཆེན་ཡེ་ཤེས་གཞལ་ཡས་ནས། །ཉི་ཟླ་པདྨའི་གདན་སྟེང་དུ། །བདེ་གཤེགས་འཁོར་དང་བཅས་པ་རྣམས ། །འགྲོ་བའི་དོན་དུ་བཞུགས་སུ་གསོལ། །ༀ་པདྨ་ཨཱ་ས་ན་ཡེ་སྭཱ་ཧཱ། ཞེས་གདན་སོ་སོར་བཞུགས་པར་བསམ་མོ། །དེ་ནས་མཆོད་པ་འབུལ་བ་ནི། མར་མེ་དང་བདུག་སྤོས་རྣམས་སྤར་ལ་ཐལ་མོ་སྦྱར་ཏེ། རྩ་བར། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། གཙང་ཞིག་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། གཙང་ཞིང་༴ ལྷ་རྫས་དམ་པའི་བདུག་སྤོས་འདི། རྒྱལ་བ༴ འགྲོ་བའི༴ ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་དྷཱུཾ་པེ༴ གཙང་ཞིང་༴ ལྷ་རྫས་དམ་པའི་མར་མེ་འདི། རྒྱལ་བ༴ འགྲོ་བའི༴ ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ༴ གཙང་ཞིང་༴ ལྷ་རྫས་དམ་པའི་དྲི་མཆོག་འདི། །རྒྱལ་བ༴ འགྲོ་བའི༴ ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་གནྡྷེ༴ གཙང་ཞིང་༴ ལྷ་རྫས་དམ་པའི་ཞལ་ཟས་འདི། །རྒྱལ་བ༴ འགྲོ་བའི༴ ༀ་སརྦ་ཏ་ཐཱ་ཏ་ས་པ་རི་ཝཱ་ར་ནཻ་ཝི་དྱ༴ གཙང་ཞིང་༴ ལྷ་རྫས་དམ་པའི་རོལ་མོ་འདི། །རྒྱལ་བ༴ འགྲོ་བའི༴ ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཤཔྡ་པྲ་ཏཱིཚྪ་ཡེ་སྭཱ་ཧཱ། དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ཞིང་། དྷརྨ་ར་ཎི་ཏ་སོགས་རོལ་མོའི་སྔགས་ཀྱིས་དབུལ་ལོ། །དེ་ནས་བསྟོད་པ་ནི། འདིར་དཀྱིལ་འཁོར་ལ་དངོས་སུ་ཐུབ་དབང་མེད་ཀྱང་། བསྟན་པའི་བདག་པོ་ཡིན་པའི་ཕྱིར་དང་། ཐོག་མར་སངས་རྒྱས་དང་ཆོས་ལ་བསྟོད་པ་སྔོན་དུ་གཏོང་བའི་ཕྱིར། རྩ་བར། ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང་། །མཚན་རབས་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །དམ་ཆོས་ཉི་མའི་འོད་ཟེར་སྟོང་འཕྲོ་བས། །སྐྱེ་བོ་སྲིད་པའི་ཆུ་བོ་སྒྲོལ་བར་མཛད། །ཐར་པའི་ལམ་སྟོན་འདྲེན་པའི་ཐེག་སྐས་མཆོག །མ་ལུས་སྐེམས་པའི་གཙོ་ལ༴ བདེ་གཤེགས་སྲས་པོའི་ཀུན་མཁྱེན་མི་ལྡོག་སྒྲོལ། །ཐུགས་རྗེ་ཆེན་པོས་ཡིད་ནི་རངས་གྱུར་ཏེ། །བློ་ཅན་བྱེ་བར་གྱུར་པ་དེ་དག་ལ། །རྒྱུན་མི་ཆད་པར་སྤྱི་བོས༴ རྣམ་པར་སྣང་མཛད་བཅོམ་ལྡན་འདས། །མི་གདུང་མི་གཡོ་མཉམ་གཞག་ཀྱང་། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །བསམ་པ་ཙམ་གྱིས་གནས་སུ་ཕྱིན། །བལྟས་པ་ཙམ་གྱིས་གྲུབ་པར་མཛད། །སྣང་མཛད་ཁྱོད་ལ༴ བཅོམ་ལྡན་སྣང་བ་མཐའ་ཡས་ནི། ། སྔོན་དུ་བསྐལ་པ་གྲངས་མེད་ནས། །འཁོར་བའི་སྐྱོན་རྣམས་སེལ་མཛད་པ། །ལས་དང་ཉོན་མོངས་ས་བོན་ལས། །དགོངས་ནས་སྲིད་པ་སྟོངས་མཛད་པ། །སྣང་མཐའ་ཡས་ལ༴ བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ནི། །འཇིག་རྟེན་འདས་པའི་ཤེས་རབ་ཀྱིས། །ལྟ་བ་རྟོག་པ་རྣམ་བསལ་ཏེ། །བརྩོན་འགྲུས་མི་འཇིགས་གོ་ཆ་སྲ། །རྐྱེན་དུས་ལྡན་པར་བྱིན་གྱིས་བརླབས། །མི་བསྐྱོད་པ་ལ༴ དཔལ་གྱི་དམ་པ་འཇམ་དབྱངས་དཔལ། །ཡེ་ཤེས་སྐུ་མཛེས་གསུང་སྙན་ཞིང་། །མཐོང་ཐོས་ཀུན་དང་ཡིད་མཐུན་པའི། །གཞོན་ནུར་གྱུར་ལ༴ ཤེས་རབ་ཐུགས་རྗེ་ཆེ་བའི་མཚན། །བརྒྱ་ཕྲག་བཅུ་ཡི་སྤྱན་གྱིས་གཟིགས། །སེམས་ཅན་ཀུན་ཀྱི་དཔུང་དང་སྐྱབས། །རྟག་པར་བརྩེ་ལ༴ རིག་པའི་རྒྱལ་པོ་གྲུབ་པའི་ལྷ། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །བདུད་བགེགས་འབྱུང་པོ་འདུལ་མཛད་པ། །རྡོ་རྗེ་འཛིན་ལ༴ རིགས་ཀྱི་ཡུམ་མཆོག་སངས་རྒྱས་སྤྱན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཐོར་ཚུགས་རྒྱན་གྱིས་སྤྲས། །སངས་རྒྱས་མཁའ་འགྲོར༴ རིགས་ཀྱི་ཡུམ་ཆེན་གོས་དཀར་མོ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་འདམ་སྐྱེས་པདྨ་བསྣམས། །པདྨ་མཁའ་འགྲོར༴ རིགས་ཀྱི་ཡུམ་ཆེན་མཱ་མ་ཀཱི། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །ཕྱག་ན་རྡོ་རྗེ་རྩེ་གསུམ་བསྣམས། །རྡོ་རྗེ་མཁའ་འགྲོར༴ དཔལ་གྱི་ལྷ་མོ་སྐུ་མདོག་དཀར། །ཆུ་སྐྱེས་དཀར་པོ་ཕྱག་ན་བསྣམས། །གྲགས་ལྡན་མ་ནི་ཤེལ་ལྟར་དཀར། །འདམ་སྐྱེས་པདྨ་ཕྱག་ན་མཛེས། །སྟོབས་ཆེན་མོ་ནི་མིག་སྨན་མདོག །ཕྱག་ན་རྡོ་རྗེ་རྩེ་གཅིག་གོ། །མཛོད་སྤྲུལ་མ་ནི་ཟླ་བའི་འོད། །ཕྱག་གིས་ཡིད་བཞིན་ནོར་བུ་འཛིན། །ལུ་གུ་རྒྱུད་མ་གསེར་གྱི་མདོག །ལྕགས་སྒྲོག་འབར་བས་འཆིང་བའི་ཚུལ། །རྣམ་པར་རྒྱལ་མ་ཀུནྡའི་མདོག །ཕྱག་ན་འཁོར་ལོ་འབར་བས་བརྗིད། །གཤིན་རྗེ་གཤེད་པོ་སྨུག་ནག་འབར། །བེ་ཅོན་དབྱུག་ཏོ་ཀླད་ལ་འཕྱར། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དམར། །རལ་གྲི་མེ་འབར་འདེབས་པའི་ཚུལ། །ཁྲོ་ཆེན་བདུད་རྩི་འཁྱིལ་བ་ལྗང་། །ཕོ་ཉ་སྐྲ་ཅན་བ་མོའི་མདོག །ཕོ་ཉ་ཕུར་བུ་ལེ་བརྒན་མདོག །རྡོ་རྗེ་ཕུར་བུ་དྲག་ཏུ་བསྒྲིལ། །ཕོ་ཉ་ལྕགས་ཀྱུ་སྔོ་ཞིང་ནག །ལྕགས་ཀྱུས་དབང་དུ་སྡུད་པའི་ཚུལ། །པདྨའི་མདངས་ཅན་སེང་གེ་ཆིབས། །དམར་པོ་པདྨ་རྒྱས་པ་ཅན། །ལྷ་ཆེན་དམར་པོ་རྩེ་གསུམ་སྟེ། །ཁྱབ་འཇུག་མཐིང་ཁ་འཁོར་ལོ་ཅན། །མཐུ་སྟོབས་དབང་ཕྱུག་ཕུན་ཚོགས་པའི། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། འཛབ་བཟླ་བ་ནི། རྩ་བར། དེ་དག་གི་སྔགས་ཀྱང་རིམ་པ་བཞིན་དུ། ན་མཿས་མནྟ་བུདྡྷཱ་ནཱཾ། བཻ་རོ་ཙ་ན་ༀ་སྭཱ་ཧཱ། ཨ་མི་དེ་བ་ཧྲཱིཿསྭཱ་ཧཱ། བཛྲ་ཨ་ཀྵོ་བྷྱཿཧཱུཾ་སྭཱ་ཧཱ། ༀ་མཉྫུ་ཤྲཱི་ཀུ་མཱ་ར་མཱུཾ་སྭཱ་ཧཱ། ཨ་བ་ལོ་ཀི་དྱ་ཀ་རུ་ཎ་མ་རཾ་ཧཱུཾ་ཛཿསྭཱ་ཧཱ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ་སྭཱ་ཧཱ། ༀ་རུ་རུ་ཕུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སྭཱ་ཧཱ། ༀ་པཎྜ་མི་ཀི་ཏ་རཾ་པ་སྭཱ་ཧཱ། ༀ་སུག་སྨེ་ཛྙཱ་ན་ཛ་ཧཱུཾ་སྭཱ་ཧཱ། ༀ་མ་ཧཱ་ཤྲཱི་ཡེ་ཙི་རི་མི་རི་ཡེ་སྭཱ་ཧཱ། ༀ་ཏྲག་པ་རི་ཏི། ཏེ་ཤན་ཏེ་ཤན་སྭཱ་ཧཱ། ན་མཿས་མནྟ་བཛྲ་ནཱན། སརྦ་དྷརྨཱ་ནི་སེ་ཏ་ནི་བཛྲ་སི་པ་ར་ནི་སཱ་ཧཱ། བཛྲ་ཏ་བཛྲ་པྲ་བྷ་ཏེ་སྭཱ་ཧཱ། བནྡྷ་བནྡྷ་མོ་ཧ་ཡ་བཛྲོད་བྷ་ཡེ་སྭཱ་ཧཱ། བནྡྷ་བནྡྷ་མོ་ཧ་ཡ་མོ་ཧ་ཡ་བཛྲོད་བྷ་ཡེ་སྭཱ་ཧཱ། ༀ་བཛྭ་ལ་ཛྭ་ལ་སྭཱ་ཧཱ། ༀ་བཛྲ་ཨ་ཀྵོ་ཏ་ཧཱུཾ་ཕཊ། ༀ་ཁདྒ་བན་སྥོ་ཊ་ཡ་སྭཱ་ཧཱ། ༀ་ཨ་མྲྀ་ཏེ་ཧ་ན་བི་དུ་ན་བི་དུ་ན་གོ་ས་ཁ་ཨ་མྲྀ་ཏེ་མ་ཁ་སྭཱ་ཧཱ། ༀ་བྷྲ་མ་ནི་སྭཱ་ཧཱ། ༀ་ག་ན་པ་ཏི་སྭཱ་ཧཱ། བཻཥྞ་བཻ་སྭཱ་ཧཱ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་྄ཱསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ༀ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ༀ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་སམྦྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛ་ལ་ནི་ཧཱུཾ། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷཉྩ་ཛ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་པ་རྣམས་མདུན་བསྐྱེད་ལ་དམིགས་ཏེ་ཅི་རིགས་པར་བཟླས་སོ། །འདས་གཏོར་བསང་སྦྱང་། སྟོང་པའི་ངང་ལ་ༀ་ལས་རིན་པོ་ཆེའི་སྣོད་དུ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་བསམ་ལ། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ་ཏེ་ལྷ་སྔགས་འདི་རྣམས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ་ལོ། །རྩ་བར། དེ་ནས་ཆ་གསུམ་རྒྱས་པ་གོང་བཞིན་བཏང་ངོ་ཞེས་གསུངས་པ་གོང་དུ་བཤད་པ་ལྟར་བཏང་ངོ་། །དེས་སྒྲུབ་མཆོད་གྲུབ་སྟེ། སློབ་མ་ལ་ཇི་ལྟར་དབང་བསྐུར་བ་བཞིན་རང་གིས་བླང་ངོ་། །རྩ་བའི་ས་བཅད་བདུན་པ་ཁྲུས་བྱ་བ་ནས་དབང་དངོས་སྟོན་པར་བྱེད་དེ། སློབ་མ་རྣམས་འདུས་པ་ལ། རྩ་བར། དེ་ནས་སློབ་བུ་རྣམས་ཁྲུས་བྱས་ཕྱག་དང་མཎྜལ་ཕུལ། ཞེས་གསུངས་པས། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་ལས་བུམ་གྱི་ཆུས་ཁྲུས་བྱ། སྔོན་འགྲོ་གཏོར་མ་གཉིས་པ་བཤམས་པ་ཆབ་ཀྱིས་བྲན་ལ། སློབ་དཔོན་གོང་དུ་བསྟན་པ་བཞིན་ཁྲོ་བོ་བདུད་རྩི་འཁྱིལ་བ་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་འཁྲོལ་བར་བསྒོམས་ཏེ། གཏོར་མ་བསང་སྦྱང་། བྱིན་བརླབ། བསྔོ་བ། བདེན་བརྡར། བཀའ་བསྒོ་སོགས་སྔ་མ་རྣམས་བཞིན་ལ། བདེན་བརྡར་ལ་གསང་སྔགས་ཀྲྀ་ཡའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་དང་། བཀའ་བསྒོར། བྱ་རྒྱུད་ཀྲྀ་ཡའི་དཀྱིལ་འཁོར་དུ། །ཞེས་པར་བསྒྱུར་ཞིང་འཁྱིལ་བའི་སྔགས་དང་སུམྦྷ་དྲག་ཏུ་བྱ་ཞིང་ཡུངས་ཐུན་གྱིས་བྲབ། གུ་གུལ་གྱིས་བདུག་སྟེ་བགེགས་བསྐྲད་དོ། །མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་གྱི་དབང་བསྐུར་བའི་ཡན་ལག་བྱ་བའི་རྒྱུད་ཀྲྀ་ཡ་རིགས་གསུམ་དང་། ཀྲྀ་ཡ་དོན་གྱི་ལྷ་དྲུག་གི་དཀྱིལ་འཁོར་དུ་ཞུགས་ལ་སྨིན་གྲོལ་གྱི་གདམས་པ་བླངས་ཏེ་སེམས་ཅན་གྱི་དོན་བགྱིད་སྙམ་པས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་དེ་གསན་འཚལ། གསན་བྱའི་ཆོས་ནི་འདིར་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་དང་། པཎ་ཆེན་བི་མ་ལའི་བཞེད་པར། མངོན་པར་མཐོ་བའི་ཐེག་པ་དང་། ངེས་པར་ལེགས་པའི་ཐེག་པ་གཉིས་སུ་བཞེད་པའི་ཕྱི་མ་ལའང་ཐེག་པ་ཆེ་ཆུང་གཉིས་ལས། ཆུང་ངུ་ནི་ཉན་རང་། ཐེག་ཆེན་ལ་གཉིས་ཏེ་མཚན་ཉིད་དང་། གསང་སྔགས། མཚན་ཉིད་རྒྱུའི་ཐེག་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡིན་ལ། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལ་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་ཐེག་པ་གཉིས་སུ་གསུངས་འདིར་ཕྱི་རྒྱུད་ཡིན། དེ་ལ་ཡང་གསུམ་སྟེ་ཀྲྀ་ཡ་བྱ་བའི་རྒྱུད། ཨུ་པ་ཡ་སྤྱོད་པའི་རྒྱུད། ཡོ་ག་རྣལ་འབྱོར་གྱི་རྒྱུད་དང་གསུམ་ལས་སྔ་མ་ཡིན། དེ་ལའང་རིགས་བསམ་གྱིས་མི་ཁྱབ་པ་ཞིག་བཤད་ཀྱང་འདིར་སྤྱི་ཁྱབ་ཡིན། དེ་ལ་སྤྱིར་གསང་སྔགས་ཀྱི་ཐེག་པ་ནི་རྣམ་གྲངས་བཞིའི་སྒོ་ནས་ཁྱད་པར་འཕགས་ཏེ། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་ཤིང་། དེ་ཡང་འདིར་གསང་སྔགས་ཕྱི་རྒྱུད་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱིས། དེ་ཡང་བྱ་སྤྱོད་རྣལ་འབྱོར་ཐུབ་པ་རྒྱུད། །ཀྲྀ་ཡ་ཨུ་པ་ཡོ་ག་ཞེས་བྱའོ། །དེ་དག་གསང་སྔགས་ཕྱི་སྟེ་ལྷ་རྣམས་ཀྱང་། །ཡབ་ཡུམ་ཟུང་འབྲེལ་སྒོམ་པར་མི་ནུས་ལ། །ཤ་ལྔ་ལ་སོགས་བསྟེན་པར་མི་ནུས་ཤིང་། །གཙང་སྦྲ་ཀུན་ཏུ་སྤྱོད་པས་གནས་པ་ཡིན། །ཞེས་རྒྱུད་སྡེ་འོག་མ་གསུམ་པོ་སྤྱིར་བཤད་ནས་བྱེ་བྲག་ཏུ་བྱ་རྒྱུད་དམིགས་བསལ་ལ། བྱ་བས་རང་ཉིད་དམན་ལ་ལྷ་ཉིད་མཆོག །རྗེ་ཁོལ་ཚུལ་དུ་བསྒྲུབས་པས་དངོས་གྲུབ་ལེན། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ཡིན་ལ། འདིར་འདུས་པ་མདོའི་ཡན་ལག་ཏུ་བྱེད་པའི་ཚེ། ཉན་རང་སོགས་ཐེག་དམན་དང་། བྱང་སེམས་སོགས་མཚན་ཉིད་ཐེག་པ་དང་། བྱ་སྤྱོད་རྣལ་འབྱོར་སོགས་རྒྱུད་སྡེ་འོག་མ་ཐམས་ཅད་བླ་མེད་ལྟར་བཀྲལ་བས། དེ་དག་གི་དོན་ཚང་བ་ཙམ་མ་གཏོགས་སྒྲ་ཇི་བཞིན་པར་སྤྱོད་པ་མ་ཡིན་ལ། ཁྱད་པར་ཁམས་ལུགས་སུ་རྣམ་འཇོམས་ཀྱི་དཀྱིལ་འཁོར་གོང་དུ་བཤད་པ་ལྟར་ལ་བླ་མེད་ཁོ་ནའི་རིགས་འགྲེས་སྦྱར་བ་ཞིག་འདུག་ཀྱང་། འདིར་ཟུར་ལུགས་ལྟར་དཀྱིལ་འཁོར་དང་པོ་གསུམ་རིགས་གསུམ་ཀྲྀ་ཡའི་དཀྱིལ་འཁོར་དང་། བར་པ་གསུམ་རིགས་གསུམ་ཀྲྀ་ཡའི་རིགས་བདག་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གྱིས་བྱས་པའི་འཁོར་དུ། ཀྲྀ་ཡ་བཅོ་ལྔ་མ་དང་ཉེར་བདུན་མ་སོགས་ཀྱི་དོན་དང་མཐུན་པའི་དཀྱིལ་འཁོར། ཕྱི་མ་གསུམ་རིགས་གསུམ་གཙོ་བོ་ལ་ཀྲྀ་ཡ་དོན་གྱི་ལྷ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་དགུ་པོར་སྒྲུབ་མཆོད། བུམ་བཟླས། བདག་འཇུག་སོགས་སྨིན་རྒྱས་སུ་གྲུབ་སྟེ་སློབ་དཔོན་གྱི་བྱ་བ་རྣམས་ལེགས་པར་སོང་། སློབ་མའི་བགྱིད་འོས་ནི། མཎྜལ་དབུལ་ཞིང་གསོལ་བ་གདབ་པ་ཡིན་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་རིགས་གསུམ་ཀྲྀ་ཡའི་སྨིན་བྱེད་ཀྱི་དབང་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ས་བཅད་བརྒྱད་པ་དཀྱིལ་འཁོར་དུ་གཞུག་པ་ནི་འདིར་ཕྱི་འཇུག་ནང་འཇུག་སོགས་ཀྱི་དམིགས་བསལ་མེད་ཀྱང་། མཎྜལ་ཕུལ་ཏེ་དཀྱིལ་འཁོར་ཁང་པར་ཞུགས་པའི་མོས་པ་མཛོད། དགུ་པ་གསོལ་བ་གདབ་པ་ནི། རྩ་བར་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་ནི། འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་དཀོན་མཆོག་གསུམ་པོ་རྣམས། །འགྲོ་བ་སེམས་ཅན་དོན་སླད་དུ། །བདག་ལ་དགོངས་ཤིང་གཟིགས་སུ་གསོལ། །བླ་མ་རྡོ་རྗེ་འཛིན་པ་དང་། །ཡི་དམ་གཙོ་འཁོར་དགོངས་སུ་གསོལ། །ལྷ་དང་བྱིན་རླབས་དམ་ཚིག་དང་། །དབང་རྣམས་རིམ་པར་བསྐུར་དུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་གནང་བ་སྦྱིན་པ་ནི། བླ་མས། ཡི་དམ་དབང་བསྐུར་དམ་ཚིག་སྦྱིན། །གུས་པས་སེམས་ཀྱིས་སྒྲུབ་པར་གྱིས། །ཉེས་པ་དག་ནི་མ་གོས་ན། །འབྲས་བུ་དམ་པ་ཐོབ་པར་འགྱུར། །ཞེས་གནང་བ་སྦྱིན་ནོ། །དེ་ནས་བཅུ་པ་སྡོམ་པ་བཟུང་བ་ནི། རིགས་གསུམ་སྤྱིའི་དམ་ཚིག་བཟུང་བའི་བསམ་པས་འདིའི་རྗེས་ཟློས་མཛོད། རྩ་བར། བླ་མེད་དཀོན་མཆོག་གསུམ་པོ་ལ། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བདག་གིས་སངས་རྒྱས་བསྟན་པ་ལ། །སྤྱི་དང་མི་འགལ་ལེགས་གནས་ཏེ། །ཐེག་ཆེན་གསང་སྔགས་བྱ་བའི་གཞུང་། །ཁྱད་པར་དམ་ཚིག་བདག་གིས་བཟུང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཐེག་པ་ཆེན་པོ་སྔགས་ཀྱི་ལྷ། །དོན་གཅིག་གཉིས་མེད་ཡེ་ཤེས་དོན། །ཡང་དག་ཉིད་དུ་བདག་གིས་བཟུང་། །སྐུ་ཡི་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་སྡོམ་པ་ལ་གནས་ཏེ། །སྒྲུབ་པ་དག་ཀྱང་ཅི་ནུས་བརྩམ། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་ནང་གསང་བའི་གསུང་བསྒྲགས་ཏེ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །རྡོ་རྗེ་རིགས་མཆོག་དམ་ཚིག་ནི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བླ་མ་རྡོ་རྗེ་རིགས་བསྟེན་བྱ། །མཐར་ཡས་སེམས་ཅན་དོན་གྱི་ཕྱིར། །གསང་སྔགས་དམ་ཚིག་བདག་གིས་བླང་། །ཡང་དག་པར་ནི་བཟུང་བར་བྱ། །བྱང་ཆུབ་སེམས་མཆོག་སྒྲུབ་པར་བགྱི། །ཞེས་ལན་གསུམ་མོ། །བཅུ་གཅིག་པ་ཆོས་བཤད་པ་ནི། རྩ་བར། ཕྱི་པ་མུ་སྟེགས་པ་ལས་ནང་པ་སངས་རྒྱས་པ་ཁྱད་པར་འཕགས་ཤིང་། ནང་པ་ལའང་། ལྷ། མི། ཉན་ཐོས། རང་རྒྱལ། བྱང་སེམས། དེ་དག་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྟེ། དེ་དག་ལས་འདིར་གསང་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་ཏེ། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་ལམ་འདིར་འཇུག་པ་ལ་སྤྲོ་བ་ཁྱད་པར་ཅན་བསྐྱེད་པར་མཛོད། བསླབ་བྱ་བསྟན་པ་ནི། ཀྲྀ་ཡའི་དམ་ཚིག་བཅུ་གསུམ་སྟེ། བསླབ་བྱ་དབོག་ཅེས་གསུངས་པ། སྡོམ་པ་བསྒྲག་པ་ཡིན་པས་གསན་པས་ཁྱབ་པར་གདའ། རྩ་བར། དེ་རིང་ཕན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །གསང་སྔགས་གཟུངས་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་ཏུ་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ཡང་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་བྱ། །བླ་མ་ལ་ནི་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་འཚམས་རྟག་ཏུ་མཆོད་པ་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་བླ་མ་མཆོད་མགྲོན་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པས་ཉེ་བར་བཞག །ཐེག་པ་མཆོག་ལ་དགའ་རྣམས་ཀྱི། །བསོད་ནམས་ཚོགས་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་སྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་སྦྱིན་མི་བྱ། །གསང་སྔགས་རྒྱུད་ནས་ལེགས་གསུངས་བཞིན། །དེ་ཡང་བདག་གིས་རྟོགས་པར་བགྱི། །ཞེས་བསླབ་བོ། །ཞེས་གསུངས་པའི་དོན་ཅུང་ཞིག་དཔྱད་ན། དཀོན་མཆོག་གསུམ་དང་གསང་སྔགས་གཟུངས་སྔགས་ཀྱི་ལྷ་རྣམས་ལ་དད་པ་བརྟན་པར་བྱ་བ་དང་པོ་དང་། རྟག་ཏུ་ལྷའི་བསྐྱེད་རིམ་ཕྱག་རྒྱ་ཆེན་པོ་ལ་མོས་པར་བྱ་བ་གཉིས་པ་དང་། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་དང་མཛའ་བར་བྱ་བ་སྟེ་གསུམ་པ་དང་། བླ་མ་རྡོ་རྗེ་སློབ་དཔོན་ལ་གུས་པར་བྱ་བ་བཞི་པ་དང་། ལྷ་རྣམས་ལ་སྡང་བར་མི་བྱ་བ་ལྔ་པ་དང་། ཡར་ཚེས་བརྒྱད་དང་སྐར་མ་རྒྱལ་ལ་སོགས་པའི་ཚེས་བཟང་པོ་ལ་མཆོད་པར་བྱ་བ་དྲུག་པ་དང་། མུ་སྟེགས་བྱེད་ལ་སོགས་པའི་སྟོན་པ་གཞན་གྱི་གཞུང་མི་མཆོད་པ་བདུན་པ་དང་། རྟག་ཏུ་བླ་མ་མཆོད་ཅིང་མགྲོན་གྱིས་མཉེས་པར་བྱ་བ་བརྒྱད་པ་དང་། སྲོག་ཆགས་རྣམས་ལ་བྱམས་པའི་སེམས་རབ་ཏུ་བརྟན་པ་ཉེ་བར་འཇོག་པ་དགུ་པ་དང་། ཐེག་མཆོག་སྔགས་ལ་མོས་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་སྤེལ་བའི་གྲོགས་བྱ་བ་སྟེ་བཅུ་པ་དང་། བཟླས་བརྗོད་ལ་འབད་པར་བྱ་བ་བཅུ་གཅིག་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་ལས་བྱུང་བའི་དམ་ཚིག་དང་སྡོམ་པའི་ཚོགས་བསྲུང་བར་བྱ་བ་སྟེ་བཅུ་གཉིས་པ་དང་། དམ་ཚིག་མེད་པ་རྣམས་ལ་སྔགས་དང་ལྷའི་ཕྱག་རྒྱ་སོགས་སྦྱིན་པར་མི་བྱ་བ་སྟེ་བཅུ་གསུམ་པོ་བྱ་བའི་རྒྱུད་ཀྱི་དམ་ཚིག་ཏུ་ལེགས་པར་གསུངས་པ་བཞིན་རྟོགས་པར་གྱིས་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །དེ་ལྟར་དམ་ཚིག་དང་སྡོམ་པའི་ཚོགས་དེ་དག་བསྲུང་བར་ནན་གྱིས་གདམས་ཤིང་དམ་ལ་བཞག་པ་དམ་ཚིག་གི་མནའ་ཆུ་བླུད་པ་ནི། རྩ་བར། དེ་ནས་ལས་ཀྱི་བུམ་པའི་ཆུ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅེས་དམ་ལ་བཞག་གོ། །རྩ་བར། དེ་ནས་མཎྜལ་དུ་མེ་ཏོག་དོར་ཏེ། རིགས་བརྟག་སྟེ་མིང་གདགས་སོ། །ཞེས་གསུངས་པའི་དོན་ནི། དེ་ནས་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ལ་རིག་པའི་མེ་ཏོག་དོར་བའི་མོས་པ་དང་བཅས་ཏེ། འདིའི་རྗེས་ཟློས་མཛོད། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །དམན་པར་དགོངས་ཏེ་བཞེས་སུ་གསོལ། །ༀ་བཛྲ་པྲ་ཏི་གྲྀཧྞ་ཧཱུཾ། ཞེས་དཀྱིལ་འཁོར་དུ་མེ་ཏོག་གཏོར་ཏེ་གང་ལ་བབས་པའི་རིགས་ངོས་བཟུང་སྟེ་གསང་མིང་འདོགས་པའམ། ཡང་ན་གསང་མིང་འོག་ཏུ་ཚོགས་ཆེན་གྱི་དཀྱིལ་འཁོར་དུ་བཏགས་པས་འཐུས་ཕྱིར་འདིར་མེ་ཏོག་སྤྱི་བོར་བཞག་སྟེ། ༀ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད། ལྷ་དབབ་པ་སོགས་ནི་གསལ་བར་མ་བཤད་ཅིང་ཕྱག་ལེན་དུ་མི་མཛད། བཅུ་གསུམ་པ་དབང་བསྐུར་བ་ནི། རྩ་བར། དེ་ནས་ལྷ་དབང་རིམ་པ་བཞིན་ཐོགས་ཏེ། བཛྲ་རཏྣ་ན་རེ། བུམ་པ་སྦྱི་བོར་གཏུགས་ལ། ཞེས་གསུངས་པས་རྣམ་རྒྱལ་བུམ་པས་དབང་བསྐུར་ཞིང་། ཧཱུཾ། དོན་དམ་བདེན་པའི་ཆོས་ཉིད་ལས། །མི་སེམས་པ་ཡི་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པའི། །རིགས་གསུམ་ཀྲྀ་ཡའི་དབང་ཐོབ་ཤོག །བུདྡྷཱ་བཻ་རོ་ཙ་ན་ༀ། པདྨ་ཨ་མི་དེ་ཝ་ཧྲཱིཿ བཛྲ་ཨཀྵོ་བྷྱཿཧཱུཾ། ཝཱ་གཱི་ཤྭ་རི་ལ་སོགས་གསུམ་བརྗོད། ཨ་བྷི་ཥིཉྩ་ཧཱུཾ། དཀོན་མཆོག་གསུམ་དང་ཀྲྀ་ཡ་རིགས་གསུམ་གྱི་ལྷ་ཚོགས་ཀྱི་བྱིན་གྱིས་བརླབས་ཀྱིས་རིགས་ཀྱི་བུ་ལ་བུམ་དབང་བསྐུར་བས། ཀྲྀ་ཡ་དོན་གྱི་ལྷ་དྲུག་གི་དབང་ཐོབ་པར་གྱུར་ཅིག །བུམ་ཆུ་བཏུང་ཁྲུས་བྱའོ། །ལྷ་དབང་དངོས་ནི་ཙཀླི་རྣམས་རིམ་བཞིན་བླངས་ཏེ་དབང་བསྐུར་རོ། །རྩ་བར། དྷཱིཿ དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ། །མཐའ་དག་ཡོངས་ལ་ཁྱབ་པ་འཇམ་པའི་ངང་། །འཇམ་དང་དཔལ་དུ་གྲགས་པ འི་དོན་དང་ལྡན། །འཇམ་དཔལ་ཡང་དག་དཔལ་ལ་ཕྱག་འཚལ་ལོ། །ༀ་ཝཱ་གཱི་ཤྭ་རི་མཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་རྒྱས་པས་སྐུ་མདོག་གསེར་དང་མཚུངས། །ཤེས་རབ་རྟགས་སུ་པོ་ཏི་རལ་གྲི་བསྣམས། །འཕགས་པ་འཇམ་དཔལ་ཤེས་བྱ་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཧྲཱིཿ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་ཀུན་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་གྱུར་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག༴ ༀ་མ་ཎི་པདྨེ་ཧཱུཾ། ཨ་བྷི༴ ཐུགས་རྗེའི་རྟགས་སུ་སྐུ་མདོག་ཟླ་བའི་འོད། །མ་ཆགས་སྐྱོན་གྱིས་མ་གོས་པདྨ་བསྣམས། །སྤྱན་རས་གཟིགས་ཀྱི་བཀྲ་ཤིས༴ བཀྲ་ཤིས་དེས་ཀྱང་༴ ཧཱུཾ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ༴ ༀ་བཛྲ་པཱ་ཎི་ཧཱུཾ། ཨ་བྷི༴ ཆོས་ཉིད་མི་འགྱུར་རྟགས་སུ་སྐུ་མདོག་སྔོ། །ཐབས་དང་ཤེས་རབ་དབྱེར་མེད་རྡོ་རྗེ་འཛིན། །མཐུ་སྟོབས་ཅན་གྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་༴ ཧཱུཾ། ཤཱཀྱ་ཐུབ་པ་ཉེས་སྐྱོན་སྦྱོང་བའི་ལྷ། །རྣམ་པར་སྣང་མཛད་ཡོན་ཏན་སྤེལ་བའི་ལྷ། །བདུད་རྩི་འཁྱིལ་བ་མོས་པར་བསྒྱུར་བའི་ལྷ། །རྒྱལ་ཆེན་ཤུགས་ལྡན་སོ་སོར་ཐོབ་པའི་ལྷ། །དོན་ཡོད་གྲུབ་པ་ཐམས་ཅད་ཚིམ་པའི་ལྷ། །ཕྱག་ན་རྡོ་རྗེ་དབང་དུ་བྱེད་པའི་ལྷ། །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་ཡིག་འབྲུ་དྲུག །རིགས་དྲུག་དམ་པའི་དབང་མཆོག་ཐོབ་པར་ཤོག །ཨ་ཁཾ་ཛི་སྭཱ་ཧཱ་ཛཿ ཨ་བྷི༴ ༀ། རིགས་བདག་སྐུ་མཆོག་རྣམ་སྣང་མཛད། །ཉེས་པའི་སྐྱོན་བྲལ་སྐུ་མདོག་དཀར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ཡི་དབང་མཆོག་ཐོབ་པར་ཤོག །འཇམ་དཔལ་དབྱངས་ནི་སྐུ་ཡི་རིགས། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་ན་རལ་གྲི་ཨུཏྤལ་བསྣམས། །རིགས་ཀྱི་ཡུམ་མཆོག་སངས་རྒྱས་སྤྱན། །དཀར་མོ་ཕྱག་ན་སྤྱན་འབྲས་བསྣམས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །རིགས་ཀྱི་ཕོ་ཉ་རྡོ་རྗེ་རྣོ། །ལྷ་མོ་དཔལ་དང་མཛོད་སྤྲུལ་མ། །ལྷ་ཆེན་ཚངས་པ་ལ་སོགས་པ། །སྐུ་ཡི་རིགས་ཀྱི་དབང་ཐོབ་ཤོག །ༀ་བཻ་རོ་ཙ་ན་ༀ། ཨ་བྷི༴ ཨཱཿ རིགས་བདག་གསུང་མཆོག་སྣང་མཐའ་ཡས། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར། །ཏིང་འཛིན་མཆོག་གི་ཕྱག༴ དེ་ཡི་དབང་མཆོག༴ སྤྱན་རས་གཟིགས་དབང་གསུང་གི་རིགས། །དམར་པོ་ཕྱག་ན་པདྨ་བསྣམས། །ཡུམ་ཆེན་གོས་དཀར་སྐུ་མདོག་དམར། །ཕྱག་ན་འདམ་སྐྱེས་དཀར་པོ་བསྣམས། །ཁྲོ་རྒྱལ་རྟ་མགྲིན་རྟ་སྐད་འཚེར། །རིགས་ཀྱི་ཕོ་ཉ་རྡོ་རྗེ་ཕུར། །གྲགས་ལྡན་མ་དང་ལུ་གུ་རྒྱུད། །མ་ཧཱ་དེ་ཝ་ལ་སོགས་པ། །གསུང་གི་རིགས་ཀྱི་དབང་༴ ༀ་ཨ་མི་དེ་བ་ཨ། ཨ་བྷི༴ ཧཱུཾ། རིགས་བདག་ཐུགས་མཆོག་རྡོ་རྗེ་སེམས། །ཆོས་ཉིད་མི་འགྱུར་སྐུ་མདོག་སྔོ། །ས་གནོན་ཆེན་པོའི་ཕྱག༴ དེ་ཡི་དབང་མཆོག༴ ཕྱག་ན་རྡོ་རྗེ་ཐུགས་ཀྱི་རིགས༴ སྔོན་པོ་ཕྱག་ན་རྡོ་རྗེ་བསྣམས། །ཡུམ་ཆེན་བཟང་མོ་སྐུ་མདོག་སྔོ། །ཕྱག་ན་རྡོ་རྗེ་རྩེ་གསུམ་ཅན། །ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །ཕོ་ཉ་རྡོ་རྗེ་ཁྲོ་བོ་སྟེ། །སྟོབས་ཆེན་མ་དང་རྣམ་རྒྱལ་མ། །ལྷ་ཆེན་ཁྱབ་འཇུག་ལ་སོགས་པ། །ཐུགས་ཀྱི་རིགས་ཀྱི༴ ཨཀྵོ་བྷྱཿ ཧཱུཾ། ཨ་བྷི༴ ཧཱུཾ། དཔའ་བར་འགྲོ་དཀར་རལ་གྲི་སྟེ། །ཀུན་བཟང་གངས་ལྟར་རིན་ཆེན་ཏེ། །ཟླ་འོད་བུ་མོ་ཟླ་བ་འཛིན། །བཟང་སྐྱོང་དུང་མདོག་བུམ་པ་ཅན། །ལྷོ་ཡི་སེམས་དཔའ་བཞི་པོ་སྔོ་། །དྲྭ་བ་ཅན་ནི་འོད་ཟེར་འགྱེད། །ནམ་མཁའ་མཛོད་ནི་རིན་ཆེན་སྒྲོམ། །ནམ་སྙིང་རྡོ་རྗེ་རྩེ་གསུམ་ཅན། །འོད་དཔག་མེད་ནི་རིན་ཆེན་འབར། །ནུབ་ཕྱོགས་སེམས་དཔའ་བྱུ་རུའི་མདོག །མྱ་ངན་ཀུན་འཇོམས་རལ་གྲི་འཕྱར། །ཡེ་ཤེས་ཏོག་ནི་རིན་ཆེན་ཏོག །སྤོབས་པ་བརྩེགས་ནི་རིན་ཆེན་འབར། །བློ་གྲོས་མི་ཟད་གླེགས་བམ་ཅན། །བྱང་གི་སེམས་པ་ལྗང་གུ་སྟེ། །བྱམས་པ་ཀླུ་ཤིང་སྤྱི་བླུགས་ཅན། །སྤོས་ཀྱི་གླང་པོ་དུང་དཀར་འབུད། །ངན་སོང་ཀུན་འདྲེན་ལྕགས་ཀྱུ་འདེབས། །དོན་ཀུན་འགྲུབ་བྱེད་རྒྱ་གྲམ་འཛིན། །བསྐལ་བཟང་སེམས་དཔའ་བཅུ་དྲུག་གི། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་བོ་དྷི་ས་ཏྭ་ཧཱུཾ། ཨ་བྷི༴ ཧཱུཾ། ཤར་དུ་དུས་ལྡན་པདྨ་ཅན། །དཀར་མོ་དཔལ་བེའུ་འཁོར་ལོ་བསྣམས། །ལྷོ་རུ་འཇིགས་བྲལ་འོད་ལྡན་མ། །སྔོན་པོ་པདྨ་རྒྱལ་མཚན་འཛིན། །ནུབ་ཏུ་མདངས་ཅན་དྲི་མེད་མ། །དམར་མོ་གདུགས་དང་བུམ་པ་འཛིན། །བྱང་དུ་རྒྱལ་གདུང་ཡིད་བཟང་མ། །ལྗང་གུ་དུང་དང་གསེར་ཉ་འཛིན། །ཕྱོགས་བཞི་དུས་བཞིར་བཀྲ་ཤིས་པའི། །ལྷ་མོ་བརྒྱད་ཀྱི་དབང་ཐོབ་ཤོག །ཏྲི་མཾ་ག་ལ་དེ་ཝི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་ཡན་ཆད་ལྷ་དབང་ངོ་། །དེ་ནས་རྫས་དབང་རྣམས་རིམ་པར་ཐོགས་ཏེ། སྔོན་བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་དཔལ་ཕྱག་ན་རྡོ་རྗེ་ལ་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ་མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ་མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཅིག །གཟི་བརྗིད་ལྷུན་སྟུག་རི་རབ་མཆོག་གི་སྐུ། །ཆེ་བའི་ཡོན་ཏན་རྒྱས་པའི་བང་རིམ་མཆོག །ཐམས་ཅད་གནས་པའི་རི་བོ་ཆེན་པོ་ལ། །མཐུ་སྟོབས་མི་འགྱུར་སྐུ་རྣམས་རྫོགས་པར་ཤོག །སྐྱེ་བཞི་འགྲོ་དྲུག་ཁམས་གསུམ་ཡོངས་ཀྱི་སྲོག །ཁ་དོག་མཛེས་ལྡན་རིན་ཆེན་སྣ་ཚོགས་གཞི། །ཕྱོགས་བཞི་རིགས་དང་དབུས་ཀྱི་སྐུར་བསྟན་པ། །འདི་ནི་རིན་ཆེན་སྣ་ལྔའི་རི་རབ་ཀྱི། །དབང་གི་བཀྲ་ཤིས་ལེའུ་དང་པོའོ། །སྔོན་བཅོམ་ལྡན་འདས་མཛད་པ་བཅུ་གཉིས་མཐར་ཕྱིན་པའི་དུས་སུ་ཨུ་དུམྺ་རའི་མེ་ཏོག་དང་སྦྱར་ནས། དཔལ་ཕྱག་ན་རྡོ་རྗེ་ལ་རང་བཞིན་གྱི་མཆོད་རྟེན་དང་སྤྲུལ་པའི་མཆོད་རྟེན་ལ་སོགས་པས་དབང་བསྐུར་བས་རྣམ་པར་མི་རྟོག་པ་ཆོས་ཀྱི་སྐུ་ཐོབ་པར༴ དེ་བཞིན་དུ་འདིར་ཡང་མཆོད་རྟེན་ཆེན་པོའི་དབང་བསྐུར་བས་ཆོས་ཀྱི་སྐུ་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །དྲན་པ་ཉེ་བར་བཞག་པའི་བང་རིམ་ལ། །སྐྱེ་འགག་མེད་པའི་བུམ་པ་ཟླུམ་པོས་བརྒྱན། །ཆོས་ཀྱི་འཁོར་ལོ་མ་འདྲེས་ཏོག་ལ་སོགས། །རྣམ་པར་མི་རྟོག་ཆོས་སྐུ་ཐོབ་པར་ཤོག །ལྟ་བའི་ས་དང་མངོན་པར་བྱང་ཆུབ་མཚུངས་པ་མི་མངའ་ཡང་། །ཆོས་ཀྱི་འཁོར་ལོ་བསྐོར་དང་ཆོ་འཕྲུལ་སྟོན་ལ་སོགས། །ལྷ་ཡུལ་གནས་གཤེགས་སྟོན་པ་དབྱིངས་སུ་བཞུགས། །སྟོབས་བཅུའི་བྱིན་རླབས་མངའ་བ་མཆོད་རྟེན་དབང་གི་བཀྲ་ཤིས་ལེའུ་གཉིས་པའོ། །སྔོན་བཅོམ་ལྡན་འདས་གྱད་ཡུལ་གྱི་ཉེ་འཁོར་ན་བཞུགས་པའི་དུས་སུ་དཔལ་ཕྱག་ན་རྡོ་རྗེ་ལ་དཔག་བསམ་ཤིང་གི་དབང་བསྐུར་བས་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར༴ དེ་བཞིན་དུ་དཔག་བསམ་ཤིང་གི་དབང་བསྐུར་བས་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །གང་ལ་ཅི་འདོད་དཔག་བསམ་ཤིང་ལྟ་བུ། །ཡོན་ཏན་ཡིད་བཞིན་ཟད་མེད་གཏེར་དང་ལྡན། །བསྟན་པའི་རྒྱུ་དང་འབྲས་བུའི་ཚུལ་ཡིན་ཏེ། །དགོས་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག །ལྷ་ཡི་རེ་སྐོང་དཔག་བསམ་ལྗོན་ཤིང་ལྟར། །འཕགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་སྟེ། །རེ་བ་ཡིད་བཞིན་ཕུན་སུམ་ཚོགས་པའི་རྫས། །འདོད་རྒུའི་འབྱུང་གནས་རིན་ཆེན་དཔག་བསམ་ཤིང་། །འདི་ནི་དབང་གི་བཀྲ་ཤིས་གསུམ་པའོ། །སྔོན་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གླིང་དུ་གཤེགས་པའི་དུས་སུ་དཔལ་ཕྱག་ན་རྡོ་རྗེ་ལ་རྒྱ་མཚོ་ཆེན་པོའི་དབང་བསྐུར་བས་སྐྱེ་བ་མེད་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྒྱུད་ལ་རྟོགས་པར༴ དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་དབང་བསྐུར་བས་སྐྱེ་བ་མེད་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྒྱུད་ལ་རྟོགས་པར་གྱུར་ཅིག །གཏིང་དཔག་ཟབ་ཅིང་རྒྱ་མཚོ་ཡངས་པ་ཡི། །ཀུན་ཏུ་སྙོམས་པའི་ཡོན་ཏན་ཆེན་པོ་སྟེ། །སྐྱེ་འགག་མེད་པའི་རྒྱ་མཚོ་ཆེན་པོ་ལ། །ཟབ་ཅིང་རྒྱ་ཆེའི་ཆོས་དོན་རྟོགས་པར་ཤོག །ཆོས་ཉིད་རྒྱ་མཚོ་ལྟ་བུ་ཐུགས་ཆུད་པས། །ཟབ་ཅིང་ག ཏིང་དཔག་དཀའ་བའི་རྒྱ་མཚོ་ལ། །ཡིད་བཞིན་ནོར་བུ་ཁ་དོག་མཛེས་པའི་ཚུལ། །འདི་ནི་རྒྱ་མཚོ་དབང་གི་བཀྲ་ཤིས་བཞི་པའོ། །སྔོན་བཅོམ་ལྡན་འདས་རྡོ་རྗེའི་གདན་དྲུང་ན་བཞུགས་པའི་ཚེ་དཔལ་ཕྱག་ན་རྡོ་རྗེ་ལ་ས་གཞི་ཆེན་པོ་གནས་ཀྱི་དབང་བསྐུར་བས་བཀྲ་ཤིས་ལ་བྱིན་ཆགས་པའི་དབང་དམ་པ་ཐོབ་པར༴ དེ་བཞིན་དུ་ས་གཞི་གནས་ཀྱི་དབང་བསྐུར་བས་བཀྲ་ཤིས་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རབ་ཏུ་དབེན་པའི་གནས་མཆོག་དམ་པ་སྟེ། །མེ་ཏོག་དྲི་བསུང་མང་པོ་སྐྱེ་བ་དང་། །ཡོོན་ཏན་མ་ལུས་ཚང་བར་ཀུན་རྫོགས་ཏེ། །དབེན་པའི་བཀྲ་ཤིས་འབྱོར་པའི་གནས་སུ་ཤོག །མེ་ཏོག་མཛེས་ལྡན་ཡིད་འོང་བརྒྱན་པའི་གནས། །ཆོས་ཀྱི་སྒྲ་སྙན་སྒྲ་སྐད་སྣ་ཚོགས་སྒྲོག །ཡོན་ཏན་ཀུན་ལྡན་སྟོན་པས་བྱིན་བརླབས་ནས། །གནས་གཞི་དབང་གི་བཀྲ་ཤིས་ལྔ་པའོ། །སྔོན་བཅོམ་ལྡན་འདས་ཝ་ར་ཎཱ་སི་ན་བཞུགས་པའི་ཚེ་དཔལ་ཕྱག་ན་རྡོ་རྗེ་ལ་བདུད་རྩིའི་ཆུས་དབང་བསྐུར་བས་སྐྱེ་ཤི་མི་མངའ་བའི་དབང་ཐོབ་པར༴ དེ་བཞིན་དུ་བུམ་པའི་ཆུས་དབང་བསྐུར་བས་སྐྱེ་ཤི་མེད་པ་རྡོ་རྗེ་སྐུའི་དབང་དམ་པ༴ བདུད་རྩི་ཆུ་རྒྱུན་འགྲོ་བའི་བསོས་ཀྱི་མཆོག །ཉོན་མོངས་སྡུག་བསྔལ་ནད་རྣམས་མ་ལུས་སེལ། །མ་རིག་དག་བྱེད་བདུད་རྩིའི་ཆུ་མཆོག་སྟེ། །སྐྱེ་ཤི་མེད་པ་དག་པའི་སྐུ་ཐོབ་ཤོག །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་། །དབང་བསྐུར་བུམ་པ་སྤྱི་བླུགས་པས། །བདུད་རྩིའི་བུམ་པ་འདིར་རྩོལ་ཞིག །འདི་ནི་བདུད་རྩི་ཆུ་བོའི་རྒྱུན། །དབང་གི་བཀྲ་ཤིས་དྲུག་པའོ། །རྩ་བར། འདིར་ཀྲྀ་ཡའི་བུམ་དབང་ཡང་བྱ། ཨུ་པ་ཡའི་བུམ་དབང་ཡང་བྱ། རྫས་དབང་གཉིས་ཀ་འདྲའོ། །ཞེས་གསུངས་པ་ནི་ཀྲྀ་ཡ་དང་ཨུ་པ་ཡ་གཉིས་རྫས་དབང་འདྲ་བ་ལ་དགོངས་ཏེ་འཇུག་པ་བདེ་བའི་ཕྱིར། དཀྱིལ་འཁོར་གཉིས་ཀ་དྲིལ་ཏེ་སྒྲུབ་མཆོད་དང་དབང་བསྐུར་བྱེད་པ་ལ་དགོངས་པ་རྣམ་པ་གཅིག་ཏུ་འཐད་ཀྱང་། ལྷ་དང་དབང་གི་སྒྲུབ་མཆོད་དབང་བསྐུར་འཇུག་པ་སོགས་མི་འདྲ་བ་དུ་མ་ཡོད་པས་ཐ་དད་དུ་བགྱིས་ན་དངོས་གཙང་ཞིང་ཆོ་ག་མི་འཁྲུགས་པའི་ཁྱད་ཡོད་པས། འདིར་ཀྲྀ་ཡའི་བུམ་དབང་མི་བྱ་བར་རྫས་དབང་དཀྱུས་ལ་འཇུག་པ་ནི། རྩ་བར། སྔོན་བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་བཞུགས་པའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཞུས་པའི་རྟེན་དུ་ད་རུ་ཁད་ཀྱི་ཟར་ཚགས་ཕུལ་བས། ཆོས་སྒྲ་ཆེན་པོ་སྒྲོག་པའི་དབང་དམ་པ༴ དེ་བཞིན་དུ་ད་རུ་ཁད་ཀྱི་དབང་བསྐུར་བས་ཆོས་སྒྲ་ཆེན་པོ་སྒྲོག་པའི་དབང༴ ཆོས་ཀྱི་རྒྱལ་སྲིད་ཆེན་པོ་མངའ་བརྙེས་ཤིང་། །མ་རིག་མུན་པ་མ་ལུས་བསལ་བ་དང་། །བརྒྱ་བྱིན་ཤེས་པ་མ་ལུས་སྒྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཅད་གོ་བཞིན་སྒྲོག་པར་ཤོག །འཇམ་མཉེན་རེག་བདེ་དར་གྱི་ཟ་ར་ཚགས། །རིགས་ཀྱི་ཁ་དོག་སྣ་བདུན་ཤིན་ཏུ་མཛེས། །ཡིད་འོང་ལེགས་པར་བརྒྱན་པའི་བཀྲ་ཤིས་རྫས། །ལྷབ་ལྷུབ་དབང་གི་བཀྲ་ཤིས་བདུན་པའོ། །སྔོན་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་སུ་བརྒྱ་བྱིན་ལ་ཆོས་འཁོར་བསྐོར་བའི་ཚེ་རིན་པོ་ཆེའི་ཁྲི་རྐང་ཕུལ་ནས་བཞུགས་པས་ཆོས་ཤེས་པའི་རྒྱུད་ལ་གོ་ཞིང་སྒྲོག་པར༴ དེ་བཞིན་དུ་རིན་པོ་ཆེའི་ཁྲི་རྐང་གི་དབང་བསྐུར་བས་ཆོས་མ་ནོར་བར་གོ་ཞིང་སྒྲོག་པའི་དབང་༴ རིན་ཆེན་གསེར་གྱི་ཁྲི་སྟེང་དུ། །ཆོས་སྒྲ་ཆེན་པོ་སྒྲོགས་པ་ཡིས། །འགྲོ་བ་རྣམས་ཀྱི་མི་ཤེས་གྲོལ། །ཆོས་རྣམས་གོ་ཞིང་སྒྲོག་པར་ཤོག །ཚད་མེད་བཞི་ལྡན་འདེགས་བྱེད་གསེར་གྱི་ཁྲི། །ཡོན་ཏན་ཚོགས་རྫོགས་རིན་ཆེན་སྣ་ཚོགས་བཀྲམ། །འགྲོ་བའི་ཡིད་བཞིན་ཟད་མེད་དགོས་འདོད་སྐོང་། །ཁྲི་མཆོག་དབང་གི་བཀྲ་ཤིས་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་བརྒྱ་བྱིན་གྱིས་མེ་ཏོག་ཆེན་པོས་བྲེས་པས་སེམས་ཅན་འཁོར་བ་ལས་བསླུ་ཞིང་བྲིད་པའི་མཆོག་ཏུ༴ དེ་བཞིན་དུ་མེ་ཏོག་ཆུན་པོས་དབང་བསྐུར་བས་འཁོར་བ་ལས་ཡིད་འབྱུང་བ་མཛེས་པ་རྒྱན་མཆོག་དམ་པའི་དབང་༴ སྡུག་ཅིང་མཛེས་པའི་མེ་ཏོག་དམ་པ་འདི། ཁ་དོག་མ་འདྲེས་སོ་སོར་གསལ་བའི་མཆོག །སེམས་ཅན་ཀུན་གྱིས་བལྟ་བར་འོས་པའི་གནས། །མཛེས་པའི་རྒྱན་མཆོག་དམ་པ་ཐོབ་པར་ཤོག །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དམ་པ་དང་། །ཤིང་དང་ནགས་སྐྱེས་འབྲུ་མཆོག་དམ་པ་འདི། །རིན་ཆེན་ཕྲེང་ལྡན་མེ་ཏོག་ཆུན་མར་འབེབས། །འདི་ནི་དབང་གི་བཀྲ་ཤིས་དགུ་པའོ། །སྔོན་བཅོམ་ལྡན་འདས་རི་རབ་ཁང་པ་བརྩེགས་པར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆེ་སུམ་ཅུ་རྩ་གསུམ་ལྷའི་བུ་ཉི་འོད་དམ་པས་རྔ་ཡབ་ཀྱིས་གཡབས་བས་དགྱེས་པ་ཆེན་པོའི་གཟི་མདངས་དང་ལྡན་པར༴ དེ་བཞིན་དུ་རྔ་ཡབ་ཀྱི་དབང་བསྐུར་བས་དགྱེས་པ་ཆེན་པོའི་གཟི་མདངས་དང་ལྡན་པའི༴ སྙན་པའི་སྒྲ་རྣམས་མྱུར་དུ་སྒྲོག་པ་དང་། །ཉོན་མོངས་རྡུལ་གྱི་དྲི་མ་མ་ལུས་སེལ། །ཐམས་ཅད་མྱུར་དུ་གོ་བའི་བློ་ཐོབ་ནས། །བཀྲ་ཤིས་གཟི་མདངས་མཆོག་དང་ལྡན་པར་ཤོག །རྒྱལ་བའི་སྐུ་ལ་ཉེས་པ་མ་གོས་ཀྱང་། །དག་ཅིང་གསང་བར་བྱ་བའི་རྔ་ཡབ་འདིས། །སྐུ་ཡི་དྲི་མ་ལྗན་ལྗིན་དག་པར་བྱེད། །རྔ་ཡབ་དབང་གི་བཀྲ་ཤིས་བཅུ་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་སུམ་ཅུ་རྩ་གསུམ་ལྷའི་བུ་ཀུན་ནས་འོད་ཟེར་འབྱུང་བས་རྡུལ་གཡབ་ཀྱིས་རྡུལ་གཡབས་པས་ཆོས་ཉིད་ལ་སྐྱོན་གྱིས་མ་གོས་པར༴ དེ་བཞིན་དུ་ལྷའི་རྡུལ་གཡབ་ཀྱི་དབང་བསྐུར་བས་ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པའི༴ ཉོན་མོངས་རྡུལ་རྣམས་མ་ལུས་འཕྱི་བ་དང་། །དུས་གསུམ་བདེ་གཤེགས་ཐམས་ཅད་བཞུགས་པའི་གནས། །བག་ཆགས་སྐྱོན་གྱི་དྲི་མ་བསལ་བའི་ཕྱིར། །ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པར་ཤོག །རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། །ལོག་རྟོག་རྡུལ་གྱི་བག་ཆགས་བསལ་བའི་ཕྱིར། །བཀྲ་ཤིས་གཙང་མའི་རས་ཀྱིས་སྐུ་ཕྱི་བ། །རྡུལ་གཡབ་དབང་གི་བཀྲ་ཤིས་བཅུ་གཅིག་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་དགོན་པ་ན་བཞུགས་པའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ཞིག་གིས་སྦྲང་གཡས་ཀྱིས་སྦྲང་བུ་གཡབས་པས་སེམས་ཅན་དུ་འཛིན་པའི་སྐྱོན་ལས་གྲོལ་བར༴ དེ་བཞིན་དུ་ལྷའི་སྦྲང་གཡབ་ཀྱི་དབང་བསྐུར་བས་འཛིན་ཆགས་ཀྱི་སྐྱོན་ལས་གྲོལ་བའི༴ ཉོན་མོངས་སེམས་ཅན་མ་རིགས་བསལ་བ་དང་། །འབྲས་བུ་ཐར་པའི་གོ་འཕང་ཐོབ་པ་དང་། །བདེ་བར་གཤེགས་པའི་ཞབས་དྲུང་འཁོར་བའི་ཕྱིར། །འཛིན་ཆགས་སྐྱོན་གྱི་དྲི་མ་དག་པར་ཤོག །དྲང་སྲོང་ཆེན་པོ་བསམ་གཏན་གནས་པ་ལ། །སྲོག་ཆགས་གདུག་པའི་གཟུགས་བརྙན་བསལ་བ་དང་། །རྔ་ཡབ་རྒྱལ་བའི་རིང་བསྲེལ་བསྐོར་བའི་ཕྱིར། །སྦྲང་གཡབ་དབང་གི་བཀྲ་ཤིས་བཅུ་གཉིས་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་འཁོར་རྣམ་བཞིས་བླ་བྲེ་བྲེས་པས་ཉོན་མོངས་པའི་གདུང་བ་ཞི་བར༴ དེ་བཞིན་དུ་བླ་བྲེའི་དབང་བསྐུར་བས་ཉོན་མོངས་པའི་རྡུལ་གྱི་དྲི་མས་མི་གོས་པར་གྱུར་ཅིག །ཆོས་ཀྱི་འཁོར་ལོ་བསྐོར་ཕྱིར་བླ་བྲེ་བྲེས། །མི་ཡི་རྒྱལ་པོ་བདེ་གཤེགས་བཞུགས་པའི་གནས། །དབང་ཕྱུག་ཆེན་པོའི་མངའ་བདག་ཆེན་པོ་སྟེ། །ཉོན་མོངས་རྡུལ་གྱི་དྲི་མ་མེད་པར་ཤོག །དཔག་བསམ་ལྗོན་ཤིང་མེ་ཏོག་ལོ་འདབ་རྒྱས། །ཉི་ཟླ་གཟའ་སྐར་མང་པོའི་སྤྲིན་གསེབ་ནས། །བཀྲ་ཤིས་བྱ་སྐད་མང་པོ་འཕུར་ཞིང་ལྡིང་། །དར་ཟབ་དབང་གི་བཀྲ་ཤིས་བཅུ་གསུམ་པའོ། །སྔོན་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་འཁོར་རྣམ་བཞིས་རྒྱལ་མཚན་ཆེན་པོ་གཙུགས་པས་ཆེ་བའི་ཡོན་ཏན་ནུབ་པ་མེད་པ་ཐོབ་པར༴ དེ་བཞིན་དུ་རྒྱལ་མཚན་གྱི་དབང་བསྐུར་བས་ཆེ་བའི་ཡོན་ཏན་ནུབ་པ་མེད་པའི་དབང་༴ ལྷུན་གྲུབ་སྐུ་བརྙེས་རྫོགས་པའི་རྒྱལ་མཚན་ཏེ། །ནུབ་དང་ཟད་མེད་དུས་མེད་སྔར་བཞིན་རྒྱས། །ཡོན་ཏན་མཆོག་གྱུར་ཀུན་ལས་ཁྱད་པར་འཕགས། །ཆེ་བའི་ཡོན་ཏན་ནུབ་པ་མེད་པར་ཤོག །དཔལ་བརྗིད་མཛེས་པས་འཇིག་རྟེན་ཡོངས་ཀྱི་རྒྱན། །བདུད་དང་མུ་སྟེགས་བདུད་དཔུང་འཇོམས་པར་བྱེད། །རྒྱལ་བའི་སྐུ་དང་དབྱེར་མེད་ཚུལ་གཅིག་པའི། །རྒྱལ་མཚན་དབང་གི་བཀྲ་ཤིས་བཅུ་བཞི་པའོ། །སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་གཤེགས་པའི་ཚེ་འཁོར་རྣམས་ཀྱིས་ཚ་བའི་གདུང་སྐྱོབ་གདུགས་ཀྱིས་བཀབ་པས་ཚ་བའི་གདུང་བ་ཞི་བར༴ དེ་བཞིན་དུ་གདུགས་ཀྱི་དབང་བསྐུར་བས་ཉོན་མོངས་པའི་གདུང་བ་ཐམས་ཅད་ཞི་བའི་དབང་༴ གདུགས་ཀྱིས་ཚ་བའི་གདུངས་པ་ཀུན་སེལ་ཞིང་། །གྲང་ཞིང་བསིལ་བའི་གདུགས་མཆོག་དམ་པ་སྟེ། །འགྲོ་བའི་ཉོན་མོངས་ཚ་གདུང་ཞི་བའི་གསོས། །རིམས་ནད་ཚ་བའི་སྡུག་བསྔལ་ཐར་པར་ཤོག །ཇི་ལྟར་ཉོན་མོངས་ཚ་བས་གདུངས་པ་ལས། །གདུགས་ཀྱིས་ཚ་བའི་སྡུག་བསྔལ་སྐྱོབ་པ་ལྟར། །འཁོར་བའི་ཉེས་པ་སྡུག་བསྔལ་བསལ་བའི་ཕྱིར། །གདུགས་མཆོག་དབང་གི་བཀྲ་ཤིས་བཅོ་ལྔ་པའོ། །སྔོན་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་སྤྲེའུ་རྫིང་གི་འགྲམ་ཁང་བུ་བརྩེགས་པ་ན་བཞུགས་པའི་ཚེ་བྲམ་ཟེ་ཁམ་པ་སྔོན་གྱི་ཉེས་པས་བརྡས་ནས་ཉ་པ་རྣམས་ཀྱིས་ཟིན་པའི་ཉ་པ་རྣམས་འགྱོད་པ་རྗེས་སུ་དྲན་ནས་ཉ་རྒྱ་ཆེ་ཆུང་ཕུལ་བས་ཉ་པ་ལྔ་བརྒྱ་སངས་རྒྱས་པར༴ དེ་བཞིན་དུ་ཉ་རྒྱའི་རྟགས་དར་གྱི་ལྡ་ལྡིའི་དབང་བསྐུར་བས་ངན་སོང་སྐྱེ་ངེས་ཀྱང་དེ་ལས་ཐར་ཏེ་སངས་རྒྱས་པའི༴ དར་གྱི་ལྡ་ལྡི་ཉོན་མོངས་ཀུན་སྤངས་ཏེ། །ལེགས་པའི་ཡོན་ཏན་མ་ལུས་ཡོངས་རྫོགས་ནས། །མ་རིག་འཁྲུལ་པའི་ཤེས་པ་བློ་དག་ཅིང་། །ཉོན་མོངས་འཁོར་བའི་ནད་ལས་ཐར་པར་ཤོག །འཁོར་བའི་ཉེས་པ་དག་བྱའི་ཕྱིར། །སྡུག་བསྔལ་རྒྱ་མོ་བཀྲ་ཤིས་རྫས། །བག་ཆགས་ཀུན་དག་ལྡ་ལྡིའི་རྒྱན། །དབང་གི་བཀྲ་ཤིས་བཅུ་དྲུག་པའོ། །སྔོན་བཅོམ་ལྡན་འདས་སྐྱེས་མོས་ཚལ་དུ་བཞུགས་པའི་ཚེ་ཁྱིམ་བདག་གི་བུ་མོ་བཟང་ལྡན་མས་ཨ་པར་སེའི་སྐུ་རགས་གསོལ་བས་སྐུ་བརྟན་པའི་དབང་མཆོག་དང་ལྡན་པར༴ དེ་བཞིན་དུ་སྐུ་རགས་ཀྱི་དབང་བསྐུར་བས་ལུས་བརྟན་པའི་མཆོག་གི༴ དྲི་མེད་དག་པའི་སྐུ་རགས་གཙང་མའི་མཆོག །ཁྱིམ་བདག་དད་པས་ཕུལ་བའི་སྐུ་ཆིངས་འདི། །སྐུ་ལ་བཀྲ་ཤིས་རབ་ཏུ་བརྟན་པས་ན། །མི་འགྱུར་བརྟན་པའི་སྐུ་མཆོག་ཐོབ་པར་ཤོག །ཐར་པ་མཆོག་གི་ལེགས་པར་གང་གསུངས་པ། །མི་དམིགས་དག་པའི་ཡེ་ཤེས་ཆོས་སྐུ་ཡི། །ཉོན་མོངས་དྲི་མ་མེད་པའི་སྐུ་བརྟེན་པ། །སྐུ་རགས་དབང་གི་བཀྲ་ཤིས་བཅུ་བདུན་པའོ། །སྔོན་བཅོམ་ལྡན་འདས་རི་བོ་གངས་ཅན་ན་བཞུགས་པའི་ཚེ་གནོད་སྦྱིན་རྣམས་ཀྱིས་སྤོས་རྣམ་ལྔ་ཕུལ་བ་ནི་ཙནྡན། ག་བུར། གུར་གུམ། ཨ་ཀ་རུ། དུ་རུ་ཀ་སྟེ་དེ་རྣམས་ཕུལ་བས་དབང་པོ་ཚིམ་ཞིང་བཀྲ་ཤིས་པར༴ དེ་བཞིན་དུ་སྤོས་རྣམ་པ་ལྔའི་དབང་བསྐུར་བས་དབང་ཚིམ་ཞིང་བཀྲ་ཤིས་པའི༴ དབང་པོ་ཚིམ་བྱ་བདུག་པའི་སྤོས་མཆོག་འདི། །དུས་གསུམ་བདེ་བར་གཤེགས་པ་མཆོད་པ་ད ང་། །འགྲོ་བ་མ་ལུས་དབང་པོ་ཀུན་ཚིམ་ཞིང་། །དྲི་ཞིམ་འཕགས་པའི་སྐུ་དང་ལྡན་པར་ཤོག །དྲི་ཞིམ་ངད་ལྡན་ཡོན་ཏན་ཕུན་སུམ་ཚོགས། །མཁའ་ལ་མཆོད་པའི་སྤྲིན་ཕུང་གཏིབས་བྱེད་ཅིང་། །ཡོངས་སུ་ཁྱབ་པའི་བདུག་མཆོག་དམ་པ་འདི། །ཚིམ་བྱེད་དབང་གི་བཀྲ་ཤིས་བཅོ་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོ་ན་བཞུགས་པའི་ཚེ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཚྭ། མར། སྤྲང་རྩི། ཀ་ར། ཏིལ་ཏེ་སྙིང་པོ་ལྔ་ཕུལ་བས་ཆོས་ཀྱི་སྙིང་པོ་མི་ཟད་པའི་མཛོད་དུ་བཀྲ་ཤིས་པར༴ དེ་བཞིན་དུ་སྙིང་པོ་རྣམ་པ་ལྔས་དབང་བསྐུར་བས་ཚེ་མི་ཟད་པའི༴ སྙིང་པོ་ལྔ་ནི་གསོས་ཀྱི་མཆོག །མི་ཟད་པ་ཡི་དབྱིག་ཐོགས་ཏེ། །ལེགས་པའི་ཡོན་ཏན་མཐར་ཕྱིན་པ། །ཚེ་དང་ལོངས་སྤྱོད་འཕེལ་བར་ཤོག །ཚྭ་ཡིས་རོ་བསྒྱུར་མར་གྱིས་མདངས་དང་ལྡན། །སྤྲང་རྩིས་སྟོབས་རྒྱས་ཀ་རས་ནད་རྣམས་ཞི། །ཏིལ་གྱིས་སྡིག་ཞི་དགེ་ཚོགས་རྣམས་པར་འཕེལ། །སྙིང་པོ་དབང་གི་བཀྲ་ཤིས་བཅུ་དགུ་པའོ། །སྔོན་བཅོམ་ལྡན་འདས་རི་བོ་གྲུ་འཛིན་ན་བཞུགས་པའི་ཚེ་གནོད་སྦྱིན་གཏེར་འཆང་རྣམས་ཀྱིས་གསེར། དངུལ། ཟངས། ལྕགས། མུ་མེན་ཏེ་རིན་པོ་ཆེ་རྣམ་པ་ལྔ་ཕུལ་བས་ཟད་མི་ཤེས་པའི་དཀོར་མཛོད་དང་ལྡན་པར༴ དེ་བཞིན་དུ་རིན་པོ་ཆེ་རྣམ་པ་ལྔའི་དབང་བསྐུར་བས་ལོངས་སྤྱོད་ཟད་མི་ཤེས་པའི༴ རིན་ཆེན་གསེར་དངུལ་ཟངས་ལྕགས་སོགས། །མི་ཟད་ནོར་གྱི་མཆོག་འདི་ཡིས། །འཕགས་པའི་ནོར་བདུན་དང་ལྡན་ཏེ། །འགྲོ་བའི་དབུལ་བ་སེལ་བར་ཤོག །དགོས་པའི་ནོར་འབྱུང་རིན་ཆེན་སྣ་ཚོགས་མཆོག །ཟད་མི་ཤེས་པ་རེ་བ་སྐོང་བའི་གཏེར། །བཀྲེས་དང་དབུལ་འཕོངས་སྡུག་བསྔལ་སེལ་བྱེད་པ། །དགོས་འབྱུང་དབང་གི་བཀྲ་ཤིས་ཉི་ཤུ་པའོ། །སྔོན་བཅོམ་ལྡན་འདས་ཡུལ་ཨདྒ་མ་ག་དྷ་ན་བཞུགས་པའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་ནས། གྲོ། འབྲས། ཏིལ། མོན་སྲན་དྲེའུ་སྟེ་འབྲུ་ལྔ་ཕུལ་བས་མུ་གེ་མེད་ཅིང་བཀྲ་ཤིས་པར༴ དེ་བཞིན་དུ་འབྲུ་ལྔའི་དབང་བསྐུར་བས་མུ་གེའི་བསྐལ་པ་ལས་ཐར་པའི་དབང་༴ རིན་ཆེན་འབྲུ་མཆོག་འགྲོ་བ་ཀུན་གྱི་གསོས། །མུ་གེའི་སྡུག་བསྔལ་ཀུན་ལས་ཐར་བྱེད་ཅིང་། །སྦྱིན་པས་ལོངས་སྤྱོད་རྟག་ཏུ་འཕེལ་བའི་ཕྱིར། །ཟས་གོས་མི་ཟད་གཏེར་དང་ལྡན་པར་ཤོག །ལོངས་སྤྱོད་ཚོགས་ཆེན་འབྱོར་པ་ཀུན་ལྡན་པ། །གང་ལ་ཅི་འདོད་ཡིད་བཞིན་འབྱུང་བའི་གཏེར། །ཕུན་སུམ་ཚོགས་པ་དགེ་བའི་སྟོབས་བསྐྱེད་པ། །ལོངས་སྤྱོད་དབང་གི་བཀྲ་ཤིས་ཉེར་གཅིག་པའོ། །སྔོན་བཅོམ་ལྡན་འདས་ཙནྡན་གྱི་ནགས་སུ་གཤེགས་པའི་ཚེ་གཅན་གཟན་གྱི་རྒྱལ་པོ་སྟག་གིས་སྨན་བྱཱ་གྲི་ཕུལ་བས་བཀྲ་ཤིས་པར༴ དེ་བཞིན་དུ་སྨན་སྟག་ཚེར་གྱི་དབང་བསྐུར་བས་བཀྲ་ཤིས་པའི་དབང་༴ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བྱོལ་སོང་གཏི་མུག་ཀུན་ཀྱང་འཇོམས་མཛད་པ། །བྱཱ་གྲི་སྨན་མཆོག་གཅན་གཟན་སྟག་གིས་ཕུལ། །སྨན་གྱིས་ནད་རྣམ་མ་ལུས་ཞི་བར་ཤོག །སེམས་ཅན་གདུག་པ་མ་ལུས་འདུལ་མཛད་པ། །ཐབས་ཀྱིས་ཀུན་ལ་ཆོ་འཕྲུལ་ཅིར་ཡང་སྟོན། །ཐུགས་རྗེ་ཆེན་པོས་གནས་ནས་འདྲེན་མཛད་པའི། །ཆོ་འཕྲུལ་དབང་གི་བཀྲ་ཤིས་ཉེར་གཉིས་པའོ། །སྔོན་བཅོམ་ལྡན་འདས་སེང་ལྡེང་ནགས་སུ་གཤེགས་པའི་ཚེ་གཅན་གཟན་གྱི་རྒྱལ་པོ་སེང་གེས་སེང་གྲི་ཕུལ་བས་སྨན་གྱི་མཆོག་ཏུ་བཀྲ༴ དེ་བཞིན་དུ་སེང་ལྡེང་ཚེར་མས་དབང་བསྐུར་བས་སྨན་མཆོག་བཀྲ་ཤིས༴ སེང་གྲི་སྨན་མཆོག་གཅན་གཟན་སེང་གེ་ཕུལ། །བཅོམ་ལྡན་ཐུགས་རྗེ༴ བྱོལ་སོང གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་ཀུན་ལས་ཐར་བར་ཤོག །གཟི་བརྗིད་འགྲོ་མཁས་འགྱིང་བའི་རྫུ་འཕྲུལ་ཅན། །འགྱིང་ཞིང་འགྱིང་བ་དུད་འགྲོའི་རྒྱལ་པོ་སྟེ། །སྒྲ་སྐད་བསྒྲགས་ཚེ་གཅན་གཟན་ཟིལ་གྱིས་གནོན། །གདུལ་ལེགས་དབང་གི་བཀྲ་ཤིས་ཉེར་གསུམ་པའོ། །སྔོན་བཅོམ་ལྡན་འདས་རི་བཏང་བཟུང་ཆེན་པོར་བཞུགས་པའི་ཚེ་ཀླུའི་རྒྱལ་པོ་འཇོག་པོས་བྲི་ཧ་ཏི་ཕུལ་བས་མཆོག་གི་སྨན་བཀྲ༴ དེ་བཞིན་དུ་ཤུ་དག་དཀར་པོའི་དབང་བསྐུར་བས་སྨན་མཆོག་བཀྲ་ཤིས་པའི༴ ཤུ་དག་སྨན་མཆོག་ཀླུ་ཡིས་ཕུལ་བ་སྟེ། །བཅོམ་ལྡན་ཐུགས་རྗེ༴ ཀླུ་རིགས་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་གྱིས་ནད་རྣམས་རབ་ཏུ་སེལ་བར་ཤོག །རིག་པའི་ཆ་ལྡན་བྱང་ཆུབ་སེམས་དཔའ་ཡི། །འགྲོ་བའི་རེ་སྐོང གཙུག་ན་རིན་ཆེན་མཆོག །ཐབས་ཀྱིས་དོན་མཛད་མཐུ་དཔུང་ཆེ་བའི་ཀླུ། །ནད་སེལ་དབང་གི་བཀྲ་ཤིས་ཉེར་བཞི་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཧ་ས་དེ་ཝ་ཕུལ་བས་སྨན་མཆོག་གི་སྙིང་པོར་བཀྲ༴ དེ་བཞིན་དུ་དབང་པོ་ལག་པའི་དབང་བསྐུར་བས་སྨན་མཆོག་དོན་དམ་པའི་དབང་༴ དབང་པོ་ལག་པ་བརྒྱ་བྱིན་དབང་པོས་ཕུལ། །བཅོམ་ལྡན་ཐུགས་རྗེ༴ ཆེན་པོ་ལྷ་ཡི་སེམས་ཀྱང་གོ་མཛད་པ། །སྨན་མཆོག་ནད་ཀུན་རབ་ཏུ་ཞི་བར་ཤོག །སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་ནས། །ལོངས་སྤྱོད་ལྡན་པ་ལྷ་དབང་བརྒྱ་བྱིན་མཆོག །སུམ་ཅུ་རྩ་གསུམ་ལྷ་ལས་རྣམ་རྒྱལ་བའི། །ལོངས་སྤྱོད་དབང་གི་བཀྲ་ཤིས་ཉེར་ལྔ་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོའི་ཚལ་དུ་གཤེགས་པའི་ཚེ་ཤིང་གི་ལྷ་མོ་འོད་འཆང་མས་ཀཎྜ་ཀ་རི་ཕུལ་བས་སྨན་མཆོག་སྙིང་པོར་བཀྲ༴ དེ་བཞིན་དུ་ཀཎྜ་ཀ་རིའི་དབང་བསྐུར་བས་སྨན་མཆོག་སྙིང་པོའི་དབང་༴ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཤིང་གི་ལྷ་མོའི་སེམས་ཀྱང་གོ་མཛད་པ། །ཀཎྜ་ཀ་རི་ཤིང་གི་ལྷ་མོས་ཕུལ། །སྨན་མཆོག་དེ་ཡིས་ནད་ཀུན་ཞི་བར་ཤོག །ནགས་ཚལ་ཆེན་པོ་ལྗོན་ཤིང་ལས། །བདེ་དང་དགོས་པའི་རེ་སྐོང་བ། །ལྷ་མོ་འདོད་པས་རབ་ཏུ་ཕུལ། །དབང་མཆོག་བཀྲ་ཤིས་ཉེར་དྲུག་པའོ། །ཞེས་པས་དབང་རྫོགས་པར་བསྐུར་རོ། །དེ་ལྟར་དབང་བསྐུར་གྲུབ་ནས་རྩ་བའི་ས་བཅད་བཅུ་བཞི་པ་ལམ་འཁྱེར་ལ་ནང་གསེས་བཞི་སྟེ། ཐེག་པ་ལྷ་སྙིང་བསླབ་བྱ་སྟེ་བཞི། ཐེག་པ་ལ་ནང་གསེས་ཀྱི་དྲུག་སྟེ། འཇུག་སྒོ། ལྟ་བ། ཚུལ་ཁྲིམས། ཏིང་འཛིན། སྤྱོད་པ། འབྲས་བུའོ། །དེ་ལ་དང་པོའི་རྒྱས་བཤད་དྲུག་འོག་ཏུ་འབྱུང་ལ། རྩ་བར། དེ་ནས་ལམ་འཁྱེར་གྱི་ཐེག་པ་ཀྲྀ་ཡ། ལྷ་རིགས་གསུམ་མགོན་པོ། སྙིང་པོ་ༀ་ཝཱ་གཱི་ཤྭ་རི་མུཾ། ༀ་མ་ཎི་པདྨེ་ཧཱུཾ། ༀ་བཛྲ་པཱ་ཎི་ཧཱུཾ། ཀྲྀ་ཡའི་དབང་ཉི་ཤུ་རྩ་དྲུག་གོ། །དེ་ཡང་ཐེག་པའི་འཇུག་སྒོ་ཁྲུས་དང་གཙང་སྦྲ་སྟེ། ལས་ལ་འཇུག་པའི་སྐབས་དག་ཏུ། །ལུས་ནི་ས་ཡིས་དྲིལ་ཕྱིས་བྱས། །ཆུ་ནང་རྙོག་པ་མེད་ཞུགས་ཏེ། །ཇི་ལྟར་འདོད་པ་བཞིན་དུ་བཀྲུས། །ཞེས་སོ། །ལྟ་བ་དོན་དམ་པའི་བདེན་པ་སེམས་དག་པའི་མཐའ་བཞི་དང་བྲལ་བའི་འདི་སྟོང་གསལ་གྱི་ཡེ་ཤེས་ཆེན་པོར་རྟོགས། དེའི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་ཡེ་ནས་སངས་རྒྱས་པར་འདོད་དེ། དེའང་ཡུལ་ཕར་སྣང་ཕྱི་རོལ་གྱི་མཐོང་། འཇམ་རྩུབ་དང་འབྱུང་པོ་གསུམ་དང་། ཚུར་ནང་ནས་འཆར་བའམ་སྒོ་གསུམ་དུག་གསུམ། སྲིད་གསུམ་ལྷའི་དཀྱིལ་འཁོར་དུ་འདོད་དེ། ཀུན་རྫོབ་སྣང་བ་རིགས་གསུམ་ལྷ། །རྗེ་དང་འདྲ་བ་གཙང་མས་གྲུབ། །དོན་དམ་དག་པའི་ཆོས་ཉིད་དོ། །དྲུག་བྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བའི་དངོས་པོ་མཐོ་འཇམ་རྩུབ། །ཅེས་སོ། །བསྲུང་བའི་དམ་ཚིག་ནི། སྡོམ་པ་གཅིག་གསུམ་ལ་སོགས་ཏེ་རིགས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་དྲུག་ཏུ་བསྲུང་བའོ། །རིགས་གསུམ་དབང་བྱས་གསུམ་མམ་བདུན། །ཡང་ན་ཉི་ཤུ་དག་ཏུ་བསྲུང་། །ཞེས་སོ། །ཏིང་ངེ་འཛིན་ནི། ལྷ་ཡེ་ཤེས་པ་རྗེ། དམ་ཚིག་པ་བྲན་དུ་དམིགས་པ་སྟེ། དཔུང་བཟང་ལས། ཡེ་ཤེས་སེམས་དཔའ་རྗེར་དམིགས་ཏེ། །དམ་ཚིག་སེམས་དཔའ་བྲན་དུ་བལྟ། །གཙང་མའི་ཕུད་དཀྱིལ་མཆོག་བྱས་ནས། །དངོས་གྲུབ་དམ་པ་ཐོབ་པར་འདོད། །ཅེས་སོ། །སྤྱོད་པ་ནི་བྱ་བ་དྲུག་སྟེ། བཟའ་བ་ཟས་ཀྱི་བྱ་བ་དཀར་གསུམ་མངར་གསུམ་བཟའ། ཆང་ཤ་སྒོག་བཙོང་བསྲུང་བའོ། །བགོ་བ་གོས་ཀྱི་བྱ་བ་རས་ཁ་ཚར་མ་ཉམས་པ་གྱོན་པའོ། །གཙང་སྦྲ་ཁྲུས་ཀྱི་བྱ་བ་བཞི་སྟེ། ཉོན་མོངས་པ་མངོན་དུ་རྒྱུ་བ་རགས་པའི་བག་ཆགས་ལྟ་བ་རྟོགས་པས་འདག །བག་ལ་ཉལ་གྱི་བག་ཆགས་ཏིང་ངེ་འཛིན་གོམས་པས་འདག །སྤྱོད་ལམ་ཉམས་པའི་དྲི་མ་ལྷའི་དཀྱིལ་འཁོར་བསྡུ་ཞིང་ཡེ་ཤེས་པ་གཤེགས་པ་འདག །ཐ་མལ་པའི་དྲི་མ་ཆུས་འདག་པའོ། །དེའང་། ཐ་མ་དྲི་མ་ཆུ་ཡིས་འདག །ཆུ་ནི་སྔགས་ཀྱིས་འདག་པར་བྱའོ། །ཞེས་སོ། །དངོས་གྲུབ་བརྟེན་གྱི་བྱ་བ་ནི། དམིགས་པའི་རྟེན་ཡི་དམ་ལྷའི་སྐུ་གཟུགས་གཙང་སྦྲ་བཞེངས་ནས་བྱེད་པའོ། །འཇུག་པ་དུས་ཚོད་ཀྱི་བྱ་བ་ནི། དཔུང་བཟང་ལས། ཚེས་གྲངས་བཟང་པོ་ལ་འཇུག་སྟེ། །ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །གཟའ་སྐར་ཤིས་པས་བླངས་བར་བྱ། །བྱང་ཆུབ་སྤྱོད་པ་ཆེར་འཕེལ་འགྱུར། །ཞེས་སོ། །བཟླས་བརྗོད་སྔགས་ཀྱི་བྱ་བ་ནི། དེ་ཉིད་གསུམ་དང་ལྡན་པ་སྟེ། ལྷའི། བདག་གི། འཕྲོ་འདུ་དེ་ཉིད་དང་ལྡན། སྔགས་ཀྱི་སྐྱོན་བཅུ་སྤངས་ལ་བཟླའོ། །དེ་ཉིད་འདུས་པ་ལས། གསང་བ་གསུམ་ལྡན་སྐྱོན་བཅུ་སྤངས་ཏེ་བླངས། །མཚམས་མེད་ལྔ་དང་མི་དགེ་བཅུ་སྤྱོད་དང་། །སྡིག་པ་གང་བྱས་བཟླས་བརྗོད་བྱས་པས་འབྱང་། །ཞེས་སོ། །འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། དག་པ་མཐའ་བཞི་དང་བྲལ་བ་ཆོས་སྐུ། རིགས་གསུམ་ལོངས་སྐུ། རིགས་ཀྱི་ཁྲོ་བོ་ཕོ་ཉ་ལ་སོགས་སྤྲུལ་སྐུ། དེ་ཡང་། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རིགས་གསུམ་ཏིང་འཛིན་མཐུ་ཅན་འགྱུར། །སངས་རྒྱས་ཕྲིན་ལས་ཀུན་རྫོགས་ནས། །རྡོ་རྗེ་འཛིན་སོགས་གནས་པར་འགྱུར། །ཞེས་སོ། །འགག་ནི། གནས་ཝ་ར་ཎཱ་སིའམ། མེ་ཏོག་འཇའ་ཚོན་གྱི་ཚལ། སྟོན་པ་བཅོམ་ལྡན་འདས་སམ་ཕྱག་ན་རྡོ་རྗེ། འཁོར་ཕྱག་ན་རྡོ་རྗེའམ། རྡོ་རྗེ་ཟླ་འབར་རྩལ། དབང་རི་རབ་མཆོད་རྟེན་ལ་སོགས་ཀྲྀ་ཡའི་དབང་ཉེར་དྲུག །གང་གི་ཕྱིར་ན་དམ་ཚིག་དང་ལྡན་པ་རྗེས་སུ་བཟུང་བའི་ཕྱིར། དགོངས་པ་དབང་བསྐུར་བའི་འབྲས་བུ་དེ་དག་གོ། །དེ་ནས་དབང་དེ་བརྟན་པའི་ཕྱི་གདམས་ངག་ལམ་འཁྱེར་གསལ་གདབ་པ་ནི། སྤྱི་བོར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེགས་མར་བསམ། དཀར་པོ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་མཆོད། ཚུར་འདུས་སྤྱི་བོར་ཐིམས་པས་འཇམ་དཔལ་སེར་པོ་རལ་གྲི་ཨུ ཏྤལ་འཛིན་པར་བསམ། དམར་པོ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་མཆོད། ཚུར་འདུས་མགྲིན་པར་ཐིམ་པས་སྤྱན་གཟིགས་དཀར་པོ་པདྨ་འཛིན་པར་བསམ། མཐིང་ཁ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་མཆོད། ཚུར་འདུས་སྙིང་ཁར་ཐིམ་པས་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པར་བསྒོམ། དེ་ལྟར་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་སྒོམས་ནས་སྤྱོད་ལམ་རྣམ་བཞི་ལྷ་གསུམ་གྱི་ངང་ལས་མི་འདའ་བར་བྱའོ། །ཞེས་གསུངས་པས་འདི་རྣམས་ཀྱི་དོན་རགས་པ་ཙམ་གོང་དུ་བསྟན་པ་ཙམ་གྱིས་ཤེས་པར་ནུས་པ། འོན་ཀྱང་གཙོ་བོར་ལམ་འཁྱེར་བཞིའི་ཐེག་པ་ནི་ཀྲྀ་ཡ་སྟེ། དེའི་དང་པོ་འཇུག་སྒོ་ཁྲུས་དང་གཙང་སྦྲ་བྱས་ཏེ་དབང་ལམ་འཁྱེར་ཤུགས་བསྟན་དུ་འབྱུང་བ་ཀྲྀ་ཡའི་དབང་ཉེར་དྲུག་པོ་དེ་ཐོབ་ནས། ལྷ་ལམ་འཁྱེར་ནི་ཡོངས་གྲགས་ཀྱི་རིགས་གསུམ་མགོན་པོ། དེ་ཡང་གང་མོས་སོ་སོའམ་གཅིག་ཏུ་ཉམས་སུ་ལེན་ཚུལ་གདམས་ངག་དང་སྒོམ་སྐབས་སུ་འཆད། སྙིང་པོ་ནི་རིགས་གསུམ་མགོན་པོ་གསུམ་གའི་སྙིང་པོ་འབྲུ་དྲུག་སྟེ། འཇམ་དབྱངས་ལ་ༀ་ཝཱ་གཱི་ཤྭ་རི་མུཾ་ཞེས་འབྲུ་དྲུག །སྤྱན་རས་གཟིགས་ཀྱི་ཡི་གེ་དྲུག་པ་ༀ་མ་ཎི་པདྨེ་ཧཱུཾ། ཕྱག་རྡོར་གྱི་འབྲུ་དྲུག་ༀ་བཛྲ་པཱ་ཎི་ཧཱུཾ། ཞེས་གསུམ་པོ་བཟླས་སོ། །ཐེག་པ་ལམ་འཁྱེར་གྱི་གཉིས་པ་ལྟ་བ་ནི། དོན་དམ་དག་པ་མཐའ་བཞི་དང་བྲལ་བ་སྟོང་གསལ་ཆེན་པོར་རྟོགས་པའི་མཉམ་གཞག་གི་རྗེས་ཐོབ་ཏུ་ཕྱི་ནང་གི་འཆར་སྒོ་དུག་གསུམ་སྲིད་གསུམ་སོགས་གསུམ་ཆོས་ཐམས་ཅད་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་འཁྱེར་ཞིང་། གསུམ་པ་ཚུལ་ཁྲིམས་སམ་དམ་ཚིག་རིགས་གསུམ་སྤྱིའི་དམ་ཚིག་ནི་གོང་དུ་སྡོམ་བཟུང་སྐབས་བཤད་པ་ལྟར། སྐུའི་དམ་ཚིག་ཏུ་དམ་ཚིག་དང་སྡོམ་པའི་ཚོགས་བསྲུང་ཞིང་བསྒྲུབ་པ། གསུང་པདྨའི་རིགས་ཀྱི་དམ་ཚིག་ཏུ་ཕྱི་ནང་གསང་བའི་དམ་ཆོས་བསྒྲག་བཟུང་བྱ་བ། ཐུགས་རྡོ་རྗེའི་རིགས་ཀྱི་དམ་ཚིག་གསུམ་སྟེ། སྐུ་ལྷའི་ཕྱག་རྒྱ། གསུང་དྲིལ་བུ། ཐུགས་རྡོ་རྗེ་རྣམས་བརྟེན་ཅིང་བཟུང་བ་སོགས་གསུམ་པོ་ལ་རྒྱས་པར་ཕྱེ་སྟེ་བདུན་ནམ་ཉི་ཤུ་རྩ་དྲུག་ཏུ་འགྱུར་བའི་ཚུལ་རྣམས་བཟུང་བ་ནི་བྱ་རྒྱུད་ཁོ་ནའི་སྔགས་སྡོམ་བསྲུང་བྱའི་དམ་ཚིག་ཡིན། བཞི་པ་ཏིང་ངེ་འཛིན་ནི་ལྷ་ཡེ་ཤེས་སེམས་དཔའ་རྗེ་བོའི་ཚུལ་དང་། བདག་དམ་ཚིག་སེམས་དཔའ་བྲན་དུ་དམིགས་ཏེ་མཆོད་པ་འབུལ་ཞིང་དངོས་གྲུབ་ལེན་པ་ཡིན། ལྔ་པ་སྤྱོད་པ་ནི་བྱ་བ་དྲུག་སྟེ། བཟའ་བ་ཟས་ཀྱི་བྱ་བ་ཤ་ཆང་སྒོག་བཙོང་སྤངས་ཏེ། དེའི་ལྡོག་པ་དཀར་གསུང་མངར་གསུམ་བཟའ། བགོ་བ་གོས་ཀྱི་བྱ་བ་རས་ཁ་ཚར་མ་ཉམས་པ་གྱོན། ཁྲུས་ཀྱི་བྱ་བ་ལ་བཞི་སྟེ། ཉོན་མོངས་མངོན་རྒྱུའི་བག་ཆགས་ལྟ་བས་བཀྲུ། བག་ལ་ཉལ་གྱི་བག་ཆགས་ཏིང་ངེ་འཛིན་གྱིས་བཀྲུ། སྤྱོད་ལམ་གྱི་ཉེས་དྲི་ལྷ་གཤེགས་དཀྱིལ་འཁོར་བསྡུས་པས་བཀྲུ། ཐ་མལ་གྱི་དྲི་མ་སྔགས་བཟླས་པའི་ཆུས་བཀྲུ་པའོ། །དངོས་གྲུབ་རྟེན་གྱི་བྱ་བ་ཡི་དམ་གྱི་བྲིས་སྐུའམ་འབུར་སྐུ་གཙང་སྦྲ་དང་ལྡན་པར་བཞེངས། འཇུག་པ་དུས་ཚོད་ཀྱི་བྱ་བ་ནི་ཡར་ངོའི་བརྒྱད་དང་སྐར་མ་རྒྱལ་སོགས་ཡིན། བཟླས་བརྗོད་སྔགས་ཀྱི་བྱ་བ་ནི་དེ་ཉིད་གསུམ་ལྡན་གྱི་བཟླས་པ་སྐྱོན་བཅུ་སྤང་བ་སྟེ། ལྷའི་དེ་ཉིད། བདག་གི་དེ་ཉིད། སྔགས་ཀྱི་དེ་ཉིད་གསུམ། སྐྱོན་བཅུ་སྤང་ཏེ་བཟླས་པས་མི་དགེ་བཅུ་ལ་སོགས་པའི་སྡིག་པ་འདག་གོ། །དྲུག་པ་འབྲས་བུ་ནི། རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཞེས་བྱ་སྟེ་དག་པའི་མཐའ་བཞི་དང་བྲལ་བའི་ཆོས་སྐུ། རིགས་གསུམ་ལོངས་སྐུ་དང་། རིགས་གསུམ་དེ་གསུམ་གྱི་སྤྲུལ་པ་ཁྲོ་བོ་དང་ཕོ་ཉ། སྤྲུལ་སྐུའི་འབྲས་བུ་སྐྱེ་བ་བདུན་ནས་ཐོབ་པར་བཞེད། འགག་དྲུག་ནི་རྩ་བ་ལྟར་རོ། །ཉམས་ཁྲིད་ཀྱི་གཙོ་བོ་ངང་སྒོམ་གདམས་ངག་གསལ་འདེབས་ནི། རང་ཐ་མལ་པའི་སྤྱི་བོར་ཐིག་ལེ་མཐིང་ཁ། དེའི་སྟེང་དུ་དམར་པོ། དེའི་སྟེང་དུ་དཀར་པོ་སྟེ་སུམ་བརྩེགས་སུ་བསམ་པའི་དང་པོ་དཀར་པོ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཕགས་པའི་ཚོགས་ལ་མཆོད་པ་ཕུལ། ཚུར་འདུས་རང་གི་སྤྱི་བོར་ཐིམ་པས་སྤྱི་བོར་འཇམ་དབྱངས་སེར་པོ་རལ་གྲི་ཨུཏྤལ་འཛིན་པ་ཞིག་གསལ་གདབ། དེ་བཞིན་དུ་ཐིག་ལེ་དམར་པོ་ལས་འོད་འཕྲོས། སྔར་བཞིན་དོན་གཉིས་བྱས། ཚུར་འདུས་མགྲིན་པར་ཐིམ་པས་རང་གི་མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱི་ལྟར་བསྒོམ། ཡང་ཐིག་ལེ་མཐིང་ཁ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་རང་གི་སྙིང་གར་ཐིམ་པས་རང་གི་སྙིང་གར་ཕྱག་རྡོར་སྔོན་པོ་རྡོ་རྗེ་སྡིག་མཛུབ་ཅན་ཁྲོ་ཚུལ་དང་ལྡན་པར་གསལ་གདབ། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་སྒོམ་པ་ཡིན་པས། ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་བཞིར་ལྷ་གསུམ་གྱི་ང་རྒྱལ་ལས་མི་འདའ་བར་བསླབ་པར་མཛོད། དེས་བྱ་རྒྱུད་ཀྲྀ་ཡའི་ཐེག་པའི་སྨིན་གྲོལ་རྣམས་ལེགས་པར་གྲུབ་པས་དམ་ཚིག་དང་སྡོམ་པའི་ཚོགས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་གཏང་རག་གི་ཡོན་དབུལ་བ་བྲན་དུ་ཁས་བླང་སོགས་རྗེས་ཆོས་གསུམ་དང་། དགེ་བསྔོ་སོགས་སྔ་མ་ལྟར་བྱའོ། །རྩ་བར་དེ་ནས་དཀྱིལ་འཁོར་བསྡུ། ཞེས་འབྱུང་བས་དཀྱིལ་འཁོར་མཆོད་པ་རྣམས་ཁ་གསོས་ཤིང་བྱིན་གྱིས་བརླབས་ཏེ། མཆོད་བསྟོད་བཟོད་གསོལ་ཉེར་བསྡུ་བསྔོ་སྨོན་སོགས་དཀྱིལ་འཁོར་སྔ་མ་རྣམས་ལྟར་བྱ། བཀྲ་ཤིས་ནི། རྩ་བར། མེ་ཏོག་བཀྲམ་ལ། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དཔལ་དབྱངས་ཀྱི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དངུལ་མདོག་རི་ཡི༴ འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་དབང་གསུང་། །བདེ་གཤེགས་གསུང་གི༴ བཀྲ་ཤིས་དེས་ཀྱང་༴ བཅོམ་ལྡན་མཐིང་ནག་རི་ཡི༴ འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེའི་ཐུགས། །བདེ་གཤེགས་ཐུགས་ཀྱི༴ བཀྲ་ཤིས་དེས་ཀྱང་༴ ཤར་ལྷོ་ནུབ་བྱང་དཔལ་བེའུ་འཁོར་ལོ་དང་། །པདྨ་རྒྱལ་མཚན་གདུགས་བུམ་དུང་དང་ཉ། །ལྷ་མོ་བརྒྱད་ཀྱི་བཀྲ་ཤིས༴ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གཏོར་རོ། །བཀྲ་ཤིས་གཞན་ཡང་བྱ། རྩ་བར། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཞེས་གསུངས་པ་ནི་གོང་དུ་སོང་། ནུབ་མོ་ཆོག་གཞུང་ཚོགས་བསྐང་སོགས་ཀྱང་སྔ་མ་ལྟར་རོ། །ཀྲྀ་ཡའི་ཆོ་གའོ། །རྨད་བྱུང་རྡོ་རྗེ་ཐེག་པའི་རི་དབང་གི། །རྩ་བར་ཡོངས་འཁྱིལ་བྱ་རྒྱུད་རྒྱ་མཚོའི་འཇིང་། །སྨིན་གྲོལ་རིན་ཆེན་ནོར་བུས་ལེགས་གང་བ། །དོན་གཉེར་གདེངས་ཅན་ཚོགས་ཀྱི་རོལ་པའི་གནས། །རྣམ་དག་མཐོ་རིས་དབང་གི་ཆུ་བོའི་རྒྱུན། །ཡོངས་འཛིན་ཚངས་པའི་རལ་པར་ལེགས་གནས་པ། །གདུལ་བྱའི་ཀླུངས་སུ་འདྲེན་བྱེད་ཆོ་གའི་ཁྲིགས། །སྐལ་ལྡན་ཤིང་རྟའི་རྣམ་དཔྱོད་བདག་བློར་འཁྱིལ། །ཕྱོགས་འདིར་མོས་ལྡན་བློ་གསལ་རིག་འཛིན་ཚོགས། །དོན་གཉིས་བདུད་རྩིའི་དཔལ་ལ་སྤྱོད་འདོད་ན། །དམ་གཙང་ལག་པའི་སྙིམ་པ་ཁ་ཕྱེ་ལ། །སྨིན་གྲོལ་ཆུ་བོའི་རྒྱུན་འདི་ལེགས་འཐུང་ཞིག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
༈ ཨུ་པ་ཡའི་ཐེག་པ་ལ། བསྡོམས་ནི། རྩ་བར། དུས་བཟང་ས་བཙལ་བླང་བསྲུང་སྦྱངས། །ས་བཟུང་བྱིན་བརླབ་བསྙེད་ཐིག་གདབ། །གསོལ་གདབ་དལ་བྲི་མཆོད་བཤམ་ཁྲུས། །ཆོས་བཤད་དང་བསྐྱེད་དྲང་ཕྱག་བྱ། །གཞུང་བསྲུང་སྤྱན་དྲང་མཆོད་བསྟོད་ཆ་གསུམ་བཏང་། །བུམ་བཟླས་འཛབ་བྱ་སྦྱིན་སྲེག་བྱ། །ཆོས་བཤད་སེམས་བསྐྱེད་དབང་བསྐུར་རོ། །ཐེག་སྒོ་ལྟ་ཁྲིམས་ཏིང་སྤྱོད་འབྲས། །ལམ་འཁྱེར་གདམས་ངག་གནས་སྟོན་འཁོར། །ཕྱིར་དགོས་གཏང་རག་རིག་དབྱེ་བྱ། །གཤེགས་གསོལ་བཀྲ་ཤིས་བསྔོ་བའོ། །ཞེས་དོན་བཞི་བཅུར་ཉེ་བས་བསྡུས་པའི། དེ་ལ་དང་པོ་དུས་ནི། རྩ་བར། སངས་རྒྱས་ཀྱི་དུས་མཆོད་ལ་བྱས་ན་བསོད་ནམས་བྱེ་བ་ཕྲག་བརྒྱའི་འགྱུར་ཡོད་དེ། དེའང་རྒྱས་པ་ལས། རྒྱལ་གྱི་ཉ་ལ་བལྟམས་ཤིང་ཆོས་ལ་གཤེགས། །དགུན་གྱི་ཉི་མ་ལྡོག་པའི་དུས་ཡིན་ནོ། །རྟ་ཡི་ཡར་ངོ་ཆོ་འཕྲུལ་ཆེ་བ་བསྟན། །མུ་སྟེགས་སྟོན་པ་རྣམ་གསུམ་འཁོར་བཅས་བཏུལ། །ཁྲ་ཟླའི་ཉ་ནས་ཞག་བཅུ་ཉེར་ལྔ་ལས། །ཚངས་པའི་དྲང་སྲོང་བཏུལ་ནས་སྔགས་དབང་བསྐུར། །ནག་པའི་བརྒྱད་ནས་བཅོ་ལྔ་སངས་རྒྱས་ཀུན། །དངོས་ཀྱི་དབང་བསྐུར་རྡོ་རྗེ་ཐེག་ལམ་སྟོན། །ས་གའི་ཉ་ཡི་དཀར་ནག་མཚམས་སངས་རྒྱས། །དཔྱིད་ཀ་ནམ་དང་ཉི་མ་མཉམ་དུས་ཡིན། །ཆུ་ཟླའི་ཚེས་ལྔ་ཚེས་བརྒྱད་ཆོས་འཁོར་བསྐོར། །དབྱར་ཉི་ལོག་དུས་མེ་ཏོག་ཨུག་ཆོས་སྐྱེ། །དབྱུག་ཟླ་ཆོ་འཕྲུལ་ཆུང་བ་མུ་སྟེགས་ཀྱི། །སྟོན་པ་དྲུག་བཏུལ་སྟོན་ཀའི་ཉིན་མཚན་མཉམ། །མྱང་འདས་དེ་ཡི་ཚེས་བརྒྱད་ནམ་ཕྱེད་ཡིན། །ཞེས་པས་དུས་དེ་དག་ལ་འཇུག་པར་བྱའོ། །ཞེས་གསུངས་ཀྱང་འདི་དག་ལ་བཤད་ཚོད་སྤྱི་དང་མི་མཐུན་པ་འགའ་རེ་འདུག་པས་དཔྱད་པར་བྱའོ། །གཉིས་པ་ས་བཙལ་བ་ནི། ཞི་རྒྱས་ལ་བཀྲ་ཤིས་པའི་ས། དྲག་པོ་ལ་གདུག་པ་ཅན་གྱི་སའོ། །གསུམ་པ་ས་བླང་བ་དང་། བཞི་པ་ས་བསྲུང་བ་དང་། ལྔ་པ་ས་སྦྱང་བ་དང་། དྲུག་པ་ས་བཟུང་བ་རྣམས་གོང་ལྟར་བྱའོ། །ཞེས་གསུངས་པ་གོང་དུ་རྒྱས་པར་གྲུབ་ཕྱིར་འདིར་མི་དགོས། བདུན་པ་བྱིན་གྱིས་བརླབ་པ་ནི་སྤྱི་ཐེག་དགུའི་ཆོག་ཕྲིན་རྒྱས་བསྡུས་གང་ཡང་རུང་བས་གནས་དེའི་སྟེང་དུ་སྲིད་རྩེ་ནས་འོག་དམྱལ་བའི་བར་གྱི་གནས་དང་འགྲོ་བ་ཐམས་ཅད་འོད་ཟེར་གྱིས་ཁྱབ་པའི་བསྐྱེད་རྫོགས་བརྟན་པ་ཅིག་སྒོམ་པར་བྱའོ། །ཞེས་གསུངས་པ་སྤྱིར་ཐོག་མར་ལྔ་པ་ས་སྦྱང་བའི་སྐབས་སུ་གྲུབ་ཟིན་པས་དེས་ཁྱབ་བོ། །དེའང་རྩ་བར། བྱང་སེམས་ཀྱི་མཛད་པ་ཉི་ཤུའི་དབང་། ཀྲྀ་ཡའི་བཀྲ་ཤིས་ཉེར་དྲུག །ཡོ་གའི་དབང་དྲུག་ཅུ་རྩ་བཞི་ལ་ཚང་བར་བྱས་ནས་ཨུ་པ་ཡའི་དབང་སྒོས་སུ་མི་བྱེད་པ་ཡོད་ཀྱང་། དཀའ་ཐུབ་རིག་བྱེད་ཐེག་པ་ཡང་། །འདི་ཡང་ཡུལ་གྱི་གསུམ་ཉིད་དེ། །ཞེས་འབྲིང་ཐ་མ་ཀྲྀ་ཡ། འབྲིང་གི་འབྲིང་ཨུ་པ། འབྲིང་གི་རབ་ཡོ་གས་འདུལ་བར་གསུངས་པས། ཨུ་པ་ཅིས་ཀྱང་དགོས་སོ། །ཞེས་གསུངས་པའི་དོན་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་གསུམ་ཡོད་པའི་བར་མ་ཨུ་པ་ལ་སྤྱོད་པའི་རྒྱུད་དེ་ཉིད་ཆད་དུ་མི་རུང་བས་བྱེ་བྲག་ཏུ་བགྱིས་པ་ལེགས་སོ། །རྩ་བར། དེའང་། བྱ་རྒྱུད་གཙོ་བོར་བྱས་པས་ཨུ་པ་དང་། རྣལ་འབྱོར་རྒྱུད་གཙོ་བོར་བྱས་པའི་ཨུ་པའོ། །ཞེས་གསུངས་པ་ནི་ལྷ་ཐེམས་ལས། ཨུ་པ་ཡོ་ག་སྤྱོད་པའི་རྒྱུད། །གཉིས་ཀ་རྒྱུད་ཀྱི་ཐེག་པ་ཡིན། །ཀྲྀ་ཡའི་ཞོར་དང་ཡོ་གའི་ཤུགས། །ཡང་ན་ཟུར་དུ་དཀྱིལ་འཁོར་མཛད། །ཅེས་གསུངས་པས་བྱ་རྒྱུད་ཀྱི་ཞོར་དུ་བྱེད་པ་དང་། ཡོ་གའི་ཤུགས་བསྟན་དུ་བྱེད་པ་གཉིས་སམ་ཡང་ན་ཟུར་དུ་བྱེད་པ་ལས་འདིར་ཟུར་དུ་བྱེད་པའོ། །དང་པོ་བྱ་རྒྱུད་གཙོ་བོར་བྱས་པའི་ཨུ་པ་ནི། རྩ་བར། ཕྱག་རྡོར་དབང་བསྐུར་བའི་རྒྱུད་དང་། རྡོ་རྗེ་རི་རབ་བརྩེགས་པའི་རྒྱུད་ལས། འདི་ལ་ནི་ཤ་དང་། ཁྲག་དང་། བཙོང་དང་། སྒོག་སྐྱ་དང་། ཆང་ལ་སོགས་པ་ཡང་མ་བཀག །བྱ་རྒྱུད་དང་འགལ་བ་ལྟར་སྣང་ཡང་སྐྱོན་མེད་དེ། །ཐུན་མོང་དུ་གསུངས་པའོ། །ལྷ་རིགས་གསུམ་གང་བྱེད་ཀྱང་བུམ་བཟླས་ཀྱི་སྐབས་སུ་ཆུར་ཞུ་བས་ལས་ཀྱི་ལྷ་གཅིག་དགོས་པ་བུམ་པ་གཞན་ནམ་དེ་ཉིད་དུ་ཁམས་གསུམ་རྣམ་རྒྱལ་བསྐྱེད་བཟླས་ནས་བར་ཆད་བསྲུང་བར་བསྒོ་བའོ། །རིགས་གསུམ་ལས་ཀྱི་ལྷ་དང་བཞིའོ། །དེ་ཡང་། ༀ་ལུས་སྣང་བ་ལྷ། ཨཱཿ ངག་གྲགས་པ་སྔགས། ཧཱུཾ་ཡིད་དྲན་པ་ཐུགས་ཏེ་སྒོ་གསུམ་སྐུ་གསུང་ཐུགས་ཏེ། མཆོག་དབང་ལས། སྐུ་གསུང་ཐུགས་སུ་ལྡན་པ་དང་། །གསང་བ་གསང་ཆེན་གསང་མཆོག་གི། །བདག་པོར་ཁྱོད་ཀྱིས་དབང་བསྐུར་རོ། །ཞེས་པས། བདག་པོ་ནི་ཡེ་ཤེས་རྡོ་རྗེའོ། །གཉིས་པ་རྣལ་འབྱོར་རྒྱུད་གཙོ་བོར་བྱས་པའི་ཨུ་པ་ཡ་ནི། རྩ་བར། རྣམ་སྣང་མངོན་བྱང་ལས། ཡོ་ག་ནི་རིགས་གཅིག །ཨུ་པ་ནི་རིགས་གསུམ་དང་། རིགས་ལྔ་ལ་སོགས་པར་འདོད། ཅེས་གསུངས་ལ། ལིང་ཚེ་དགུའི་དབུས་སུ་རྣམ་སྣང་སེར་པོ་མཉམ་གཞག་ཅན་ཤར་དུ་རྡོ་རྗེ་སོགས་ཀྱང་གསུངས་སོ། །ཕྱག་རྡོར་དབང་བྱང་ལས། ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །སངས་རྒྱས་རྒྱལ་བ་ཀུན་འདུས་པ། །ཞེས་རིགས་ལྔ་ཚང་བ་སྟེ། རྣམ་སྣང་མཛད་ཀྱི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་ཐུགས་ལ་གསལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རྣམ་སྣང་མཛད་ཀྱི་ཐུགས་ལ་གསལ། །ཞེས་པས་རྣམ་སྣང་མེ་ལོང་། མི་བསྐྱོད་པ་ཆོས་དབྱིངས། མཉམ་ཉིད་རིན་འབྱུང་། སོར་རྟོག་སྣང་མཐའ། བྱ་གྲུབ་དོན་ཡོད་ཀྱང་སློབ་དཔོན་པདྨའི་སྐུ་གསུམ་དབྱེ་བ་ལས། རིག་པ་རྣམ་སྣང་ཆོས་སྐུ་མི་བསྐྱོད་པ་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ། རིན་འབྱུང་ཡོན་ཏན་དང་། སྣང་མཐའ་ལོངས་སྐུ། དོན་ཡོད་སྤྲུལ་སྐུའོ། །ཞེས་ཡེ་ཤེས་ལྔ་རིགས་ལྔ་དང་། ཡེ་ཤེས་དང་རྡོ་རྗེ་བཞིར་བྱེད་པས་ཨུ་པའོ། །ཡང་སེམས་དཔའ་བཞི་ལྟར་ན། བདག་དམ་ཚིག་སེམས་དཔའ། རྫས་ཡེ་ཤེས་སེམས་དཔའ། འཕྲོ་འདུ་ཏིང་འཛིན་གསུམ་གསལ་བས་ཕྱི་ལུས་དམ་ཚིག་སེམས་དཔའ། ནང་ཐུགས་ཡེ་ཤེས་སེམས་དཔའི། བར་ཏིང་འཛིན་སེམས་དཔའ་གསུམ་གཅིག་ཏུ་གསལ་བས་རྡོ་རྗེ་སེམས་དཔའ་སྟེ། དེའི་དབུས་སུ་གཙང་རྨེ་མེད་པར་ཤ་ཆང་ལ་སྤྱོད་ཅིང་རྫས་མཆོག་ལའང་བྲན་པས་ཆོག་པའོ། །དེའང་བདག་བསྐྱེད་མདུན་བསྐྱེད་གཉིས་ཀའང་སེམས་དཔའ་བཞི་སྟེ། བི་མ་ལས། ད་ནི་བདུན་པ་ཨུ་པའི་ཁྲིད། །ལྷ་དང་བདག་ཉིད་དཔོན་གཡོག་བལྟ། །ལུས་ངག་ཡིད་གསུམ་ཕྱག་རྒྱ་སྒོམ། །ཞེས་སོ། །བརྒྱད་པ་བསྙེན་པ་ནི། རྩ་བར། སྟེགས་བུ་དྲིས་བྱུག །ཐིག་བཀོད། དཀྱིལ་འཁོར་པདྨ་འདབ་བཞིའམ། འཁོར་ལོ་རྩིབས་བཞིའི་དབུས་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། གཞན་སྤྱི་དང་མཐུན། དབུས་སུ་རྣམ་སྣང་ཆོས་འཆད་ཀྱི་སྟེང་ན་འཁོར་ལོ་ཅན། ཤར་དུ་མི་བསྐྱོད་པ་ས་གནོན་རྡོ་རྗེ་ཅན། ལྷོར་རིན་འབྱུང་མཆོག་སྦྱིན་རིན་ཆེན་ཅན། །ནུབ་ཏུ་སྣང་མཐའ་མཉམ་གཞག་པདྨ་ཅན། བྱང་དུ་དོན་གྲུབ་སྐྱབས་སྦྱིན་རྒྱ་གྲམ་ཅན་ནོ། །ཀུན་རྡོ་རྗེ་སྐྱིལ་ཀྲུང་ཆོས་གོས་ཅན་རྒྱན་གྱིས་སྤྲས་པའོ། །གྲྭ་བཞིར་མཆོད་པའི་ལྷ་མོ་དང་། སྣམ་བུ་ལ་བཀྲ་ཤིས་ཀྱི་ལྷ་མོ། །ཁྱམས་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་སྟེ། འདིར་ལྷ་ལྔའམ། བཅུ་གསུམ་མམ། ཉེར་གཅིག་གམ། གོ་དྲུག་སྟེ་རྒྱས་བསྡུས་གང་མོས་སུ་བྱའོ། །ཞེས་གསུངས་པའི་དོན་ནི། ལྷ་སྟ་གོན་ཏེ། དེ་ཡང་། སྤྱི་སྤྱོད་རྒྱུད་འདིར་རྣམ་སྣང་ལ་རིགས་ལྔས་བསྐོར་བའི་ལྷ་ལྔ་མ་དང་། རིགས་ལྔའི་སྟེང་དུ་སྒེག་སོགས་མཆོད་ལྷ་བརྒྱད་བསྣམ་པས་བཅུ་གསུམ་མ་དང་། བཅུ་གསུམ་གྱི་སྟེང་དུ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་བསྣན་པས་ལྷ་ཉེར་གཅིག་མ། དེའི་སྟེང་དུ་མགོན་པོ་བདུན་ཅུ་རྩ་ལྔ་བསྣན་པས་ལྷ་གོ་དྲུག་མ་སྟེ་ཕྱེ་ན་དཀྱིལ་འཁོར་བཞི་གསུངས་པ། བཞི་ཀ་དགོས་པ་མ་ཡིན་ཏེ། རྒྱས་པར་ན་གོ་དྲུག་གི་ཁོངས་སུ་གོང་མ་ཐམས་ཅད་འདུ་ལ། འབྲིང་པོ་གཉིས་གང་བདེ་དང་བསྡུ་ན་ལྷ་ལྔ་མར་འདུས་པས། ལམ་དུ་དཀྱིལ་འཁོར་གཅིག་ཁོ་ནས་ཁྱབ་པའི་ཕྱིར། འདིར་རྒྱས་པར་ལྷ་གོ་དྲུག་མ་ཁོ་ན་བྱ་བ་ལ་འདིར་ཆོ་ག་མི་གསལ་བ་རྣམས་དང་། མེད་དུ་མི་རུང་བ་འགའ་ཞིག་སྤྱོད་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་ཆོ་ག་ལས་བླངས་ཏེ། སྐྱབས་སེམས་མདོར་བསྡུས་པ་སྔོན་དུ་འགྲོ་བས། ན་མཿས་མནྟ་བཛྲ་ཎཱཾ་བཛྲ་ཨཱཏྨ་ཀོ྅་ཧཾ། བདག་ཉིད་ཐ་མལ་པའི་ལུས་སྤངས་ནས་རྡོ་རྗེ་སེམས་དཔའི་སྐུ་ཟླ་བའི་དཀྱིལ་འཁོར་གྱི་ནང་ན་བཞུགས་ཤིང་། ཟླ་བའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་བསྣམས་པ། དབུ་རྒྱན་ལ་སོགས་པའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དང་བཅས་པར་གྱུར། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་མཛུབ་མོ་གཉིས་གུང་མོའི་ཕྱི་ནས་འཁྱུད་པ་གོ་ཆའི་རྒྱས། ན་མཿས་མནྟ་བཛྲ་ཎཱཾ་བཛྲ་ཀཱ་ཝཱ་ཙི་ཧཱུཾ། རང་གི་ལུས་ལ་རྡོ་རྗེའི་གོ་གྱོན་པར་གྱུར། དེ་ནས་སྟེགས་བུའམ་ཞལ་བ་དྲི་བཟང་གི་ཆུས་བྱུགས་པས། དཀྱིལ་འཁོར་སྒོ་རྫོགས་ལྟེ་བ་པདྨ་འདབ་བཞིའམ་འཁོར་ལོ་རྩིབས་བཞི་པ་གང་བདེར་བྱས་པའི་ཕྱིར་ལྷ་སྣམ་དང་ཕྱི་རོལ་གྱི་པདྨ་དང་རྡོ་རྗེའི་ར་བའི་བར་དུ་ཁོར་ཡུག་དང་བཅས་པའི་ལས་ཐིག་བཏབ་ལ་ལྷ་གནས་སོ་སོར་དྲི་བཟང་གི་ཆུས་ཐིག་ལེ་བྱ་ཞིང་། པདྨ་སཱུརྻ་ཙནྡྲ་མཎྜལ། ཞེས་བརྗོད། དབུས་སུ་ཚོམ་བུ་བཀོད་ཅིང་། ༀ་བུདྡྷ་བཻ་རོ་ཙ་ན་ༀ། རྣམ་སྣང་དཀར་པོ་ཆོས་འཆད་ཀྱི་སྟེང་ན་འཁོར་ལོ་བསྣམས་པ་སོགས་མདུན་བསྐྱེད་ལྟར་གསལ་འདེབས་ཤིང་། ཤར་དུ་ༀ་བཛྲ་སཏྭ་ཧཱུཾ། རྡོ་རྗེ་སེམས་དཔའ་དང་། ལྷོར་ༀ་རཏྣ་སམྦྷ་ཝ་ཏྲཱཾ། རིན་ཆེན་འབྱུང་ལྡན་དང་། ནུབ་ཏུ་ༀ་པདྨ་ཨ་མི་དེ་བ་ཧྲཱིཿ སྣང་བ་མཐའ་ཡས་དང་། བྱང་དུ་ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨ། དོན་ཡོད་གྲུབ་པ་དང་། གྲ་བཞིའི་ནང་དུ་ཤར་ལྷོ་ནས་ༀ་བཛྲ་ལཱ་སྱེ་ཧཱུྃ། རྡོ་རྗེ་སྒེག་མོ་དང་། ༀ་བཛྲ་མཱ་ལེ་ཏྲཾ། རྡོ་རྗེ་ཕྲེང་བ་མ་དང་། ༀ་བཛྲ་གཱི་ཏི་ཧྲཱིཿ རྡོ་རྗེ་གླུ་མ་དང་། ༀ་བཛྲ་ནིརྟི་ཨ། རྡོ་རྗེ་གར་མ་སྟེ་བཞི། དེ་བཞིན་རྒྱབ་ཏུ་ཚོམ་བུ་བཀོད་ཅིང་། ༀ་བཛྲ་དྷཱུ་པེ་ཧཱུཾ། རྡོ་རྗེ་བདུག་སྤོས་མ་དང་། ༀ་བཛྲ་པུཥྤེ་ཏྲཱཾ། རྡོ་རྗེ་མེ་ཏོག་མ་དང་། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ རྡོ་རྗེ་མར་མེ་མ་དང་། ༀ་བཛྲ་གནྡྷེ་ཨ། རྡོ་རྗེ་དྲི་ཆབ་མ་སྟེ་བཞི། ལྷ་སྣམ་ལ་ཕྱོགས་རེར་ཚོམ་བུ་གཉིས་རེ་བཀོད་ཅིང་། ཏྲཾ་མཾ་ག་ལ་དེ་ཝི་ཧཱུཾ། ཞེས་བརྗོད་པ་ནི་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དོ། །ཕྱིའི་ཁོར་ཡུག་ལ་མགོན་པོ་བདུན་ཅུ་རྩ་ལྔའི་ཚོམ་བུ་བཀོད་དེ་དམ་ཚིག་པ་ཇི་ལྟ་བ་བཞིན་བསམ་མོ། །འདི་ལ་ཡེ་ཤེས་པ་སྤྱན་དྲང་བ་སོགས་མི་མཛད་ཅིང་། སྔགས་རྒྱས་བསྐྱེད་པ་ཙམ་རྣམ་སྣང་མངོན་བྱང་དུ་བཤད་པ་ལྟར་རོ། །མཆོད་པ་བཞིའི་དོད་དང་པོ་ཕྱག་གི་མཆོད་པ་ནི། ཐལ་མོ་སྦྱར་ཏེ། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། །གཉིས་པ་ཕྱིའི་མཆོད་པ་ནི། ཚོམ་བུའི་མཐར་བཤམས་ཏེ་མཆོད་ཡོན་གྱི་ཕྱག་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ས་མ་ས་མ་སྭཱ་ཧཱ། དྲི་ཆབ་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་བི་ཤུདྡྷ་ག་ནདྡྷོད་བྷཱ་ཝ་སྭཱ་ཧཱ། མེ་ཏོག་གི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་མ་ཧཱ་མཻརྟྱ་བྷྱུད་ག་ཏེ་སྭཱ་ཧཱ། བདུག་སྤོས་ཀྱི་རྒྱས། ན་མཿས་མ ནྟ་བུདྡྷཱ་ནཱཾ་དྷཱརྨ་དྷཱ་ཏུ་ཨ་ནུ་ག་ཏེ་སྭཱ་ཧཱ། མར་མེའི་རྒྱས། ན་མཿས་མནྟ་བུདྡྷ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་རི་ཙ་སྥ་ར་ཎ་ཨ་ཝ་བྷཱ་ས་ག་ག་ནོད་ཏཱ་ར་བྷྱཿ སྭཱ་ཧཱ། ཞལ་ཟས་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་ཏྲཻ་ཡ་དྷི་ཀཱ་ནཱཾ་ཨ་ར་ར་པ་ར་ར་བི་ལ་དེ་ཝ་ལིནྟ་ད་ཧི་སྭཱ་ཧཱ། ཞེས་སོགས་ཀྱི་མཆོད་པ་རྣམས་སྔགས་རྒྱ་དེ་དག་ལན་གསུམ་གྱིས་བྱིན་གྱིས་བརླབས་རྗེས་སྔགས་རྒྱ་ལན་གཅིག་གིས་དབུལ་ལོ། །ཕྱག་རྒྱ་དེ་དག་འོག་ཏུ་འཆད་དོ། །གསུམ་པ་ཡིད་མཆོད་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མཐེ་བོང་གཉིས་ཕྱེ་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ་ཨཾ་ཨ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་བརྗོད་ལ་མཆོད་པ་རྒྱ་ཆེན་པོས་མཆོད་པར་བསམ་མོ། །བཞི་པ་སྒྲུབ་པའི་མཆོད་པ་ནི། བྱམས་པ་དང་སྙིང་རྗེ་བསྒོམས་ལ། བདག་གི་བསོད་ནམས་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ། །སེམས་ཅན་རྣམས་ལ་ཕན་འདོད་པས། །དོན་རྣམས་གང་དག་བསམ་པ་ཀུན། །སེམས་ཅན་ཁམས་ནི་མ་ལུས་འདིར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་མཆོད་པ་བཞིས་མཆོད་དེ། སྟ་གོན་ལ་གནས་པར་གསོལ་བ་གདབ་པ་ནི། རྩ་བར། དེ་ནས་བུམ་པ་དང་མཆོད་པ་བཤམ་ལ། ཞེས་འབྱུང་བའི་བུམ་པ་བཤམ་པ་འོག་ཏུ་འབྱུང་། མཆོད་པ་གྲུབ། གསོལ་གདབ་ནི་སྤོས་ཐོགས་ལ་ཐལ་མོ་སྦྱར་ཏེ། རྩ་བར། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །གནས་འདིར་དཀྱིལ་འཁོར་བཞེངས་གསོལ་བས། །ཆེ་གེ་མོའམ་སློབ་མའི་དོན་ཆེད་དུ། །སྟ་གོན་ལ་ནི་དགོངས་སུ་གསོལ། །ལན་གསུམ་བྱ། རྩ་བར། ཞེས་ཞུས་པས་གནང་བ་ཐོབ་པར་བསམ་མོ། །ཞེས་འབྱུང་ཞིང་། གཞུང་གཞན་ལས་ཀྱང་འདི་ནམ་མཁར་མི་འདེགས་པར་ན་མཿས་མནྟ་བུདྡྷ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་ཨ་ཙ་ལེ་བི་མ་ལེ་སྥ་ར་ན་པྲ་ཀྲྀ་ཏེ་པ་རི་ཤུདྡྷེ་སྭཱ་ཧཱ། ཞེས་བརྗོད་པས་དྲིའི་དཀྱིལ་འཁོར་ལ་གནས་པའི་ལྷ་རྣམས་མཉེས་པར་གྱུར་ཏེ་མི་སྣང་བར་བསམ་ལ་ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །ལྷ་སྟ་གོན་བསྙེན་པའི་ཆོ་གའོ། །སློབ་མ་སྟ་གོན་འོག་ནས་འབྱུང་བ་བཞིན་འདིས་བླང་བའམ་ཡང་ན་དཀྱུས་བཞིན་དངོས་སྟེ་སྦྲེལ་ལོ། །རྩ་བར། དགུ་པ་ཐིག་གི་ནང་ལིང་ཚེ་དགུའམ་འདབ་བཞིའམ་རྩིབས་བཞི་གང་མོས་བྱའོ། །སྒོ་རྟ་བབས་ལ་སོགས་སྦྱི་དང་མཐུན་ནོ། །ཞེས་དང་། བཅུ་གཅིག་པ་དཀྱིལ་འཁོར་བྲི་བ་ནི། རླུང་ཆེན་ཆུ་ཚོན་དང་རླན་ཆེན་རྡུལ་ཚོན། །རང་བྱུང་གི་ཚོན་ནམ་མེད་ན་བསྒྱུར་ཚོན་གྱིས་གོང་དུ་བསྟན་པ་ལྟར་བྲི་བར་བྱའོ། །ཞེས་གསུངས་པའི་དོན་ལྟེ་བ་དཀར་པོ་འདབ་བཞིར་བྱེད་ན་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། འཁོར་ལོ་བྱེད་ན་ཕྱོགས་མདོག་གོང་ལྟར། འོན་ཀྱང་འདབ་བཞིར་རང་འཐད་པར་སྣང་། ལྷ་སྣམ་དཀར་པོ་རྩིག་པ་ནང་ནས་དཀར་སེར་དམར་ལྗང་སྔོ་བ་སྤྱོད་རྒྱུད་ཕྱོགས་ཆེན་གྱི་ལྷོར་ལྟ་བས་ནང་ཁྱམས་ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག་པོར་བྲི་ལ། གཞན་སྤྱི་དང་འདྲ་ཞིང་། ཕྱི་རོལ་གྱི་ཁོར་ཡུག་སྔོན་པོ་བྱའོ། །ལྷ་མཚན་ནི་མདུན་བསྐྱེད་སྒྲུབ་མཆོད་སྐབས་བཞིན་ལ་ལྷ་གནས་སུ་ཙཀླི་བཀོད་དགོས་ཤིང་། སྤྱོད་རྒྱུད་སྐབས་འདིར་དམིགས་བསལ་དཀྱིལ་འཁོར་ལ་བྲིས་འབུར་གྱི་སྐུར་བཀོད་དགོས་པར་གསུངས་པས་གཙོ་བོ་ལྔ་གནས་སོ་སོར་བཀོད་ཅིང་ལྷག་མ་རྣམས་ལ་ཚོན་སྤུངས་བྱའོ། །རྩ་བར། དེ་ནས་སླར་ཡང་མཆོད་པ་བཤམ། ཆ་གསུམ་དང་གཏོར་མ་གཞན་ཡང་བཤམ་མོ། །ཞེས་གསུངས་པ་དཀྱིལ་འཁོར་གྱི་མཐར་ཉེར་སྤྱོད་ནི། མཆོད་ཡོན་དྲི་ཆབ་མེ་ཏོག་སྤོས་མར་མེ་ཞལ་ཟས་རྣམས་བཀོད་པ་ནི་ཁྱད་ཆོས་དང་། མཆོད་པའི་བུམ་པ་བརྒྱད་དམ་བཅུ་དྲུག་གམ་གཅིག་སོགས་པ་ཡང་བཤམ། དཀྱིལ་འཁོར་བ་ལ་དབུལ་བའི་གཏོར་མ་ཡང་བཤམ། ཆ་གསུམ་གྱི་གཏོར་མ་གསར་དུ་བཤམ་ཞིང་དཀྱིལ་འཁོར་མེད་ན་མཆོད་པ་རྣམས་ཁ་གསོས་ཤིང་བླ་མེད་ཀྱི་རྒྱུན་གཏོར་རྣམས་ཀྱང་ཁ་གསོ། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་བཅུད་ལྡན་དར་དཀར་པོས་དཀྲིས་པ་འཁོར་ལོའི་མཚན་མ་ཅན་ཁ་རྒྱན་རྡོར་གཟུངས། དྲིའི་དུང་ཆོས་དང་བཅས་པའང་བཤམ་མོ། །སློབ་དཔོན་གྱི་མདུན་དུ་ལས་བུམ་བཅུད་ལྡན་དར་དཀར་པོས་དཀྲིས་པ་རྡོ་རྗེའི་མཚན་མ་དགོད་པ་ཁ་རྒྱན་དང་བཅས་པ་ཡང་ཉེར་བསྡོགས་བྱ། ལྔ་པ་ཆོག་གཞུང་ནི། རྩ་བར། དེ་ནས་རྡོ་རྗེ་དྲིལ་བུ་ཐོགས་ཏེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། བདུད་སྡེ༴ དངོས་རྣམས༴ བཅོམ་ལྡན་རྣམ་སྣང་འཁོར་བཅས་གཤེགས་སུ་གསོལ། །ཞེས་པས་མཆོད་བསྟོད་ལ་སོགས་པས་སྤྱན་དྲངས་ལ་ཆ་གསུམ་རྒྱས་པར་བཏང་ངོ་། །བུམ་པར་ཆ་གསུམ་གྱི་རྡོ་རྗེ་སེམས་དཔའ་བསྐྱེད་པ་དང་། དཀྱིལ་འཁོར་དུ་རིགས་ལྔ་བསྐྱེད་ཅིང་། ༀ་བཛྲ་སཏྭ་ཧཱུཾ་དང་། བཻ་རོ་ཙ་ན་ༀ། ཨ་ཀྵོ་བྷྱཿཧཱུཾ། རཏྣ་སམྦྷ་ཝ་ཏྲཾ། ཨ་མི་དེ་ཝ་ཧྲཱིཿ ཨ་མོ་གྷ་སིདྡྷི་ཨ་ཞེས་བཟླས་སོ། །སྐབས་འདིར་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བྱའོ། །ཞེས་པ་ཙམ་ལས་མ་བསྟན་ཅིང་། ལྷ་ནི་རྩ་བར། སློབ་དཔོན་པདྨའི་སྐུ་གསུམ་དབྱེ་བ་ལས། ཨུ་པའི་སྐུ་གསུམ་ནི། འདུ་ཤེས་ཙམ་སྤངས་རང་གི་ངོ་བོ་བསྟན་དུ་མེད་པས། ཡེ་ཤེས་རང་རིག་པ་ཙམ་ནི་ཆོས་ཀྱི་སྐུའོ། །ལོངས་སྐུ་རྡོ་རྗེ་འཛིན་པ་དང་། ལག་ན་པདྨོ་ལ་སོགས་པའོ། །སྤྲུལ་སྐུ་ནི་ཁ་ཅིག་ལ་ཉན་ཐོས་དང་། ཁ་ཅིག་ལ་དབང་པོའི་གཟུགས་ཅན་ནོ། །ཞེས་སོ། །ཞེས་གསལ་བར་མ་བསྟན་ཅིང་། མདོ་དབང་ཁམས་ལུགས་སུ་ཀྲྀ་ཡའི་ཁོངས་སུ་ཨུ་པ་བསྡུས་ཏེ་སྒྲུབ་མཆོད་དབང་བསྐུར་སོགས་མི་མཛད་ཅིང་། གླན་སྟོན་སོགས་ཀྱང་དེ་ལྟར་བཞེད་པར་སྣང་། འོན་ཀྱང་ཟུར་ལུགས་ཀྱི་ཡིག་རྙིང་གི་རྩ་བ་འདི་ཙམ་ལ་བརྟེན་ནས་རྣམ་སྣང་མངོན་བྱང་སོགས་ལས་བཏུས་ཏེ་བྲི་བར་བྱ་བ་ནི། རྩ་བར། བཅུ་གཉིས་པ་རྟེན་འབྲེལ་རབ་གནས་བྱ་སྟེ། ཞེས་གསུངས་པ་རྡོར་དྲིལ་དང་བཅས་ཏེ་མེ་ཏོག་འཐོར་ཞིང་ཡེ་དྷརྨཱ་བརྗོད་ལ། ཐོག་མར་སྔོན་འགྲོའི་གཏོར་མ་བསང་སྦྱང་། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས། མེ་ཏོག་སོགས་ཀྱིས་མཆོད་ལ་རྡོར་དྲིལ་འཛིན་པས། ལྷ་དང་ལྷ་མིན་གསང་སྔགས་དང་། །ཕྱོགས་བཅུ་ཀུན་གྱི་དྲི་ཟ་དང་། །གཟའ་དང་མིའམ་ཅི་གང་དག །བགེགས་ཀྱི་ཚོགས་རྣམས་རབ་ཏུ་ཉོན། །བདག་གིས་དེ་རིང་ཁྱོད་མཆོད་ཀྱིས ། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་ན། །ཁྱོད་ནི་བགེགས་ཀྱང་བྱེད་པར་ནུས། །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ནི་བགེགས་བྱེད་མི་ནུས་མིན། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པས། །དེ་རིང་བདག་གིས་མཆོད་བྱས་ནས། །ཁྱོད་ཀྱིས་ཀྱང་ནི་མཆོད་ཁྱེད་ལ། །བགེགས་ཀྱི་དབང་པོ་ཁྱོད་སོང་ཞིག །ཅེས་གཏོར་མ་བཏང་ངོ་། །མཆོད་པ་བྱིན་བརླབ་ནི། ན་མཿས་མནྟ་བཛྲ་ཎཾ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ་ཊ་ཀ་ཧཾ་ཞེས་མི་གཡོ་བས་བསང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་སོ་སོའི་རིག་པས་བྱིན་གྱིས་བརླབས་པའི་མཆོད་ཡོན། དྲི་ཆབ། མེ་ཏོག །བདུག་སྤོས། མར་མེ། ཞལ་ཟས་ལ་སོགས་པ་མཆོད་རྫས་ཇི་སྙེད་ཡོད་པ་ཐམས་ཅད་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ལག་གཉིས་ཐལ་མོ་གྱེན་དུ་བཀན་ལ་གཡས་ཀྱི་མཐེ་བོ་དང་མཐེའུ་ཆུང་གིས་གཡོན་གྱི་མཐེ་བོང་དང་མཐེའུ་ཆུང་ལ་འཁྲུད་ཅིང་སོར་མོ་ལྷག་མ་རྣམས་སྙིམ་པ་ལྟར་བཟེད་པ་མཆོད་ཡོན་གྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ས་མ་ས་མ་སྭཱ་ཧཱ། ལག་གཉིས་གཤིབས་ཏེ་ཐལ་མོ་ཁ་ཕྱིར་བསྟན་དུ་བཀན། མཐེ་བོ་གཉིས་མཛུབ་མོ་ལ་སྦྱར་བ་དྲི་ཆབ་ཀྱི་རྒྱས། ན་མ ཿས་མནྟ་བུདྡྷཱ་ནཱཾ་བི་ཤུདྡྷེ་གན་དྷོ་ད་བྷཱ་ཝ་སྭཱ་ཧཱ། ལག་པ་གཉིས་གྱེན་བསྟན་མཐེབ་སྲིན་རྩེ་སྦྱར་མེ་ཏོག་འཛིན་ཚུལ་གྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་མ་ཧཱ་མཻརྟྱ་བྷྱུད་ག་ཏེ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་མཐུར་དུ་སྤུབས་ཚུལ་བདུག་སྤོས་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་དྷརྨ་དྷཱ་ཏུ་ཨ་ནུ་ག་ཏེ་སྭཱ་ཧཱ། ལག་གཉིས་གཤིབས་ཏེ་གྱེན་བསྟན་གྱི་མཐེ་བོ་བཀན་ལ་གྱེན་དུ་སྒྲེང་བ་མར་མེའི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་རི་ཙ་སྥ་ར་ཎ་ཨ་ཝ་བྷཱ་ས་ག་ག་ནོད་ཏཱ་ར་བྷྱཿསྭཱ་ཧཱ། ལག་གཉིས་གྱེན་དུ་བཀན་པའི་མཐེ་བོ་གཉིས་སོ་སོའི་ལག་མཐིལ་དུ་བཞག་པ་ལ་མཛུབ་མོས་སོ་སོར་འཁྱུད་པ་ཞལ་ཟས་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་ཏྲཻ་ཡ་དྷི་ཀཱ་ནཱཾ་ཨ་ར་ར་པ་ར་ར་བི་ལ་དེ་ཝ་ལིནྟ་ད་ཧི་སྭཱ་ཧཱ། ཞེས་སྔགས་རྒྱ་རྣམས་ལན་གསུམ་གྱིས་བྱིན་གྱིས་བརླབ་བོ། །སྐྱབས་སེམས་བདུན་རྣམ་དག་སོགས་བྱེ་བྲག་པ་ཡོད་ཀྱང་འདིར་འཇུག་པ་བདེ་ཞིང་དོན་ལ་མི་འགལ་བས། སྐྱབས་སེམས་ཚད་མེད་བཞི་སོགས་སྤྱི་ལྟར་ལ་བདུན་རྣམ་དག་ནི། མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་ལྟ་བུར་དམིགས་ལ། ན་མཿགུ་རུ་བྷྱཿ ན་མཿ མཎྜལ་ས་པ་རི་ཝ་ར་བྷྱཿ ཞེས་ཕྱག་དང་། གུ་རུ་མཎྜལ་ས་པ་རི་ཝཱ་ར་ཨ་རྒྷཾ་སོགས་ཀྱིས་མཆོད་ཅིང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་སྤྱི་ལྟར་རོ། །དང་པོ་བདག་བསྐྱེད་ནི། འདིར་ཧ་ཅང་མི་གསལ་ཡང་། རྣམ་སྣང་མངོན་བྱང་ལས་ཀྱང་རྣམ་སྣང་གཙོ་རྐྱང་དུ་མཛད་ལ། དེ་ཡང་རྒྱུད་སྡེའི་བབས་ཀྱི་སྔགས་རྒྱ་ཤིན་ཏུ་མང་བ་རྣམས་བཏང་སྙོམས་སུ་བཞག་སྟེ། དོན་མི་འགལ་ཙམ་བསྡུ་བ་ལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ཨས་མཚན་པ་དེའི་སྒྲ་ཆོས་ཐམས་ཅད་གདོད་ནས་མ་བྱུང་མ་སྐྱེས་པའི་སྟོང་པར་གྱུར། སྟོང་པའི་ངང་ལས་རང་སེམས་ཟླ་བའི་དཀྱིལ་འཁོར་ཨས་མཚན་པ་ཡོངས་སུ་གྱུར་པ་ལས་དེའི་ངང་ནས་སྙིང་རྗེའི་དབང་གི་སྒྱུ་མ་ལྟ་བུའི་ཨ་ཡིག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་པད་དཀར་དང་ཟླ་བའི་གདན་ལ་བཞུགས་པ་ཐོར་ཚུགས་དབུ་རྒྱན་ཅན། རས་དར་གྱིས་སྟོད་སྨད་གཡོགས་པ། སྐུ་མདོག་དཀར་པོ་ཟླ་བའི་དཀྱིལ་འཁོར་ལྟར་འོད་ཟེར་ཀུན་ནས་འཕྲོ་བ་ཕྱག་གཉིས་ཆོས་འཆད་ཀྱིས་འཁོར་ལོ་འཛིན་པ་མཚན་ཉིད་ཐམས་ཅད་རྫོགས་པའི་སྐུར་གྱུར། ལག་གཉིས་ཁོང་སྟོང་དུ་སྦྱར་ཏེ་མཐེ་བོ་གཉིས་ཕན་ཚུན་དུ་ཕྱེ་ནས་གུང་མོ་གཉིས་བསྣོལ་མར་བཟུང་བ། རྣལ་འབྱོར་འཛིན་པའི་ཕྱག་རྒྱ་དང་བཅས་ཏེ། ན་མཿ སནྟ་བུདྡྷཱ་ནཱཾ་མ་ཧཱ་ཡོ་ག་ཡོ་གི་ཤྭ་རཱི་ཁྭ་ན་ཛ་རི་ཀེ་སྭཱ་ཧཱ། ཏིང་ངེ་འཛིན་ཡོངས་སུ་རྫོགས་ཤིང་བརྟན་པར་གྱུར། རང་དམ་ཚིག་པའི་ཐུགས་ཀར་ཟླ་བ་ལས་གནས་པའི་ༀ་བུདྡྷ་བཻ་རོ་ཙ་ན་ༀ། ཞེས་པའི་སྔགས་ཕྲེང་གིས་མཚན་པ་དང་། མདུན་སྟོད་དུ་རང་འདྲའི་ཡེ་ཤེས་པ་རྣམ་སྣང་གི་ཐུགས་ཀར་ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པའང་བསམ་ལ། མདུན་གྱི་ལྷའི་ཐུགས་ཀ་ནས་སྔགས་ཕྲེང་རྣམས་ཚུར་བྱུང་སྟེ་སྙིང་ཁར་གསན་པར་བསམ་ལ་རླུང་ནང་དུ་བསྡུས་ཏེ་བསམས་ལ་སྔགས་ཤུབ་བུར་བཟླ། ཕྱིར་གཏོར་བའི་ཚེ་སྔགས་ཕྲེང་རྣམས་ཕྱིར་སོང་སྟེ་མདུན་གྱི་ལྷའི་ཐུགས་ཀར་གནས་པར་བསམ་ལ་སྲོག་རྩོལ་བསྡམ་ཏེ་ཡིད་བཟླས་བྱའོ། །འདི་ནི་བི་མ་ལས། ད་ནི་བདུན་པ་ཨུ་པའི་ཁྲིད། །ལྷ་དང་བདག་གཉིས་དཔོན་གཡོག་བལྟ། །ལུས་ངག་ཡིད་གསུམ་ཕྱག་རྒྱ་སྒོམ། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་ཞབས་ཀྱིས། སྤྱོད་པས་རང་དང་ལྷ་གཉིས་མཉམ་པར་བལྟ། །རང་ཉིད་དམ་ཚིག་མདུན་དུ་ཡེ་ཤེས་ལྷ། །གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ལེན་པ་ཡིན། །ཞེས་གསུངས་ཤིང་། ཇི་ལྟར་བྱ་བའི་ཚུལ་རྣམ་སྣང་མངོན་བྱང་ལྟར་རོ། །དེས་བདག་བསྐྱེད་སོང་། སྐབས་འདིར་གསང་ཆུའི་དོད་དང་ལས་བུམ་སྒྲུབ་པ་ནི། རྩ་བར། བུམ་པ་གཞན་ནམ་དེ་ཉིད་དུ་ཁམས་གསུམ་རྣམ་རྒྱལ་བསྐྱེད་བཟླས་ནས་བར་ཆད་བསྲུང་བར་སྒོམ་མོ། །ཞེས་གསུངས་པ་དང་། མངོན་བྱང་གི་དཀྱིལ་ཆོག་ཏུའང་སྐབས་འདིར་ལས་བུམ་སྒྲུབ་ཚུལ་གསུངས་པ་ཆོ་ག་མི་འདྲ་བའི་ཁྱད་པར་འགའ་ཞིག་ཡོད་ཀྱང་། འཇུག་པ་བདེ་བའི་ཕྱིར་ལས་བུམ་ཀྲྀ་ཡའི་སྐབས་ལྟར་འདིར་བསྒྲུབ་བོ། །གཉིས་པ་མདུན་བསྐྱེད་ནི། མངོན་བྱང་གི་དཀྱིལ་ཆོག་ཏུ་བགེགས་བསྐྲད་བསྲུང་སོགས་རྒྱས་པར་འབྱུང་ཀྱང་འདིར་བསྡུས་ཏེ། གསུམ་རྒྱལ་གྱི་སྔགས་དང་བཅས་ལས་བུམ་གྱི་ཆུ་འཐོར་ཞིང་བསང་སྦྱང་། སྟོང་པའི་ངང་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོ་འཕྲུལ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཁང་བརྩེགས་ཀྱི་རྣམ་པ་ཅན་ནུབ་ཕྱོགས་ཀྱི་སྒོ་རྟག་ཏུ་ཕྱེ་བ། རྩིག་པ་ལྔ་ནང་ནས་རིམ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རིམ་པ་དང་ལྡན་པའི་ཕྱིར་འདོད་སྣམ་གྱི་སྟེགས་བུ་ཅན། སྒོ་བཞིར་རྟ་བབས་རིམ་བཞི་གློ་འབུར་དུ་བྱས་པ། ནང་གི་ཁྱམས་ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག །དབུས་དཀར་བ་ལ་ཀ་བ་བརྒྱད་དུ་བཙུགས་པ་ལ་ཐོགས་ཕུབ་པའི་ཡ་ཕུབས་ཤིན་ཏུ་མཐོ་བའི་རྩེར་ནོར་བུའི་ཏོག་གིས་བརྒྱན་པ། ཕ་གུ་དང་དྲྭ་ཕྱེད་མདའ་ཡབ་ཤར་བུས་བརྒྱན་པ། ཕྱི་རོལ་ཏུ་མཚོ་དང་རྫིང་བུ་པདྨ་སྣ་ཚོགས་དང་ཆུ་བྱ་ལྗོན་ཤིང་དང་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་རྡོ་རྗེ་རྩེ་ལྔ་པའི་ར་བ་དང་འོད་ཟེར་གྱི་ཕྲེང་བས་ཁོར་ཡུག་ཏུ་བསྐོར་པའི་ནང་གི་དབུས་སུ་པདྨ་འདབ་བཞི་སྡོང་བུ་གེ་སར་ལྷ་སྣམ་དང་བཅས་པར་གྱུར། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཆོས་འཆད་ཀྱི་སྟེང་ན་འཁོར་ལོ་ཅན། ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་། གཡོན་མཉམ་གཞག་གི་སྟེང་ན་རྡོ་རྗེ་འཛིན་པ། ལྷོར་རིན་འབྱུང་སེར་པོ་མཆོག་སྦྱིན་དང་མཉམ་གཞག་གི་སྟེང་ན་རིན་པོ་ཆེ་འཛིན་པ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་སྟེང་ན་པདྨ་བསྣམས་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་རྒྱ་གྲམ་འཛིན་པ། ལྔ་ཀའང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །ཕྱི་རོལ་གྱི་གྲ་བཞིའི་ཤར་ལྷོར་སྒེག་མོ་དཀར་མོ་མེ་ལོང་འཛིན་པ། ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ནུབ་བྱང་དུ་གླུ་མ་དམར་མོ་པི་ཝང་འཛིན་པ། བྱང་ཤར་དུ་གར་མ་ལྗང་གུ་གར་བསྒྱུར་བ། དེའི་ཕྱི་རོལ་གྱི་གྲ་བཞིའི་ཤར་ལྷོར་བདུག་སྤོས་མ་དཀར་མོ་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ་མེ་ཏོག་མ་དམར་སེར་མེ་ཏོག་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་མོ་མར་མེ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །སྣམ་བུའི་ཤར་དུ་དུས་ལྡན་མ་དཀར་མོ་དཔལ་བེ་བསྣམས་པ། པདྨ་ཅན་དཀར་མོ་འཁོར་ལོ་འཛིན་པ། ལྷོར་འཇིགས་བྲལ་མ་སྔོན་མོ་པདྨ་བསྣམས་པ། འོད་ལྡན་མ་སྔོན་མོ་རྒྱལ་མཚན་འཛིན་པ། ནུབ་ཏུ་མདངས་ཅན་མ་དམར་མོ་གདུགས་འཛིན་པ། དྲི་མེད་མ་དམར་མོ་བུམ་པ་འཛིན་པ། བྱང་དུ་རྒྱལ་གདུག་མ་ལྗང་གུ་དུང་བསྣམས་པ། ཡིད་བཟང་མ་ལྗང་གུ་གསེར་ཉ་འཛིན་པ། དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ཕྱི་རོལ་གྱི་ཁོར་ཡུག་ལ་མགོན་པོ་བདུན་ཅུ་རྩ་ལྔ་ནི། ཤར་དུ་ལྷ་ཆེན་དབང་ཕྱུག་ཆེན་པོ་དཀར་པོ་ཏྲི་ཤུལ་འཛིན་པ། ལྷོར་བརྒྱ་བྱིན་སེར་པོ་རྡོ་རྗེ་གདེངས་པ། ནུབ་ཏུ་ཚངས་པ་སེར་པོ་རིན་པོ་ཆེ་འཛིན་པ། བྱང་དུ་ཁྱབ་འཇུག་ལྗང་གུ་འཁོར་ལོ་འཛིན་པ། ཤར་ལྷོར་འདོད་པའི་དབང་ཕྱུག་དམར་མོ་མདའ་ལྔ་དང་འོད་མའི་གཞུ་འཛིན་པ། ལྷོ་ནུབ་ཏུ་ཚོགས་བདག་དཀར་པོ་དགྲ་སྟྭ་འཛིན་པ། ནུབ་བྱང་དུ་བྷྲྀང་གི་རི་ཏི་དཀར་པོ་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། བྱང་ཤར་དུ་གཞོན་ནུ་གདོང་དྲུག་དམར་པོ་ཤཀྟི་དང་མདུང་ཐུང་འཛིན་པ་སྟེ་ལྷ་ཆེན་བརྒྱད། ཤར་དུ་མཐའ་ཡས་དཀར་པོ་ཨུཏྤལ་འཛིན་པ། ལྷོར་འཇོག་པོ་དམར་པོ་རིན་པོ་ཆེ་འཛིན་པ། ནུབ་ཏུ་སྟོབས་རྒྱུ་ནག་པོ་སྦྲུལ་འཛིན་པ། བྱང་དུ་རིགས་ལྡན་ལྗང་གུ་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། ཤར་ལྷོར་ནོར་རྒྱས་སེར་པོ་བུམ་པ་འཛིན་བ་ལྷོ་ནུབ་ཏུ་དུང་སྐྱོང་ལྗང་གུ་དུང་འཛིན་པ། ནུབ་བྱང་དུ་པདྨ་དམར་པོ་པདྨ་འཛིན་པ། བྱང་ཤར་དུ་པདྨ་ཆེན་པོ་དམར་པོ་རིན་པོ་ཆེ་དང་སྦྲུལ་ཞགས་འཛིན་པ་གདེངས་ཀ་དང་སྤྲུལ་མཇུག་ཅན་ཏེ་ཀླུ་བརྒྱད། ཤར་དུ་པ་ཝ་སངས་དཀར་པོ་མེ་ཏོག་ཀུ་མུ་ཏ་དང་ཤིང་ཏོག་འཛིན་པ། ལྷོ་ཕུར་བུ་མཐིང་ཁ་པོ་ཏི་བསྣམས་པ། ནུབ་ཏུ་ཟླ་བ་དཀར་པོ་མཆོག་སྦྱིན་གྱིས་མེ་ཏོག་ཀུ་མུ་ཏ་འཛིན་པ། བྱང་དུ་ལྷག་པ་ལྗང་གུ་ཨུཏྤལ་འཛིན་པ། ཤར་ལྷོར་མིག་དམར་དམར་པོ་བུམ་པ་དང་མེ་སྒྲོན་འཛིན་པ། ལྷོ་ནུབ་ཏུ་སྒྲ་གཅན་དུད་ཁ་སྟོད་མི་ལུས་ལ་སྨད་སྦྲུལ་མཇུག་ཅན་པད་སྡོང་དང་རལ་གྲི་འཛིན་པ། ནུབ་བྱང་དུ་ཉི་མ་དམར་སེར་པདྨ་དང་དབྱུག་པ་འཛིན་པ། བྱང་ཤར་དུ་སྤེན་པ་དམར་ནག་དབྱུག་ཏོ་དང་དགྲ་སྟྭ་འཛིན་པ་སྟེ་གཟའ་བརྒྱད། ཤར་དུ་བརྒྱ་བྱིན་མིག་སྟོང་པ་དཀར་སེར་རྡོ་རྗེ་བསྣམས་པ། ཤར་ལྷོར་མེ་ལྷ་དམར་པོ་བགྲང་ཕྲེང་འཛིན་པ། ལྷོར་གཤིན་རྗེ་སྔོ་ནག་ཐོད་དབྱུག་ཐོགས་པ། ལྷོ་ནུབ་ཏུ་བདེན་བྲལ་སྨུག་ནག་དབྱུག་པ་དང་རལ་གྲི་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་དམར་སྦྲུལ་ཞགས་བསྣམས་པ། ནུབ་བྱང་དུ་རླུང་ལྷ་ལྗང་གུ་བ་དན་འཛིན་པ། བྱང་དུ་གནོད་སྦྱིན་ལྗང་སེར་དབྱུག་ཏོ་བསྣམས་པ། བྱང་ཤར་དུ་དབང་ལྡན་ཐལ་སྐྱ་རྩེ་གསུམ་འཛིན་པ། ནུབ་སྨད་དུ་སའི་ལྷ་མོ་གསེར་མདོག་བུམ་པས་སྣམས་པ། ཤར་སྟོད་དུ་ཉི་ཟླ་གཉིས་དམར་དཀར་མེ་ཏོག་འཛིན་པ་སྟེ་ཕྱོགས་སྐྱོང་བཅུ། ཤར་དུ་སྨིན་དྲུག་དམར་པོ་རིན་པོ་ཆེའི་གདུ་བུ་འཛིན་པ་བུམ་པའི་ཁྲི་ལ་གནས་པ། སྣར་མ་དཀར་པོ་རྣ་ཆ་འཛིན་པ་ཁྱུ་མཆོག་གི་ཁྲི་ལ་གནས་པ། མགོ་སེར་པོ་གདུ་བུ་བསྣམས་པ་ཤ་བའི་ཁྲི་ལ་གནས་པ། ལག་དམར་པོ་ལག་གདུབ་བསྣམས་པ་སྦྲུལ་གྱི་ཁྲི་ལ་གནས་པ། ནབས་སོ་དཀར་པོ་གདུ་བུ་འཛིན་པ་པདྨ་ལ་གནས་པ། རྒྱལ་དཀར་པོ་རིན་ཆེན་འཛིན་པ་བུམ་པའི་ཁྲིར་གནས་པ། སྐག་དཀར་པོ་རིན་པོ་ཆེའི་གའུ་འཛིན་པ་བྱ་རོག་གི་ཁྲིར་གནས་པ་སྟེ་ཤར་སྐར་བདུན། མཆུ་མཐིང་ཁ་སྙེ་མ་འཛིན་པ་མ་ཧེའི་ཁྲི་ལ་གནས་པ། བྲེ་ལྗང་གུ་པདྨ་བསྣམས་པ་རིན་པོ་ཆེའི་ཁྲིར་གནས་པ། དབོ་སེར་པོ་མཉམ་བཞག་གི་སྟེང་ན་རིན་པོ་ཆེའི་མྱུ་གུ་འཛིན་པ་གསེར་གྱི་ཁྲིར་གནས་པ། མེ་བཞི་སེར་པོ་པད་དཀར་བསྣམས་པ་གླང་པོ་ཆེའི་ཁྲིར་གནས་པ། ནག་པ་ལྗང་གུ་པདྨ་བསྣམས་པ་རྨ་བྱའི་ཁྲི་གནས་པ། ས་རི་དམར་པོ་རི་རབ་འཛིན་པ་སྤྱང་མོའི་ཁྲིར་གནས་པ། ས་ག་མཐིང་ཁ་རིན་པོ་ཆེའི་ཕྲེང་བ་བསྣམས་པ་རྟའི་ཁྲིར་གནས་པ་སྟེ་ལྷོ་སྐར་བདུན། ལྷ་མཚམས་དམར་སེར་བུམ་པ་འཛིན་པ་ཁྱིམ་བྱའི་ཁྲིར་གནས་པ། སྣྲོན་དམར་པོ་པདྨ་བསྣམས་པ་ནང་ཚངས་ཅན་གྱི་གདན་ལ་གནས་པ། སྣུབས་ལྗང་གུ་དབྱུག་པ་འཛིན་པ་སྦལ་པའི་ཁྲིར་གནས་པ། ཆུ་སྟོད་དམར་པོ་པད་དམར་འཛིན་པ་ཕུབ་ཀྱི་ཁྲིར་གནས་པ། ཆུ་སྨད་དམར་སྐྱ་པདྨ་དང་བུམ་པ་འཛིན་པ་མིའི་ཁྲིར་གནས་པ། གྲོ་ཞུན་དམར་པོ་པདྨ་བུམ་འཛིན་ཀུར་མའི་ཁྲིར་གནས་པ། བྱི་ཞུན་སྔོན་པོ་པདྨ་བུམ་འཛིན་སྦྲེ་མོང་གི་ཁྲིར་གནས་པ་སྟེ་ནུབ་སྐར་བདུན། མོན་གྲེ་དཀར་ལྗང་ཨུཏྤལ་འཛིན་པ་གླང་དཀར་གྱི་ཁྲི་གནས་པ། མོན་གྲུ་དཀར་ལྗང་པདྨ་འཛིན་པ་འབོལ་སྟན་ལ་གནས་པ། ཁྲུམས་སྟོད་ལྗང་གུ་རལ་གྲི་འཛིན་པ་རྟའི་ཁྲིར་གནས་པ། ཁྲུམས་སྨད་སེར་པོ་དབྱུག་པ་བསྣམས་པ་རིན་པོ་ཆེའི་ཁྲིར་གནས་པ། ནམ་གྲུ་ལྗང་ནག་པདྨ་འཛིན་པ་རྟའི་ཁྲིར་གནས་པ། དབྱུག་གུ་ལྗང་གུ་གོ་ཆ་བསྣམས་པ་མིའི་ཁྲིར་གནས་པ། བྲ་ཉེ་སྔོ་ལྗང་འཁོར་ལོ་འཛིན་པ་ཁྲི་མེད་པ་སྟེ་བྱང་སྐར་བདུན། གནོད་སྦྱིན་བརྒྱད་ནི་ཕྱོགས་བཞིར་གནོད་སྦྱིན་ལག་ན་རྡོ་རྗེ་ཅན་བཞི་སྔོན་པོ་རྡོ་རྗེ་འཛིན་པ། ཤར་དུ་གནོད་སྦྱིན་རྡོ་རྗེ་འཆང་དཀར་པོ། ལྷོར་གནོད་སྦྱིན་ཧ་རི་ཀ་སྔོན་པོ། ནུབ་ཏུ་པཉྩི་ཀ་དམར་པོ། བྱང་དུ་ནརྟི་ཀ་སེར་པོ་རྣམས་ལྕགས་ཁྲབ་གྱོན་ཞིང་མཚོན་ཆ་ཐོགས་པའོ། །ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝང་སྒྲེང་བ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་སྤྱན་མི་བཟང་དམར་པོ་སྤྲུལ་ཞགས་འཛིན་པ་། བྱང་དུ་རྣམ་ཐོས་སྲས་ལྗང་སེར་ནེའུ་ལེ་འཛིན་པ། བཞི་ཀའང་གོ་ཆ་ཅན་ནོ། །འདིར་ཡང་ལྷ་ཐེམས་ལས། ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་དང་། །ཕྱོགས་སྐྱོང་ཉི་ཟླ་ཕྱེད་བཅུ་གཅིག །རྒྱུ་སྐར་ཉེར་བརྒྱད་གནོད་སྦྱིན་བརྒྱད། །རྒྱལ་ཆེན་བཞི་སྟེ་བདུན་ཅུ་ལྔ། །ཞེས་གསུངས། འདིར་རྒྱུད་དེའི་བཞུགས་ཚུལ་གྱི་ཡེ་ཤེས་པ་དགུག་བསྟིམ་སོགས་མི་བྱ་བར། དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་དེའི་འོག་ཏུ་གཟུགས་བརྙན་ཤར་བ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་ལྟ་བུའི་རང་བཞིན་དུ་གསལ་བར་བསྒོམ་ཞིང་། དེ་ལ་སྔགས་རྒྱས་གནས་རྣམས་དང་ལྷ་རྣམས་བྱིན་གྱིས་བརླབས་པའི་ཚུལ་འབྱུང་ཀྱང་ཧ་ཅང་སྤྲོས་པས་དུབ་སྟེ་བཞག་པས་དེའི་ཕྱིར་རང་བཞིན་དང་གཟུགས་བརྙན་དཀྱིལ་འཁོར་ཐ་མི་དད་དུ་བལྟས་པས་ཁྱབ། དེ་ལ་གསོལ་བ་གདབ་པ་ནི། རྣམ་སྣང་མངོན་བྱང་ལས་བཏུས་པ་འདི་ལྟར། ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བྱང་ཆུབ་རྟོགས་པའི་དུས་ན་རྟག་ཏུ་འགྲོ་བ་གསུམ་ལ་ཁྱབ་པར་མཛད་པས། སེམས་ཅན་གྱི་སྐལ་བ་ཇི་ལྟ་བ་བཞིན་འཚམས་པར་སྣང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་སྔགས་དང་གསང་སྔགས་ལ་སོགས་པའི་ངོ་བོ་ཉིད་དག་གིས་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་གང་ནས་ཀྱང་མི་འབྱོན། གང་དུ་ཡང་མི་བཞུད་པ་ལ གས་ན། འདིར་བདག་ཅག་རྣམས་ཀྱི་རྒྱུད་སྡེ་ལས་གསུངས་པའི་ཆོ་ག་བཞིན་དུ་རང་བཞིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་དབྱེར་མེད་པར་བསྐྱེད་ལགས་ཀྱིས། བདག་ཅག་རྣམས་ཀྱི་བསོད་ནམས་སྤེལ་བའི་སླད་དུ་སྐུ་མི་ཟད་པ་རྒྱན་གྱི་བཀོད་པའི་དཀྱིལ་འཁོར་དུ་མངོན་སུམ་ལྟར་བཞུགས་ཤིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བརྗོད། རྣམ་སྣང་མངོན་བྱང་ལས་ཡེ་ཤེས་པ་སྤྱན་འདྲེན་མི་འབྱུང་ཡང་། རྩ་བར་མདོ་ཙམ་དུ་གསུངས་པ་བཞིན་སྤོས་བཏུལ་ཞིང་རྡོར་དྲིལ་དང་བཅས་ཏེ། མ་ལུས་སེམས་ཅན༴ བདུད་སྡེ་དཔུང་བཅས༴ དངོས་རྣམས་མ་ལུས༴ བཅོམ་ལྡན་རྣམ་སྣང་འཁོར་བཅས་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ཏེ་རང་བཞིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་དབྱེར་མེད་དུ་གྱུར་པར་བསམ་མོ། །མཆོད་པ་བཞིའི་དང་པོ་ཕྱག་གི་མཆོད་པ་ནི། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་ཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག༴ སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཞུགས་ནས། །ཞི་བ་རིན་ཆེན་གླིང་མཆོག་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་པ་ཕྱིའི་མཆོད་པ་ནི། རབ་འབྱམས་ཞིང་རྣམས་མཐའ་ཡས་པར། །བདག་པོས་བཟུང་དང་མ་བཟུང་བའི། །དྲི་ཞིམ་ཙནྡན་ག་བུར་དང་། །མེ་ཏོག་དཀར་པོ་ཆུ་གཙང་བཅས། །ལེགས་སྦྱར་བསིལ་ཞིང་གདུག་སེལ་གྱི། །ལྷ་རྫས་མཆོད་ཡོན་དམ་པ་ཡིས། །རང་བཞིན་གཟུགས་བརྙན་དཀྱིལ་འཁོར་ལ། །སྔགས་པས་ནན་ཏན་གྱིས་མཆོད་བྱ། །ཞེས་དང་། མཆོད་ཡོན་གྱི་སྔགས་བྱའོ། །དེ་ནས་ཐོག་མཐའི་ཚིགས་བཅད་རྐང་པ་གཉིས་ཐོག་མཐར་སྦྱར་ཞིང་སོ་སོའི་སྔགས་རྒྱ་དང་བཅས་པས། ཙནྡན་ཏ་ཀར་སྲི་ཀ་དང་། །གུར་གུམ་ག་བུམ་དྲི་ཞིམ་ལྡན། །སྦྲུལ་སྙིང་ལ་སོགས་ལྷན་སྐྱེས་དང་། །སྦྱར་དང་ཡོངས་གྱུར་དྲི་བཟང་གིས། །པདྨ་ཨུཏྤལ་སྣ་མའི་འབྲས། །ནཱ་ག་གེ་སར་སུ་ནན་ཀ །ཙམྤ་ཨ་ཤྭ་ཏི་ལ་ཀ །དེ་སོགས་བཀྲ་ཤིས་མེ་ཏོག་གིས། །ཨ་ཀ་རུ་དང་སྒྲོན་ཤིང་དང་། །ག་བུར་ཙནྡན་དུ་རུ་ཀ །ས་ལའི་ཐར་ཆུ་ལ་སོགས་སྤོས། །བཀྲ་ཤིས་འཇིག་རྟེན་རྣམ་གྲགས་པས། །འབྲུ་མར་དྲི་ཞིམ་ལས་སྐྱེས་པའི། །མར་མེ་རྣམ་པ་སྣ་ཚོགས་དང་། །ཉི་ཟླ་ནོར་བུའི་འོད་ལ་སོགས། །མུན་འཇོམས་སྒྲོན་མེ་འབར་བ་ཡིས། །གཙང་ཞིང་ལེགས་སྦྱར་ཁནྡྷའི་ཟས། །ཤིང་ཏོག་སྣ་ཚོགས་ལི་ཁ་ར། །མ་དུ་ཤི་ར་བུ་རམ་ཞོ། །རོ་བརྒྱ་ལྡན་པའི་ཟས་མཆོག་གིས། །པི་ཝང་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུར་ན་ཛ། །རྒྱུད་མང་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེད་འཇོ་རོལ་མོ་ཡིས། །ཞེས་རོལ་མོའི་སྔགས་རྒྱ་རྒྱུད་སྡེ་གཞན་ནས་འབྱུང་བ་བཞིན་བྱའོ། །དེ་ནས། ཕྱོགས་སུ་གདུགས་དང་བ་དན་རྣམས། ཁ་དོག་སྣ་ཚོགས་དུ་མ་དང་། །རྟ་བབས་བཟང་པོ་རྣམས་ཀྱང་ནི། །དྲིལ་བུ་དང་བཅས་རབ་ཏུ་འབུལ། །ན་མཿསམནྟ་བུདྡྷཱ་ནཱཾ། ཚཱ་ཏྲཱ་པཱ་ཏ་གྷཎྜེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ཕྱག་རྒྱ་དང་བཅས་པས་དབུལ། དེ་ནས་མཆོད་བུམ་རྣམས་ལག་ཏུ་ཐོགས་ཏེ། ལྷ་རྫས་བུམ་པ་བརྒྱད་གྱུར་ནི། །སྨན་དང་རིན་ཆེན་ཐམས་ཅད་བླུག །སྤོས་ཀྱི་ཆུས་ནི་རབ་ཏུ་བཀང་། །ལྡུམ་བུ་དག་གིས་ཁ་བརྒྱན་ཏེ། །དེ་ནི་འབྲས་བུ་ཁ་ཡང་མཛེས། །མེ་ཏོག་སྤོས་ལ་སོགས་པས་བརྒྱན། །མགྲིན་པ་རས་ཀྱིས་བཅིངས་པ་རྣམས། །མཁས་པས་དཀྱིལ་འཁོར་པ་ལ་འདུད། །ན་མཿས་མནྟ་བུདྡྷཱ་ནཱཾ་གྷ་ཊ་པྲ་ཏཱིཙྪ་ཧཱུཾ། ཞེས་སམ་སྔགས་རྒྱས་དབུལ། དེ་ནས་གོས་ཟུང་རྣམས་ཐོགས་ལ། །ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་ཟུང་རེ་འབུལ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡ་རེ་ཡང་ནི་དབུལ་བར་བགྱི། །ན་མཿས་མནྟ་བུདྡྷཱ་ནཱཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། གསུམ་པ་ཡིད་མཆོད་དང་། བཞི་པ་སྒྲུབ་པའི་མཆོད་པ་གཉིས་སྟ་གོན་ལྟར་རོ། །དེ་ནས་འདས་གཏོར་གསུམ་རྒྱལ་གྱི་སྔགས་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ༀ་བུདྡྷཱ་བཻ་རོ་ཙ་ན་ༀ། ཞེས་སོགས་ལྷ་ལྔ་དང་། པཱུ་ཙ་དེ་ཝི་ཏྲཾ་མདྒཱ་ལ་དེ་ཝི་ཨཥྚ་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ་ལོ། །མདུན་བསྐྱེད་ལ་དམིགས་ཏེ་ལྷ་ལྔ་དང་སྒེག་སོགས་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་སོགས་ཀྱི་སྔགས་ཀྱང་ཅུང་ཟད་རེ་བཟླའོ། །གསུམ་པ་བུམ་པ་སྒྲུབ་པ་ནི། རྣམ་བུམ་གསུམ་རྒྱལ་གྱི་སྔགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་བཞིར་ༀ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ ལས། དབུས་སུ་རྣམ་སྣང་དཀར་པོ་ཆོས་འཆད་ཀྱིས་འཁོར་ལོ་འཛིན་པ། ཤར་དུ་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་གཞག་རྡོ་རྗེ་ཅན། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་མཉམ་གཞག་རིན་ཆེན་ཅན། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་པདྨ་ཅན། བྱང་དུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་གཞག་རྒྱ་གྲམ་ཅན། ལྔ་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་དམ་ཚིག་པ་དང་རང་འདྲའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པར་གྱུར། མཆོད་ཡོན། དྲི་ཆབ། མེ་ཏོག །བདུག་སྤོས། མར་མེ། ཞལ་ཟས་རྣམས་སྔགས་རྒྱས་དབུལ། སྟ་གོན་ལྟར། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཞེས་སོགས་ཀྱིས་བསྟོད། གཟུངས་ཐག་བླངས་ཏེ། ༀ་བུདྡྷཱ་བཻ་རོ་ཙ་ན་ༀ། ༀ་བཛྲ་ཨཀྵོ་བྷྱཿཧཱུཾ། ༀ་རཏྣ་སཾ་བྷཱ་ཝ་ཏྲཾ། ༀ་པདྨ་ཨ་མི་དེ་ཝ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿ ཞེས་པ་རྣམས་དྲིལ་ནས་བརྒྱ་རྩ་བཟླས་ཏེ། སྔར་བཞིན་མཆོད་བསྟོད་དང་། མཐར་དུང་ཆོས་ཀྱི་ཆུ་ཕུལ་ཏེ་ཞུ་བའི་ཆུར་བལྟའོ། །སྐབས་འདིར་སྔར་བཞིན་ཆ་གསུམ་བཏང་ལ་རང་ཉིད་འོག་ནས་འབྱུང་བ་བཞིན་བདག་འཇུག་བླང་ངོ་། །སྦྱིན་སྲེག་བཤད་ཀྱང་ཕྱག་ལེན་དུ་མི་གནང་། སློབ་དཔོན་གྱི་བྱ་བ་རྩ་བའི་ས་བཅད་རྣམས་དཀྲུགས་བཤད་ཀྱི་དབང་གིས་སྣ་ཚོགས་སུ་གྱུར་པ་སྡེབས་ཏེ་བསྟན་པས་འཁྲུགས་པར་མི་ལྟའོ། །དེ་ནས་སློབ་མ་རྣམས་འདུས་པ་ལ། རྩ་བར། བུམ་པའི་ཆུས་ཐམས་ཅད་ཁྲུས་བྱའོ། །ཞེས་གསུངས་པས། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་ལས་བུམ་གྱིས་ཁྲུས་དང་སྔོན་འགྲོ་གཏོར་མ་གཏོར་བ་སོགས་སྔ་མ་ལྟར་ལ་བདེན་བརྡར་གྱི་ཚེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་དང་། བཀའ་བསྒོར། རྣམ་པར་སྣང་མཛད་དཀྱིལ་འཁོར་དུ། །ཞེས་སོགས་འདོན་པ་བསྒྱུར་རོ། །དབང་ཆས་རྣམས་སྟ་གོན་བྱ། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་ཚར་རྗེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ། དེའི་ཕྱིར་དུ་འདིར་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་ཞུགས་ལ་དབང་དང་གདམས་པ་བླངས་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བགྱིད་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། གསན་བྱའི་ཆོས་ནི། འདིར་སྤྱོད་པའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་ཨུ་པ་ཡའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བར་བྱེད་པ་ལ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་འབྲིང་གི་ཐ་མ་ཀྲྀ་ཡ་ནི་སྔོན་དུ་སོང་། འབྲིང་གི་འབྲིང་ཨུ་པ་ཡ་ཡིན་ལ། འབྲིང་གི་རབ་ཡོ་ག་ནི་སླད་ཀྱིས་འབྱུང་། དེ་ཡང་སྔ་རབས་སུ་རྒྱུད་སྡེ་འོག་མ་འདི་རྣམས་དར་རྒྱས་ཆུང་བའི་དབང་གིས་ཕྱག་ལེན་ཡང་དག་མི་དག་སྣ་ཚོགས་ཤིག་འདུག་ཅིང་། ཁྱད་པར་སྤྱོད་རྒྱུད་འདི་ལ་ལས་བྱ་རྒྱུད་དུ་བསྡུས་ཏེ་འཆད། ལ་ལས་ཡོ་གར་དོན་གྱིས་ཚང་བའི་དབང་དུ་མཛད་པ་སོགས་འདུག་ཀྱང་། འདིར་ཟུར་ཆེན་ཐམས་ཅད་མཁྱེན་པ་ཤཱཀ་འབྱུང་དང་། དངོས་སློབ་བདེ་ལེགས་པ་ལ་སོགས་ངེས་པར་ཟུར་དུ་མཛད་པའི་ཕྱག་རྒྱུན། འཇམ་པའི་དབྱངས་རིན་ཆེན་རྒྱལ་མཚན་དང་། རིགས་སྲས་པཎ་ཆེན་སྐུ་མཆེད་སོགས་ཀྱིས་ཐུགས་ཉམས་སུ་བསྟར་ཞིང་། ལྷ་ཐེམས་སུ་ཁོར་ཡུག་གི་ལྷའི་མངོན་རྟོགས་རྣམས་ཀྱང་གསལ་བར་མཛད་འདུག་པ་བཞིན། འདིར་ཡང་སློབ་དཔོན་གྱིས་བགྱི་བར་འོས་པའི་སྒྲུབ་མཆོད་སྐབས་རྒྱུད་སྡེའི་དགོངས་དོན་ལྟར་ལྷག་ཆད་མེད་ཙམ་གྲུབ་ཁུལ་ཡིན། འོན་ཀྱང་སྤྱོད་རྒྱུད་ཀྱི་གཞུང་དང་མི་འདྲ་བར་ཕྱག་ལེན་འགའ་ཞིག་བླ་མེད་ལྟར་བགྱིས་པ་ནི་ལམ་འདིའི་ལུགས་ཡིན་ཞིང་། དེ་ཡང་ཐེག་པ་གོང་མ་འོག་མར་བཀྲལ་དུ་མི་རུང་ཞིང་། འོག་མ་གོང་མར་བཀྲལ་བ་ནི་ཆེས་ཁྱད་པར་འཕགས་ཏེ། སྔགས་ཀྱིས་བཏབ་པའི་ས་བོན་ནི། །ཉི་མ་གཅིག་ལ་ལོ་ཏོག་སྨིན། །ཞེས་གསུངས་པས་ཀྱང་ཤེས་པར་ནུས་ཤིང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤེས་རབ་སྙིང་པོ་སྔགས་སུ་བཀྲལ་ཏེ། ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའི་དཀྱིལ་འཁོར་དང་། བྱ་རྒྱུད་ཀྱི་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀླུ་སྒྲུབ་ཀྱིས་བླ་མེད་དུ་བཀྲལ་བ་ལྟ་བུ་ཡིན། སྤྱོད་རྒྱུད་རང་རྐང་ལ་སྒྲུབ་མཆོད་ཀྱི་ཚེ་ཡང་། ཀུན་མཁྱེན་ཀློང་ཆེན་ཞབས་ཀྱིས། སྤྱོད་པས་རང་དང་ལྷ་གཉིས་མཉམ་པར་བལྟ། །རང་ཉིད་དམ་ཚིག་མདུན་དུ་ཡེ་ཤེས་ལྷ། །གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ལེན་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ད་ལམ་འདིར་སྒྲུབ་མཆོད་གྲུབ་ནས་དབང་བསྐུར་བར་བྱེད་པ་ལ་སྟ་གོན་དང་དངོས་གཞི་གཉིས་ལས། དང་པོ་ནི། རྩ་བར། ཁྱོར་ཆུ་བླུད་དེ་དམ་ལ་བཞག །སོ་ཤིང་དོར་ལ་དངོས་གྲུབ་བརྟག །སྲུང་སྐུད་གདགས། ཀུ་ཤ་བྱིན་ལ་རྨི་ལམ་བརྟག །ཅེས་པ་ཙམ་ལས་མ་གསུངས་ཤིང་། དེ་ཡང་ཕྱག་ལེན་གཙང་མར་བྱེད་ན། ལྷ་སྟ་གོན་ཚར་མ་ཐག་སློབ་མ་རྣམས་སྟ་གོན་བྱ་ཞིང་། གདོད་དཀྱིལ་འཁོར་བྲིས་ཏེ་སྒྲུབ་མཆོད་བྱས། སླད་ཀྱིས་དབང་བསྐུར་བ་རིགས་པར་སྣང་ཞིང་། དེ་ལྟར་བྱུང་ན་རབ། འོན་ཀྱང་འདིར་ཆོ་ག་ཟོར་ཡང་བའི་ཁྱད་དང་། དབང་དངོས་གཞི་ཉུང་ཟད་ལས་མེད་པ་སོགས་དངོས་སྟེ་སྤྲེལ་ན་སྐྱོན་མེད་ཅིང་རིགས་པར་མཐོང་ཞིང་། གསར་མའི་ཕྱག་ལེན་ཞིབ་པ་རྣམས་སུ་ཡང་དངོས་སྟེ་སྦྲེལ་བའི་སྲོལ་འདུག་པར་བརྟེན་སྦྲེལ་ཏེ་བྱ་བ་ལ། ཐོག་མར་རྩ་བར། བཅུ་པ་བླ་མ་ལ་ཕྱག་བཙལ་མཎྜལ་ཕུལ་ཏེ། ཞེས་འབྱུང་བས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཞབས་དྲུང་དུ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་ཞིང་གསོལ་བ་གདབ་པ་ནི། རྩ་བར། ཐལ་མོ་སྦྱར་ནས། བླ་མ་སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བླ་མ་དམ་པར་གསོལ་འདེབས་ཀྱིས། །བདག་གི་བླ་མ་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། །སྤྲོ་བ་བསྐྱེད་པ་ནི་གཞན་ལས་བླངས་ཏེ་གསན་པས་ཁྱབ་པར་གདའ། ཞེས་བརྡའ་སྤྲད་ལ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གཤེགས་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉམ་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད། །དེ་ནས་དཀྱིལ་འཁོར་དུ་བཞུགས་པའི་ལྷ་ཚོགས་རྣམས་དང་། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་ནམ་མཁའ་གང་བར་དམིགས་ཏེ། སྐྱབས་སེམས་སྡོམ་བཟུང་། བདུན་རྣམ་དག་གི་སླད་དུ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་སྤྱི་ལྟར་ལན་གསུམ་བྱ། རྩ་བར། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་གོང་བཞིན་ཕོག་ལ་ༀ་ཨཱཿ ཧཱུཾ་ཞེས་རྡོ་རྗེ་དྲི་ཆུ་དང་བཅས་པས་གནས་གསུམ་དུ་རེག་ཅིང་བསྲུང་བ་བྱ། ཞེས་གསུངས་པའི་དོན་ཁྱེད་རང་རྣམས་ཐ་མལ་པའི་ལུས་སྤངས་ནས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་གནས་གསུམ་དུ་དྲི་ཆུའི་ཐིག་ལེས་ཡས་ནས་མར་རེག་པས་འཁོར་ལོ་པདྨ་རྡོ་རྗེ་གསུམ་གྱི་གདན་དང་། མས་ནས་ཡར་རེག་པས་འབྲུ་གསུམ་གྱིས་མཚན་པའི་མོས་པ་མཛོད། ཅེས་བརྗོད་ལ་ༀ་ཨཱཿ ཧཱུཾ། ཧཱུཾ་ཨཱཿༀ་ཞེས་ཡས་མས་སུ་རེག་ཅིང་། སླར་ཡང་རྡོ་རྗེ་གནས་གསུམ་དུ་གཏུགས་པས་བརྟན་ཅིང་བསྲུང་བར་བྱས་པ་ཡིན་ནོ། །ༀ་ཨཱཿཧཱུཾ་ཞེས་རྡོ་རྗེས་རེག་གོ། །ཁྱོར་ཆུ་བླུད་པ་ནི། ༀ་ཧྲཱིཿ བི་ཤུདྡྷོ ྅་ཧཾ། ཞེས་དྲི་བཟང་གི་ཆུ་བླུད་པས་སྡིག་པ་དག་པར་མོས་སོ། །དམ་ལ་བཞག་པ་ནི་དངོས་གཞིར་འཐད། སོ་ཤིང་དོར་བ་ནི་ཨུ་དུ་ཝ་ར་དང་། ཨ་ཤྭ་ཐ་ལ་སོགས་པའི་ཤིང་བཟང་པོ་སོར་བརྒྱད་པ་མེ་ཏོག་གིས་བརྒྱན་ཅིང་དྲིས་བཀུས་པ། ན་མཿས་མནྟ་བཛྲ་ཎཾ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ་ཊ་ཀ་ཧཾ། ཞེས་མི་གཡོ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། སྔགས་དེས་སློབ་མ་ལ་བྱིན་ཞིང་། བ་བྱུང་གིས་བྱུགས་པའི་དྲིའི་དཀྱིལ་འཁོར་ཟླུམ་པོ་བྱས་པའི་སྟེང་དུ་ལྟོས་མེད་དུ་དོར་བས་སོ་ཤིང་གི་མགོ་ཤར་དུ་བལྟས་ན་སྒྲུབ་པ་མཆོག་དང་རྒྱས་པ། ལྷོར་བལྟས་ན་མངོན་སྤྱོད། ནུབ་ཏུ་བལྟས་ན་མཆོག་མྱུར་བ་དང་དབང་། བྱང་དུ་བལྟས་ན་ཞི་བ། བྱང་ཤར་དུ་བལྟས་ན་ཞི་རྒྱས་གཉིས། ཤར་ལྷོར་མངོན་སྤྱོད། ལྷོ་ནུབ་ཏུ་བསྐྲད་པ་དང་བསྙེམས་པ། ནུབ་བྱང་དུ་གནོད་སྦྱིན་མོའི་དངོས་གྲུབ། རྩེ་མོ་བར་སྣང་ལ་བལྟས་ན་ནམ་མཁར་འགྲོ་བ། གྱེན་དུ་བལྟས་ན་རིག་འཛིན། མཐུར་དུ་བལྟས་ན་ས་འོག་གི་དངོས་གྲུབ་འགྲུབ་བོ། །འདི་ནི་སྤྱོད་རྒྱུད་རང་ལུགས་ལས་བཤད་དོ། །དེ་ནས་བུ་མོས་བཀས་པའི་སྲད་བུ་དམར་པོའམ་སྐུད་པ་གཞན་དང་ཀུ་ཤས་ཀྱང་རུང་སྟེ། མདུད་པ་གསུམ་བོར་ལ་གོང་བཞིན་མི་གཡོ་བའི་སྔགས་བརྒྱ་རྩའམ། མ་གྲུབ་ན་མདུད་པ་རེ་ལ་ལན་རེ་བསྔགས་ཏེ་སློབ་མའི་དཔུང་པ་གཡོན་པར་བཅིངས་ཏེ་བསྲུང་ངོ་། །དེ་ནས་དྷི་ཧས་བྱིན་གྱིས་བརླབས་པའི་ཀུ་ཤ་ཆེ་ཆུང་གཉིས་གཏད་དེ། བརྟུལ་ཞུགས་བཟང་པོ་ཁྱེད་རྣམས་ཀྱིས། །ནང་པར་ཐམས་ཅད་ང་ལ་བཟློས། །ཞེས་བརྗོད་དེ། ཉལ་བར་གདམས་སོ། །བཅུ་གསུམ་པ་ཆོས་བཤད་པ་ནི། འདིར་སྐབས་སུ་བབ་པས་སྦྱོར་ཏེ། རྩ་བར། སློབ་དཔོན་བི་མ་ལས། འཁོར་བ་སྡུག་བསྔལ་གཏམ་གྱིས་འཇིགས་པ་བསྐྱེད། །མྱ་ངན་འདས་པའི་གཏམ་གྱིས་བྲོད་པ་བསྐྱེད། །དལ་འབྱོར་ཕུན་སུམ་ཚོགས་པའི་ལུས་འདི་ལ། །ཉོན་མོངས་དབང་གིས་རྐྱེན་གྱིས་ཆུད་མི་གསན། །ཞེས་པས་རང་ཡང་དེའི་དོན་དྲན་པས་དཀྱིལ་འཁོར་དུ་ཞུགས་ལ། སློབ་མའི་རྒྱུད་ལའང་དེའི་དོན་བསྐྱེད་པར་བྱའོ། །ཞེས་དང་། ཆོས་བཤད་པ་ནི། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བར་དུ་དགེ་བ་བྱ་བ་དང་། མཐར་དགེ་བ་བྱང་ཆུབ་ཏུ་བསྔོ་དགོས་པར་བཤད་དོ། །ཞེས་གསུངས་པས། འཁོར་བའི་སྡུག་བསྔལ་དང་། མྱ་ངན་ལས་འདས་པའི་བདེ་བ་དང་། དལ་འབྱོར་རྙེད་དཀའ་ཆུད་ཟོས་སུ་མི་གཏོང་བར་བྱ་བ་ཐོག་མཐའ་བར་དགེ་བྱ་ཚུལ་སོགས་ཅི་རིགས་པར་སྤྲོས་ལ་གདམས་སོ། །དེས་སློབ་མ་སྟ་གོན་སོང་། གཉིས་པ་དངོས་གཞིའི་དོན་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དངོས་གཞིའི་དབང་རྣམས་ཞུ་བའི་དོན་དུ་མཎྜལ་ཕུལ། དངོས་སྟ་སྦྲེལ་ན་གསོལ་གདབ་མི་དགོས། མ་སྦྲེལ་ན་གསོལ་བཏབ་དང་སྐྱབས་སེམས་རྒྱུན་བཤགས་གོང་ལྟར་བྱས་ལ། རྩ་བར། བླ་མས། འདིར་བུ་ཅི་ལ་དགའ་སོགས་འོག་ནས་ཞེས་འབྱུང་བས། དེ་ནས་བུ་ཁྱོད་ཅི་ལ་དགའ་ཞེས་དྲི། སྐལ་བཟང་བདག་བདེ་ཆེན་ལ་དགའ་ཞེས་བྱ། དེ་ནས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །བླ་མེད་སྤྱོད་པའི་ཆུ་དབང་སྦྱིན། །ཞེས་རྡོ་རྗེས་དྲངས་ལ་གྲལ་དུ་བཞག་གོ། །དཀྱིལ་འཁོར་དུ་འཇུག་པའོ། །སླར་ཡང་བླ་མས། མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། །མ་གྲོལ་བ་རྣམས་དགྲོལ་བར་བྱ། །དབུགས་མ་བྱུང་རྣམས་དབྱུགས་དབྱུང་ཞིང་། །མྱ་ངན་འདས་པ་ཐོབ་པའི་ཕྱིར། །བླ་མ་ལ་ཞུས་ཁྱོད་སྤྲོ་འམ། །ཞེས་བྱ། སློབ་མས་སྤྲོ་ལགས་བྱ། རྩ་བར། དེ་ནས་ཡན་ལག་བརྒྱད་པ་དབུལ། སྐྱབས་སེམས་དཔོག །རིགས་གསུམ་སྤྱིའི་དམ་ཚིག་བཟུང་ངོ་། །ཞེས་གསུངས་པས། སྐྱབས་སེམས་དང་བདུན་རྣམ་དག་གོང་དུ་སོང་བས་ཡན་ལག་བརྒྱད་པའང་དེས་ཁྱབ། རིགས་གསུམ་སྤྱིའི་དམ་ཚིག་བཟུང་བ་ནི་ཀྲྀ་ཡའི་དབང་གི་དུས་ལྟར། བླ་མེད་དཀོན་མཆོག་གསུམ་པོ་ལ། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །ཞེས་པ་ནས། བྱང་ཆུབ་སེམས་མཆོག་བསྒྲུབ་པར་བགྱི། །ཞེས་པའི་བར་ལན་གསུམ་གྱིས་སྡོམ་པ་བཟུང་ངོ་། །རྩ་བར། དེ་ནས་དབང་ཁོ་ན་མ་གཏོགས་གཞན་མ་བཤད་ཀྱང་། གོང་དུ་དམ་ལ་བཞག་ཅེས་པའི་ཚིག་རིས་ལ་བརྟེན་ནས་དམ་ལ་བཞག་པའི་དོད་རྡོ་རྗེ་སྤྱི་བོར་བཞག་སྟེ། བཛྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་དོ། །སློབ་མ་རྣམས་ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོ་གཉིས་བསྒྲེངས་ཏེ་དམ་ཚིག་ལ་གནས་པའི་ཕྱག་རྒྱའི་བར་དུ་མེ་ཏོག་གི་ཕྲེང་བ་སྔགས་འདིས་སྦྱིན་ཞིང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་ཏྲི་ས་མེ་ས་མ་ཡེ་སྭཱ་ཧཱ། ཞེས་སོ། །མེ་ཏོག་དོར་བའི་སླད་དུ་རྗེས་ཟློས་མཛོད། ཐུགས་རྗེ་ཆེན་པོ་མངའ་བ་ཡི། །མགོན་པོ་རྣམས་ཀྱི་ཐུགས་ཀྱིས་ནི། །རྣམ་པ་སྤྲུལ་ནས་ཆོས་རྣམས་ཀྱི། །མཚན་ཉིད་འདི་དག་རྟོགས་པར་ཤོག །ཅེས་བརྗོད་ཅིང་གཙོ་བོ་ལ་དམིགས་ཏེ་མེ་ཏོག་དོར་དུ་གཞུག་གོ། །སླར་ཡང་སློབ་དཔོན་གྱི་མེ་ཏོག་སློབ་མའི་སྤྱི་བོར་བཞག་ཅིང་རྣམ་སྣང་གི་སྔགས་བརྗོད་དོ། །སྐབས་འདིར་དཀྱིལ་འཁོར་བསྟན་པ་ནི་གཙོ་བོ་ལྷ་ལྔ་དང་། འཁོར་སྒེག་སོགས་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དེ་ནང་ན་གནས་པ་དང་། ཁོར་ཡུག་གི་འཇིག་རྟེན་པ་སོགས་བརྟེན་པ་ལྷ་དང་། རྟེན་གཞལ་ཡས་ཁང་གི་མཚན་ཉིད་དང་བཅས་མངོན་སུམ་དུ་མཐོང་བའི་འདུ་ཤེས་བསྐྱེད་དུ་འཇུག་གོ། །དབང་དངོས་ལ་རྩ་བར། དེ་ནས་བུམ་པ་དང་རིགས་ལྔ་སྐུ་ཐོགས་ཏེ་དབང་བསྐུར་བ་ནི། ཞེས་འབྱུང་བས་རྣམ་རྒྱལ་བུམ་པ་དང་རིགས་ལྔ་ཙཀླིས་དབང་བསྐུར་ཞིང་འདི་སྐད་དོ། །རྩ་བར། ཧཱུཾ། བྱང་ཆུབ་མཆོག་དང་ས་གནོན་དང་། །མཆོག་སྦྱིན་མཉམ་གཞག་ཕྱག་རྒྱ་དང་། །སྐྱབས་ཀྱི་ཕྱག་རྒྱ་རྣམ་པ་ལྔ། །རིགས་ལྔའི་ཕྱག་རྒྱའི་དབང་ཐོབ་ཤོག །སྤྲོས་མེད་སྤྲོས་བྲལ་ཆོས་ཀྱིས་དབྱིངས། །བུམ་པ་ཟླུམ་པོ་ཆོས་ཀྱི་གཏེར། །ཕན་བྱེད་སྨན་པའི་མཆོག་ཡིན་ཏེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །ཧཱུཾ། དོན་དམ་བདེན་པའི་ཆོས་ཉིད་ལས། །མི་གཡོ་སེམས་དཔའ་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པ། །ཨུ་པ་ཡ་ཡི་དབང་ཐོབ་ཤོག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིགས་ཀྱི་བུ་ལ་ཨུ་པ་ཡའི་དབང་བསྐུར་བས་རིགས་བཞི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་བུདྡྷཱ་བཻ་རོ་ཙ་ན་ༀ། ༀ་བཛྲ་ཨཀྵོ་བྷྱཿཧཱུཾ། ༀ་རཏྣ་སཾ་བྷ་ཝ་ཏྲཱཾ། ༀ་པདྨ་ཨ་མི་དེ་ཝ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿ ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་དང་། བུམ་ཆུ་འཐུང་ཁྲུས་བྱའོ། །རྩ་བར། རྒྱས་པ་ལ་སྤྲོ་ན་ཀྲྀ་ཡའི་ཉེར་དྲུག་ཀྱང་བསྐུར་བར་བྱའོ། །ཞེས་གསུངས་པས། མཐའ་རྟེན་དུ། སྔོན་བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། དཔལ་ཕྱག་ན་རྡོ་རྗེ་ལ་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱིས་དབང་བསྐུར་བས་ཞེས་སོགས་ནས་ཤིང་གི་ལྷ་མོས་ཀཎྜ་ཀཱ་རི་ཕུལ་བའི་བར་གྱི་རྫས་དབང་ཉེར་དྲུག་པོ་ཀྲྀ་ཡ་ལྟར་བསྐུར་རོ། །བསྡུ་ན་གོང་དུ་སོང་བས་འཐུས། དེ་རྗེས་སློབ་དཔོན་གྱིས་སློབ་མ་རྣམས་ལ་འདི་སྐད་ཅེས་གདམས་སོ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་བཏང་བར་མི་བྱའོ། །ཁྱོད་ཀྱི་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པར་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་བསྲུངས། །ཞེས་གདམས་སོ། །དེ་ལྟར་དབང་གྲུབ་ནས་ལམ་འཁྱེར་བཤད་པ་ནི། ཐེག་པ་ལྷ་སྙིང་བསླབ་བྱ་སོགས་སྤྱི་དང་། ནང་གསེས་སུ་དུ་མར་ཡོད་པ་ལས། དེ་ཡང་རྩ་བར། ལམ་འཁྱེར་ལ་བཞི་ལས། ཐེག་པ་ཨུ་པ་ཡ། ལྷ་རྣམ་སྣང་གཙོ་འཁོར་སྟོང་། རིགས་ལྔའི་སྔགས། དབང་སེམས་དཔའ་བཞི་ལམ་འཁྱེར་རོ། །ལྟ་བ་ཡོ་ག་དང་མཐུན་ནོ། །དམ་ཚིག་རྗེ་འབངས་ཀྱི་ཚུལ་ཏེ། ཤྲཱི་སིདྷས། ཁྱེད་འཕེལ་འདོད་པའི་དམ་པ་སྟོང་། །སྣང་བ་རིགས་བཞི་དཔོན་གཡོག་ཚུལ། །བྱ་བ་ཏིང་འཛིན་གཉིས་ཀྱིས་འགྲུབ། །ཅེས་སོ། །ཏིང་ངེ་འཛིན་ནི་སེམས་རང་རིག་རང་གསལ་དུ་བསྒོམ་པའོ། །འབྲས་བུ་རིགས་བཞི་རྡོ་རྗེ་འཆང་ཐོབ་སྟེ། རྣལ་འབྱོར་ཏིང་འཛིན་རབ་ལྡན་པས། །མི་གཡོ་སེམས་དཔའ་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པའོ། །ཞེས་སོ། །གདམས་པ་ལམ་འཁྱེར་ནི། བདག །ལྷ། སྔགས། ཆོས་ཉིད་བཞི། དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་ཏྲཾ་སེར་པོ་བསྒོམས་པས་མིང་བཞིའི་ཕུང་པོ་སྦྱངས་ནས་རྡོ་རྗེ་བཞི་མངོན་དུ་འགྱུར་བའོ། །འགག་དྲུག་ནི། གནས་མེ་རི་འབར་བ། སྟོན་པ་དཔལ་འབྱུང་། ལག་ན་རྡོ་རྗེ། འཁོར་བདེ་བྱེད། ཨིནྡྲ་བོདྡྷི། དབང་རིགས་བཞི་རྟགས་མཚོན། དགོས་པ་རྡོ་རྗེ་འཆང་སའོ། །དེ་དག་གི་དོན་ནི་ཐེག་པ་ལམ་འཁྱེར་གྱི་ས་བཅད་དྲུག་པོ་འདིར་མདོ་ཙམ་ལས་མ་གསུངས་པས་གཞན་དང་སྦྱར་ཏེ་བཤད་ན། དང་པོ་འཇུག་སྒོ་ཁྲུས་དང་གཙང་སྤྲ། གཉིས་པ་ལྟ་བ་ཡོ་ག་དང་མཐུན་ཞིང་། སྤྱོད་པ་ནི་བྱ་རྒྱུད་བཞིན་ཡིན་ལ། གསུམ་པ་བསྲུང་བྱའི་ཚུལ་ཁྲིམས་ཀྱང་བྱ་རྒྱུད་དང་མཐུན། བཞི་པ་ཏིང་འཛིན་བདག་དང་ལྷ་གཉིས་མཉམ་པར་ལྟ་བ། བདག་དམ་ཚིག་དང་ལྷ་ཡེ་ཤེས་སེམས་དཔའ་མདུན་དུ་དམིགས་ཏེ་གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ལེན་པ་དང་། ལྔ་པ་སྤྱོད་པ་ནི་བཟའ་བ་ཟས་དང་བགོ་བ་གོས་སོགས་ཀྱི་བྱ་བ་དྲུག་བྱ་རྒྱུད་ལྟར་རོ། །དྲུག་པ་འབྲས་བུ་ནི་རིགས་བཞི་རྡོ་རྗེ་འཆང་སྐྱེ་བ་དྲུག་གིས་འགྲུབ་བོ། །འགག་དྲུག་ནི་གོང་ལྟར་རོ། །ལྷ་ལམ་འཁྱེར་རྣམ་སྣང་གཙོ་འཁོར་སྟོང་ངོ་། །བསྡུ་ན་རིགས་ལྔར་འདུ་བ་ལྟར་དང་། དབང་ཡང་དེ་བཞིན་ལམ་དུ་འཁྱེར་ཞིང་། སྙིང་པོ་ཡང་། ༀ་བུདྡྷཱ་བཻ་རོ་ཙ་ན་ༀ། ཞེས་སོགས་དཀྱིལ་ཆོག་ནས་འབྱུང་བ་ལྟར་རོ། །གཙོ་བོར་ཁྲིད་རིམ་གདམས་ངག་ལམ་འཁྱེར་ནི། བདག་དམ་ཚིག་སེམས་དཔའ་བདག་གི་དེ་ཁོ་ན་ཉིད་དང་། ལྷ་ཡེ་ཤེས་སེམས་དཔའ་ལྷའི་དེ་ཁོ་ན་ཉིད་དང་། དེ་གཉིས་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་ཏྲཾ་སེར་པོ་བཞི་ས་བོན་སྔགས་ཀྱི་ཚུལ་དུ་བསྒོམས་པས་སྔགས་ཀྱི་དེ་ཁོ་ན་ཉིད་དང་། དེས་མིང་བཞིའི་ཕུང་པོ་སྦྱངས་ཏེ་རྡོ་རྗེ་བཞི་མངོན་དུ་འགྱུར་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དེ། གདམས་ངག་ཉམས་སུ་བླང་བའི་སྒོམ་ཁྲིད་དོ། །དེ་ལྟར་ཨུ་པ་ཡ་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་སྨིན་གྲོལ་ལེགས་པར་ཐོབ་པའི་དམ་ཚིག་དང་སྡོམ་པའི་ཚོགས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། དམ་ཚིག་ཁས་བླང་། གཏང་རག་མཎྜལ། བྲན་དུ་ཁས་བླངས་གསུམ་དང་། དེའི་དགེ་བ་བསྔོ་བ་སོགས་སྔ་མ་ལྟར་ལ། བཀྲ་ཤིས་ནི། རྩ་བར། མེ་ཏོག་བཀྲམ་ལ། སངས་རྒྱས་གཙོ་ལ་ཡོན་ཏན་མཆོག་མངའ་བ། །ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་འདུ། །གོ་འཕང་མཆོག་བརྙེས་བདེ་བའི་ཆར་འབེབས་པའི། །སངས་རྒྱས་བདེན་པས་དེང་འདིར་བདེ་ལེགས་སྒོ། །སྐྱོབ་པའི་ཆོས་ལ་ལེགས་པའི་མཆོག་མངའ་བ། །ཤིན་ཏུ་ཕན་ཕྱིར་བདེ་དང་བརྩེར་ལྡན་ཞིང་། །འཁོར་བ་རྟག་བདེ་མྱང་འདས་ཐོབ་པ་ཡི། །དམ་ཆོས་བདེན་པས་དེང་འདིར༴ དགེ་འདུན་ཆེ་ལ་མཐུ་རྩལ་རྨད་མངའ་བ། །བསླབ་གཞི་ལེགས་བཅས་བརྩོན་པའི་རྣལ་འབྱོར་ཅན། །བདག་གཞན་དོན་ཆེན་བསྒྲུབ་པའི་ལམ་ཞུགས་པ། །དགེ་འདུན་བདེན་པས་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ལ་སློབ་མ་དགྱེའོ། །རྩ་བར། དེ་ནས་དཀྱིལ་འཁོར་མཆོད་གཤེགས་ཞེས་འབྱུང་བས་དཀྱིལ་འཁོར་གྱི་མཆོད་པ་རྣམས་ཁ་གསོས་ཞིང་། སྟ་གོན་གྱི་སྐབས་ལྟར་མཆོད་པ་བཞིས་མཆོད་ཅིང་། བསྟོད་པ་ཡང་མཆོད་པ་དང་པོར་ཡོད་པས་ཟུར་དུ་མི་དགོས། འདོད་པའི་དོན་ལ་གསོལ་བ་གདབ་ཅིང་། དཀྱིལ་འཁོར་དུ་བཀོད་པའི་ལྷ་ཙཀ་རྣམས་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར། རང་བཞིན་དང་གཟུགས་བརྙན་དབྱེར་མེད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དང་། བུམ་ནང་གི་ཡེ་ཤེས་པ་རྣམས་ཆོས་སྐུའི་ངང་དུ་གཤེགས། རྡུལ་ཚོན་གྱི་དཀྱིལ་འཁོར་བསྡུས་ཏེ་ཐིག་ཤུལ་དབྱི། རྩ་བར། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཞེས་གསུངས་པ་ལྟར་བསྔོ་སྨོན་གདབ། གོང་ལྟར་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གཏོར་རོ། །ནུབ་མོའི་ཚོགས་བསྐང་རྣམས་ཀྱང་སྔ་མ་ལྟར་རོ། །ཨུ་པ་ཡའི་ཆོ་གའོ། །སྤྱོད་རྒྱུད་གསེར་རིའི་ཕྲེང་བ་མཛེས་པའི་ཁོངས། །ལེགས་བཤད་རོལ་མཚོར་འཁྱིལ་བའི་ཟེགས་མ་ཀུན། །བློ་གྲོས་བུམ་པར་ཡོངས་བསྡུས་མན་ངག་གིས། །རབ་བརྒྱན་དོན་གཉེར་གདུལ་བྱའི་མགྲོན་དུ་སྦྱིན། །ཨུ་པ་ཡ་ཡི་ཐེག་པའི་རིན་ཆེན་ཁམས། །རྣམ་སྣང་མངོན་བྱང་ཆོ་གའི་སྲེག་བྱེད་ཀྱིས། །མ་སྦྱངས་དེ་སྲིད་དོན་བྱར་མི་ནུས་པས། །ལེགས་བཤད་དཔྱད་པ་གསུམ་གྱིས་དག་པར་བྱས། །དེ་ཕྱིར་ཕྱོགས་འདིར་རབ་དགྱེས་དཔྱོད་ལྡན་རྣམས། །ཟོལ་ཟོག་བཅོས་མས་གདུལ་བྱ་མི་འབྲིད་པར། །དངོས་བསྟན་ལམ་བཟང་རིན་ཆེན་ཐེམ་སྐས་ལ། །བླ་མེད་ནོར་བུའི་རྒྱན་ལྡན་འདི་ཟུང་ཞིག །ཅེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
༈ ཡོ་གའི་ཐེག་པའམ་རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་སྟོན་པར་བྱེད་པ་ལ། སྡོམས་ནི། རྩ་བར། དཀྱིལ་འཁོར་བཤམ་ཁུངས་མཆོད་པ་བཤམ། །རབ་གནས་ཆོག་གཞུང་ཆ་གསུམ་དང་། །དཔང་སྐོང་ཁྲུས་བྱ་སྡོམ་རྟེན་ཁྲི། །རྒྱན་ལྡན་ཁྲིར་འཛེགས་དཀྱིལ་འཁོར་སྒོམ། །མཆོད་བསྟོད་བདག་འཇུག་ཆོས་བཤད་དང་། །གསོལ་འདེབས་སྟ་གོན་སྒོ་འབྱེད་དཔོག །རྫས་དབང་ལྷ་དང་ལམ་འཁྱེར་བཞི། །ཐེག་པ་ལྷ་སྙིང་བསླབ་བྱ་དང་། །ཐེག་སྒོ་ལྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །གདམས་ངག་ངང་སྒོམ་བཀྲ་ཤིས་བསྔོ། །ཞེས་ས་བཅད་ཉེར་བདུན་ནང་གསེས་དང་བཅས་བསྟན་པ་ལས། དང་པོ་ལ་གསུམ་སྟེ། གཞིའི་དཀྱིལ་འཁོར་གནས་ཚུལ་ནི། རྩ་བར། བཀྲ་ཤིས་ཀྱི་མཚམས་ནི། རི་རབ་ཀྱི་སྟེང་ན་རྡོ་རྗེ་རྩེ་གཅིག་རྩེ་གསུམ་རྩེ་ལྔའི་བྲག་རི་ལ་བྱ་སྤྱོད་རྣལ་འབྱོར་གསུམ། མ་ཧཱ་ཡོ་ག་གཞལ་ཡས་ཁང་ཞི་ཁྲོའི་དཀྱིལ་འཁོར་མན་ཆད་ལ། ཨུ་ནུ་ཡོ་ག་ཡེ་ཤེས་ཀྱི་མེ་དཔུང་དང་ལུང་གི་ཞི་ཁྲོ་མར་བཅད། ཨ་ཏི་ཡོ་ག་དབུའི་གཙུག་སངས་རྒྱས་རྣམས་ཀྱི་སྟེང་གི་རྒྱལ་མཚན་རྩེ་གཅིག་ཏུ་འདུས་པ་ལ་འགོད་པའོ། །ཞེས་གསུངས། གཉིས་པ་ལམ་དུ་དཀྱིལ་འཁོར་བསྒོམ་པ་ནི། རྩ་བར། རྟ་བབས་ཐེམ་སྐས་བཞི་པ་ཡན་ཆད་ལ་དབུ་སེམས་དང་། བྱ་སྤྱོད་རྣལ་འབྱོར་ཏེ་སྤྱོད་པའོ། །དེ་ནི་མ་ཧཱ་ཡོ་ག་གཙོར་བྱས་པའི་ལུགས་སོ། །ཨ་ནུ་གཙོར་བྱེད་ན་དབུ་སེམས་གཅིག་ཏུ་དྲིལ་ནས་མ་ཧཱ་བརྒྱད་པ་ལའོ། །ཨ་ཏི་གཙོར་བྱེད་ན་བྱ་སྤྱོད་གཅིག་ཏུ་དྲིལ་ནས་ཨ་ནུ་བརྒྱད་པ་ལའོ། །ཞེས་གསུངས་པས། གསུམ་པ་ཇི་ལྟར་བྲི་བ་ནི། རྩ་བར། ས་ཆོག་སྔར་བྱས་པའི་ཤུལ་ཡིན་ན་མ་བྱས་ཀྱང་རུང་ལ། བྱས་ཀྱང་འགལ་བ་མེད་དོ། །ཞེས་གསུངས་པ་། གོང་དུ་ས་ཆོག་རྒྱས་པར་གྲུབ་པས་བྱ་མི་དགོས་ཤིང་། ས་གཞིར་དྲིས་བྱུང་ལ། དེའི་དབུས་སུ་ལིང་ཚེ་དགུའམ་འཁོར་ལོ་རྩིབས་བརྒྱད་གློ་འབུར་གྲུ་ཆད་སྒོ་ཉིས་རིམ་བྱ། སྒོ་རྐྱང་བྱེད་ན་ལྷ་སྣམ་བྱ། འཁོར་ལོ་སེར་པོའམ། ཡང་ན་དབུས་སེར་པོ། ཤར་དཀར། ལྷོ་སྔོ། །ནུབ་དམར། བྱང་ལྗང་། སྒོ་མཚམས་ཕྱོགས་མདོག །གཞན་སྤྱི་དང་མཐུན་ནོ། །ལྷ་ལྟ་གོན་ནི་མེད་དུ་མི་རུང་བས། རྩ་བའི་ས་བཅད་བཅུ་བདུན་པར་སྟ་གོན་ཞེས་གསུངས་པ་ལྟར་འོག་ཏུ་འཆད། གཉིས་པ་ཁུངས་ནི། རྩ་བར། ཁུངས་ནི་དེ་ཉིད་འདུས་པ་ལས་སོ། །ཞེས་གསུངས་པ་ཡོ་ག་དེ་ཉིད་འདུས་པ་ལས་བཤད། ལྷ་སྟ་གོན་བྱ་བ་ནི། གང་དུ་དཀྱིལ་འཁོར་བྱ་བའི་གཞིར་དྲི་བཟང་གི་ཆུས་བྱུགས་ཏེ། ལྷ་སྟ་གོན་གྱི་ལྷ་གནས་མི་འཆོལ་བར་བྱ་བའི་ཕྱིར་ལས་ཐིག་འདེབ་པ་ནི། འདིར་ཟུར་ལུགས་དང་ཁམས་ལུགས་གཉིས་ཀ་མཐུན་པར། གཞལ་ཡས་ཁང་སྒོ་སྦྲག་གམ་སྒོ་རྐྱང་ལྷ་སྣམ་ཅན་བྱ་བར་གསུངས་པ་གཞལ་ཡས་ཁང་ཕྱི་མར་བྱང་སེམས་བཅུ་དྲུག་མ་གཏོགས་མེད་པས་གཞལ་ཡས་ཁང་ཉིས་རིམ་ལ་དགོས་པ་ཆེར་མི་འདུག་ཀྱང་། བླ་མ་སྔ་མ་རྣམས་ཕྱག་བཞེས་སུ་ཉིས་རིམ་ཁོ་ན་མཛད་པས་ཉིས་རིམ་དུ་བྱ་བ་ལ། ཐིག་བཏབ་པའི་ཚུལ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱིས་གསང་འགྲེལ་མུན་སེལ་དུ་གསུངས་པའི་ཐིག་ཉིད་སྐབས་སུ་བབས་པར་སྣང་བས་དེའི་ཚུལ་ནི། ཐོག་མར་རྒྱུད་ཐིག་ལྟར་ཆ་ཆེན་བཅུ་དྲུག་བཏབ་པ་དེ་ལ་མན་ངག་གིས་ཕྱེ་སྟེ། ཆ་ཆེན་བཅུ་དྲུག་ནང་མ་གསུམ། །ཕྱེད་དུ་བགོས་ཏེ་དྲུག་ཏུ་བྱ། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞིར་བགོ་བར་བྱ། །གསུམ་པ་བཞི་པ་མི་གདབ་བཞག །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །དེ་ནི་ནང་གི་སྒོ་ཡིན་ནོ། །ཆ་ཆེན་བཞི་པ་ཕྱི་ཡི་ཁྱམས། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་དགབ། །བདུན་པ་ཆ་བཞིར་བགོ་བར་བྱ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །ཅེས་གསུངས་པའི་ཕྱིར་དེ་ཉིད་ལག་ལེན་དུ་བསྟར་བའི་ཚེ་ཆ་ཆེན་བཅུ་དྲུག་གི་ནང་མ་གསུམ་པོ་ཏལ་མར་མི་གཏོང་བར་ཟུར་ཐིག་གི་སྟེང་ནས་མནན་ཏེ་བཏབ་ལ་རྩིག་མུན་ཀ་བ་ཀ་རྒྱན་གྱི་ཐིག་རྣམས་ནང་མའི་རྟ་བབས་འདོན་ཁྱད་ཀྱི་ནང་རྩིག་པར་རེག་ཅིང་ཕྱི་ཆ་ཆེན་བཞི་པའི་ཕྱེད་དུ་སླེབ་པར་བཏབ་ལ། དེ་ལ་རྟ་བབ་བཞིར་བཅད་དོ། །གཞལ་ཡས་ཁང་ཕྱི་མའི་ཆ་ཆེན་ལྔ་པ་དབུས་དོར་མཐའ་གཉིས་གདབ་པ་དང་། དྲུག་པ་ཕྱེད་གདབ་ཕྱི་མ་བགོ་བ་སོགས་ཀྱང་ཟུར་ཐིག་གི་སྟེང་དུ་མནན་ཏེ་བཏབ། རྩིག་མུན་ཀ་བ་ཀ་རྒྱན་རྣམས་ནང་རྩིག་པར་ཟུག་དགོས་ཕྱིར་ཆ་ཆེན་ལྔ་པའི་ནང་དུ་མནན་ཅིང་། ཕྱི་མ་རྟ་བབས་པདྨ་ཆོས་འཁོར་གདུགས་ཏོག་སོགས་འདོན་པའི་ཁྱད་ཀྱིས་ཕྱིར་སླེབ་པའི་ཏལ་མར་བཏབ་བོ། །དེ་ལྟར་ལས་ཐིག་བཏབ་ཟིན་པའི་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེའི་གདུང་བཞིས་བཅད་པའི་དབུས་དང་ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་པའི་རྣམ་པ་བྱའོ། །དེ་ནས་ལྷ་གནས་རྣམས་སུ་དྲིའི་ཐིག་ལེ་དང་། དེའི་ཀར་ཚོམ་བུ་རེ་བཀོད་པ་ནི་འཁོར་ལོ་ལྔ་པོའི་ལྟེ་བ་དང་རྩིབས་རྡོ་རྗེའི་གདུང་གི་ཟུར་བཞི་དཀྱིལ་འཁོར་ནང་མའི་གྲུ་ཆད་ལ་ཕྱི་ནང་དུ་ཚོམ་བུ་གཉིས་རེ། སྒོ་ནང་མ་བཞིར་རེ་རེ། དེའི་ཕྱིར་ཁྱམས་ཀྱི་ལྷ་སྣམ་ལ་ཕྱོགས་བཞིར་ཚོམ་བུ་བཞི་རེ་བཀོད་པའི་མཐར་མཚམས་འཛིན་ནས་བཟུང་། མཆོད་ཡོན། ཞབས་བསིལ། སྔོན་འགྲོའི་ཉེར་སྤྱོད་གོར་མཆོད་དུ་བཤམས། འདས་གཏོར་ཡང་བཤམ་མོ། །རང་ཉིད་སྟན་ལ་འཁོད་དེ་ཐོག་མར་མཆོད་པ་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཡཀྵ་ཧཱུཾ། ཞེས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ནི་རྡོ་རྗེའི་ཐལ་མོ་ལས་མཐེ་བོང་གཉིས་བརྐྱང་ལ་མཛུབ་མོ་གཉིས་མཆེ་བ་ལྟར་བྱས་ཏེ་བགེགས་བསལ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷ ཉྫ་ར་ཎ་ཧཱུཾ་ཕཊ། ཞེས་རྡོ་རྗེ་མེའི་ཕྱག་རྒྱ་སྟེ་སོར་མོ་རྣམས་ནང་དུ་བསྣོལ་བ་གྱེན་དུ་བསྟན་པ་འབར་བ་ལྟར་བྱས་ཏེ་གཟི་བྱིན་བསྐྱེད། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ཞེས་སོགས་སོ་སོའི་སྔགས་རྒྱར་བཅས་པས་བྱིན་གྱིས་བརླབས་པའི་མཐར། དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། དྷརྨ་ར་ཎི་ཏ་སོགས་བརྗོད་དོ། །དེ་ནས་སྤྱི་ལྟར་སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། རྩ་བར། དེ་ནས་རང་སྟོང་པ་ཉིད་ཀྱི་ལྐོག་མར་ཧྲཱིཿལས་པདྨ་འདབ་མ་བརྒྱད་པར་ལྕེ་ལ་ཧཱུཾ་ལས་རྡོ་རྗེ་རྩེ་གཅིག་པར་བསམ་ལ། ༀ་བཛྲ་ཛི་ཧྭ་ཞེས་པས་ལྕེ་བྱིན་གྱིས་བརླབས། ལག་པ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་ཧཱུཾ་ལས་རྡོ་རྗེ། སོར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པར་བསམ་མོ། །ཞེས་པ་སྟོང་པ་ཉིད་ལ་ལྐོག་མ་དང་ལྕེ་ལག་སོགས་མི་འབྱུང་བས་སྟོང་པའི་ངང་ལས་ལྷར་ལྡང་ཚུལ་ཟུར་ཙམ་བསྟན་ཞིང་། སྤྱིར་ཕྱོགས་འདིར་དང་པོར་མཁས་གྲུབ་རྣམས་ཀྱིས་འཆད་ཉན་སོགས་རྒྱ་ཆེར་མཛད་མོད་ཀྱང་། ཕྱིས་རྒྱུན་མ་ཆད་ཙམ་ལས་དར་སོ་མེད་པའི་དབང་གིས་རྟོགས་དཔྱོད་ཉུང་ཞིང་ཁྱད་པར་ཡོ་གའི་སྐབས་འདིར་ཆོག་ཁྲིགས་ཀྱང་ཐོག་མར་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད། དེ་ནས་ལྕེ་ལག་བྱིན་གྱིས་བརླབ། དེ་ནས་བགེགས་བསྐྲད་བསང་གཏོར་བྱ་བ། དེ་རྗེས་ཚོགས་བསག །དེ་ནས་དཀྱིལ་འཁོར་སྤྱན་འདྲེན་མཆོད་བསྟོད་སོགས་ཆོག་ཁྲིགས་ཤིན་ཏུ་འཁྲུག་ཅིང་གོ་དཀའ་བ་འདུག་པར། རྣལ་འབྱོར་རྒྱུད་གཞན་ནས་ཁ་འགེང་བ་མ་གཏོགས་ཆོ་ག་མི་ཚང་བས་འདིར་དག་པར་བྱ་བ་ལ། ཐོག་མར་ལྕེ་ལག་བྱིན་གྱིས་བརླབ་པ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་གཅིག་པ་ཉལ་སྟབས་སུ་གནས་པར་གྱུར། ༀ་བཛྲ་ཛི་ཧྭ། ལག་པ་གཉིས་ཀྱི་མཐིལ་དུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེ། དེ་ཞུ་བ་ལག་པ་ལ་ཐིམ་པས་ལག་པ་གཉིས་རྡོ་རྗེའི་རང་བཞིན་དང་། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་གྱུར། རྩ་བར། དེ་ནས། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཅན་གྱི་ཐབས་ཆེན་གྱིས། །ཞི་ཡང་སེམས་ཅན་འདུལ་དོན་དུ། །དྲི་མ་མེད་པའི་ཁྲོ་བོར་གྱུར། །ཞེས་གསུངས་པས། ཚིག་དེ་སྐད་བརྗོད་པའི་རྐྱེན་གྱིས་རང་ཉིད་ཁྲོ་བོ་མེ་ལྟར་འབར་བ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གསོར་བའི་ཚུལ་དང་། གཡོན་ཁུ་ཚུར་གྱིས་དྲིལ་བུ་བསྙེམས་པའི་ཚུལ་གྱིས་འཛིན་པ། ཅུང་ཟད་ཁྲོ་བོ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། རྩ་བར། ཧཱུཾ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་བསྐྲད་ཅིང་མཚམས་བཅད་དེ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་དང་ས་གཞིར་བསམ་མོ། །ཞེས་འབྱུང་བ་གསར་རྙིང་བཀའ་གཏེར་མཐའ་དག་ལས་ཁྲོ་བོ་སྤྱན་འདྲེན་སོགས་འབྱུང་བས་དེའི་ཕྱིར་རྒྱས་པར་སྤྲོ་ན། རང་མེ་ལྟར་འབར་བའི་ང་རྒྱལ་དང་ལྡན་པས་ཁྲོ་བོའི་ཚོགས་སྤྱན་དྲངས་པར་བསམ་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུཾ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། ༀ་པདྨ་ཀ་མ་ལ་ཡ་སྟྭཾ་གྱི་གདན་དབུལ། ༀ་ཨརྒྷཾ། པཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་ཧཱུཾ་གིས་མཆོད། ཧཱུཾ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲ། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམ། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱི་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་ཚིག་ལས་འདའ་བྱེད་ན། །ཡེ་ཤེས་སྤྱན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ཞེས་པས་བགེགས་ལ་བཀའ་བསྒོ། རྡོ་རྗེ་དྲིལ་བུ་འཁྲོལ་ཞིང་། སུམྦྷས་བགེགས་བསྐྲད་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཕྱོགས་བཅུར་སྟོན་ཞིང་། སུམྦྷའི་སྔགས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་དེ་ལས་ཡེ་ཤེས་ཀྱི་མེ་ལྕེ་རྣམ་པར་འཕྲོ་བའི་སྲུང་འཁོར་དུ་གྱུར་པར་བསམ། རྣལ་འབྱོར་རྒྱུད་ལས་སྐབས་འདིར་སྔགས་རྒྱ་རྣམ་གྲངས་མང་བར་བཤད་ཀྱང་འདི་ཙམ་གྱི་འཐུས་པར་སེམས། ཚོགས་བསག་ནི་རྩ་བར། ཚོགས་རྟེན་སྤྱན་དྲངས་ལ། ཞེས་འབྱུང་བས། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ༀ་ན་མ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ན་མེ་ན་བཛྲ་བྷནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱས་ཏེ། ན་མོ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཆུང་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་སོ་སོར་བཤགས་སོ། །ཕྱོགས་བཅུ་ན་འདས་པ་དང་། མ་འོངས་པ་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་སངས་རྒྱ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་རྣམས་ལ་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བྱའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱི་ལུས་འབུལ་གྱི་དུས་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ནས། །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་མ་ལུས་སྡུག་བསྔལ་གཟིར་ལས་སྒྲོལ་བར་ཤོག །ཅེས་པས་བསོད་ནམས་ཀྱི་ཚོགས་བསགས། དེ་ནས་དེ་དག་མི་དམིགས་པའི་ངང་ལ་བཞག །དེ་ནས་དང་པོ་བདག་བསྐྱེད་ནི། ཁམས་ལུགས་སུ་རྩ་ལྷ་ཐམས་ཅད་བསྐྱེད་ཚུལ་གསུངས་ཀྱང་། འདིར་འཇུག་པ་བདེ་ཞིང་དོན་ལ་མི་འགལ་བའི་ཕྱིར་དང་། ཟུར་ལུགས་སུ་ཆོ་ག་མ་ཚང་བ་རྣམས་གཞན་ཕན་ལྟར་བྱའོ། །ཞེས་གསུངས་པ་འདི་ལྟར། ༀ་སྭ་བྷཱ་ཝ་ཤུདྡྷཱཿ སརྦ་དྷཱརྨཱཿསྭ་བྷ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྟོང་པར་བསམ། དེའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རབ་ཏུ་དགྱེས་པའི་སྤྱན་གདངས་པ། དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པ་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་པ་དྲིལ་བུ་དཀུར་བརྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ་སྟེ། ཕྱག་འཚལ་བའི་ཐལ་མོ་དཔྲལ་བར་བཞག་ལ། ༀ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུཾ་ཕཊ་ཀྱིས་སྐུ་དང་། ཐལ་མོ་སྙིམ་པར་སྦྱར་བ་མགྲིན་པར་བཞག་ལ། ༀ་ཏྲ་ན་ཏྲ་ན་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ་ཀྱིས་གསུང་དང་། རྡོ་རྗེ་ཐལ་མོ་ལས་གུང་མོ་གཉིས་དང་མཐའ་བཞི་སྦྱར་ཏེ་བརྐྱང་བའམ། བླ་མ་ཕྱི་མ་རྣམས་རྡོ་རྗེ་བསྡམས་པ་ལས་གུང་མོ་དང་མཐའ་བཞི་སྦྱར་བར་བཞེད། ཕྱག་རྒྱ་དེ་སྙིང་གར་བཞག་ལ། ༀ་ཙྪིནྡ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ་ཀྱིས་ཐུགས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེ་བསྡམས་པ་ལས་གུང་མོ་རྡོ་རྗེ་འདྲ་བར་གཤིབས། མཐེ་བོང་དང་མཐེ་ཆུང་གཉིས་བརྐྱང་བ་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དེ་ཉིད་ལས། མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བྱས་པ་སྦྱོང་རྒྱལ་གྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། ༀ་བུདྡྷཱ་ཨ་བྷི་ཥིཉྩ་ༀ། དེ་ཉིད་ལས། མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་དབང་བསྐུར་བའི་ཕྱག་རྒྱ་རྣ་བ་གཡས་པའི་སྟེང་དུ་བཞག་ལ། ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། མཐེ་བོང་དང་མཐེའུ་ཆུང་སོ་སོར་མཉམ་ལ་ལྷག་མ་ཐམས་ཅད་བརྐྱང་བ་སྡིག་པ་བསྲེག་པའི་ཕྱག་རྒྱ་ལྟག་པར་བཞག་ལ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ཉིད་གཡོན་དུ་བསྒྱུར་བ་ལས་ཐམས་ཅད་པའི་ཕྱག་རྒྱ་རྣ་ལྟག་གཡོན་དུ་བཞག་ལ། ༀ་ཀརྨ་ཨ་བྷི་ཥི་ཉྩ་ཨཱཿ ཞེས་བརྗོད་ཅིང་གནས་དེ་རྣམས་སུ་མི་བསྐྱོད་པ། རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་བཞུགས་པར་བསམ་མོ། །དེ་ནས་བཟླས་པ་བྱ་བ་ནི། བདག་ཉིད་རྡོ་རྗེ་སེམས་དཔའི་སྨིན་མཚམས་ནས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་བསམ་ལ་རྡོར་དབྱིངས་རྩ་བའི་སྙིང་པོ། ༀ་བུདྡྷ་བཻ་རོ་ཙ་ན་ༀ། ༀ་བཛྲ་ཨཀྵོ་བྷྱཿཧཱུཾ། ༀ་རཏྣ་སམྦྷ་ཝ་ཏྲཱཾ། ༀ་པདྨ་ཨ་མི་དེ་ཝ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿ ཞེས་སོགས་ཅི་མང་བཟླས་མཐར། ཡིག་བརྒྱ་ཚར་གསུམ་བརྗོད་ཅིང་། བདག་བསྐྱེད་ལ་ཡིད་མཆོད་བྱ་བ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་པུཥྤེ་ནས། ཤཔྡའི་བར་གྱིས་མཆོད་ལ། ཀུན་མཁྱེན་ཀློང་ཆེན་པའི་གསུང་ལྟར། རང་བཞིན་ཆོས་སྐུ་དག་པའི་ཀློང་། །སྣ་ཚོགས་ཐབས་མཁས་ཐུགས་རྗེ་ཡིས། །རིགས་ལྔ་ཡེ་ཤེས་ལྔ་སྟོན་པ། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་ནི་བདག་བསྐྱེད་ཀྱི་བྱ་བའོ། །ལྷ་སྟ་གོན་ནི། ཚོམ་བུའི་དཀྱིལ་འཁོར་བཛྲ་ཡཀྵས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། བཾ་ལས་ཆུ། ལཾ་ལས་ས། སུཾ་ལས་རི་རབ་ཀྱི་སྟེང་དུ་བྷྲུཾ་ལས་འོད་འཕྲོས། སྣོད་ཀྱི་མ་དག་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ལྷའི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཉིས་རིམ་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་དབུས་དང་ཕྱོགས་བཞིའི་ལིང་ཚེ་ལ་འཁོར་ལོ་རྩིབས་བཞི་པ་རེ་རེའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེའི་ཁྲི། ལྷོར་རྟའི་ཁྲི། ནུབ་ཏུ་རྨ་བྱའི་ཁྲི། བྱང་དུ་ཤང་ཤང་གི་ཁྲི་རྣམས་དང་། གཞན་ཡང་ལྷ་གནས་སོ་སོར་རང་རང་གི་གདན་དང་བཅས་པར་གྱུར། དབུས་སུ་ༀ་བུདྡྷཱ་བཻ་རོ་ཙ་ན་ༀ་ལས་རྣམ་པར་སྣང་མཛད། དེའི་ཕྱོགས་བཞིར་ༀ་བཛྲ་སྟྭ་བཛྲི་ཧཱུཾ། ༀ་རཏྣ་བཛྲི་ཏྲཱཾ། ༀ་དྷརྨ་བཛྲ་ཧྲཱིཿ ༀ་ཀརྨ་བཛྲ་ཨ་ཞེས་འཁོར་སེམས་མ་བཞི་དང་། ཤར་གྱི་རྩིབས་དབུས་སུ་ༀ་བཛྲ་ཨཀྵོ་བྷྱཿཧཱུཾ་ལས་མི་བསྐྱོད་པ། རྩིབས་བཞིར་ༀ་བཛྲ་ས་ཏྭ་ཧཱུཾ། ༀ་བཛྲ་རཱ་ཛ་ཛཿ ༀ་བཛྲ་རཱ་ག་ཧོཿ ༀ་བཛྲ་སཱ་དྷུ་དུ། ཤར་གྱི་སེམས་དཔའ་བཞི་དང་། ལྷོ་རྩིབས་ཀྱི་དབུས་སུ། ༀ་རཏྣ་སམྦྷ་ཝ་ཏྲཾ་ལས་རིན་འབྱུང་། རྩིབས་བཞིར་ༀ་བཛྲ་རཏྣ་ཏྲཱཾ། ༀ་བཛྲ་ཏེ་ཛཱརྻ། ༀ་བཛྲ་ཀེ་ཏུ་བྷྲི། ༀ་བཛྲ་ཧ་ས་ཧ། ལྷོའི་སེམས་དཔའ་བཞི་དང་། ནུབ་རྩིབས་ཀྱི་དབུས་སུ་ༀ་པདྨ་ཨ་མི་དེ་ཝ་ཧྲིཿལས་སྣང་བ་མཐའ་ཡས། རྩིབས་བཞིར་ༀ་བཛྲ་དྷརྨཱ་ཧྲཱིཿ ༀ་བཛྲ་ཏིཀྵྞ་དྷྲཱི། ༀ་བཛྲ་ཧེ་ཏུ་ཀྲུཾ། ༀ་བཛྲ་བྷ་ཥ་བྷཱ། ནུབ་ཀྱི་སེམས་དཔའ་བཞི་དང་། བྱང་རྩིབས་ཀྱི་དབུས་སུ་ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨ་ལས་དོན་གྲུབ། རྩིབས་བཞིར་ༀ་བཛྲ་ཀརྨ་ཀཾ། ༀ་བཛྲ་རཀྵ་ཧཾ། ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་སནྦྷི་བཾ། བྱང་གི་སེམས་དཔའ་བཞི་དང་། གྲུ་ཆད་བཞིའི་ཕྱི་ནང་ལ་ༀ་བཛྲ་ལཱ་སྱ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཾ། ༀ་བཛྲ་གཱི་ཏཱི་ཧྲཱིཿ ༀ་བཛྲ་ནཱིརྟྱ་ཨ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་པུ ཥྤེ་ཏྲཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་ཨ་རྣམས་ལས་སྒེག་སོགས་བརྒྱད། སྒོ་བཞིར་ༀ་བཛྲ་ཨངྐུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨཱ་བེ་ཤ་ཨ་ལས་སྒོ་མ་བཞི། སྣམ་བུ་ལ་གནས་པའི་བྱང་སེམས་རྣམས་ལ་རྩ་རིག་བཟླ་བར་ཟུར་ལུགས་སུ་བཤད་པས། དུརྒ་བརྗོད་པས་བྱང་སེམས་བཅུ་དྲུག་ཏུ་གསལ་བར་གྱུར། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་ས་མཱ་ཛཿ སྤོས་དང་བཅས་ཏེ་རྡོར་དྲིལ་འཛིན་པས། རྩ་བར། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ༀ་ཛཿཧཱུཾ་བཾ་ཧོཿ བྷ་ག་ཝན། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོད་བཞེས་ནས་ཀྱང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ༀ་ག་ག་ན་ས་མ་ཡེ་ཧཱུཾ། ཞེས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ཞེས་སོགས་ནས། སྐུ་ཁྲུས་གསོལ། ༀ་པྲ་ཝ་ར་སཏྐ་ར་པྲ་ཏཱིཙྪ་ཧོཿ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ༀ་པདྨ་ཨ་ས་ན་ཧཱུཾ། ཞེས་གདན་ཕུལ་ལ། ༀ་བཛྲ་པུཥྤེ་ཧཱུཾ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་ནཻ་ཝི་དྱ་ཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ན་མེ་ན་བཛྲ་བྷནྡྷ་ནཱཾ་ཀ་རོ་མི། སྒོ་བཞིའི་ཕྱག་རྒྱ་རིམ་བཞིན་བཅས་ལ། ༀ་བཛྲ་ཨཾ་གུ་ཤ་ཛཿ ཞེས་མདུན་བསྐྱེད་དང་ཉེ་བར་དགུག །ༀ་བཛྲ་པཱ་ཤ་ཧཱུཾ། ཞེས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་གཞུག །ༀ་བཛྲ་སྥོ་ཊ་བཾ་གྱིས་མི་འབྲལ་བར་བཅིངས། ༀ་བཛྲ་ཨ་བེ་ཤ་ཡ་ཨས་དབྱེར་མེད་དུ་གྱུར་པར་བསམ་མོ། །དེ་ནས་མཆོད་པ་ནི། བྱིན་གྱིས་བརླབ་པ་གོང་དུ་སོང་། འབུལ་བ་ནི་སྤོས་དང་མར་མེ་སྤར་ལ་ཐལ་མོ་སྦྱར་ཏེ། རྩ་བར། གནས་མཆོག་འདིའམ་གཞན་དག་ཏུ། །ལྷ་སོགས་བདག་གིར་མ་བྱས་པའོ། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམས། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གནས་མཆོག་འདིའམ་གཞན༴ གང་དག་སྤོས་ཀྱི་ཤིང་བཟང་པོ། །ལྷ་དང་མི་ཡི་སྤོས་ཆོག་རྣམས། །ཐུབ་པའི་དབང་ཕྱུག༴ ༀ་སརྦ༴ དྷཱུ་པེ་པཱུ་ཙ༴ གནས་མཆོག་འདིའམ༴ རིན་ཆེན་སྒྲོན་སོགས་ཉི་ཟླའི་འོད། །ཕྱོགས་དུས་ཀུན་ཏུ་རབ་སྤྲོས་ཏེ། །ཐུབ་པའི་དབང་ཕྱུག༴ ༀ་སརྦ༴ ཨཱ་ལོ་ཀེ༴ གནས་མཆོག༴ གུར་གུམ་ལ་སོགས་དྲི་ཡི་ཆབ། །ཚིམས་བྱེད་ཡིད་འོང་ལྡན་པ་འདི། །ཐུབ་པའི༴ ༀ་སརྦ༴ གནྡྷེ༴ གནས་མཆོག༴ ཞལ་ཟས་རོ་མཆོག་བརྒྱ་ལྡན་པ། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཐུབ་པའི༴ ༀ་སརྦ༴ ནཻ་ཝི་དྱ༴ གནས་མཆོག༴ དྲི་མེད་ཡིད་དུ་འོང་བ་ཡི། །སིལ་སྙན་དམ་པ་འདི་དག་ནི། །ཐུབ་པའི༴ ༀ་སརྦ༴ ཤཔྡ༴ རྩ་བར། གཞན་ཡང་རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། འདོད་ཡོན་ལྔས་ཀྱང་མཆོད་ལ། ཞེས་འབྱུང་བ། དངོས་གཞིའི་དུས་རྒྱས་པར་སྤྲོ་ལ། འདིར་སྔགས་ཙམ་གྱིས་འཐུས་པས། ༀ་ལས་རིན་ཆེན་བདུན་སྤྲུལ་ཏེ། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿ སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པུ་ཛི་ཏེ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ༴ ༀ་སརྦ་ཏ་ཐཱ་ག་ཏ་ཝ རྟི༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཏ༴ ༀ་སརྦ་ཏ་ཐཱ་ག་ཏ་ཧསྟི༴ ༀ་སརྦ་ཏ་ཐཱ་ག་ཏ་ཏུ་རཾ་ག་ཨ་ཤྭ༴ ༀ་སརྦ་ཏ་ཐཱ་ག་ཏ་ཁདྒ༴ འདོད་ཡོན་ལྔ་ནི། ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་པུ་ཛི་ཏེ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་ཤཔྡ༴ ༀ་སརྦ་ཏ་ཐཱ་ག་ཏ་གནྡྷེ༴ ༀ་སརྦ་ཏ་ཐཱ་ག་ཏ་རཱ་ས༴ ༀ་སརྦ་ཏ་ཐཱ་ག་ཏ་སྤཪྴེ༴ ཞེས་མཆོད། བསྟོད་པ་ནི། རྩ་བར། ཧཱུཾ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཞེས་པ་ནས། ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །བར་ཞེས་གསུངས་པས། ཧཱུཾ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས༴ བདུད་འདུལ་ཆེན་པོའི༴ ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད༴ མཆོག་སྦྱིན༴ ཕྱག་འཚལ་རྡོ་རྗེ་རིན་ཆེན་ལ། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག༴ ཏིང་འཛིན༴ ཕྱག་འཚལ་སྣང་བ་མཐའ་ཡས་ལ། །དོན་ཡོད་རྡོ་རྗེ་བསྐྱོད་པའི་རླུང་། །བྱ་གྲུབ༴ སྐྱབས་སྦྱིན༴ ཕྱག་འཚལ་དོན་ཡོད་གྲུབ་པ་ལ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཞེས་བསྟོད་ལ། འདས་གཏོར་བསང་སྦྱང་། སྟོང་པའི་ངང་ལས། ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱས་དབུལ། སྟ་གོན་ལ་གནས་པར་གསོལ་བ་བཏབ་པ་ནི། རྡོ་རྗེ་དྲིལ་བུ་དང་སྤོས་འཛིན་པས་བུས་མོ་བཙུགས་ལ། རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བ་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །རྡོ་རྗེའི་དབྱིངས་ཆེན་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲིས་ལགས་ན། །བདག་དང་སློབ་མར་བཅས་རྣམས་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལན་གསུམ་གྱི་མཐར། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ནས། སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་བཛྲ་སཏྭ་ཧཱུཾ་ལན་གསུམ་གྱིས་ཐལ་མོ་སྤྱི་བོར་བཀོད་དེ། བཛྲ་མུཿཞེས་སེ་གོལ་གཏོགས་ནས་ལྷ་རྣམས་སང་འབྱོན་པར་ཞལ་གྱིས་བཞེས་ཏེ་གཤེགས་པར་བསམ་ལ་ནམ་མཁར་མི་འདེགས་སོ། །དེ་ནས་ཚོམ་བུ་དང་མཆོད་གཏོར་རྣམས་བསྡུ་ཞིང་བསྔོ་སྨོན་དང་ཤིས་བརྗོད་བྱའོ། །དེས་ལྷ་སྟ་གོན་གྲུབ། དེ་ནས་དཀྱིལ་འཁོར་བྲི་བའི་གོང་དུ་ཐིག་ཚོན་བྱིན་རླབས་སྤྲོ་ན་རྣལ་འབྱོར་རྒྱུད་ལུགས་སུ་བྱ་དགོས་ཀྱང་ཆོ་ག་མི་འདྲ་བའི་ཁྱད་པར་མང་ཞིང་ཧ་ཅང་སྤྲོས་པས་དུབ་པར་སྣང་བས། ཐོག་མར་སྒོ་འབྱེད་ཀྱི་དབང་གི་སྐབས་སུ་བྱིན་གྱིས་བརླབས་པའི་ལས་ཐིག་དང་ཚོན་གྱིས་བྲིས་པས་ཁྱབ། ཇི་ལྟར་བྲི་བ་ནི་དབུས་དང་ཕྱོགས་བཞིའི་འཁོར་ལོ་རྣམས་སེར་པོའམ་ཡང་ན་ཕྱོགས་མདོག་རྡོ་རྗེའི་གདུང་མཐིང་ཁ་ལ་རྡོ་རྗེ་སེར་པོ། དབུས་མའི་རེ་མིག་སྔོན་པོ། གཞན་རེ་མིག་སོགས་ནང་གི་ཁྱམས་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་བ། རྩིག་པ་ནང་ནས་རིམ་པ་བཞིན་དུ་སེར་སྔོ་དམར་ལྗང་དཀར་བ། ཕ་གུ་སེར་པོ། དྲྭ་བ་སྔོན་པོ། མདའ་ཡབ་སྔོ་སྐྱ། པུ་ཤུའམ་ཤར་བུ་དཀར་པོ་སོགས་གཞལ་ཡས་ཁང་གཉིས་ཀ་ལ་འདྲ། གཞལ་ཡས་ཁང་ཕྱི་ནང་གི་བར་གྱི་ཁྱམས་ཀྱང་ཕྱོགས་མདོག་གོ། །རྟ་བབས་ནང་མ་ལ་གླང་རྒྱབ་ཆོས་འཁོར་སོགས་མེད་ཅིང་། ཕྱི་མ་ལ་གླང་རྒྱབ་མིག་གསུམ་དང་པདྨ་ཆོས་འཁོར་གདུགས་ཏོག་དབུས་རྭ་སོགས་སྤྱི་དང་འདྲ་ཞིང་། རྟ་བབས་ཀྱི་མདོག་མས་རིམ་བཞིན་སེར་ལྗང་སྔོ་དམར་རོ། །ཕྱི་པད་རྡོར་མེ་རི་གསུམ་སྤྱི་ལྟར་རོ། །དེ་ལྟར་དཀྱིལ་འཁོར་བྲིས་ཟིན་ནས་རྩ་བའི་ས་བཅད་གཉིས་པ་མཆོད་པ་བཤམ་པ་ནི། རྩ་བར། མཆོད་པ་བུམ་པ་གཏོར་མ་ཆ་གསུམ་ལ་སོགས་པ་གོང་བཞིན་དུ་བཤམ། ཞེས་གསུངས་པས། བུམ་པ་ནི་གསར་མའི་ཡོ་གའི་སྐབས་རྣམ་རྒྱལ་བུམ་པ་དང་། དབང་གི་བུམ་པ་དང་། མཆོད་པའི་བུམ་པ་སོགས་མང་དུ་བཤད་ཀྱང་། འདི་ལ་རྣམ་བུམ་དང་ལས་བུམ་གཉིས་ཀྱིས་འཐུས་པས་རྣམ་བུམ་དང་དབང་བུམ་གཅིག་ཏུ་བསྡུས་པས་ཁྱབ། དེ་ཡང་། རྩ་བར། བུམ་པ་བཤམ་ཞེས་པ་ཙམ་ལས་སྒྲུབ་ཚུལ་མ་གསུངས་ཤིང་། དབང་གི་དུས་དབུས། ཤར། ལྷོ། ནུབ། བྱང་གི་བུམ་པས་དབང་བསྐུར་ཚུལ་བསྐུར་ཚིག་དང་བཅས་གསུངས་པས་བུམ་པ་ལྔ་བྱེད་པ་ཡོ་ག་གཞན་དང་ཡང་མཐུན་པས། དཀྱིལ་འཁོར་དབུས་སུ་བུམ་པ་མགུལ་ཆིངས་སེར་པོ་འཁོར་ལོའི་མཚན་མ་ཅན་རྣམ་སྣང་གི་ཙཀླི་དང་བཅས་པ། ཤར་དུ་བུམ་པ་མགུལ་ཆིངས་དཀར་པོ་རྡོ་རྗེའི་མཚན་མ་ཅན་དང་མི་བསྐྱོད་པའི་ཙཀླི་ཅན། ལྷོར་བུམ་པ་མགུལ་ཆིངས་སྔོན་པོ་རིན་པོ་ཆེའི་མཚན་མ་དང་རིན་འབྱུང་གི་ཙཀླི་ཅན། ནུབ་ཏུ་བུམ་པ་མགུལ་ཆིངས་དམར་པོ་པདྨའི་མཚན་མ་དང་སྣང་བ་མཐའ་ཡས་ཀྱི་ཙཀླི་ཅན། བྱང་དུ་བུམ་པ་མགུལ་ཆིངས་ལྗང་གུ་རྒྱ་གྲམ་གྱི་མཚན་མ་དང་དོན་གྲུབ་ཀྱི་ཙཀླི་ཅན། ཐམས་ཅད་ཀྱང་ནང་སུམ་གཉིས་དྲི་བཟང་གི་ཆུ་བུམ་རྫས་ཉེར་ལྔ་དང་ལྡན་པ་ཁ་རྒྱན་དུང་ཆོས་གཟུངས་རྡོར་དང་བཅས་པ་བཤམ། སློབ་དཔོན་གྱི་མདུན་དུ་ལས་བུམ་དར་སྔོན་གྱིས་དཀྲིས་ཤིང་བཅུད་ལྡན་ཁ་རྒྱན་དང་མཆེ་བའི་མཚན་མ་ཅན་ཀྱང་བཤམ། མཆོད་བུམ་མ་བྱུང་ཡང་འཐུས་ལ། འབྱོར་ན། བརྒྱད་དམ་བཅུ་དྲུག་འབྲུ་སྨན་དྲི་ཆབ་ཀྱིས་བཀང་བ་ཁ་རྒྱན་དང་བཅས་པས་དཀྱིལ་འཁོར་གྱི་མཐའ་བསྐོར་ཞིང་། བུམ་པ་མ་འབྱོར་ན་ཏིང་ལ་སོགས་པས་མཆོད་བུམ་གྱི་དོད་བྱ་བར་བཤད་དོ། །དཀྱིལ་འཁོར་གྱི་མཐར་མཚམས་འཛིན་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཟང་བ། འདས་གཏོར་དཀར་ཟླུམ་འདབ་བཞི་ཅན་དང་། སྔོན་འགྲོའི་གཏོར་མ་གཉིས་ཀྱང་བཤམ། ཆ་གསུམ་གྱི་དཀྱིལ་འཁོར་མ་བསྡུས་ན་མཆོད་པ་ཁ་གསོས་ཤིང་གཏོར་མ་ཡང་བཤམ། བསྡུས་ཚར་ན་དཀྱིལ་འཁོར་འདི་གའི་ཉེ་ལོགས་སུ་ཆ་གསུམ་གྱི་གཏོར་མ་བཤམ། གཞན་ཡང་ལྷ་དབང་དང་རྫས་དབང་གི་ཆས་རྣམས་ཀྱང་འབྱོར་ཤོམས་སུ་བཤམ་མོ། །རྩ་བ་གསུམ་གྱི་གཏོར་མ་གཞན་རྣམས་ཀྱང་ཁ་གསོའོ། །རྩ་བའི་ས་བཅད་བཞི་པ་རབ་གནས་ནི། རྩ་བར། རབ་གནས་རྒྱས་བསྡུས་གང་མོས་བྱའོ། །ཞེས་གསུངས་པ། རྡོར་དྲིལ་དང་བཅས་པས་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་གཏོར་ཞིང་སྒོ་འབྱེད་སྐབས་ལྟར་དམིགས་པ་བྱའོ། །རྩ་བའི་ས་བཅད་ལྔ་པ་ཆོག་གཞུང་ནི། རྩ་བར། ཆོག་གཞུང་འོག་ནས་འབྱུང་བ་ལྟར་བྱས་ལ། ཞེས་གསུངས་པར། འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་བླ་དཔེའི་མཆན་བུར་ཆོག་གཞུང་གཞན་ཕན་སྙིང་པོ་ལྟར་བྱ་གསུངས་པ། འདིར་གཞན་ཕན་མཐའ་ཡས་ནས་མེད་དུ་མི་རུང་བ་རྣམས་བླངས་ཏེ་བྲི་བར་བྱ་བ་ལ། དང་པོ་ནི། ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་ལག་གཉིས་ཐལ་སྦྱར་བསྣོལ་བའི་གུང་མཛུབ་ཀྱི་བར་དུ་མེ་ཏོག་བཟུང་བ་འཐོར་ཞིང་དཀྱིལ་འཁོར་ཁང་པར་ཞུགས་ཏེ་སྟན་ལ་འདུག་གོ། །རྩ་བར། བགེགས་གཏོར་བཏང་ལ་སུམྦྷ་ནིས་བགེགས་བསྐྲད་དོ། །ཞེས་འབྱུང་བས་སྔོན་འགྲོ་གཏོར་མ་དང་པོ་ཆབ་ཀྱིས་བྲན་ཏེ། སོ་སོའི་སྔགས་རྒྱ་དང་བཅས་ཏེ། ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ན་ཧཱུཾ་ཕཊ། ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བདུད་རྩིའི་ཚོགས་ཀྱིས་གང་བར་གྱུར། ཨ་ཀཱ་རོ་ལན་གསུམ་གྱི་བྱིན་གྱིས་བརླབ། ཊ་ཀི་ཧཱུཾ་ཛཿ ཞེས་བགེགས་རྣམས་བཀུག་ལ་ལག་གཡོན་ཁུ་ཚུར་གྱིས་མཐེ་བོ་སྒྲེང་ཞིང་གཡས་པས་མཆོག་སྦྱིན་བསྐོར་བའི་མཐར་སེ་གོལ་གཏོག་ཅིང་། ༀ་གུང་ཀ་རེ་གུང་ཀ་རེ་སྭཱ་ཧཱ། ༀ་པི་ཙི་པི་ཙི་སྭཱ་ཧཱ། ༀ་གུང་གུང་སྭཱ་ཧཱ། སརྦ་བིགྷྣཱ་ན་གྲཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་སོགས་ཀྱིས་མཆོད་ཅིང་། གོང་གི་སྔགས་མཐར། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་བཏགས་པ་ལན་གསུམ་གྱིས་བསྔོས། ༀ་སརྦ་བིགྷྣཱན་གཙྪ། ཞེས་བསྐྲད་ལ་སུམྦྷ་སོགས་ཀྱི་སྔགས་དང་། ཡུངས་ཐུན་གྱིས་བྲབ་ཅིང་མཚམས་བཅད་དོ། །དེ་ནས་མཆོད་པ་བྱིན་བརླབ་སྟ་གོན་གྱི་སྐབས་ལྟར་བྱའོ། །རྩ་བར། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ་ཞེས་དང་། དེ་ནས་ཚད་མེད་བཞི་བསྒོམ། ཞེས་གསུངས་པས། སྐྱབས་སེམས་ཚད་མེད་བཞི་སོགས་ཀྱང་སྔ་མ་ལྟར་བྱའོ། །དེ་ནས་སྟ་གོན་ལྟར་ལྕེ་ལག་བྱིན་བརླབ་ཁྲོ་བོ་སྤྱན་འདྲེན་དང་བགེགས་བསྐྲད་ཅིང་བསྲུང་བ་ཚོགས་བསག །བདག་བསྐྱེད་སོགས་སྟ་གོན་གྱི་སྐབས་ལྟར་བྱའོ། །གཉིས་པ་བུམ་སྒྲུབ་ནི། རིགས་ལྔའི་བུམ་པར་མཚམས་ཀྱི་མཆོད་ལྷ་སྒོ་མ་དང་། ཕྱོགས་ཀྱི་སེམས་མ་རྣམས་རིགས་བཞི་སོ་སོར་བསྡུས་ཏེ་བསྐྱེད་པ་དང་བསྒྲུབས་ན་ལེགས་པར་སྣང་ཞིང་། རྩ་ལྷ་རྣམས་མི་ཆད་ཅིང་དབང་བུམ་དང་རྣམ་བུམ་གཉིས་ཐུན་མོང་དུ་འགྱུར་བས་ལེགས་པར་སྣང་ངོ་། །བུམ་པ་ལྔ་དང་ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལྔའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ལྔ་ཡངས་ཤིང་རྒྱ་ཆེ་བ་ལྷའི་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གི་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་དབུས་སུ་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་དང་བཅས་པ་ལྔར་གྱུར། དབུས་ཀྱི་བུམ་ནང་གི་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞིའི་དབུས་སེང་གེའི་ཁྲིར་ༀ་བུདྡྷཱ་བཻ་རོ་ཙ་ན་ༀ་ལས་རྣམ་སྣང་སེར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། རྩིབས་བཞིའི་ཤར་དུ་བཛྲ་ས་ཏྭ་བཛྲི་ཧཱུཾ་ལས་སྤྱན་མ་དཀར་མོ་རྡོ་རྗེ་ཅན། ལྷོར་རཏྣ་བཛྲི་ཏྲཱཾ་ལས་མཱ་མ་ཀཱི་སྔོན་མོ་རིན་ཆེན་ཅན། ནུབ་ཏུ་པདྨ་བཛྲི་ཧྲཱིཿལས་གོས་དཀར་མོ་དམར་མོ་པདྨ་ཅན། བྱང་དུ་ཀརྨ་བཛྲི་ཨ་ལས་སྒྲོལ་མ་ལྗང་གུ་རྒྱ་གྲམ་ཅན་ནོ། །ཤར་གྱི་བུམ་ནང་གི་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞིའི་དབུས་གླང་པོ་ཆེའི་ཁྲིར་ༀ་བཛྲ་ཨཀྵོ་བྷྱཿཧཱུཾ་ལས་མི་བསྐྱོད་པ་དཀར་པོ་ས་གནོན་གྱི་ཕྱག་རྒྱ་ཅན། རྩིབས་བཞིའི་ཤར་དུ་ༀ་བཛྲ་སཏྭ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ཅན། ལྷོར་ༀ་བཛྲ་རཱ་ཛ་ཛཿལས་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་ཅན། ནུབ་ཏུ་ༀ་བཛྲ་རཱ་ག་ཧོཿལས་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་ཅན། བྱང་དུ་ༀ་བཛྲ་སཱ་དྷུ་དུ་ལས་རྡོ་རྗེ་ལེགས་པ་ལྗང་གུ་སེ་གོལ་ཅན། རྩིབས་ཀྱི་ཕྱིའི་མུ་ཁྱུད་ལ་ༀ་བཛྲ་ལཱ་སྱ་ཧཱུཾ་ལས་སྒེག་མོ་དཀར་མོ་མེ་ལོང་འཛིན་པ། ༀ་བཛྲ་དྷཱུ་པེ་ཧཱུཾ་ལས་བདུག་སྤོས་མ་དཀར་མོ་སྤོས་ཁང་འཛིན་པ། གཞན་ཡང་བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པ་བཞི་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ༀ་བཛྲ་ཨངྐུ་ཤ་ཛཿལས་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ་རྣམས་སོ། །ལྷོའི་བུམ་ནང་གི་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞིའི་དབུས་རྟའི་ཁྲིར་ༀ་རཏྣ་སམྦྷ་ཝ་ཏྲཱཾ་ལས་རིན་འབྱུང་སྔོན་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། རྩིབས་བཞིའི་ཤར་དུ་ༀ་བཛྲ་རཏྣ་ཏྲཱཾ་ལས་རྡོ་རྗེ་རིན་ཆེན་སྔོན་པོ་རིན་ཆེན་ཅན། ལྷོར་ༀ་བཛྲ་ཏེ་ཛཱརྱ་ལས་རྡོ་རྗེ་གཟི་བརྗིད་དམར་པོ་ཉི་མ་ཅན། ནུབ་ཏུ་ༀ་བཛྲ་ཀེ་ཏུ་བྷྲི་ལས་རྡོ་རྗེ་རྒྱལ་མཚན་སྔོན་པོ་རྒྱལ་མཚན་ཅན། བྱང་དུ་ༀ་བཛྲ་ཧ་ས་ཧ་ལས་རྡོ་རྗེ་བཞད་པ་དཀར་པོ་སོ་ཕྲེང་ཅན། མུ་ཁྱུད་ལ་ༀ་བཛྲ་མཱ་ལེ་ཏྲཾ་ལས་ཕྲེང་བ་མ་སེར་མོ་ཕྲེང་བ་ཅན། ༀ་བཛྲ་པུཥྤེ་ཏྲཾ་ལས་མེ་ཏོག་མ་སེར་མོ་མེ་ཏོག་འཛིན་པ། གཞན་ཡང་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་བཞི་སེར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ༀ་བཛྲ་པཱ་ཤ་ཧཱུཾ་ལས་རྡོ་རྗེ་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ་རྣམས་སོ། །ནུབ་ཀྱི་བུམ་ནང་གི་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞིའི་དབུས་སུ་རྨ་བྱའི་ཁྲིར་ༀ་པདྨ་དེ་ཝ་ཧྲཱིཿལས་སྣང་མཐའ་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། རྩིབས་བཞིའི་ཤར་དུ་ༀ་བཛྲ་དྷརྨཱ་ཧྲཱིཿལས་རྡོ་རྗེ་ཆོས་དམར་པོ་པདྨ་ཅན། ལྷོར་ༀ་བཛྲ་ཏིཀྵྞ་དྷཱི་ལས་རྡོ་རྗེ་རྣོན་པོ་སྔོན་པོ་རལ་གྲི་ཅན། ནུབ་ཏུ་ༀ་བཛྲ་ཧེ་ཏུ་ཀྲུཾ་ལས་རྡོ་རྗེ་རྒྱུ་སེར་པོ་འཁོར་ལོ་ཅན། བྱང་དུ་ༀ་བཛྲ་བྷཱ་ཥ་བྷཱ་ལས་རྡོ་རྗེ་སྨྲ་བ་དམར་པོ་ལྗགས་འཛིན་པ། མུ་ཁྱུད་ལ་ༀ་བཛྲ་གཱི་ཏི་ཧྲཱིཿལས་གླུ་མ་དམར་མོ་པི་ཝང་འཛིན་པ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ལས་མར་མེ་མ་དམར་མོ་མར་མེ་འཛིན་པ། གཞན་ཡང་བྱང་ཆུབ་སེམས་དཔའ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད་བཞི་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ༀ་བཛྲ་སྥོ་ཊ་བཾ་ལས་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ་རྣམས་སོ། །བྱང་གི་བུམ་ནང་གི་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞིའི་དབུས་སུ་ཤང་ཤང་གི་ཁྲིར་ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨ་ལས་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། རྩིབས་བཞིའི་ཤར་དུ་ༀ་བཛྲ་ཀརྨ་ཀཾ་ལས་རྡོ་རྗེ་ལས་ལྗང་གུ་རྒྱ་གྲམ་ཅན། ལྷོར་ༀ་བཛྲ་རཀྵ་ཧཾ་ལས་རྡོ་རྗེ་བསྲུང་བ་སེར་པོ་གོ་ཁྲབ་འཛིན་པ། ནུབ་ཏུ་ༀ་བཛྲ་ཡཀྵ་ཧཱུཾ་ལས་རྡོ་རྗེ་གནོད་སྦྱིན་སྔོན་པོ་མཆེ་བ་ཅན། བྱང་དུ་ༀ་བཛྲ་སནྡྷི་བཾ་ལས་རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་ཅན། མུ་ཁྱུད་ལ་ༀ་བཛྲ་ནིརྟྱ་ཨ་ལས་གར་མ་ལྗང་གུ་གར་བྱེད་པ། ༀ་བཛྲ་གནྡྷེ་ཨ་ལས་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ། གཞན་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་རྣམས་ལྗང་གུ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ༀ་བཛྲ་ཨཱ་བེ་ཤ་ཨཱཿལས་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པའོ། །ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ལས་ཀྱི་བུམ་པར་པད་ཟླའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་སྟེང་དུ་པད་ཟླའི་གདན་ལ་ཧཱུཾ་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་སྔོན་པོ་མཆེ་བ་འཛིན་པ་ཁྲོ་ཚུལ་དར་དང་རིན་པོ་ཆེས་བརྒྱན་པའོ། །ༀ་བཛྲ་ས་མཱ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅའ་བ་དང་། མ་ལུས་སེམས་ཅན་སོགས་སྤྱན་འདྲེན་ནས། བཛྲ་ཨཱ་བེ་ཤས་དབྱེར་མེད་དུ་གྱུར་པའི་བར་ལྷ་སྟ་གོན་བཞིན་ལ། ༀ་བྷྲི་ཏ་སོགས་གནས་གསུམ་བྱིན་རླབས་དང་། ༀ་བུདྡྷཱ་ཨ་བྷི་ཥིཉྩ་ༀ། ཞེས་རིགས་ལྔ་དབང་བསྐུར་བའི་སྔགས་རྒྱ་རྣམས་བདག་བསྐྱེད་བཞིན་བྱ་དགོས་ཏེ། གླན་སྟོན་བསོད་ནམས་མགོན་པོས། ཕྱིའི་ལུགས་སུ་རིགས་ལྔས་དབང་བསྐུར། ནང་གི་བཞིན་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། ཞེས་གསུངས་པའི་ཕྱིར་རོ། །མཆོད་བསྟོད་ཀྱང་ལྷ་སྟ་གོན་བཞིན་ལ། ལས་བུམ་དུ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །ཞེས་ཤློ་ཀ་གཅིག་གིས་བསྟོད། གཟུངས་ཐག་བླངས་ཏེ་བཟླས་པ་བྱ་བ་ནི། རང་གི་སྙིང་ག་ནས་སྔགས་ཕྲེང་གཟུགས་ཐག་ལ་བརྟེན་ཏེ་སོང་བས་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་བསམ་ལ། ཟུར་ལུགས་སུ་རྩ་རིག་བཟླ་བར་གསུངས་པ་ལྷ་མིའི་ཐེག་པའི་སྐབས་ཀྱི་ལམ་འཁྱེར་དུ་ཡང་འབྱུང་བས་ན་འདི་ལྟར། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་པ་སྤྱིར་བརྒྱ་རྩ་དང་། བྱེ་བྲག་ཏུ་དབུས་ཀྱི་བུམ་པར་དམིགས་ཏེ། ༀ་བུདྡྷ་བཻ་རོ་ཙ་ན་ༀ། བརྒྱ་རྩ་དང་། ༀ་བཛྲ་སཏྭ་བཛྲ་ཧཱུཾ། རཏྣ་བཛྲ་ཏྲཱཾ། པདྨ་བཛྲ་ཧྲཱིཿ ཀརྨ་བཛྲ་ཨ་རྣམས་བདུན་ནམ་གསུམ་བཟླས་སོ། །ཤར་གྱི་བུམ་པར་དམིགས་ལ། ༀ་བཛྲ་ཨཀྵོ་བྷྱཿཧཱུཾ། བརྒྱ་རྩ་དང་། ༀ་བཛྲ་སཏྭ་ཧཱུཾ། ༀ་བཛྲ་རཱ་ཛ་ཛཿ ༀ་བཛྲ་རཱ་ག་ཧོཿ ༀ་བཛྲ་སཱ་དྷུ་དུ། ༀ་བཛྲ་ལཱ་སྱ་ཧཱུཾ། ༀ་བཛྲ་དྷཱུ་པེ་ཧཱུཾ། བྱང་སེམས་བཞིར་རྩ་རིག །ༀ་བཛྲ་ༀ་གུ་ཤ་ཛཿརྣམས་བདུན་ནམ་གསུམ་བཟླས་སོ། །ལྷོའི་བུམ་པར་དམིགས་ལ། ༀ་རཏྣ་སམྦྷ་ཝ་ཏྲཱཾ། བརྒྱ་རྩ་བཟླས། ༀ་བཛྲ་རཏྣ་ཏྲཱཾ། ༀ་བཛྲ་ཏེ་ཛཱརྱ། ༀ་བཛྲ་ཀེ་ཏུ་བྷྲི། ༀ་བཛྲ་ཧ་ས་ཧ། ༀ་བཛྲ་མཱ་ལེ་ཏྲཾ། ༀ་བཛྲ་པུཥྤེ་ཏྲཾ། སེམས་དཔའ་བཞིར་རྩ་རིག །ༀ་བཛྲ་པཱ་ཤ་ཧཱུཾ་རྣམས་བདུན་ནམ་གསུམ་བཟླས་སོ། །ནུབ་ཀྱི་བུམ་པར་དམིགས་ལ། ༀ་པདྨ་ཨ་མི་དེ་ཝ་ཧྲཱིཿ བརྒྱ་རྩ་བཟླས། ༀ་བཛྲ་དྷརྨཱ་ཧྲཱིཿ ༀ་བཛྲ་ཏིཀྵྞ་དྷཱི། ༀ་བཛྲ་ཧེ་ཏུ་ཀྲུཾ། ༀ་བཛྲ་བྷཱ་ཥ་བྷཱ། ༀ་བཛྲ་གཱི་ཏི་ཧྲཱིཿ ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ སེམས་དཔའ་བཞིར་རྩ་རིག །ༀ་བཛྲ་སྥོ་ཊ་བཾ་རྣམས་བདུན་ནམ་གསུམ་བཟླས་སོ། །བྱང་གི་བུམ་པར་དམིགས་ཏེ། ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨ། བརྒྱ་རྩ་བཟླས། ༀ་བཛྲ་ཀརྨ་ཀཾ། ༀ་བཛྲ་རཀྵ་ཧཾ། ༀ་ཡཀྵ་ཧཱུཾ། ༀ་བཛྲ་སནྡྷི་བཾ། ༀ་བཛྲ་ནཱིརྟྱ་ཨ། ༀ་བཛྲ་གནྡྷེ་ཨ། བྱང་སེམས་བཞིར་རྩ་རིག །ༀ་བཛྲ་ཨཱ་བེ་ཤ་ཨ་རྣམས་བདུན་ནམ་གསུམ་བརླབས་སོ། །ལས་བུམ་ལ་དམིགས་ཏེ། ༀ་བཛྲ་ཡཀྵ་ཧཱུཾ། བརྒྱ་རྩ་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ཉེར་གཅིག་བཟླས་མཐར་གོང་བཞིན་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས། དུང་ཆོས་ཀྱི་ཆུ་བླུག་པས་དམ་ཚིག་པ་བུམ་ཆུར་གྱུར་པར་བསམ་སྟེ་ཡིག་བརྒྱ་བརྗོད་པས་བརྟན་པར་བསམ་མོ། །གསུམ་པ་མདུན་བསྐྱེད་བསྒྲུབ་ཅིང་མཆོད་པ་ནི། རྩ་བར། དེ་ནས་བུམ་པའི་ཆུས་ཕྱོགས་ཀུན་ཏུ་གཏོར་ཞིང་། ཧཱུཾ། ཙནྡན་ཆུ་ལ་བདེན་པ་བརྡར་བ་ཡིས། །ཕྱོགས་བཅུར་གཏོར་བས་ཡོངས་སུ་དག་གྱུར་ཏེ། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ནས། །དྲི་མེད་ཡོན་ཏན་དག་དང་ལྡན་གྱུར་ཅིག །ༀ་སརྦ་བི་ཤོ་དྷ་ནི་ཧཱུཾ་ཧྲཱིཿཐ། ཞེས་བརྗོད་ཅིང་། ལས་བུམ་གྱི་ཆུས་ཕྱོགས་བཅུར་གཏོར་རོ། །ༀ་བཛྲ་ཡཀྵ་ཧཱུཾ། ཞེས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་གྱུར་པར་བསམ། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། བཾ་ལས་ཆུ། ལཾ་ལས་ས། སུཾ་ལས་རི་རབ་ཀྱི་སྟེང་དུ་བྷྲཱུཾ་ལས་འོད་འཕྲོས། སྣོད་ཀྱི་མ་དག་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷའི་གཞལ་ཡས་ཁང་པ་ཉིས་རིམ་གྲུ་བཞི་སྒོ་བཞི་པ། རྩིག་པ་ལྔ་ནང་ནས་རིམ་པ་བཞིན་དུ་སེར་སྔོ་དམར་ལྗང་དཀར་བའི་སྟེང་རིན་པོ་ཆེའི་ཕ་གུས་བསྐོར་བ་ལ་སྟེང་ནས་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང་མདའ་ཡབ་དང་པུ་ཤུས་མཛེས་པར་བྱས་པ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་པ། གཞལ་ཡས་ཁང་ནང་མའི་དབུས་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྱས་པས་མཛེས་པར་ཕུབ་པ་དབུས་དང་། ཕྱིའི་རྟ་བབས་བཞིའི་སྟེང་དུ་བུམ་པ་བྲེ་ཆོས་ཀྱི་འཁོར་ལོ་གདུགས་ཏོག་དང་བཅས་པས་མཛེས་པར་བྱས་པ། ནང་གི་ཁྱམས་དབུས་སྔོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་རེ་མིག་གི་ཕྱོགས་བཞི་དབུས་དང་ལྔར་འཁོར་ལོ་ཕྱོགས་མདོག་ཅན་རྩིབས་བཞི་པ་རེ་རེའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེའི་ཁྲི། ལྷོར་རྟའི་ཁྲི། ནུབ་ཏུ་རྨ་བྱའི་ཁྲི། བྱང་དུ་ཤང་ཤང་གི་ཁྲི། ལྷ་གནས་རྣམས་སུ་པདྨ་དང་ཟླ་བའི་གདན་རེ་རེར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ་ༀ་བུདྡྷཱ་བཻ་རོ་ཙ་ན་ༀ་ལས་དབུས་སུ་རྣམ་སྣང་སེར་པོ་ཀུན་ཏུ་ཞལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། དེའི་ཤར་གྱི་འཁོར་ལོའི་རྩིབས་ལ་བཛྲ་སཏྭ་བཛྲི་ཧཱུཾ་ལས་སེམས་མ་རྡོ་རྗེ་མའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་དཀར་པོ། ལྷོར་རཏྣ་བཛྲི་ཏྲཱཾ་ལས་རིན་ཆེན་རྡོ་རྗེ་མའི་ངོ་བོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ནུབ་ཏུ་པདྨ་བཛྲི་ཧྲཱིཿལས་རྡོ་རྗེ་ཆོས་མའི་ངོ་བོ་པད་དཀར་འདབ་མ་བཅུ་དྲུག་པ་འདབ་བརྒྱད་མཐུར་དུ་བསྟན་ཅིང་འདབ་བརྒྱད་སྟེང་དུ་འཛུམ་པའི་ནང་དང་པོའི་རྡོ་རྗེ་རྩེ་ལྔ་པ་ཆུད་པ། བྱང་དུ་ཀརྨ་བཛྲི་ཨ་ལས་རྡོ་རྗེ་ལས་མའི་ངོ་བོ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་རྣམས་སོ། །རེ་མིག་ཤར་གྱི་རྩིབས་བཞིའི་དབུས་སུ་གླང་པོ་ཆེའི་ཁྲིར་ༀ་བཛྲ་ཨཀྵོ་བྷྱཿཧཱུཾ་ལས་མི་བསྐྱོད་པ་དཀར་པོ་ས་གནོན་མཉམ་གཞག་ཅན། དེའི་ཤར་རྩིབས་ལ་ༀ་བཛྲ་ས་ཏྭ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྷོར་ༀ་བཛྲ་རཱ་ཛ་ཛཿལས་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། ནུབ་ཏུ་ༀ་བཛྲ་རཱ་ག་ཧོཿལས་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འཛིན་པ། བྱང་དུ་ༀ་བཛྲ་སཱ་དྷུ་དུ་ལས་རྡོ་རྗེ་ལེགས་པ་ལྗང་གུ་སེ་གོལ་སྟེར་བའོ། །རེ་མིག་ལྷོའི་རྩིབས་བཞིའི་དབུས་སུ་རྟའི་ཁྲིར་ༀ་རཏྣ་སམྦྷ་ཝ་ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་སྔོན་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག་ཅན། དེའི་ཤར་རྩིབས་ལ་ༀ་བཛྲ་རཏྣ་ཏྲཱཾ་ལས་རྡོ་རྗེ་རིན་ཆེན་སྔོན་པོ་གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ལྷོར་ༀ་བཛྲ་ཏེ་ཛཱརྱ་ལས་རྡོ་རྗེ་གཟི་བརྗིད་དམར་པོ་ཉི་མའི་དཀྱིལ་འཁོར་འཛིན་པ། ནུབ་ཏུ་ༀ་བཛྲ་ཀེ་ཏུ་བྷྲི་ལས་རྡོ་རྗེ་རྒྱལ་མཚན་སྔོན་པོ་རྒྱལ་མཚན་འཛིན་པ། བྱང་དུ་ༀ་བཛྲ་ཧ་ས་ཧ་ལས་རྡོ་རྗེ་བཞད་པ་དཀར་པོ་སོའི་ཕྲེང་བ་འཛིན་པའོ། །རེ་མིག་ནུབ་ཀྱི་འཁོར་ལོ་རྩིབས་བཞིའི་དབུས་སུ་རྨ་བྱའི་ཁྲིར་ༀ་པདྨ་ཨ་མི་དེ་ཝ་ཧྲཱིཿལས་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཤར་རྩིབས་ལ་ༀ་བཛྲ་དྷརྨཱ་ཧྲཱིཿལས་རྡོ་རྗེ་ཆོས་དམར་པོ་གཡོན་པདྨ་དང་གཡས་པས་དེའི་ཁ་འཁྱེར་བ། ལྷོར་ༀ་བཛྲ་ཏིཀྵྞ་དྷྲཱི་ལས་རྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་དང་གཡོན་པོ་ཏི་འཛིན་པ། ནུབ་ཏུ་ༀ་བཛྲ་ཧེ་ཏུ་ཀྲུཾ་ལས་རྡོ་རྗེ་རྒྱུ་སེར་པོ་གཡས་བའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་ཞིང་འཛིན་པ། བྱང་དུ་ༀ་བཛྲ་བྷཱ་ཥ་བྷཱ་ལས་རྡོ་རྗེ་སྨྲ་བ་དམར་པོ་ལྗགས་འཛིན་པའོ། །རེ་མིག་བྱང་གི་རྩིབས་བཞིའི་དབུས་སུ་ཤང་ཤང་གི་ཁྲིར་ཀརྨ་ཨ་མོ་གྷ་སིདྡྷི་ཨ་ལས་དོན་གྲུབ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་རྒྱ་གྲམ་ཅན། ཤར་རྩིབས་ལ་ༀ་བཛྲ་ཀརྨ་ཀཾ་ལས་རྡོ་རྗེ་ལས་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། ལྷོར་ༀ་བཛྲ་རཀྵ་ཧཾ་ལས་རྡོ་རྗེ་བསྲུང་བ་སེར་པོ་གོ་ཆ་འཛིན་པ། ནུབ་ཏུ་ༀ་བཛྲ་ཡཀྵ་ཧཱུཾ་ལས་རྡོ་རྗེ་གནོད་སྦྱིན་སྔོན་པོ་ཕྱག་གཉིས་ཀྱིས་གཡས་གཡོན་གྱི་ཐད་ཀར་མཆེ་བ་འཛིན་པ། བྱང་དུ་ༀ་བཛྲ་སིནྡྷི་བཾ་ལས་རྡོ་རྗེ་ཁུ་ཚུར་སེར་པོ་རྡོ་རྗེ་རྩེ་ལྔ་པ་གཉིས་དམ་ཚིག་གི་ཁུ་ཚུར་གྱིས་འཛིན་པའོ། །ཤར་ལྷོའི་རེ་མིག་ཏུ་བཛྲ་ས་ཏྭ་བཛྲི་ཧཱུཾ་ལས་རྡོ་རྗེ་སྤྱན་མ་དཀར་མོ་གཡས་རྡོ་རྗེ། ལྷོ་ནུབ་ཀྱི་རེ་མིག་ཏུ་རཏྣ་བཛྲི་ཏྲཱཾ་ལས་མཱ་མ་ཀཱི་སྔོན་མོ་གཡས་རིན་པོ་ཆེ། ནུབ་བྱང་གི་རེ་མིག་ཏུ་པདྨ་བཛྲཱི་ཧྲཱིཿལས་གོས་དཀར་མོ་དམར་མོ་གཡས་པདྨ། བྱང་ཤར་གྱི་རེ་མིག་ཏུ་ཀརྨ་བཛྲི་ཨ་ལས་སྒྲོལ་མ་ལྗང་གུ་གཡས་རྒྱ་གྲམ། བཞི་ཀའང་གཡོན་གདན་ལ་བརྟེན་ཅིང་སེམས་སྐྱིལ་གྱིས་བཞུགས་པ་སྒེག་ཅིང་ཆགས་པའི་ཉམས་ཅན་ནུ་འབུར་ཟུང་གིས་མཛེས་པའོ། །ཤར་ལྷོའི་གྲུ་ཆད་ཀྱི་ནང་དུ་ༀ་བཛྲ་ལཱ་སྱ་ཧཱུཾ་ལས་སྒེག་མོ་དཀར་མོ་མེ་ལོང་འཛིན་པ། ལྷོ་ནུབ་ཀྱི་གྲུ་ཆད་ཀྱི་ནང་དུ་ༀ་བཛྲ་མཱ་ལེ་ཏྲཾ་ལས་ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། ནུབ་བྱང་གི་གྲུ་ཆད་ཀྱི་ནང་དུ་ༀ་བཛྲ་གཱི་ཏི་ཧྲཱིཿལས་གླུ་མ་དམར་མོ་པི་ཝང་འཛིན་པ། བྱང་ཤར་གྱི་གྲུ་ཆད་ཀྱི་ནང་དུ་ༀ་བཛྲ་ནཱིརྟྱ་ཨ་ལས་གར་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་པ་འཛིན་པས་གར་བྱེད་པ། ཤར་ལྷོའི་གྲུ་ཆད་ཀྱི་ཕྱི་རོལ་ཏུ་ༀ་བཛྲ་དྷཱུ་པེ་ཧཱུཾ་ལས་བདུག་སྤོས་མ་དཀར་མོ་སྤོས་ཁང་འཛིན་པ། ལྷོ་ནུབ་ཀྱི་གྲུ་ཆད་ཀྱི་ཕྱིར་ༀ་བཛྲ་པུཥྤེ་ཏྲཱཾ་ལས་མེ་ཏོག་མ་སེར་མོ་མེ་ཏོག་འཛིན་པ། ནུབ་བྱང་གི་གྲུ་ཆད་ཀྱི་ཕྱིར་ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿལས་མར་མེ་མ་དམར་མོ་མར་མེའི་སྡོང་བུ་འཛིན་པ། བྱང་ཤར་གྱི་གྲུ་ཆད་ཀྱི་ཕྱིར་ༀ་བཛྲ་གནྡྷེ་ཨ་ལས་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །གཞལ་ཡས་ཁང་ནང་མའི་ཤར་སྒོར་ༀ་བཛྲ་ཨཾ་གུ་ཤ་ཛཿ ལས་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ༀ་བཛྲ་པཱ་ཤ་ཧཱུཾ་ལས་རྡོ་རྗེ་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་ༀ་བཛྲ་སྥོ་ཊ་བཾ་ལས་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་ༀ་བཛྲ་ཨཱ་བེ་ཤ་ཨ་ལས་རྡོ་རྗེ་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པའོ། །གཞལ་ཡས་ཁང་ཕྱི་མའི་ལྷ་སྣམ་ལ་ༀ་ན་མོ་སོགས་རྩ་རིས་བཅུ་དྲུག་སྦྲུལ་འཁྱིལ་བ་ལྟ་བུ་ཡོངས་སུ་གྱུར་པ་ལས། ཤར་དུ་བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པ་བཞི་དཀར་པོ། ལྷོར་སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་བཞི་སེར་པོ། ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད་བཞི་དམར་པོ། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་བཞི་ལྗང་གུ། ཐམས་ཅད་ཀྱང་རྡོ་རྗེ་དང་དྲིལ་བུ་འཛིན་པས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །གཙོ་འཁོར་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །དེ་ལྟ་བུའི་མངོན་པར་རྟོགས་པའི་ལེགས་ཆ་འགའ་ཞིག་ཁམས་ལུགས་ནས་ཀྱང་བཏུས་ཤིང་། གཙོ་བོ་ནི་ཀུན་ཏུ་ཞལ་རིགས་ཏེ། ལྷ་ཐེམས་ལས། ཡོ་གའི་གཙོ་བོ་ཀུན་ཏུ་ཞལ། །ཞེས་གསུངས་པའི་ཕྱིར། དེ་ནས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ཏེ། ༀ་བཛྲ་ས་མ་ཡ་ཛཿ ཞེས་དང་། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། ཉང་གཏེར་རྡོར་དབྱིངས་དཀྱིལ་ཆོག་ནས་འབྱུང་བ་ལྟར། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །རྒྱལ་བ་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ ཿ ས་མ་ཡ་སྟྭཾ། སྐུ་ཁྲུས་གསོལ་བ་ནི། ཧཱུཾ། ཇི་ལྟར་བདེ་གཤེགས་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་སྐུ་ཁྲུས་གསོལ་བ་ལྟར། །དྲི་མེད་ལྷ་ཡི་ཆུ་གཙང་རབ་སྦྱར་བའི། །རྒྱལ་བ་རྣམས་ལ་སྐུ་ཁྲུས་གསོལ་བར་བགྱི། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །མཚན་དང་དཔེ་བྱད་འབར་བ་ལོངས་སྤྱོད་སྐུ། །སྟོང་གསུམ་དབང་སྒྱུར་ཐུགས་རྗེ་སྤྲུལ་པའི་སྐུ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་སངས་རྒྱས་ལ། །ཉོན་མོངས་དྲི་མ་ཡོངས་ཀྱིས་མི་མངའ་ཡང་། །འགྲོ་བ་ལས་ཀྱི་སྒྲིབ་པ་སྦྱངས་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་པྲ་བྷ་ཝ་སཏྐ་ར་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིས་པས། །འགྲོ་ཀུན་བག་ཆགས་དྲི་མ་ཀུན་དག་ནས། །རྣམ་དག་ཡེ་ཤེས་རྒྱལ་བའི་སྐུ་ཐོབ་ཤོག །ༀ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། དེ་ནས་གོས་ཟུང་ཐོགས་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་བཛྲ་ཝསྟྲ་ཨཱཿཧཱུཾ་སྭཱ་ཧཱ། བཞུགས་སུ་གསོལ་བ་ནི། པདྨའི་ཕྱག་རྒྱ་བཅས་ཏེ། ཧཱུཾ། མྱ་ངན་མི་འདའ་ཐུགས་རྗེ་ཆེན་པོའི་ངང་། །ཉོན་མོངས་མི་སྤོང་རྐྱེན་གྱིས་གོས་པ་མེད། །མ་ཆགས་དག་ལ་གཙང་ཞིང་མཛེས་པ་ཡི། །པདྨའི་གདན་ལ་བརྟན་པར་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། དུས་གསུམ་བདེ་གཤེགས་མ་ལུས་འཁོར་བཅས་ནི། །འགྱུར་མེད་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །གཉིས་མེད་དམ་ཚིག་དོན་ལ་ཐུགས་དགོངས་ལ། །དགྱེས་པའི་ཚུལ་གྱིས་བརྟན་པར་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། བདག་དང་འགྲོ་བ་རྣམས་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་ཆེན་པོའི་མཐུ་ཡིས་ནི། །བླ་མེད་མཆོད་སྤྲིན་ཇི་སྲིད་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་འཁོར་བཅས་བཞུགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་བཛྲ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །ཐུགས་རྗེ་ཆེན་པོས་བརྩེར་དགོངས་ཏེ། །མཆོད་པ་དམ་པ་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ན་མཿ ས་མནྟ་བུདྡྷ་ནཱཾ། ག་ག་ན་ས་མ་ཡེ་ཧཱུཾ། ༀ་བཛྲ་གནྡྷེ་ཧཱུཾ། ༀ་བཛྲ་པུཥྤེ་ཧཱུཾ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཞེས་མཆོད་ནས་རྡོ་རྗེ་ཐལ་མོ་དཔྲལ་བར་སྦྱར་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ན་མེ་ན་བཛྲ་བནྡྷ་ནཱཾ་ཀ་རོ་མི། ཞེས་ཕྱག་བྱས་པར་མོས་ཏེ། སྒོ་བ་བཞིའི་ཕྱག་རྒྱ་རིམ་པར་བཅའ་བ་དང་བསྟུན། ༀ་བཛྲ་ཨཾ་གུ་ཤ་ཛཿས་ནམ་མཁའི་ལྷ་མདུན་བསྐྱེད་དང་ཉེ་བར་དགུག །ༀ་བཛྲ་པཱ་ཤ་ཧཱུཾ་གིས་གཞུག །ༀ་བཛྲ་སྥོ་ཊ་བཾ་གྱིས་ཕན་ཚུན་མི་འབྲལ་བར་བཅིངས། ༀ་བཛྲ་ཨཱ་བེ་ཤ་ཡས་ལྷ་རྣམས་དབྱེར་མེད་དུ་དབང་དུ་བྱས་པར་བསམ་པ་སྟེ་ཡེ་ཤེས་པ་གཞུག་པའི་ཆོ་གའོ། །མདུན་བསྐྱེད་ཀྱི་ལྷ་རྣམས་ལ་ༀ་བྷྲི་ཏ་སོགས་རིགས་གསུམ་གྱི་སྔགས་རྒྱས་ལན་གསུམ་བྱིན་གྱིས་བརླབ་པ་དང་། ༀ་བུདྡྷ་སོགས་དབང་བསྐུར་བ་རྣམས་གོང་བཞིན་ནོ། །སྐབས་འདིར་གསར་མའི་ཡོ་ག་ལྟར་ན་ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་ལས་ལ་སྦྱར་བའི་ཕྲིན་བཅོལ་མཛད་ཅིང་། དེས་མཚུངས་ཉང་གཏེར་རྡོར་དབྱིངས་སུ། བར་འདིར་སེམས་ཅན་ཐམས་ཅད་སྐྱེ་མེད་ངང་དུ་རྒྱས་གདབ་ཕྲིན་ལས་བཅོལ། རང་དོན་དུ་བྱེད་ན་ལྷ་སོ་སོའི་སྙིང་པོ་དང་སྐུ་མདོག་ཕྱག་མཚན་གསལ་གདབ། ཅེས་འབྱུང་བས་གསར་རྙིང་བཀའ་གཏེར་ཐམས་ཅད་དགོངས་པ་གཅིག་པར་སྣང་བས་རྒྱས་གདབ་ཕྲིན་བཅོལ་རིས་པར་སྣང་ཡང་། བཀའ་མ་མདོ་དབང་གི་སྐབས་འདིར་རྒྱས་གདབ་དམིགས་བསལ་མ་བྱུང་ཞིང་། ཆོ་ག་ཟོར་ཡང་བ་དང་ཆད་པའི་སྐྱོན་མེད་པར་རྟོགས་ཏེ་མ་བྲིས་སོ། །མཆོད་པ་ནི། ཉང་གཏེར་བདེ་གཤེགས་འདུས་པའི་རྡོར་དབྱིངས་རིགས་བརྒྱའི་ལག་ལེན་ཆོག་སྒྲིགས་རིན་པོ་ཆེའི་སྒྲོན་མེ་དང་། དེའི་གསལ་བྱེད་བྱང་པ་རིག་འཛིན་ཕྲིན་ལས་རྣམ་རྒྱལ་གྱིས་མཛད་པའི་རྡོར་དབྱིངས་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་གཞན་ཕན་རྣམ་པར་རོལ་པའི་རྒྱན་ལས་བྱུང་བ་ལྟར་བརྗོད་ན་ལེགས་པར་མཐོང་བས། དེའི་ཚུལ་ནི་སླར་ཡང་མདུན་བསྐྱེད་ཀྱི་མཆོད་པ་རྣམས་གསར་དུ་སྤྲོ་བའམ། ཁ་གསོས་ཤིང་སྔར་ལྟར་བྱིན་གྱིས་བརླབས་ཏེ། ཐོག་མར་ཉེར་སྤྱོད་འབུལ་བ་ནི། ཚིགས་བཅད་ལ་ཐལ་མོ་སྦྱོར་ཞིང་སྔགས་ལ་གར་སྐོར་སྔོན་དུ་འགྲོ་བས་སོ་སོའི་ལས་རྒྱའི་མཐར་སེ་གོལ་གཏོག་པ་དང་བཅས་ཏེ་འདི་ལྟར། ཧཱུཾ། ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆུ། །རྩི་ཤིང་སྣ་ཚོགས་འོ་མར་རབ་སྦྱར་ཏེ། །རྒྱལ་བའི་སྐུ་མདུན་མཆོད་ཡོན་འདི་ཕུལ་བས། །འགྲོ་བའི་ནད་ཞི་བཀྲ་ཤིས་ཕུན་ཚོགས་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྤོས་དང་ཙནྡན་ལ་སོགས་དྲི་སྦྱར་བའི། །ལས་ཀུན་ཚིམ་བྱེད་ཆུ་གཙང་དམ་པ་འདི། །རྒྱལ་བ་རྣམས་ཀྱི་ཞལ་ལ་བསིལ་བར་གྱུར། །འགྲོ་ཀུན་གློ་བུར་དྲི་མ་དག་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་པྲ་བྷ་ཝ་སཏྐ་ར་པྲ་ཏཱིཙྪ་པཱུ་ཛ༴ ཆུ་དང་ཐང་སྐྱེས་ཡིད་ལས་བྱུང་བ་ཡི། །བྱང་ཆུབ་ཡན་ལག་མཛེས་པའི་མེ་ཏོག་འདི། །བསམ་གཏན་རང་བཞིན་རྒྱལ་བའི་དབུ་ལ་འབུལ། །འགྲོ་ཀུན་མཚན་དང་དཔེ་བྱད་རྫོགས་པར་ཤོག །བུཥྤེ་པཱུ་ཛ༴ ལྷན་ཅིག་སྐྱེས་དང་ཡོངས་སྦྱར་ལས་གྱུར་པའི། །དྲི་ཞིམ་རབ་ཏུ་ཚིམ་ལྡན་བདུག་སྤོས་འདི། །ཤེས་རབ་རང་བཞིན་རྒྱལ་བའི་ཤངས་ལ་འབུལ། །འགྲོ་ཀུན་ཚུལ་ཁྲིམས་རྣམ་པར་དག་གྱུར་ཅིག །དྷཱུ་པེ་པཱུ༴ དམར་གསལ་མདངས་ལྡན་གཙང་ཞིང་མཛེས་ལྡན་པའི། །མེ་ཤེལ་གསལ་བྱེད་ཡེ་ཤེས་སྒྲོན་མེ་འདི། །སྨོན་ལམ་རང་བཞིན་རྒྱལ་བའི་སྤྱན་ལ་འབུལ། །འགྲོ་ཀུན་སྐུ་ལྔར་ཡོངས་སུ་དག་གྱུར་ཅིག །ཨཱ་ལོ་ཀེ༴ ཙནྡན་གུར་གུམ་ཨ་ཀར་ལ་སོགས་པའི། །དྲི་ཞིམ་རབ་ཏུ་སྦྱར་བའི་བྱུག་པ་འདི། །ཐབས་ཀྱི་རང་བཞིན་རྒྱལ་བའི་སྐུ་ལ་འབུལ། །འགྲོ་ཀུན་ཟག་མེད་ཕུང་པོ་ཐོབ་པར་ཤོག །གནྡྷེ༴ ཁ་དོག་དྲི་དང་རོ་བརྒྱ་ལྡན་པའི་ཟས། །ལོངས་སྤྱོད་མཆོད་པའི་སྤྲིན་དུ་བྱིན་བརླབས་ཏེ། །སྟོབས་ཀྱི་རང་བཞིན་རྒྱལ་བའི་ཞལ་ལ་འབུལ། །འགྲོ་ཀུན་སྲེད་མེད་བུ་ཡི་མཐུ་ཐོབ་ཤོག །ནཻ་ཝི་དྱ༴ པི་ཝང་གླིང་བུ་ཅང་ཏེའུ་ཀར་ཀོ་ཊ། །དྲིལ་བུ་ཆ་ལང་ལ་སོགས་རོལ་མོའི་སྒྲ། །གླུ་གར་དབྱངས་ཀྱི་མཆོད་པ་ཇི་སྙེད་པ། །ཚངས་པའི་དབྱངས་སྒྲ་རྒྱལ་བའི་སྙན་ལ་འབུལ། །འགྲོ་ཀུན་ཚངས་པ་དབྱངས་ཀྱི་དབང་ཐོབ་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྩ་བར། གཞན་ཡང་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། འདོད་ཡོན་ལྡས་ཀྱང་མཆོད་ལ། ཞེས་འབྱུང་བ་ཉང་གཏེར་རྡོ་བྱིངས་དཀྱིལ་ཆོག་རིན་ཆེན་ཕྲེང་བ་ལས། ཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པུ་ཛི་ཏེ་ཨཱཿཧཱུཾ། བདེ་བར༴ ནོར་བུ༴ བཀྲེས་ཤིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ༴ བདེ་བར༴ བཙུན་མོ༴ ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝ་ཏི་རཏྣ༴ བདེ་བར༴ བློན་པོ༴ བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ་རཏྣ༴ བདེ་བར༴ གླང་པོ༴ བླ་མེད་ཐེག་པར་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣ༴ བདེ་བར༴ རྟ་མཆོག༴ སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་ཤུགས་ཐོབ་སངས་རྒྱས་ཤོག །ཏུ་རངྒ་ཨ་ཤྭ་རཏྣ༴ བདེ་བར་གཤེགས་པ༴ དམག་དཔོན་རིན་ཆེན༴ ཕས་ཀྱི་རྒོལ་བ་ཚར་བཅད་ནས། །བསྙེས་བྲལ་མཆོག་ནི་ཐོབ་པར་ཤོག །ཁདྒ་རཏྣ༴ འདོད་ཡོན་ལྔས་མཆོད་པ་ནི། ཧཱུཾ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་པུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས༴ བཞེས་ཤིག༴ ཤཔྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས༴ བཞེས་ཤིག༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས༴ བཞེས་ཤིག༴ རཱ་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་བདེ་བསྐྱེད་རྣམས། །མོས་བློས༴ བཞེས་ཤིག༴ སྤཪྴེ༴ འདི་རྣམས་ཀྱི་ཕྱག་རྒྱ་བྲིར་མ་ལང་བས་ཤེས་ན་རྣལ་འབྱོར་རྒྱུད་ལུགས་སྤྱི་ལྟར་བྱའོ། །མཆོད་ཕྲེང་འདི་རྣམས་ཀྱང་རྒྱས་པའི་ཡན་ལག་ཏུ་འདུག་པས་ཉང་གཏེར་རྡོར་དབྱིངས་ལས་འབྱུང་བ་འདི་ལྟར་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཆོད་པ་ནི། ཧཱུཾ། རིན་ཆེན་གསེར་གདུགས་བཀྲ་ཤིས་རིན་པོ་ཆེ། །བདེ་གཤེགས་དབུ་ལ་མཚན་དང་དཔེ་བྱད་ཤར། །བླ་མེད་དཀོན་མཆོག་གསུམ་ལ་འབུལ་ལགས་ན། །འགྲོ་ཀུན་མགོ་ལ་གདུགས་ཀྱི་བཀྲ་ཤིས་ཤོག །རིན་ཆེན་རྒྱལ་མཚན་བཀྲ་ཤིས༴ བདེ་གཤེགས་སྐུ་ལ་མཚན༴ བླ་མེད་དཀོན་མཆོག༴ འགྲོ་ཀུན་བདུད་ལས་རྒྱལ་བའི་བཀྲ༴ རིན་ཆེན་གསེར་ཉ་བཀྲ༴ བདེ་གཤེགས་སྤྱན་ལ༴ བླ་མེད༴ འགྲོ་ཀུན་སྤྱན་ལྔ་ལྡན་པའི༴ རིན་ཆེན་དུང་དཀར༴ བདེ་གཤེགས་གསུང་ལ༴ བླ་མེད༴ འགྲོ་ཀུན་ཆོས་སྒྲ་གསུང་གི༴ རིན་ཆེན་བུམ་པ༴ བདེ་གཤེགས་མགུར་ལ༴ བླ་མེད༴ འགྲོ་ཀུན་འཆི་མེད་ཚེ་ཡི༴ རིན་ཆེན་པདྨ༴ བདེ་གཤེགས་ལྗགས་ལ༴ བླ་མེད༴ འགྲོ་ཀུན་ཡོན་ཏན་ཀུན་ལྡན༴ རིན་ཆེན་དཔལ་བེའུ༴ བདེ་གཤེགས་ཐུགས་ལ༴ བླ་མེད༴ འགྲོ་ཀུན་མི་འགྱུར་ཐུགས་ཀྱི་བཀྲ་ཤིས་ཤོག །རིན་ཆེན་འཁོར་ལོ་བཀྲ་ཤིས་རིན་པོ་ཆེ། །བདེ་གཤེགས་ཞབས་ལ་མཚན་དང་དཔེ་བྱད་ཤར། །བླ་མེད་དཀོན་མཆོག་གསུམ་ལ་འབུལ་ལགས་ན། །འགྲོ་ཀུན་འཁོར་བ་རྒྱུན་གཅོད་བཀྲ་ཤིས་ཤོག །འཇིག་རྟེན་རྫས་བརྒྱད་ཀྱིས་མཆོད་པ་ནི། འཇིག་རྟེན་འདིའམ་སྟོང་གསུམ་གཞན་དག་ན། །མ་རྨོས་ལོ་ཏོག་འབྲས་གྲོ་ནས་དང་ཁྲེ། །འབྲུ་སྣ་ཇི་སྙེད་ཡོད་པའི་མཆོད་པ་འདི། །བླ་མེད་དཀོན་མཆོག་གསུམ་ལ་འབུལ་ལགས་ན། །འགྲོ་ཀུན་བཀྲེས་པའི་སྡུག་བསྔལ་སེལ་བར་ཤོག །འཇིག་རྟེན་འདི་འམ༴ རྒྱ་མཚོ་ཆུ་བོ་ཆུ་གླིང་འབབ་ཆུ་དང་། །ཆུ་སྣ་ཇི་སྙེད་ཡོད་པའི༴ བླ་མེད༴ འགྲོ་ཀུན་སྐོམས་པའི་སྡུག་བསྔལ་སེལ་བར་ཤོག །འཇིག་རྟེན༴ ག་བུར་གུར་གུམ་གི་ཝང་ཛཱ་ཏི་དང་། །སྨན་སྣ་ཇི་སྙེད་ཡོད་པའི༴ བླ་མེད༴ འགྲོ་ཀུན་ནད་ཀྱི་སྡུག་བསྔལ་སེལ་བར་ཤོག །འཇིག་རྟེན༴ ཙནྡན་ཨ་གར་གུ་གུལ་གླ་རྩི་དང་། །དྲི་སྣ་ཇི་སྙེད༴ བླ་མེད༴ འགྲོ་ཀུན་ཉོན་མོངས་ནད་རྣམས་ཞི་བར་ཤོག །འཇིག་རྟེན༴ གསེར་དང་ཟངས་ལྕགས་གཡུ་དང་གཟི་མཆོང་དང་། །རིན་ཆེན་རྣམ་པ་ཇི་སྙེད་ཡོད་པ་འདི། །བླ་མེད༴ འགྲོ་ཀུན་རིན་ཆེན་རྒྱན་དང་ལྡན་པར་ཤོག །འཇིག་རྟེན༴ ཀ་ར་བུ་རམ་སྦྲང་རྩི་ཁཎྚ་དང་། །བཅུ་དང་རོ་ལྡན་ཇི་སྙེད་ཡོད་པ་འདི། །བླ་མེད༴ འགྲོ་ཀུན་བདུད་རྩིའི་བཅུད་ཀྱིས་ཚིམ་གྱུར་ཤོག །འཇིག་རྟེན༴ འོ་མ་མར་དང་ཞོ་དང་ཁྲུམ་དང་ཐུད་། །སྙིང་པོ་ཇི་སྙེད་ཡོད་པའི་མཆོད་པ་འདི། །བླ་མེད༴ འགྲོ་ཀུན་བཅུད་ལེན་ལུས་ལ་རྒྱས་པར་ཤོག །འཇིག་རྟེན༴ བཟའ་དང་བཅའ་དང་བཏུང་དང་བཤོས་དང་སྐྱེམས། ཁ་མངར་སྐྱུར་རྩུབ་ཟས་མཆོག་ཇི་སྙེད་ཀུན། །བླ་མེད༴ འགྲོ་ཀུན་ལུས་ངག་ཡིད་གསུམ་ཚིམ་གྱུར་ཤོག །དེ་ནས་རྒྱན་གྱིས་མཆོད་པ་ནི། ཧཱུཾ། རིན་ཆེན་རྒྱན་མཆོག་དཀྱིལ་འཁོར་འཕགས་པའི་མཛེས། །བླ་བྲེ་ཁ་དོག་དབྱིབས་ལེགས་མཁའ་ལྟར་མཉམ། །དར་གྱི་ལྡ་ལྡི་ཤེས་རབ་རླུང་གིས་བསྐྱོད། །སྣ་ཚོགས་མཛེས་པའི་རྒྱན་གྱིས་སྐར་ལྟར་ཀླུབས། །ཡོན་ཆབ་དམ་པ་གཙང་ཞིང་མེ་རེ་བསྟིམ། །ཞུགས་ཏོག་དམ་པ་གཟའ་སྐར་བཀྲམ་པ་བཞིན། །བདུག་སྤོས་སྤྲིན་གཏིབས་སྣང་གསལ་ཉི་ཟླ་འདྲ། །དྲི་མཆོག་ཡིད་འོང་ཞལ་ཟས་རོ་མཆོག་ལྡན། །རོལ་མོའི་སྒྲ་སྒྲོག་འབྲུག་སྟོང་ལྡིར་བ་བཞིན། །ཐུགས་རྗེ་བརྩེ་ལྡན་ཁྱེད་ལ་འབུལ་བར་བགྱི། །བདེ་བར་གཤེགས་པའི་ཞིང་ཁམས་ཐམས་ཅད་དུ། །ཡིད་དུ་འོང་བའི་མཆོད་སྤྲིན་བསྔོ་བ་ནི། །རོལ་མོ་སིལ་སྙན་འཕན་གདུགས་བླ་བྲེ་དང་། །རྒྱལ་མཚན་ལྷབ་ལྷུབ་མེ་ཏོག་ཕྲེང་བདུག་སྤོས། །མཆོད་སྤྲིན་སྣ་ཚོགས་ཕྱོགས་བཅུར་རབ་འབུལ་བས། །སངས་རྒྱས་རྣམས་ཀྱི་ཞིང་ཁམས་རབ་འབྱམས་སུ། །བླ་མེད་མཆོད་སྤྲིན་འབྱུང་ཞིང་ཡོན་ཏན་རྒྱས། །བདེ་གཤེགས་ཞབས་ལ་སྤྱི་བོས་གཏུགས་གྱུར་ཅིག །དམ་ཆོས་ཀུན་དང་མཆོད་རྟེན་སྐུ་གདུག་ལ། །ཡིད་འོང་མཆོད་སྤྲིན་སྣ་ཚོགས་འབྱུང་བ་དང་། །རིན་ཆེན་མེ་ཏོག་མཛེས་པའི་ཆར་རྒྱུན་རྣམས། །དུས་རྣམས་རྟག་ཏུ་རྒྱ་ཆེན་འབེབས་པར་ཤོག །ཧོཿ མགོན་པོ་བདག་གི་བསོད་ནམས་ཀྱིས་སྟོབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བྱིན་རླབས་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ལ་སོགས་པའི་མཐུ་དང་། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཞིང་ཁམས་དང་ཕོ་བྲང་ཐམས་ཅད་དུ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་ཆེ་བ་དང་། ཕུན་སུམ་ཚོགས་པ་མངའ་ཐང་ཆེན་པོ་དང་ལྡན་པར་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲ་ས་ར་པྲ་མ་རྡ་ན་ཡེ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བི་དྱཱ་བཛྲ། མ་ཧཱ་བོ་དྷི་ཙཏྟ་བཛྲ། མ་ཧཱ་བོ་དྷི་མནྡྲ། ཨུ་པ་སཾ་ཀྲ་མ་ན་བཛྲ་ལེ་སྭཱ་ཧཱ། བསྟོད་པ་ནི། ཟུར་ལུགས་ཀྱི་ལྷ་ཐེམས་དང་ཁམས་ལུགས་ཀྱི་སྒྲུབ་མཆོད་སྐབས་ཀྱི་བསྟོད་པ་ལྷ་དབང་གི་བསྐུར་ཚིག་སོགས་འདྲ་མིན་སྣ་ཚོགས་ལས་དཔྱད་པ་ནི་འདི་ལྟར། རྡོ་རྗེ་དྲིལ་བུ་འཛིན་ཅིང་བསྟོད་དབྱངས་དང་བཅས་ཏེ། ཧཱུཾ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །མེ་ལོང་ཡེ་ཤེས་བྱིན་རླབས་ལས། །སེམས་མ་རྡོ་རྗེའི་ཕྱག་རྒྱ་སྟེ། །རྡོ་རྗེ་དཀར་པོ་རྩེ་ལྔ་པ། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །མཉམ་ཉིད་ཡེ་ཤེས༴ རིན་ཆེན་སེམས་མའི༴ རིན་ཆེན་སེར་པོ་ཟུར་བརྒྱད་པ། །བསྟོད་ཅིང་གུས་པས༴ ཀུན་རྟོག་ཡེ་ཤེས༴ ཆོས་ཀྱི་སེམས་མའི༴ པད་དཀར་འདབ་མ་བཅུ་དྲུག་པ། །བསྟོད་ཅིང་༴ བྱ་གྲུབ་ཡེ་ཤེས༴ ལས་ཀྱི་སེམས་མའི༴ རྡོ་རྗེ་རྒྱ་གྲམ་ལྗང་གུ་ལ། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རྡོ་རྗེ་མི་བསྐྱོད་ལའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལའོ། །རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ༴ རྡོ་རྗེ་ལེགས་པ་སེམས་དཔའི་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགྱེས༴ རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མ ཆོག་སྦྱིན་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལའོ། །རྡོ་རྗེ་རིན་ཆེན་རྡོ་རྗེའི་དོན། །རྡོ་རྗེ་ནམ་མཁའི་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལའོ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད༴ རྡོ་རྗེ་སེམས་ཅན་དོན་རབ་གསལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ༴ རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་བཞད༴ འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་གསུང་། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨ་རབ་དགའ་བྱེད། །འཇིག་རྟེན་དབང་ཕྱུག་རབ་མཛེས་ཅན། །ཕྱག་འཚལ་རྡོ་རྗེ་ཅན༴ རྡོ་རྗེ་རྣོན་པོ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་དགའ། །ཕྱག་འཚལ་རྡོ་རྗེ་བློ༴ རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་འཁོར་ལོ་ལའོ། །རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་ཟློས་པ་རབ་གྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་སྨྲ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལའོ། །ཕྲག་དོག་རྡོ་རྗེ་བསྐྱོད་མཛད་རླུང་། །ནན་ཏན་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །ཕྱག་འཚལ་རྡོ་རྗེ་དོན་གྲུབ་ལའོ། །རྡོ་རྗེ་ལས་རབ་རྡོ་རྗེའི་བཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་འཕྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལའོ། །རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་རྡོ་རྗེ་ཐུབ་དཀའ་བ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལའོ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་གཙིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལའོ། །རྡོ་རྗེ་མཚམས་སྦྱོར་རབ་ཏུ་འདུད། །རྡོ་རྗེ་བཅིངས་པ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལའོ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་བཞིའི་སྐུར་བསྟན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །ཤར་ལྷོའི་ལྷ་མོ་ལཱ་སྱ་མ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་གཉིས་ཁུ་ཚུར་མེ་ལོང་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ལྷོ་ནུབ་ལྷ་མོ་མཱ་ལེ་མ། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་གཉིས་རིན་ཆེན་ཕྲེང་བ་བསྣམས། །དེ་ལ་བསྟོད་ཅིང་ཕྱག༴ ནུབ་བྱང་ལྷ་མོ་གཱི་ཏི་མ། །སྐུ་མདོག་དམར་ལ་འོད༴ ཕྱག་གཉིས་པི་ཝང་རྒྱུད་མང་བསྣམས། །དེ་ལ་བསྟོད་ཅིང་༴ བྱང་ཤར་ལྷ་མོ་ནཱིརྟྱ་མ། །སྐུ་མདོག་ལྗང་ལ༴ ཕྱག་གཉིས་ཕྱག་རྒྱ་གར་བསྒྱུར་མ། །དེ་ལ༴ ཤར་ལྷོའི་ལྷ་མོ་དྷཱུ་པེ་མ། །སྐུ་མདོག་དཀར་ལ༴ ཕྱག་མཚན་ཕྱག་ན་སྤོས་ཁང་བསྣམས། །དེ་ལ༴ ལྷོ་ནུབ་ལྷ་མོ་པུཥྤེ་མ། །སྐུ་མདོག་སེར་ལ༴ ཕྱག་མཚན་ཕྱག་ན་མེ་ཏོག་བསྣམས། །དེ་ལ་བསྟོད༴ ནུབ་བྱང་ལྷ་མོ་ཨཱ་ལོ་ཀེ། །སྐུ་མདོག་དམར་ལ༴ ཕྱག་མཚན་ཕྱག་ན་མར་མེ་བསྣམས། །དེ་ལ༴ བྱང་ཤར་ལྷ་མོ་གནྡྷེ་མ། །སྐུ་མདོག་ལྗང་ལ༴ ཕྱག་མཚན་ཕྱག་ན་དྲི་ཆབ༴ དེ་ལ༴ ཤར་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་དཀར་ལ༴ ཕྱག་མཚན་ཕྱག་ན་ལྕགས་ཀྱུ༴ དེ་ལ༴ ལྷོ་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་སེར་ལ༴ ཕྱག་མཚན་ཕྱག་ན་ཞགས་པ༴ དེ་ལ༴ ནུབ་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་དམར་ལ༴ ཕྱག་མཚན་ཕྱག་ན་ལྕགས་སྒྲོག །དེ་ལ༴ བྱང་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་ལྗང་ལ༴ ཕྱག་མཚན་ཕྱག་ན་དྲིལ་བུ༴ དེ་ལ༴ བསྐལ་པ་བཟང་པོ་རྒྱལ་སྲས་མཆོག །བྱམས་པ་ལ་སོགས་བཅུ་དྲུག་པོ། །རབ་དགའ་ལ་སོགས་མངའ་མཛད་པའོ། །བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །དེ་ནས་འདས་གཏོར་ཆབ་ཀྱིས་བྲན་ཏེ། བཛྲ་ཡཀྵས་བསང་། སྭ་བྷཱ་ཝས་སྦྱང་། བཛྲ་ཛྭ་ལས་གཟི་བྱིན་བསྐྱེད། ༀ་ལས་རིན་པོ་ཆེའི་སྣོད་ཡངས་པར་བདུད་རྩིའི་ཚོགས་ཀྱིས་གང་བར་གྱུར། རྡོ་རྗེ་བསྡམས་པ་འདེབས་པའི་རྒྱས་ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ་ཞིང་། སྔགས་དེ་ཉིད་ཀྱི་མཐར་མཆོད་སྔགས་བཏགས་ཏེ་ཉེར་སྤྱོད་ཀྱིས་མཆོད། བཟླས་པ་བྱ་བ་ནི། གསར་མ་ལ་བདག་འཇུག་གྲུབ་ནས་བྱ་བ་ཡིན་ཀྱང་། ཟུར་ལུགས་དང་ཁམས་ལུགས་གཉིས་ཀར་སྔ་འགྱུར་ཁོ་ནའི་རིགས་འགྲེས་འདིར་མཛད་པ་འཐད་པར་སྣང་ཞིང་། ཇི་ལྟར་བྱ་བའི་ཚུལ་ནི། ཡོ་ག་རང་ལུགས་ལྟར་གོང་དུ་བཤད་པ་བཞིན་ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་རྡོ་རྗེ་འཛིན་མའི་སྔགས་རྒྱས་མདུན་བསྐྱེད་དཀྱིལ་འཁོར་དུ་ཞུགས་ལ། ༀ་བཛྲ་དྷ་ར་ཞེས་པས་བདག་མི་བསྐྱོད་པ་དང་ཐ་མི་དད་པར་བསམ། དེ་བཞིན་དུ་རཏྣ་དྷ་རས་རིན་འབྱུང་། པདྨ་དྷ་རས་སྣང་མཐའ། བི་ཤྭ་དྷ་རས་དོན་གྲུབ་དང་ཐ་མི་དད་པའི་ང་རྒྱལ་བཟུང་། ཏ་ཐཱ་ག་ཏ་ས་མ་ཡ་མ་ཏི་ཀྲ་མ་ཏ་ཐཱ་ག་ཏ་ས་མ་ཡ་དྷ་ར་ཨཱ ཏྨ་ཀོ྅་ཧཾ། ཞེས་གཙོ་བོ་རྣམ་སྣང་དང་ཐ་མི་དད་པར་བསམས་ལ། ༀ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་དྷ་ར་ས་མ་ཡ་མ་ཏི་ཀྲ་མ་ཏ། ཏ་ཐཱ་ག་ཏ་ས་མ་ཡ་དྷ་ར་ཨཏྨ་ཀོ྅་ཧཾ། ཞེས་ལན་གསུམ་བརྗོད་ཅིང་ང་རྒྱལ་བཟུང་། དེ་ནས་རང་རིགས་འདུས་རྡོར་སེམས་ཀྱི་རྣམ་པས་གཙོ་བོའི་ཐུགས་ཀ་ནས་ཐོན་ཏེ་རང་གནས་སུ་འདུག་ལ། དཀྱིལ་འཁོར་བརྟན་བྱེད་ༀ་བུདྡྷ་བཻ་རོ་ཙ་ན་ༀ། ཞེས་པ་ནས། བཛྲ་ཨ་བེ་ཤ་ཨའི་བར་གྱི་ལྷ་སྔགས་རྣམས་བརྒྱ་རྩ་སོགས་ཅི་འགྲུབ་དང་། ཐུན་མོང་དུ་དུརྒ་ཅི་རིགས་བཟླས་སོ། །ཆ་གསུམ་ནི་སྔ་མ་ལྟར་བཏང་ངོ་། །རྩ་བའི་ས་བཅད་བདུན་པར་དཔང་སྐོང་བཤད་པས་སྤྲོ་ན་དཔང་སྐོང་ཕྱག་བརྒྱ་པ་ཚར་གཅིག་འདོན། དེས་རྩ་བའི་ས་བཅད་བཅུ་གསུམ་པ་མཆོད་བསྟོད་རྒྱས་པར་གྲུབ་ནས། བཅུ་བཞི་པ་བདག་འཇུག་ནི་རྩ་བར། དེ་ནས་རིགས་ལྔའི་སྡོམ་པ་བཟུང་ལ་རང་ཉིད་དཀྱིལ་འཁོར་ལ་འཇུག་ཅེས་གསུངས་པས། སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་རང་ཉིད་ཀྱིས་དབང་བླང་ངོ་། །དེས་སློབ་དཔོན་གྱི་བྱ་བ་གྲུབ་པ་ཡིན། རྩ་བའི་ས་བཅད་བཅུ་པ་རྒྱན་དང་། བཅུ་གཅིག་པ་ཁྲིར་འཛེག་པ་ནི་གོ་སླ། བཅུ་གཉིས་པ་དཀྱིལ་འཁོར་སྒོམ་པ་ནི་རྒྱས་པར་གྲུབ་བོ། །དེ་ནས་དབང་བསྐུར་བ་ནི། སློབ་མ་རྣམས་འདུས་པ་ལ། རྫས་དབང་གི་དབང་ཆས་རྣམས་གཙོ་བོར་གྱུར་པའི་དགོས་པ་ཀུན་ཚོགས་བར་བྱས་ལ། རྩ་བར། ཁྲུས་བྱ་སློབ་མས་ཡོན་ཕུལ་ཞེས་གསུངས་པའི་དོན། །ཇི་ལྟར་བལྟམས་པ་ཞེས་སོགས་སྔགས་དང་བཅས་ཏེ་ལས་བུམ་གྱི་ཆུས་ཁྲུས་བྱ། རྩ་བར། བགེགས་གཏོར་བཏང་ལ་སུམྦྷས་བགེགས་བསྐྲད་དོ། །ཞེས་གསུངས་པས་སྔོན་འགྲོ་གཏོར་མ་གཉིས་པ་བཤམས་ཏེ་ཆབ་ཀྱིས་བྲན། །དཀྱིལ་འཁོར་སྔ་མ་རྣམས་བཞིན་བསང་སྦྱང་བྱིན་བརླབ་སྔགས་བསྔོས་བདེན་བརྡར། བཀའ་བསྒོ་རྣམས་བྱ་ཞིང་། བདེན་བརྡར་གྱི་ཚེ། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་དང་། བཀའ་བསྒོར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཞེས་བསྒྱུར། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་བྱས་ཏེ། བླ་མས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱབ་བདག་རྣམ་སྣང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་དང་གདམས་པ་ཚུལ་བཞིན་དུ་བླངས་ཏེ་སེམས་ཅན་གྱི་དོན་བགྱིད་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདི་ཉིད་ཇི་ལྟར་སྒྲུབ་པའི་ཚུལ་ནི། ཀུན་མཁྱེན་ཀློང་ཆེན་ཞབས་ཀྱིས། རྣལ་འབྱོར་དངོས་གཞིར་གཉིས་སུ་མེད་པ་ལ། །སྦྱོར་རྗེས་ལྷ་ནི་དགུག་གཤེགས་གཉིས་སུ་བྱེད། །ཆུ་ལ་ཆུ་བཞག་གཉིས་མེད་དངོས་གྲུབ་ལེན། །ཞེས་གསུངས་པ་ལྟར་བྱ་དགོས་ཤིང་། དེ་ཡང་བདག་བསྐྱེད་རིགས་འདུས་རྡོ་རྗེ་སེམས་དཔའ་དང་། བུམ་བསྐྱེད་རིགས་ལྔའི་དབང་གི་བུམ་པར་རིགས་དབྱེ་བའི་སྒྲུབ་ཚུལ། མདུན་བསྐྱེད་རྩ་ལྷ་སོ་བདུན་བྱང་སེམས་བཅུ་དྲུག་དང་བཅས་པ་ཚུལ་བཞིན་སྒྲུབ་མཆོད་བྱེད་པ་སོགས་རྩ་བ་མི་ཉམས་ཤིང་ཆོ་ག་གཞན་གྱིས་གསལ་བར་བྱས་ཏེ་ལེགས་པར་གྲུབ་པ་ཡིན། འོན་ཀྱང་ཟུར་ལུགས་འདིར་ཆོ་ག་རྣམས་རྩ་ཐོབ་ཙམ་དང་། ཞལ་འཕངས་སོགས་ཤིན་ཏུ་མི་བདེ་བ་དང་། ཀཿ ཐོག་ལུགས་སུ་རྒྱུད་སྡེའི་དབྱེ་ཚུལ་ཆེར་མེད་པར། སྒོ་འབྱེད་ནས་ཨ་ཏིའི་བར་ཆོ་གའི་ཆིངས་གཅིག་གིས་བཤད་པས་ཕྱག་ལེན་བདེ་བ་ལྟར་སྣང་ཡང་། ཅུང་ཟད་མི་ལེགས་པར་ཤེས་ཏེ། འདིར་ཆོ་གའི་བྱེ་བྲག་སོ་སོར་མ་འདྲེས་ཤིང་སྤྱི་ཁྱབ་ཏུ་བླ་མེད་ཁོ་ནས་བརྒྱན་ཏེ་ཁྲིགས་སུ་བྱས་པས། དཔྱད་བཟོད་པའི་ལུགས་སུ་བྱ་བགྱིས་པ་དང་། །སློབ་མའི་བྱ་བར་འཇུག་པའི་ཆོས་སོགས་མི་གསལ་བ་རྣམས་ཟུར་ལུགས་སུ་དབང་གི་སྔོན་འགྲོ་དངོས་གཞི་གཞན་ཕན་ལྟར་མཛད། ཅེས་གསུངས་པས་ལེགས་ཆ་དང་། མེད་དུ་མི་རུང་བའི་ཁ་འགེང་བར་འོས་པ་རྣམས་ཉང་གཏེར་རྡོར་དབྱིངས་དང་གཞན་ཕན་མཐའ་ཡས་སོགས་ལས་བཏུས་ཤིང་། གཞན་མའི་བསྲེ་བསླད་མེད་པར་དབང་བསྐུར་བར་བྱ་བ་ལ། སློབ་མའི་བགྱིད་འོས་ནི། རྩ་བར། སློབ་མས་ཡོན་ཕུལ་ཞེས་དང་། ཕྱག་བཙལ་མཎྜལ་ཕུལ་ཞེས་གསུངས་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་ཆེན་པོ་ཐ་མི་དད་པ་ལ་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་རྣམས་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། རྩ་བའི་ས་བཅད་བཅུ་དྲུག་པ་གསོལ་བ་བཏབ་པ་འདིར་བླངས་ཏེ། སྙིམ་པ་མེ་ཏོག་དང་བཅས་པ་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྩ་བར། བཅོམ་ལྡན་ནམ་མཁའི་སངས་རྒྱས་ཀུན། །ཐེག་པ་ཆེན་པོའི་མཐུ་ལྡན་ལ། །བདག་གིས་རབ་ཏུ་བསྒྲལ་བའི་ཕྱིར། །རང་བཞིན་ཏིང་འཛིན་གཟུགས་བརྙན་ལྷས། །བདག་ལ་དབང་མཆོག་དེང་གསོལ་ཅིག །སངས་རྒྱས་བཀའ་ཡི་དཀྱིལ་འཁོར་དུ། །བདག་ཉིད་དད་པས་འཇུག་ལགས་ན། །དཀྱིལ་འཁོར་བཅས་པའི་ལྷ་ཚོགས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བསོད་ནམས་ཅན་དུ་བདག་ཉིད་འགྱུར། །སྔོན་ལས་བཟང་པོས་འབྲེལ་བ་ལགས། །ཐུགས་ཀྱི་སྲས་སུ་དགོངས་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ་བོ། རྩ་བར། ངན་སོང་གསུམ་གྱི་སྒྲིབ་པ་སྦྱང་བ་ནི། ༀ་ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིརྻ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ཅེས་བརྗོད། ཅེས་གསུངས་པ། དབང་ཆོག་རྒྱལ་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་ཕྱག་ལེན་མན་ངག་བཞིན་བཀྲོལ་བར། སློབ་དཔོན་གྱིས་ཕྱག་རྒྱ་རྡོ་རྗེ་བསྡམས་ཏེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རིགས་ཀྱི་བུ་འདི་རྣམས་ཀྱི་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་དང་། རྐྱེན་སྲོག་གཅོད་མ་སྦྱིན་ལེན་ལོག་ལྟ་སོགས་ཀྱི་འབྲས་བུ་དམྱལ་བ་ཡི་དྭགས་དུད་འགྲོར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཕྱག་རྒྱའི་འོད་ཟེར་གྱིས་བྱང་ཞིང་དག་པར་གྱུར་ཅིག །ཕྱག་རྒྱ་བཀྲོལ་ཏེ་སྤྲུལ་ཅིང་། ༀ་ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིརྻ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་པས་དེའི་འོད་ཟེར་གྱིས་སློབ་མའི་གནས་གསུམ་གྱི་ལས་སྒྲིབ་སྦྱངས་བར་བསམ་མོ། །སེམས་བསྐྱེད་གཙོ་བོར་གྱུར་པའི་རྒྱུན་བཤགས་ཀྱི་སླད་དུ་མདུན་གྱི་དཀྱིལ་འཁོར་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲིན་ཕུང་ལྟར་འཐིབས་པའི་སྤྱན་སྔར་ཕ་མས་ཐོག་དྲངས་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་དང་ལྷན་ཅིག་པར་རྒྱུན་བཤགས་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་བར། དེ་ནས་ཡན་ལག་བདུན་པ་བསྡུས་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །ཅེས་ལན་གསུམ་དང་། དེ་ནས་ནང་གི་སེམས་བསྐྱེད་པ་ནི་སློབ་དཔོན་གྱིས་ས་མ་ཡ་ཨ་ཞེས་བརྗོད་པས། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱི་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ཉ་གང་བའི་སྟེང་། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ། དེ་གཉིས་དབྱེར་མེད་དུ་སེམས་སྐྱེད་སྙམ་པའི་འདུན་པ་མཛོད། སློབ་དཔོན་གྱིས་རྡོ་རྗེ་སྙིང་གར་བཞག་སྟེ་སྔགས་བརྗོད་པས་སེམས་བསྐྱེད་དེ་བརྟན་པར་བྱས་པའི་མོས་པ་མཛོད། སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་སྡོམ་པ་བཟུང་བ་ནི། དེ་ཡང་འཛིན་རྒྱུའི་དམ་ཚིག་ཐམས་ཅད་རིགས་ལྔ་སྤྱི་དང་། བྱེ་བྲག་གཉིས་སུ་འདུས་པའི་དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་བྱང་བསྒྲུབ་སྙམ་པའི་སྨོན་པ་དང་། དེའི་ཆེད་དུ་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་རྣམས་སྒྲུབ་པ་འཇུག་པའི་སེམས་བསྐྱེད། བྱེ་བྲག་ནི་རྣམ་སྣང་གི་དམ་ཚིག་ཏུ་དཀོན་མཆོག་གསུམ་འཛིན་པ། མི་བསྐྱོད་པའི་དམ་ཚིག་ཏུ་རྡོར་དྲིལ་ཕྱག་རྒྱ་བླ་མ་རྣམས་འཛིན་པ། རིན་འབྱུང་གི་དམ་ཚིག་ཏུ་ཟང་ཟིང་མི་འཇིགས་བྱམས་ཆོས་བཞི་སྦྱིན་པ། འོད་དཔག་མེད་ཀྱི་དམ་ཚིག་ཏུ་ཉན་རང་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་འཛིན་པ། དོན་གྲུབ་ཀྱི་དམ་ཚིག་ཏུ་དམ་ཚིག་དང་སྡོམ་པ་དེ་དག་ནན་ཏན་གྱིས་བསྲུངས་པའི་སྟེང་དུ་བླ་མ་དང་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་དགོས་པ་དེ་རྣམས་ལེགས་པར་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། རྩ་བར། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའོ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བ་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་པ་ནི། རྩ་བའི་ས་བཅད་བཅུ་དགུ་པ་དམ་ཚིག་དབོག་པའོ། །སྐབས་འདིར་གསར་མའི་ཡོ་གར་རིགས་གསུམ་སྤྱིའི་སྔགས་རྒྱ་དང་། རྡོ་རྗེ་ཁུ་ཚུར་གྱི་སྔགས་རྒྱས་བྱིན་རླབས་འབྱུང་ཡང་དམིགས་བསལ་མ་བཤད་ཕྱིན་མ་དགོས་ཤིང་། དམ་ཚིག་པ་བསྐྱེད་པ་འཐད་པས། རྩ་བར། དམ་ཚིག་པ་བསྐྱེད་ལ་ཞེས་འབྱུང་བས། དེའི་ཚུལ་ནི་སློབ་དཔོན་གྱིས་ༀ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུཾ། ཞེས་བརྗོད་པས་ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར་པའི་མོས་པས་འདིའི་རྗེས་ཟློས་མཛོད། ༀ་བཛྲ་སཏྭ་ཧཱུཾ། ཞེས་ང་རྒྱལ་འཛིན་དུ་གཞུག །རྩ་བའི་ས་བཅད་བཅོ་ལྔ་པ་ཆོས་བཤད་པ་ནི། འདིར་མཛད་པ་གསན་པས་ཁྱབ་པར་གདའ། རྩ་བར། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྺ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོན་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གི་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་པའི་དོན་བཤད་དོ། །ཞེས་འབྱུང་བས། དེའི་དོན་ནི་རྣམ་སྣང་མངོན་བྱང་གི་རྒྱུད་ནས་གསུངས་པའི་ཚིགས་སུ་བཅད་པ་འདིའི་དོན་ཅི་ཞེ་ན། འཇིག་རྟེན་དུ་ཨུ་དུམྺ་རའི་མེ་ཏོག་དཀོན་པ་བས་ཀྱང་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དཀོན། དེ་བས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་དཀོན་ལ། དེ་ཡང་ཕན་ཡོན་ཆེན་པོ་དང་ལྡན་པས། བསྐལ་པ་དུ་མར་བསགས་པའི་སྡིག་པ་རྣམས་ཀྱང་དཀྱིལ་འཁོར་འདི་མཐོང་བའི་མོད་ལ་འདག་པར་འགྱུར་ན། དབང་བླངས་ཏེ་དམ་ཚིག་དང་སྡོམ་པ་ལ་ནན་ཏན་དུ་བྱས་ཏེ་ལྷ་སྒོམ་ཞིང་སྔགས་བཟླ་བ་ལ་བརྩོན་པར་བྱས་ན་ངན་འགྲོའི་སྡུག་བསྔལ་སྐྱོབ་པར་ལྟ་ཅི་སྨོས། དེ་བས་ན་ཁྱེད་རྣམས་ཀྱིས་རྙེད་པའི་མཆོག་རྙེད་ཅིང་རྒྱལ་བ་སྲས་བཅས་ཀྱིས་ཡོངས་སུ་བཟུང་སྟེ་དེའི་རིགས་སུ་སྐྱེ་བཞིན་པར་གྱུར་ལ། ཐེག་ཆེན་སྔགས་ཀྱི་ལམ་འདི་ལ་བརྟེན་ནས་འཇིག་རྟེན་ན་ཐམས་ཅད་མཁྱེན་པའི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བར་གདོན་མི་ཟ་བས་དོན་དེ་ལ་དགའ་བ་ཁྱད་པར་ཅན་བསྒོམས་མཛོད། རྩ་བར། དེ་ནས་མེ་ཏོག་ཕྲེང་བ་བཟུང་། གདོང་གཡོགས་ཏེ་ཞེས་དང་། མཆན་བུར་མེ་ཏོག་གཏད་མིག་དར་བཅིངས་ཞེས་འབྱུང་བས། ཨ་ཁཾ་ཝཱི་ར་ཧཱུཾ་ཞེས་མིག་དར་བཅིངས། ༀ་བཛྲ་མཱ་ལེ་ཧཱུཾ་ཞེས་མེ་ཏོག་གི་ཕྲེང་བ་གཏད། དེ་ཡང་ཨ་ཐུང་ངུས་ནམ་མཁའ་འགེངས་པ་དང་། ཨཱཿརིང་པོས་ནམ་མཁའ་གང་བའི་དོན་ཡིན་ཞེས་བླ་མས་གསུང་ངོ་། །སྔར་གྱི་རྡོ་རྗེ་སེམས་དཔའ་ང་རྒྱལ་ལ་གནས་བཞིན་པས། དཀྱིལ་འཁོར་དུ་འཇུག་པའི་ཕྱིར་མེ་ཏོག་གི་ཕྲེང་བ་འཛིན་བཞིན་པས། རྩ་བའི་ས་བཅད་བཅོ་བརྒྱད་པ་སྒོ་འབྱེད་པ་ནི། རྩ་བར། ཤར་སྒོ་ནས་ལྕགས་ཀྱུའི་ཕྱག་རྒྱས་ཚིག་འདི་དག་གི་རྗེས་ཟློས་བྱ་ཞིང་། རབ་གནས་སྒོ་འདི་ཞེ་སྡང་གིས། །ཐོགས་མེད་དུས་ནས་བཅད་ལགས་ན། །སྙིང་རྗེའི་སྦྱིན་པ་རྡོ་རྗེའི་རིགས། །ཐུགས་རྗེ་ཐབས་མཁས་སྤྲུལ་པ་ཡི། །ལྕགས་ཀྱུའི་ཕྱག་རྒྱ་མཆོག་འདི་ཡིས། །དེ་རིང་ཐར་པའི་སྒོ་དབྱེ་གསོལ། །ༀ་བཛྲ་ཀྲོ་དྷ་ཏ་ཐཱ་ག་ཏོད་ས་མ་ཡེ་ཏ་ཐཱ་པྲ་བེ་ཤཱི་ཀྲཾ་སྥ་ར་ཎ་ས་མ་ཡ་ཧཱུཾ་ཕཊ། ཅེས་རྡོ་རྗེའི་འགྲོས་ཀྱིས་འཇུག་པའི་མོས་པ་མཛོད། དེ་བཞིན་དུ་ཞགས་པའི་ཕྱག་རྒྱས་ལྷོ་སྒོར་འཁོད་དེ་རྗེས་ཟློས་བྱ་ཞིང་། རབ་གནས་སྒོ་འདི་ང་རྒྱལ་གྱིས། །ཐོགས་མེད་དུས་ནས༴ བྱམས་པའི་རིགས་མཐུན་རིན་ཆེན༴ ཐུགས་རྗེ་ཐབས་མཁས༴ ཞགས་པའི་ཕྱག་རྒྱ༴ དེ་རིང་ཐར་པའི༴ ༀ་རཏྣ་ཀྲོ་དྷ༴ ཞེས་རིན་ཆེན་འགྲོས་ཀྱིས་འཇུག་པའི་མོས་པ་མཛོད། དེ་ནས་ལྕགས་སྒྲོག་གི་ཕྱག་རྒྱས་ནུབ་སྒོ་ནས་རྗེས་ཟློས་བྱ་ཞིང་། རབ་གནས་སྒོ་འདི་འདོད་ཆགས་ཀྱིས། །ཐོགས་མེད་དུས་ནས༴ དགའ་བ་དོན་སྤྱོད་པདྨའི༴ ཐུགས་རྗེ༴ ལྕགས་སྒྲོག༴ དེ་རིང་༴ ༀ་པདྨ༴ ཞེས་པདྨའི་འགྲོས་ཀྱིས་སྔར་ལྟར་འཇུག་གོ། །དེ་ནས་དྲིལ་བུའི་ཕྱག་རྒྱ་བྱང་སྒོར། རབ་གནས་སྒོ་འདི་ཕྲག་དོག་གིས། ཐོགས་མེད༴ བཏང་སྙོམས་སྙན་སྨྲ་ལས་ཀྱི་རིགས། །ཐུགས་རྗེ༴ དྲིལ་བུའི་ཕྱག༴ དེ་རིང་༴ ༀ་ཀརྨ༴ ཞེས་རྒྱ་གྲམ་འགྲོས་ཀྱིས་འཇུག་གོ། །སླར་ཡང་ཤར་སྒོ་ནས་ཐུན་མོང་དུ་འཇུག་པའི་གསོལ་གདབ་འདིའི་རྗེས་ཟློས་མཛོད། རྩ་བར། སློབ་མས། སྙིང་པོའི་ཕོ་བྲང་དམ་པ་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་ཐོབ་པའི་ཕྱིར། །བདག་ཉིད་དད་པས་འཇུག་ཏུ་གསོལ། །ཞེས་དད་པས་ལན་གསུམ་དུ་གསོལ་བ་བཏབ་བོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་ཕྱེ་སྟེ། རྩ་བར། བླ་མས། བཅོམ་ལྡན་སྙིང་པོའི་དཀྱིལ་འཁོར་འདིར། །བྱང་ཆུབ་རིན་ཆེན་སེམས་བསྐྱེད་དེ། འཁོར་བའི་ནང་ནས་རབ་དྲངས་ཏེ། །བདེ་གཤེགས་སྲས་སུ་བསྐྱེད་པ་དང་། །བླ་མེད་འབྲས་བུ་སྨིན་བྱའི་ཕྱིར། །བདག་གིས་སློབ་མ་འཇུག་པར་བགྱི། །ཞེས་བརྗོད་དེ་གནང་བ་སྦྱིན་ལ། ནང་དུ་འཇུག་པ་ནི། བླ་མས་སློབ་མར་རྡོ་རྗེ་གཏད་ལ། རྩ་བར། སངས་རྒྱས་ཀུན་གྱི་ཡེ་ཤེས་དག །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སངས་རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཞེས་སློབ་མ་རྡོ་རྗེ་འཛིན་དུ་བཅུག་ལ། ཞེས་གསུངས་པས། བླ་མའི་ཕྱག་གི་རྡོ་རྗེ་ལ་བཟུང་སྟེ་དཀྱིལ་འཁོར་གྱི་ནང་དུ་ཞུགས་པས། དཀྱིལ་འཁོར་གྱི་ལྷ་ཕྱག་འཚལ་བ་ནི། རྩ་བར། དེ་ནས་བླ་མ་རིགས་ལྔ་དབྱེར་མེད་ལ་ཕྱག་བྱས་ཏེ། ཞེས་གསུངས་པས། ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱར་ཏེ། འདིའི་རྗེས་ཟློས་མཛོད། རྩ་བར། བཅོམ་ལྡན་སྙིང་པོའི་ཕོ་བྲང་འདིར། །རྒྱལ་བ་རིགས་ལྔ་འཁོར་བཅས་ལ། །སྐལ་ལྡན་རྒྱལ་སྲས་དག་པ་ཞོག །རབ་ཏུ་གུས་པས་ཕྱག་འཚལ་ལོ། །ཞེས་བརྗོད། ཡེ་ཤེས་པ་དབབ་པའི་དོན་དུ་གསོལ་བ་བཏབ་པ་ནི། བདག་ནི་དམ་ཚིག་འཁོར་ལོ་སྟེ། །རིགས་ལྔའི་དམ་ཚིག་ཡིན་པའི་ཕྱིར། །འཁོར་ལོ་ཡེ་ཤེས་བླ་མེད་འདི། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་ལན་གསུམ་གྱི་རྗེས་ཟློས་བྱ། གནང་བ་སྦྱིན་པ་ནི། རྩ་བར། བླ་མས། ང་ནི་དམ་ཚིག་འཁོར་ལོ་སྟེ། །རྒྱལ་བ་རིགས་ལྔ་ཡིན་པར་གྲགས། །འཁོར་ལོ་ཡེ་ཤེས་བླ་མེད་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཞེས་གནང་བ་སྦྱིན། རྩ་བའི་ས་བཅད་བཅུ་དགུ་པ་ཡེ་ཤེས་དབབ་པ་ནི། རྩ་བར། ཡེ་ཤེས་དབབ་ཅེས་གསུངས་པ་དང་། མཆན་བུར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཀྱི་རྣམ་པར་སྐུ་ཆེ་བ་རི་རབ་ཀྱི་ཞེས་པ་ཙམ་ལས་མ་གསུངས་པས། དེའི་དོན་གསལ་བར་བྱས་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གུས་འདུད་བྱས་པའི་རྐྱེན་གྱིས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་རང་འདྲའི་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཀྱི་རྣམ་པར་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་ཚད་མེད་གྲངས་མེད་པར་ཆར་བཞིན་དུ་བབས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་ཞུགས་པའི་མོས་པ་མཛོད། དེ་ལྟ་བུའི་ཡེ་ཤེས་པ་རྣམས་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གི་རྣམ་པར་བཞུགས་པར་བསམ་ལ། སློབ་དཔོན་གྱིས་ༀ་བཛྲ་པྲ་བེ་ཤ་ཡ་ཧཱུཾ། ཞེས་ལན་མང་དུ་བརྗོད་ཅིང་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་སློབ་མའི་སྙིང་གར་གཏུག་ཚུལ་བྱ་ཞིང་སྒྲུབ་གྲོགས་ཀྱིས་རོལ་མོ་བྱ། ཡེ་ཤེས་པ་བརྟན་བྱེད་དུ་སློབ་མ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག་ཅིང་། རྩ་བར། ༀ་ཨ་ས་མེ་ཏྲོ་ས་མེ་མ་ཧཱ་ས་མ་ཡེ་ཧཱུཾ། ཞེས་བརྗོད་དོ། །དེ་ནས་གོང་དུ་སྦྱིན་པའི་མེ་ཏོག་རྡོ་རྗེ་འཛིན་པའི་རྒྱས་བཟུང་སྟེ། དཀྱིལ་འཁོར་ལ་མེ་ཏོག་དབུལ་བའི་དོན་དུ་དཀྱིལ་འཁོར་གྱི་ལྷ་ལ་བཟང་ངན་མེད་ཀྱང་ལས་ཀྱིས་འབྲེལ་བའི་ལྷ་དང་མཇལ་བར་ཤོག་སྙམ་པས་འདིའི་རྗེས་ཟློས་མཛོད། རྩ་བར། སྔོན་གྱི་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྙེན་པའི་ལྷ། །ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་བརྩེ་ཆེན་གྱིས། །དམན་པར་དགོངས་ཏེ་བཞེས་སུ་གསོལ། །ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་དཀྱིལ་འཁོར་དུ་མེ་ཏོག་དོར། མེ་ཏོག་གང་ལ་ཕོག་པའི་ལྷས་ཁྱེད་རང་རྣམས་ཀྱི་སྤྱི་བོར་མེ་ཏོག་བཞག་སྟེ་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྩ་བར། ༀ་པྲ་ཏི་གྲྀཧྞ་སྭ་མི་མཾ་གྱིས་སྤྱི་བོར་བཞག་ལ་གང་བབས་པའི་ལྷར་བསམ། ཞེས་གསུངས་པས། མེ་ཏོག་གང་ལ་ཕོག་པའི་ལྷ་དེའི་སྐུར་གྱུར་པའི་མོས་པ་མཛོད། མིག་དབྱེའི་གསོལ་གདབ་འདིའི་རྗེས་ཟློས་མཛོད། རྩ་བར། དེ་ནས་སློབ་མས། ཤིན་ཏུ་མ་རིག་རྨོངས་པ་ཡིས། །བདག་ནི་ལྡོངས་པར་གྱུར་པས་ན། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིས། །བདག་གི་མིག་འདི་དབྱེ་བར་གསོལ། །ཞེས་གསོལ། མིག་དབྱེ་བ་ནི། བླ་མས་མིག་ཐུར་རམ་རྡོ་རྗེས་མིག་དབྱེ་ཞིང་། རྩ་བར། བླ་མས། རྡོ་རྗེ་སེམས་དཔའ་བདག་ཉིད་དེ། །ཁྱོད་ཀྱི་མིག་ནི་རབ་འབར་ཡིན། །ཐམས་ཅད་རྡོ་རྗེ་འབར་བའི་མིག །ཕྱེ་བས་ཁྱོད་ཀྱིས་མཐོང་བར་འགྱུར། །ༀ་བཛྲ་ཧ་སེ་ཨུཏྒ་ཏ་ཡ་ཧཱུཾ། ཞེས་པས་གདོང་གཡོགས་བཀྲོལ། དཀྱིལ་འཁོར་ལྟ་བར་བསྐུལ་བ་ནི། རྩ་བར། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །གསང་སྔགས་ཆེན་པོའི་སྣོད་དུ་འགྱུར། །རྙེད་པ་མཉམ་མེད་དེ་རིང་རྙེད། །དམ་ཚིག་གང་ཡང་འདའ་མ་བྱེད། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །དེའི་དོན་ནི། དེ་ཡང་རྟེན་གཞལ་ཡས་ཁང་ཉིས་རིམ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་བརྟེན་པ་ལྷ་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་མངོན་སུམ་ལྟ་བུར་བཞུགས་པ་ནི། ལིང་ཚེའི་དབུས་སུ་རྣམ་སྣང་ལ་ཡུམ་བཞིའི་ངོ་བོ་ཕྱག་རྒྱ་བཞིས་བསྐོར་བ། ཕྱོགས་བཞིའི་ལིང་ཚེར་རིགས་བཞི་ལ་རང་རིགས་ཀྱི་སེམས་དཔའ་བཞི་རེས་བསྐོར་བ། ལིང་ཚེའི་ཟུར་བཞིར་ཡུམ་བཞི། གློ་འབུར་གྱི་གྲུ་ཆད་བཞིར་སྒེག་སོགས་བརྒྱད། ནང་སྒོར་སྒོ་མ་བཞི། ཕྱི་ནང་གི་བར་གྱི་ཁྱམས་ལ་སེམས་དཔའ་བཅུ་དྲུག་དང་བཅས་དངོས་སུ་མཇལ་བས་འདི་རྣམས་མཉེས་པའི་ཐབས་ལ་བརྩོན་པར་མཛོད། རྩ་བར། བྱང་ཆུབ་ཀྱི་ཆུ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །ཅེས་པ་ནས། བདག་ཉིད་སྔགས་སོགས་དེ་བཞིན་ནོ། །བར་། ༀ་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་དོ། །ཞེས་གསུངས་བ་བཀྲོལ་བ་ནི། ལས་བུམ་གྱི་ཆུ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །བདུན་བརྒྱུད་རིགས་རྣམས་བརླག་པར་བྱེད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཞེས་པས་དམ་ཚིག་བསྒྲག་ཅིང་། དེ་ལྟར་བསྲུང་བྱའི་དམ་ཚིག་འདི་རྣམས་གསན་པས་ཁྱབ་པར་གདའ། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང་། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མའང་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལ་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཡིད་གཉིས་ཐེ་ཚོམ་སོམ་ཉི་མི་བྱ་སྟེ། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བརྗོད་པས་སྡོམ་པ་སྦྱིན་ལ། དེ་ལྟ་བུའི་དམ་ཚིག་རྒྱུད་ལ་གནས་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། ༀ་བཛྲ་ས་མ་ཡ་ཧཱུཾ་ཕཊ། དེས་འཇུག་པའི་ཆོས་རྣམས་གྲུབ། དེ་ནས་དབང་དངོས་གཞིའི་དོན་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། རྩ་བར། དེ་ནས་སློབ་མས། བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བདག་ལ་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་བྱའོ། །རྩ་བར། སློབ་མ་དབང་སྟེགས་ཀྱི་ཁྲིར་འཁོར་ལོས་སྒྱུར་བའི་འདུག་སྟངས་ཀྱིས་བཞག་ལ། ཞེས་འབྱུང་བས་སྤྲོ་ན་དབང་སྟེགས་བྲིས་པའམ་ཡང་ན་པད་འདབ་ཀྱི་སྟེང་དུ་དབང་ཁྲིར་བཟང་པོའི་འདུག་སྟངས་ཀྱིས་བཞག་གོ། །བླ་མས་བཞེངས་ཏེ་དཀྱིལ་འཁོར་གྱི་ཕྱོགས་སུ་འདུད་པ་དང་བཅས་ཏེ། རྩ་བར། དཀྱིལ་འཁོར་གྱི་ལྷ་ལ་མཁྱེན་པར་གསོལ་བ་ནི། བདག་རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བགྱི་བ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མ་ལུས་པ་བསྒྲུབ་ཅིང་སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འཚལ་གྱིས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཙོ་བོ་ཐུགས་རྗེའི་མངའ་བདག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་གྱི་དབང་རྣམས་རིམ་པ་བཞིན་དུ་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ལ། དབང་བསྐུར་བ་དངོས་ནི། ཟུར་ལུགས་དབང་བྱང་གི་མཆན་བུར། དབང་གི་སྔོན་འགྲོ་དངོས་གཞི་གཞན་ཕན་ལྟར། དངོས་གཞི་ཐོག་མར་བུམ་དབང་ནི། རིན་ཆེན་མཛེས་པའི་བུམ་པ་འདིས། །ཞེས་སོགས་ཀྱིས་དབང་བསྐུར་ལུས་གང་དྲི་མ་དག་ཅེས་གསུངས་འདུག་ཀྱང་། འདི་ཁར་བསྐུར་ཚིག་ཡོད་ཕྱིན་བུམ་དབང་བསྐུར་ཚིག་གཞན་ནས་ལེན་མི་དགོས་ཀྱང་ཚིག་རྐང་ལ་ཆད་ལྷག་འདུག་པ་གསལ་བའི་དགོངས་པ་ཡིན་པར་སྣང་། རྩ་བར། དབུས། ཤར། ལྷོ། ནུབ། བྱང་གི་བུམ་པས་རིམ་པ་བཞིན་དབང་བསྐུར་ཞིང་ཞེས་གསུངས་བས། ལྷ་བུམ་གཙོ་བོ་ནས་རིམ་པར་བླངས་ཏེ། དེ་ཡང་མདུན་གྱི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་དང་། བླ་མ་ལྷན་ཅིག་པར་རིགས་ལྔའི་རང་བཞིན་ཅན་གྱི་བུམ་པའི་ཆུས་དབང་བསྐུར་བས་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པའི་མོས་པ་མཛོད། རིན་ཆེན་མཛེས་པའི་བུམ་པ་འདིས། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །གཏི་མུག་སྒྲིབ་པ་དག་གྱུར་ཅིག །ༀ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ཞེས་སྤྱི་བོར་བཞག་ཅིང་། བུམ་ཆུ་བླུག་འཐུང་ཁྲུས་བྱའོ། །དེ་བཞིན་དུ་ཤར་གྱི་བུམ་པ་དཔྲལ་བར་བཞག་ལ། རིན་ཆེན༴ གཉིས་མེད༴ སྐལ་ལྡན༴ ཞེ་སྡང་༴ ཧཱུཾ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། བླུག་བཏུང་ཁྲུས་བྱའོ། །ལྷོའི་བུམ་པ་རྣ་ལྟག་གཡས་སུ་བཞག་ལ། །རིན་ཆེན༴ གཉིས་མེད༴ སྐལ་ལྡན༴ ང་རྒྱལ༴ ཏྲཱཾ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། བླུག་བཏུང་ཁྲུས་བྱའོ། །ནུབ་ཀྱི་བུམ་པ་ལྟག་པར་བཞག་སྟེ། རིན་ཆེན༴ གཉིས་མེད༴ སྐལ་ལྡན༴ འདོད་ཆགས༴ ཧྲཱིཿཔདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ བླུག་བཏུང་ཁྲུས་བྱའོ། །བྱང་གི་བུམ་པ་རྣ་ལྟག་གཡོན་དུ་བཞག་ལ། རིན་ཆེན༴ གཉིས་མེད༴ སྐལ་ལྡན༴ ཕྲག་དོག༴ ཨཱཿཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ བླུག་བཏུང་ཁྲུས་བྱའོ། །དེ་ནས་ལྷ་དབང་ནི། རྩ་བར། ལྷ་དབང་གི་སྐུ་རྣམས་རིམ་པས་ཐོགས་ཏེ། ཧཱུཾ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེ་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས༴ བདུད་འདུལ༴ དེ་ཡི་དབང་མཆོག༴ ཨ་བྷི༴ ཧཱུཾ། རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད༴ མཆོག་སྦྱིན༴ དེ་ཡི༴ ཨ་བྷི༴ ཧཱུཾ། འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག༴ ཏིང་འཛིན་ཆེན་པོའི༴ དེ་ཡི༴ ཨ་བྷི༴ ཧཱུཾ། དོན་ཡོད་རྡོ་རྗེ་བསྐྱོད་པའི་རླུང་། །བྱ་གྲུབ༴ སྐྱབས་སྦྱིན༴ དེ་ཡི༴ ཨ་བྷི༴ ཧཱུཾ། མེ་ལོང་ཡེ་ཤེས་བྱིན་རླབས་ལས། །སེམས་མ་རྡོ་རྗེའི་ཕྱག་རྒྱ་སྟེ། །རྡོ་རྗེ་དཀར་པོ་རྩེ་ལྔ་ཅན། །དེ་ཡི༴ ཨ་བྷི༴ ཧཱུཾ། མཉམ་ཉིད་ཡེ་ཤེས༴ རིན་ཆེན་སེམས་མའི༴ རིན་ཆེན་སེར་པོ་ཟུར་བརྒྱད་ཅན། །དེ་ཡི༴ ཨ་བྷི༴ ཧཱུཾ། ཀུན་རྟོག༴ ཆོས་ཀྱི༴ པད་དཀར་འདམ་མ་བཅུ་དྲུག་ཅན༴ དེ་ཡི༴ ཨ་བྷི༴ ཧཱུཾ། བྱ་གྲུབ༴ ལས་ཀྱི༴ ལས་ཀྱི་སྣ་ཚོགས་རྡོ་རྗེ་ཅན། །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་རྡོ་རྗེ་མཆོག །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་ལེགས་པ་སེམས་དཔའི་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །དེ་ཡི༴ ཨ་བྷི༴ ཧཱུཾ རྡོ་རྗེ་རིན་ཆེན་རྡོ་རྗེའི་དོན། །རྡོ་རྗེ་ནམ་མཁའི་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །དེ་ཡི༴ ཨ་བྷི༴ ཧཱུཾ། སེམས་ཅན་དོན་རབ་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་བཞད་པ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་ཆོས་རབ་དེ་ཉིད་སྟོན། །རྡོ་རྗེ་པདྨ་རབ་དགའ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་ཅན། །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་རྣོན་པོ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་བློ་ཟབ། །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་བསྲུང་བ་རང་རིག་མཆོག །རྡོ་རྗེ་ཟློས་པ་རབ་སྒྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་ལས་རབ་རྡོ་རྗེའི་དཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་སྒྲོལ། རྡོ་རྗེ་ངེས་པ་རྒྱ་ཆེ་བ། དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། དེ་ཡི༴ ཨ་བྷི༴ ཧཱུཾ། རྡོ་རྗེ་མཚམས་སྦྱོར་རབ་འདུད་ཉིད། རྡོ་རྗེ་འཆིང་བ་རབ་སྒྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །དེ་ཡི༴ ཨ་བྷི༴ ཧཱུཾ། ཤར་ཕྱོགས་སྒོ་སྐྱོང་བྱམས་པ་མ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །འགུགས་བྱེད་ཕྱག་ན་ལྕགས་ཀྱུ་བསྣམས། །དེ་ཡི༴ ཨ་བྷི༴ ཧཱུཾ། ལྷོ་སྒོའི་སྒོ་སྐྱོང་སྙིང་རྗེ་མ། །སྐུ་མདོག་སེར་མོ་འོད༴ ཆིངས་བྱ་ཕྱག་ན་ཞགས་པ་བསྣམས། །དེ་ཡི༴ ཨ་བྷི༴ ཧཱུཾ། ནུབ་ཀྱི་སྒོ་སྐྱོང་དགའ་བ་མ། །སྐུ་མདོག་དམར་ལ༴ སྡོམ་བྱེད་ཕྱག་ན་ལྕགས་སྒྲོག་བསྣམས། །དེ་ཡི༴ ཨ་བྷི༴ ཧཱུཾ། བྱང་གི་སྒོ་སྐྱོང་བཏང་སྙོམས་མ། །སྐུ་མདོག་ལྗང་ལ༴ མྱོས་བྱེད་ཕྱག་ན་དྲིལ་བུ་བསྣམས། །དེ་ཡི༴ ཨ་བྷི༴ ཧཱུཾ། ཤར་གྱི་ལྷ་མོ་ལཱ་སྱ་མ། དཀར་མོ་སྦྱིན་པའི་ཕ་རོལ་ཕྱིན། །ཕྱག་གཉིས་ཁུ་ཚུར་འགྱིང་བའི་ཚུལ། །དེ་ཡི༴ ཨ་བྷི༴ ཧཱུཾ། ལྷོ་ཡི་ལྷ་མོ་མཱ་ལེ་མ། །སེར་མོ་ཚུལ་ཁྲིམས༴ ཕྱག་གཉིས་མེ་ཏོག་ཕྲེང་བ་འཛིན། དེ་ཡི༴ ཨ་བྷི༴ ཧཱུཾ། ནུབ་ཀྱི་ལྷ་མོ་གཱི་ཏི་མ། །དམར་མོ་བཟོད་པའི༴ ཕྱག་གཉིས་པི་ཝང་བསྒྱུར་བའི་ཚུལ། །དེ་ཡི༴ ཨ་བྷི༴ ཧཱུཾ། བྱང་གི་ལྷ་མོ་ནཱིརྟྱ་མ། །ལྗང་གུ་བརྩོན་འགྲུས༴ ཕྱག་གཉིས་གར་སྟབས་བསྒྱུར་བའི་ཚུལ། །དེ་ཡི༴ ཨ་བྷི༴ ཧཱུཾ། ཤར་ལྷོ་ལྷ་མོ་དྷཱུ་པེ་མ། །དཀར་མོ་ཤེས་རབ༴ ཕྱག་ན་སྤོས་ཀྱི་དུད་སྤྲིན་འཕྲོ། དེ་ཡི༴ ཨ་བྷི༴ ཧཱུཾ། ལྷོ་ནུབ་ལྷ་མོ་པུཥྤེ་མ། སེར་མོ་བསམ་གཏན༴ ཕྱག་ན་མེ་ཏོག་ཕུང་པོ་མཛེས། །དེ་ཡི༴ ཨ་བྷི༴ ཧཱུཾ། ནུབ་བྱང་ལྷ་མོ་ཨཱ་ལོ་ཀེ། །དམར་མོ་སྨོན་ལམ༴ ཕྱག་ན་སྣང་བའི་འོད་ཟེར་འབར། །དེ་ཡི༴ ཨ་བྷི༴ ཧཱུཾ། བྱང་ཤར་ལྷ་མོ་གནྡྷེ་མ། །ལྗང་གུ་ཐབས་ཀྱི༴ ཕྱག་ན་དྲི་ཡི་བསིལ་ཟེར་དང་། །དེ་ཡི༴ ཨ་བྷི༴ ཧཱུཾ། བསྐལ་པ་བཟང་པོའི་རྒྱལ་སྲས་མཆོག །བྱམས་པ་ལ་སོགས་བཅུ་དྲུག་པོ། །རབ་དགའ་ལ་སོགས་མངའ་མཛད་པ། །དེ་ཡི༴ ཨ་བྷི༴ ཞེས་པས་ལྷ་དབང་རྫོགས་པར་བསྐུར་ནས། རྩ་བའི་ས་བཅད་ཉི་ཤུ་པ་རྫས་དབང་བསྐུར་བ་ནི། རྩ་བར། རྫས་དབང་རིམ་པ་བཞིན་ཐོགས་ནས། སྔོན་བཅོམ་ལྡན་འདས་རི་རབ་ཀྱི་རྩེར་ཁང་བརྩེགས་འབར་བའི་དབུས་སུ་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལ་ཕྱག་རྒྱ་ཆེན་པོ་ལྔའི་དབང་བསྐུར་བས་རིགས་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཕྱག་རྒྱ་ལྔའི་དབང་བསྐུར་བས་སྐུ་ལྔ་ཡེ་ཤེས་ལྔ་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བྱང་ཆུབ་མཆོག་དང་ས་གནོན་དང་། །མཆོག་སྦྱིན་མཉམ་གཞག་སྐྱབས་སྦྱིན་ཏེ། །རྒྱལ་བ་རིགས་ལྔའི་སྐུ་ཡི་རྒྱ། །ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག །རྒྱལ་པོ་མཆོག་གི་ཕྱག་རྒྱ་ཆེ། །ཕྱག་རྒྱའི་དབང་མཆོག་མི་འདའ་བ། །ཡེ་ཤེས་ང་དང་རིགས་ལྔའི་དབང་། །དབང་གི་བཀྲ་ཤིས་དང་པོའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སྙིང་པོ་སྔགས་ཀྱི་དབང་བསྐུར་བས་རྟོགས་པའི་ཡེ་ཤེས་ཕུན་སུམ་ཚོགས༴ དེ་བཞིན་དུ་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་སྙིང་པོ་སྔགས་ཀྱི་དབང་བསྐུར་བས་རྟོགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་༴ ཐུགས་ཀྱི་ས་བོན་ཡིག་འབྲུ་མཆོག །སྔགས་ཀྱི་བྱིན་རླབས་བསམ་མི་ཁྱབ། །ཡེ་ཤེས་ཐུགས་ཀྱི་ས་བོན་མཆོག །འབྲས་བུ་སྔགས་ཀྱི་བཀྲ་ཤིས་ཤོག །སྙིང་པོ་རིགས་ལྔ་སངས་རྒྱས་ཀུན་གྱི་མཆོག །གསུང་མཆོག་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། །བྱིན་རླབས་ཆེན་པོ་བླ་ན་མེད་པ་ཡི། །སྔགས་མཆོག་དབང་གི་བཀྲ་ཤིས་གཉིས་པའོ། །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་གསེར་གྱི་ཐུར་མའི་དབང་བསྐུར་བས་མ་རིག་པའི་ལིང་ཏོག་བྱང་ནས་ཤེ ས་རབ་ཀྱི་མིག་གསལ༴ དེ་བཞིན་དུ་གསེར་གྱི་ཐུར་མའི་དབང་བསྐུར་བས་མ་རིག་པའི་ལིང་ཏོག་བྱང་ནས་ཤེས་རབ་ཀྱི་མིག་གསལ་བའི་དབང་༴ གསེར་གྱི་ཐུར་མ་ཐོགས་ནས་ནི། །མིག་མཁན་རྒྱལ་པོས་དབང་བསྐུར་བཞིན། །བུ་ཁྱོད་མ་རིག་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཧྲི་ཏེ་སུ་ཀེ་ཧཱུཾ། རིན་ཆེན་གསེར་གྱི་ཐུར་མ་ཡིས། །འབར་བའི་ཡེ་ཤེས་བསལ་ཕྱེ་ནས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ཤེས་རབ་ཡེ་ཤེས་སྤྱན་ལྡན་པའི། །དབང་གི་བཀྲ་ཤིས་གསུམ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་རྟོགས༴ དེ་བཞིན་དུ་མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ཙམ་རྟོགས་པའི་དབང་༴ ཆོས་སྐུ་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པའི་དོན། །ཆོས་ཉིད་སྒྱུ་མར་གསལ་བར་ཤོག །སྣང་སེམས་དྲི་མ་སེལ་བ་དང་། །མི་མངོན་དབང་པོ་གསལ་བ་ལྟར། །ཡེ་ཤེས་གསལ་བའི་མེ་ལོང་གི། །དབང་གི་བཀྲ་ཤིས་བཞི་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་འཁོར་ལོ་བཞིའི་དབང་བསྐུར་བས་འགྲོ་དོན་ཐོགས་པ་མེད་པར༴ དེ་བཞིན་དུ་འཁོར་ལོ་བཞིའི་དབང་བསྐུར་བས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཞིང་ཁམས་གསུམ་དུ་འགྲོ་དོན་ཐོགས་པ་མེད་པའི༴ འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗོད་པ་མེད་པའི་འབྲུ་བཀོད་ནས། །གཞན་གྱི་དོན་ལ་ཕན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་ཤོག །ཉོན་མོངས་མ་ལུས་གཞོམ་པ་དང་། །ལེགས་པའི་ཡོན་ཏན་རྫོགས་པ་དང་། །འབྲས་བུ་ཀུན་ཏུ་འཕགས་པའི་ཕྱིར། །དབང་གི་བཀྲ་ཤིས་ལྔ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དུང་གི་དབང་བསྐུར་བས་ཚངས་པའི་དབྱངས་སྒྲོག་པའི་དབང་ཐོབ༴ དེ་བཞིན་དུ་དུང་གི་དབང་བསྐུར་བས་ཚངས་པའི་དབྱངས་ལྟ་བུ་སྒྲོག་པའི་དབང་༴ ཆོས་དུང་རྒྱལ་བས་བུས་ནས་ནི། །འཇིག་རྟེན་སེམས་ཅན་སྐལ་ལྡན་ལ། །རྣམ་གསལ་སྡིག་བྱང་ཆོས་ཐོབ་པའི། །ཚངས་པའི་སྒྲ་སྐད་སྒྲོག་པར་ཤོག །སྐྱོབ་པའི་མགོན་པོ་ཚངས་པའི་དབྱངས། །ཚངས་པའི་གསུང་མཆོག་འགྲོ་ལ་སྒྲོག །འཇིག་རྟེན་གསུམ་དུ་རྒྱས་པའི་སྒྲ། །དབང་གི་བཀྲ་ཤིས་དྲུག་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མེ་ཏོག་ཕྲེང་བའི་དབང་བསྐུར་བས་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་བཞིན་དུ་མེ་ཏོག་ཕྲེང་བའི་དབང་བསྐུར་བས་ཚུལ་ཁྲིམས་ཡོངས་སུ་རྫོགས་ཏེ་ངན་སོང་ལས་ཐར་བའི་དབང་༴ སྡུག་ཅིང་མཛེས་པའི་མེ་ཏོག་རྒྱན། །དགོས་པའི་དོན་རྣམས་མྱུར་བར་འབྱིན། །ཐམས་ཅད་ཀུན་གྱི་ཡིད་དུ་འོང་། །འབྱོར་པའི་ལོངས་སྤྱོད་རྒྱན་དུ་ཤོག ཁ་དོག་དབྱིབས་ལེགས་རིན་ཆེན་མེ་ཏོག་འདི། །ནམ་མཁའ་གང་ཞིང་ས་གཞི་ཁྱབ་བྱེད་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ཆར་འབེབས་པ། །མཛེས་པའི་དབང་གི་བཀྲ་ཤིས་བདུན་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་རི་རབ་ཀྱི་རྩེར་འཁོར་རྣམས་ལ་རྡོ་རྗེའི་དབང་བསྐུར་བས་ཐུགས་རྡོ་རྗེ་རིགས་ཀྱི་དབང་ཐོབ་པར༴ དེ་བཞིན་དུ་རྡོ་རྗེའི་དབང་བསྐུར་བས་ཐུགས་ཡེ་ཤེས་རྡོ་རྗེའི་དབང་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱར་རྟག་བརྟན་པ། །ཡེ་ཤེས་རྡོ་རྗེ་ལྟ་བུ་སྟེ། །རྡོ་རྗེ་ཐུགས་ཀྱི་རང་བཞིན་ནི། །མེ་ལོང་ཡེ་ཤེས་ཐོབ་པར་ཤོག །རྡོ་རྗེའི་རིགས་མཆོག་རྡོ་རྗེ་སེམས་དཔའ་སྟེ། །དཀར་ལ་དག་པས་ཤར་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་བདག །འདི་ནི་དབང་གི་བཀྲ་ཤིས་བརྒྱད་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རིན་པོ་ཆེའི་དབང་བསྐུར་བས་ཡོན་ཏན་རིན་པོ་ཆེའི་མཛོད་ཐོབ༴ དེ་བཞིན་དུ་རིན་པོ་ཆེའི་དབང་བསྐུར་བས་ཡོན་ཏན་རིན་པོ་ཆེའི་དབང་༴ སྐུ་ཡི་ཕྱག་རྒྱར༴ འགྲོ་བ་ཀུན་གྱི་རེ་བ་སྐོང་། །ཡོན་ཏན་རིན་ཆེན་རང་བཞིན་ཏེ། །མཉམ་ཉིད་ཡེ་ཤེས༴ རིན་ཆེན་རིགས་མཆོག་ཡོན་ཏན༴ སེར་ལ་དག་པ་ལྷོ་ཕྱོགས༴ བདེ་བ་ཆེན་པོ་ཀུན་ལ༴ འདི་ནི་དབང་གི་བཀྲ་ཤིས་དགུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་པདྨའི་དབང་བསྐུར་བས་གསུང་པདྨ་རིགས་ཀྱི་དབང་ཐོབ༴ དེ་བཞིན་དུ་པདྨའི་དབང་བསྐུར་བས་འགྲོ་དོན་བྱེད་པ་ལ་ཉེས་པའི་སྐྱོན་གྱིས་མ་གོས་པའི་དབང་༴ སྐུ་ཡི་ཕྱག་རྒྱ༴ པདྨ་དབང་གི་རང་བཞིན་ཏེ། །གསུང་གི་རང་བཞིན་འབྱུང་བའི་མཛོད། །ཀུན་རྟོག་ཡེ་ཤེས༴ པདྨ་རིགས་མཆོག་ཆོས་ཀྱི༴ དམར་ལ་དག་པ་ཕུན་ཚོགས༴ བདེ་བ་ཆེན་པོ་ཀུན་ལ༴ འདི་ནི་དབང་གི་བཀྲ་ཤིས་བཅུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སྣ་ཚོགས་རྡོ་རྗེའི་དབང་བསྐུར་བས་ཕྲིན་ལས་བཞིའི་དབང་༴ དེ་བཞིན་དུ་རྒྱ་གྲམ་གྱི་དབང་བསྐུར་བས་ཕྲིན་ལས་བཞིའི་དབང་། སྐུ་ཡི་ཕྱག་རྒྱ༴ ལས་རྣམས་མ་ལུས་རྫོགས་པའི་མཆོག །ཕྲིན་ལས་དོན་ཡོད་གྲུབ་པ་སྟེ། །བྱ་གྲུབ་ཡེ་ཤེས༴ བྱ་བའི་རིགས་མཆོག་ལས་ཀྱི༴ ལྗང་གུ་དག་པས་ཕུན་ཚོགས༴ བདེ་བ་ཆེན་པོས་ཀུན་ལ༴ འདི་ནི་དབང་གི་བཀྲ་ཤིས་བཅུ་གཅིག་པའོ། །ཨ་བྷི༴ གཙོ་བུ མ་ཐོགས་ལ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་བདུད་རྩིའི་བུམ་པས་དབང་བསྐུར་བས་རྣམ་པར་རྟོག་པ་སེལ༴ དེ་བཞིན་དུ་ཐུགས་བདུད་རྩིའི་བུམ་པས་དབང་བསྐུར་བས་ལས་དང་ཉོན་མོངས་པའི་ནད་བྱང་བའི་དབང༴ སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་བཟང་པོ་ཡུམ་གྱི་གཏེར། །ཕན་བྱེད་སྨན་པའི་མཆོག་ཡིན་ཏེ། །འགྲོ་བའི་ནད་རྣམས་སེལ་བར་ཤོག །བུམ་པ་ཟླུམ་པོ་སྤྲོས་མེད་ཆོས་ཀྱི་དབྱིངས། །ཐུགས་རྗེ་ཆེན་པོས་ཕན་མཛད་ཡུམ་གྱི་ཚུལ། །འཁོར་བ་གནས་སྐྱོང་དྲི་མ་དག་མཛད་པ། །སྒྲིབ་སེལ་དབང་གི་བཀྲ་ཤིས་བཅུ་གཉིས་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སེང་གེའི་དབང་བསྐུར་བས་ལོག་ཕྱོགས་ཟིལ་གྱིས་གནོན་པར༴ དེ་བཞིན་དུ་སེང་གེས་དབང་བསྐུར་བས་གསུང་རབ་རྒྱ་མཚོའི་སྒྲས་ཐམས་ཅད་ཟིལ་གྱིས་གནོན་ནས་སྟོང་སྤྱི་ཕུད་ཀྱི་སེམས་ཅན་ཐམས་ཅད་སྐད་ཅིག་ལ་སངས་རྒྱ་བར་བྱེད་པ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་དབང་༴ གཟུགས་བཟང་སེམས་ཅན་ཀུན་གྱི་གཙོ་བོ་སྟེ། །ཟིལ་གནོན་སྒྲ་འབྱིན་སྡེར་ཆགས་སྐྲག་པར་བྱེད། །ཕྱོགས་མཐུན་ཀུན་བསྐྱེད་སེང་གེ་དཔའ་དང་ལྡན། །ཐམས་ཅད་ཟིལ་གནོན་དབང་མཆོག་ཐོབ་པར་ཤོག །སེང་གེ་ང་རོ་སྒྲ་ཆེན་ཐོགས་མེད་པ། །འཇིགས་མེད་འཇོམས་པའི་སྒྲ་རྣམས་བསྒྲགས་ནས་ཀྱང་། །བདུད་དཔུང་མ་ལུས་ཟིལ་གྱིས་གནོན་མཛད་པའི། །ཆེ་མཆོག་དབང་གི་བཀྲ་ཤིས་བཅུ་གསུམ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཉི་མས་དབང་བསྐུར་བས་མ་རིག་པའི་མུན་པ་སེལ་བའི་དབང༴ དེ་བཞིན་དུ་ཉི་མས་དབང་བསྐུར་བས་སྐྱེ་འགྲོ་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་འཆར་བའི་དབང་༴ ཉི་མ་མུན་སེལ་ཤེས་རབ་སྒྲོན། །ཀུན་ལ་གསལ་བའི་རིན་པོ་ཆེ། །ཐམས་ཅད་ཀུན་གྱི་དཔལ་དུ་ཤར། །མ་རིག་གསལ་བའི་སྒྲོན་མེར་ཤོག །ཡེ་ཤེས་གསལ་བས་ཕྱོགས་བཅུར་ཁྱབ་པར་བརྡལ། །ཐུགས་རྗེ་མཆོག་གྱུར་སྨན་པ་མཐའ་དག་གསལ། །རང་བཞིན་འོད་གསལ་འགྲོ་བའི་དོན་མཛད་པ། །ཤེས་རབ་དབང་གི་བཀྲ་ཤིས་བཅུ་བཞི་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ་ཟླ་བའི་དབང་བསྐུར་བས་ཉོན་མོངས་པའི་གདུང་བ་སེལ་བའི་དབང་༴ དེ་བཞིན་དུ་ཟླ་བའི་དབང་བསྐུར་བས་སེམས་ཅན་གྱི་ཉོན་མོངས་པའི་གདུང་བ་ཐམས་ཅད་སེལ་བའི་དབང་༴ ཐམས་ཅད་ཀུན་གསལ་ཆུ་ཤེལ་ལྟ་བུ་སྟེ། དགོས་པའི་དོན་འབྱིན་དཀར་ལ་དག་པའི་ཚུལ། །ཚད་མེད་ཐབས་མཆོག་ཟླ་བ་རིན་པོ་ཆེ། །མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེར་ཤོག །དཀར་ལ་དག་པའི་ཟླ་བ་དྲི་མ་མེད། །ཐབས་ཀྱི་མཚན་ཉིད་སྐྱོན་གྱིས་མ་གོས་ཏེ། །ཡོངས་སུ་དག་པས་མུན་པ་སེལ་བའི་སྨན། །ཐབས་མཆོག་དབང་གི་བཀྲ་ཤིས་བཅོ་ལྔ་པའོ། །ཨ་བྷི༴ སྔོན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གསོ་སྦྱོང་གི་ཉི་མར་ཁྲུས་བྱས་ཏེ། ཕོ་བྲང་གི་སྟེང་འཁོར་གྱི་དབུས་ན་གནས་པའི་ཚེ་ཤར་ཕྱོགས་ཀྱི་ནམ་མཁའ་ལ་འཁོར་ལོ་རྩིབས་སྟོང་ཡོད་པའི་ལྟེ་བ་མུ་ཁྱུད་གསེར་ལས་གྲུབ་པ། བཟོ་བོས་མ་བྱས་པར་རང་བྱུང་བ་རྒྱལ་པོའི་ལག་པ་གཡས་སུ་བབས་སོ། །དེའི་ཚེ་རྒྱལ་པོས་བསམས་པ། རྟགས་འདི་དང་སྦྱར་ན་བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ངེས་སོ་སྙམ་ནས་འཁོར་ལོ་བསྐོར་ཞིང་ནམ་མཁའ་ལ་འགྲོ་ཞིང་དཔུང་གི་ཚོགས་དང་བཅས་པ་ལ། གླིང་བཞིའི་རྒྱལ་པོ་ཐམས་ཅད་ཀྱིས་མདུན་བསུ་ཞིང་གནས་པའི་ཚེ། ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པའི་དབང་དང་ལྡན༴ དེ་བཞིན་དུ་འཁོར་ལོ་རིན་པོ་ཆེའི་དབང་བསྐུར་བས་འཇིག་རྟེན་གྱི་འགྲོ་བ་མ་ལུས་པ་སྨིན་གྲོལ་ལམ་ལ་འགོད་པའི་དབང་༴ དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོམ་རྒྱུན་གཅོད་རྒྱུ་དང་འབྲས་བུ་སྟོན། །འཁོར་ལོ་སྒྱུར་བའི་དབང་ཕྱུག་རིན་པོ་ཆེ། །བླ་མ་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །སྟོང་ཉིད་ཡེ་ཤེས་གསལ་བའི་འཁོར་ལོ་ལ། །ཆོས་ཉིད་དབྱིངས་ལས་ཕྲིན་ལས་ཅིར་ཡང་སྟོན། །སེམས་ཅན་ཁ་ལོ་གྱེན་དུ་སྒྱུར་མཛད་པ། །ཆོས་འཁོར་དབང་གི་བཀྲ་ཤིས་བཅུ་དྲུག་པའོ། །ཨ་བྷི༴ འཁོར་ལོས་སྒྱུར་བའི་གླང་པོ་ནི་ཁ་དོག་དཀར་པོ་ཡན་ལག་བདུན་དང་ལྡན་པ་ལྷ་མ་ཡིན་དང་གཡུལ་འགྱེད་པར་གཡུལ་ལས་རྒྱལ་བའི་མཐུ་དང་ལྡན་པའི་དབང་བསྐུར་བས་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་༴ ཐེག་པའི་དོན་དམ་བླ་མེད་སྟོན་པའི་མཆོག །ཡན་ལག་བདུན་མཛེས་ཀུ་མུ་ཏ་ཡི་མདོག །གདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། །ཁྱུ་མཆོག་རླབས་ཆེན་སྟོབས་ལྔ་རྫོགས་པར་ཤོག །སྟོབས་མཆོག་ཕ་རོལ་གནོན་པའི་མཐུ་མངའ་བ། །གདུག་པའི་སྟོབས་ལྡན་གཞན་གྱིས་མི་རྫི་བ། །ཕ་རོལ་རྫུ་འཕྲུལ་མཐུ་སྟོབས་གནོན་མཛད་པའི། །མཐུ་སྟོབས་དབང་གི་བཀྲ་ཤིས་བཅུ་བདུན་པའོ། །ཨ་བྷི༴ འཁོར་ལོས་སྒྱུར་བའི་རྟ་མཆོག་རིན་ཆེན་ནི། སྔོན་པོ་རྔོག་མ་དམར་པོ་གླིང་བཞི་ཡུ་ཙམ་གྱིས་བསྐོར་ནས་རྫུ་འཕྲུལ་དང་ལྡན་ཞིང་ཤེས་བྱ་ལ་ཐོགས་པ་མེད་པའི་དབང་༴ འཁོར་བའི་སྡུག་བསྔལ་ཆུ་བོ་བཞི་ལས་སྒྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་འགྲོ། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །མི་གནས་ཡེ་ཤེས་ཡིད་བཞིན་སྤྱོད་པར་ཤོག །རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་མྱུར་བའི་ཤུགས། །ཀུན་ཏུ་བགྲོད་པའི་དོན་ལ་མྱུར་བ་དང་། །རྫུ་འཕྲུལ་སྣ་ཚོགས་ཀུན་ཏུ་སྟོན་མཛད་པའི། །ཐོགས་མེད་དབང་གི་བཀྲ་ཤིས་བཅོ་བརྒྱད་པའོ། །ཨ་བྷི༴ འཁོར་ལོས་སྒྱུར་བའི་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱའི་རང་བཞིན་ཟུར་བརྒྱད་པ་མུན་པ་སེལ་བ། གང་འདོད་མཐོང་བ། ཅི་བསམ་བྱུང་བ། དཔག་ཚད་དུ་འོད་ཀྱིས་ཁྱབ་པའི་དབང་བསྐུར་བས་ཉོན་མོངས་པའི་མུན་པ་བསལ་ཏེ་ལྷག་མཐོང་གི་ཡེ་ཤེས་རྟོགས་པའི་དབང་༴ དཀོན་མཆོག་གསུམ་གྱི་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོས་པ་མཆོད་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེ། །ཐམས་ཅད་ཀུན་གྱི་ཡིད་དང་མཐུན་པ་ཡི། །ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡི། །ཡིད་བཞིན་དབང་གི་བཀྲ་ཤིས་བཅུ་དགུ་པའོ། །ཨ་བྷི༴ བློན་པོ་རིན་པོ་ཆེ་ནི་མཁས་པ་གསལ་བ་ཡིད་གཞུངས་པ་དཔག་ཚད་ཚུན་ཆད་ཀྱི་གཏེར་མཐོང་བ་རྒྱལ་པོའི་དགོས་པ་བསྒྲུབ་པ། ཐམས་ཅད་སྒྲུབ་པ་དེའི་དབང་བསྐུར་བས་ལྷའི་མིག་རྣམ་པར་དག་པ་ཐོབ་ཅིང་འཕགས་པའི་ནོར་བདུན་དང་ལྡན་པའི༴ གང་ལ་ཅི་དགོས་དཔག་བསམ་ཤིང་ལྟ་བུ། །འགྲོ་ལ་སྙིང་པོ་ཚོགས་གཉིས་རྫོགས་པར་སྨོན། །དབང་ཕྱུག་བློན་པོའི་ནོར་བུ་རིན་པོ་ཆེ། །འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཐོབ་པར་ཤོག །མཛངས་པའི་འཕྲུལ་འབྱིན་བློན་པོ་རིན་པོ་ཆེ། །ལེགས་ཉེས་ཀུན་ཕྱེད་གཅོད་པའི་དོན་ལ་མཁས། །འགལ་བ་ཆམ་འབེབས་མཛངས་པའི་འཕྲུལ་བག་ཅན། །བློན་པོ་དབང་གི་བཀྲ་ཤིས་ཉི་ཤུ་པའོ། །ཨ་བྷི༴ བཙུན་མོ་རིན་པོ་ཆེ་ནི་རྒྱལ་རིགས་སུ་སྐྱེ་བ་གཟུགས་མཛེས་པ་ལྟ་ན་སྡུག་པ་མིའི་མདོག་ལས་འདས་པས། བ་སྤུའི་ཁུང་ནས་ཙནྡན་གྱི་དྲི་འབྱུང་བ་ལུས་ལ་རེག་པ་ཙམ་གྱིས་བདེ་བ། དེའི་དབང་བསྐུར་བས་ཏིང་ངེ་འཛིན་ཞི་བའི་ཆོས་ལ་དབང་འབྱོར་ཏེ་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་ཡོངས་སུ་དག་པའི༴ ཕ་རོལ་ཕྱིན་བཅུ་སེམས་ཅན་སྐྱོབ་པའི་ཕྱིར། །ཤེས་རབ་གཟུང་འཛིན་བཙུན་མོ་རིན་པོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡིས། །ཚེ་དང་ལོངས་སྤྱོད་དབང་རྣམས་སྦྱོར་པར་ཤོག །ཤེས་རབ་དབྱིངས་ལས་གྲུབ་པའི་ལྷ། །དགོས་པའི་དོན་འགྲུབ་བཙུན་མོ་སྟེ། །སྨོན་ལམ་མཐུ་སྟོབས་འབྲེལ་བ་ཡི། །དབང་གི་བཀྲ་ཤིས་ཉེར་གཅིག་པའོ། །ཨ་བྷི༴ དམག་དཔོན་རིན་པོ་ཆེ་ནི་མཁས་པ་དཔའ་བ་ཕ་རོལ་གྱིས་དཔུང་འཇོམས་པའི་དགྲ་འཐབ་ཀྱི་སྦྱོར་བ་ལ་མཁས་པ། ཕ་རོལ་འཇོམས་པའི་དབང་བསྐུར་བས་འཇིག་ཚོགས་ཀྱི་ལྟ་བའི་རི་བོ་ཉི་ཤུ་འཇོམས་པའོ། ཕན་པའི་གོ་བགོས་གནོད་པའི་དཔུང་འཇོམས་ཤིང་། །འཇིགས་པའི་སྐྱབས་བྱེད་འགྲོ་ལ་མི་འཇིགས་སྦྱིན། །ཐབས་དང་ཤེས་རབ་ལྡན་པའི་དམག་དཔོན་འདི། །མཐུ་སྟོབས་རྫུ་འཕྲུལ་དཔུང་གིས་བསྲུང་བར་ཤོག །དྲག་ཤུལ་དྲེགས་པས་ཕ་རོལ་འཇོམས་མཛད་པ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ་བྱེད་ཅིང་། །རྣམ་པར་རྟོག་པའི་ཚོགས་ཀྱིས་མི་ཚུགས་པའི། །འདུལ་ཐབས་དབང་གི་བཀྲ་ཤིས་ཉེར་གཉིས་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ་ཡེ་ཤེས་ཀྱི་རལ་གྲིའི་དབང་བསྐུར་བས་ཉོན་མོངས་བའི་དྲྭ་བ་གཅོད་པའི་དབང་དམ་པ་ཐོབ༴ དེ་བཞིན་དུ་རལ་གྲིའི་དབང་བསྐུར་བས་སྡུག་བསྔལ་འཁྲུལ་བའི་དྲྭ་བ་གཅོད་པའི་དབང་༴ སྒྲིབ་པའི་དྲྭ་བ་ཀུན་བཅད་དེ། །མི་ཤེས་དྲྭ་བ་གཅོད་ཚུལ་དུ། །རྣོན་པོས་བག་ཆགས་གཅོད་པ་སྟེ། །ཐམས་ཅད་ཀུན་ལས་རྒྱལ་བར་ཤོག །སྒྲིབ་གཉིས་དྲྭ་བ་རྟོལ་བྱེད་པ། །ཡེ་ཤེས་རྣོ་བ་ཐོགས་པ་མེད། །མི་ཤེས་བག་ཆགས་གཅོད་བྱེད་པའི། །དབང་གི་བཀྲ་ཤིས་ཉེར་གསུམ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མདའ་གཞུའི་དབང་བསྐུར་བས་ཐབས་ཤེས་འབྲེལ་བའི་དབང་༴ དེ་བཞིན་དུ་མདའ་གཞུའི་དབང་བསྐུར་བས་ཐབས་ཤེས་ཟུང་འཇུག་རྣམ་ཐར་རྒྱ་མཚོའི་དབང་༴ རྒོལ་བའི་ཚོགས་འཇོམས་མྱུར་བའི་ཤུགས་འཆང་བའི། །ཐབས་ཀྱིས་འདུལ་ལ་ཉེས་པས་མ་གོས་ཏེ། །དངོས་པོ་ཀུན་འཇོམས་ཕ་རོལ་འབིགས་བྱེད་པ། །ཐབས་ཀྱིས་འདུལ་བའི་དབང་མཆོག་ཐོབ་པར་ཤོག །ཐབས་ཤེས་དབྱེར་མེད་རང་བཞིན་རོ་གཅིག་པའི། །ཐུགས་རྗེ་མྱུར་མགྱོགས་ཐབས་ཚོགས་འགྲོ་ལ་འབྱུང་། །ཡང་རབ་རྩལ་མཆོག་བློ་གྲོས་རྣམ་པར་གནོན། །ཐབས་ཤེས་དབང་གི་བཀྲ་ཤིས་ཉེར་བཞི་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་གནམ་རལ་གྲི་དབང་བསྐུར་བས་བར་ཆད་ཀྱི་བདུད་བཅོམ༴ དེ་བཞིན་དུ་གནམ་རལ་གྱི་དབང་བསྐུར་བས་བདུད་དཔུང་མཐའ་དག་འཇོམས་པའི་དབང་ཐོབ་པར༴ སྟོབས་ལྡན་དབང་ཕྱུག་མཐུ་སྟོབས་ཆེ་བ་ཡི། །བདུད་དཔུང་ཕས་ཀྱི་བདོ་བ་ཀུན་བཏུལ་ནས། །ཆེ་བཙན་དྲག་པོ་ཀུན་ལས་རྒྱལ་བ་དང་། །ཐམས་ཅད་མཐུ་སྟོབས་དག་གི་དབང་བྱེད་ཤོག །རིན་ཆེན་རྒྱན་མཛེས་གནམ་རལ་རིན་པོ་ཆེ། །ལོག་པའི་ཕྱོགས་ཀུན་ཚར་གཅོད་ཟིལ་གྱིས་གནོན། །ཐབས་ལ་མཁས་པའི་སྡེ་དཔུང་ཆེན་པོ་སྟེ། །རྒྱལ་ཐབས་དབང་གི་བཀྲ་ཤིས་ཉེར་ལྔ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཤན་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བས་འཁོར་བའི་སྒྲིབ་བ་གཅོད་པའི་དབང་༴ དེ་བཞིན་དུ་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བས་འཁོར་བའི་སྒྲིབ་པ་གཅོད་པའི་དབང་༴ ཉོན་མོངས་སྒྲིབ་པའི་དྲྭ་བ་གཅོད་པ་དང་། །དངོས་པོ་མཚན་མ་མ་ལུས་གཞོམ་པ་དང་། །མི་ཤེས་རྣམ་པར་རྟོག་པ་བསྒྲལ་བའི་ཕྱིར། །གདུགས་པ་འཇོམས་པའི་དབང་རྣམས་ཐོབ་པར་ཤོག །རིན་ཆེན་མཛེས་པའི་ཤན་མཆོག་རིན་པོ་ཆེ། །རྣམ་གཅོད་རྣམ་པས་ཕ་རོལ་ཉེས་པ་གཅོད། །ཡེ་ཤེས་རྣོ་མཆོག་ཀུན་གྱི་ཡིད་དུ་འོང་། །ཉེས་གཅོད་དབང་གི་བཀྲ་ཤིས་ཉེར་དྲུག་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཞྭ་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བས་བགེགས་དང་ལོག་འདྲེན་མེད་པའི་ཚེ་དབང་༴ དེ་བཞིན་དུ་ཞྭ་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བས་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པའི་དབང་༴ ཚ་གྲང་བསིལ་འཇམ་དབུ་ཞྭ་འདི། །གདུང་བ་བསིལ་བའི་ཉེར་མཁོ་སྟེ། །འབྲས་བུ་ཐར་པ་ཐོབ་བྱའི་ཕྱིར། །འཇིགས་པ་བཞི་ཡི་སྐྱབས་སུ་ཤོག །རིན་ཆེན་རྒྱན་མཆོག་དབུ་ཞྭ་རིན་པོ་ཆེ། །འཇིགས་པ་བཞི་སྐྱོབ་ལོག་པའི་སྐྱོན་ལ་གྲོལ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་པའི། །གཡུང་དྲུང་དབང་གི་བཀྲ་ཤིས་ཉེར་བདུན་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཚངས་པའི་ཁབ་སྐུད་ཀྱི་དབང་བསྐུར་བས་ལེགས་པའི་ཡོན་ཏན་འགྲུབ་པའི༴ དེ་བཞིན་དུ་ཉེ་བའི་རིན་པོ་ཆེ་ཁབ་སྐུད་ཀྱི་དབང་བསྐུར་བས་ལེགས་པའི་ཡོན་ཏན་མཐའ་དག་རུབ་པའི་དབང་༴ ཚངས་པའི་ཁབ་སྐུད་ཉེ་བའི་བཀྲ་ཤིས་ཏེ། །ལེགས་པའི་ཡོན་ཏན་ཚང་བར་རྫོགས་པའི་དཔལ། །ཉེས་པ་ཀུན་གྲོལ་ལེགས་པའི་རང་བཞིན་ཅན། །ཕུན་སུམ་ཚོགས་པའི་དཔལ་གྱིས་འབྱོར་པར་ཤོག །ཚངས་པའི་ཁབ་སྐུད་ལེགས་པའི་དགོས་པ་གྲུབ། །གང་ལ་ཡིད་དང་འཚམས་པ་དྲུབ་བྱེད་པ། །དོན་གྱིས་ཐུགས་རྗེ་ཆེན་པོས་མཚམས་སྦྱོར་བའི། །འཚེམ་སྐུད་དབང་གི་བཀྲ་ཤིས་ཉེར་བརྒྱད་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ན་བཟའ་རིན་པོ་ཆེའི་དབང་བསྐུར་བས་གྲང་བའི་སྡུག་བསྔལ་བས་སྐྱོབ་པའི༴ དེ་བཞིན་དུ་གོས་རིན་པོ་ཆེའི་དབང་བསྐུར་བས་འདི་ཕྱིར་གྲང་བའི་ཉོན་མོངས་པ་ཞི་བའི་དབང་༴ ཉེས་པ་ཀུན་སྐྱོབ་ན་བཟའ་རིན་པོ་ཆེ། །བདེ་བ་ཡིད་བཞིན་ཟད་པ་མེད་པ་སྟེ། །ཡོན་ཏན་ཚང་བའི་ན་བཟའ་དམ་པ་འདི། །འདི་དང་ཕ་རོལ་གཉིས་སུ་གྱོན་པར་ཤོག །རིན་ཆེན་ན་བཟའ་ཇི་ལྟར་ལྟ་ན་སྡུག །ཆེ་ཆུང་འཚམས་ལ་དྲོ་ལ་དབྱིབས་ལེགས་མཛེས། །ཡོན་ཏན་བླ་མེད་འཕགས་པའི་སྐུ་དང་མཚུངས། །ཆོས་རྟགས་དབང་གི་བཀྲ་ཤིས་ཉེར་དགུ་པའོ། །ཨ་བྷི༴ སྔོན་རི་རིབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཕྱགས་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བའི་ཐུགས་རྗེས་འགྲོ་བའི་ཕྱགས་པའི་དབང་༴ དེ་བཞིན་དུ་ཕྱགས་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བས་ཐུགས་རྗེས་འགྲོ་ལ་ཕྱགས་པའི་དབང་༴ རིན་ཆེན་ཕྱགས་ཀྱི་དབང་བསྐུར་བས། །ཀུན་ལ་སྙོམས་པའི་ཐུགས་རྗེ་ཡིས། །སེམས་ཅན་དོན་ལ་ཐོགས་མེད་དེ། །འགྲོ་བ་འདྲེན་པའི་དཔལ་དུ་ཤོག །རིན་ཆེན་མཛེས་པའི་ཕྱགས་མཆོག་དམ་པ་འདི། །གར་ཡང་ཐོགས་མེད་ཕྱོགས་བཅུར་བགྲོད་ནས་ཀྱང་། །དོན་རྣམས་མ་ལུས་རྫོགས་པར་བྱེད་པ་ཡི། །ཡོངས་གྲུབ་དབང་གི་བཀྲ་ཤིས་སུམ་ཅུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཀྲྀཥྞ་སཱ་རའི་ལྤགས་པ་རིན་པོ་ཆེའི་དབང་བསྐུར་བས་སྙིང་རྗེས་སེམས་ཅན་འདྲེན་པའི་དབང་༴ དེ་བཞིན་དུ་ལྤགས་པ་རིན་པོ་ཆེའི་དབང་བསྐུར་བས་ཐུགས་རྗེས་འགྲོ་བའི་དོན་རྒྱ་ཆེན་པོ་གྲུབ་པའི་དབང་༴ ཀྲྀཥྞ་སཱ་རའི་པགས་པ་མཆོག་ཏུ་ཤིས། །སེམས་ཅན་ཀུན་ལ་སྙོམས་པའི་སྙིང་རྗེ་ཅན། །ཡོན་ཏན་མཐའ་དག་ཚང་བའི་བྱང་ཆུབ་སེམས། །སྙིང་རྗེའི་འགྲོ་དོན་དགོངས་པ་འགྲུབ་པར་ཤོག །སྙིང་རྗེ་ཚད་མེད་སེམས་ཅན་ཀུན་ལ་དགོངས། །ཉམ་ཐག་འཕོངས་པ་མགོན་མེད་རྣམས་ཀྱི་སྐྱབས། །སེམས་ཅན་འཁོར་བའི་གནས་ནས་འདྲེན་མཛད་པའི། །འགྲོ་དོན་དབང་གི་བཀྲ་ཤིས་སོ་གཅིག་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ཀྱིས་ཡུངས་ཀར་བགེགས་ཀྱི་གཉེན་པོར་སྦྱིན་པ་དེ་བཞིན་དུ་དབང་བསྐུར་བས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་ཤིང་མཐུ་སྟོབས་ཕུན་སུམ་ཚོགས་པའི༴ ཡུངས་ཀར་རྡོ་རྗེའི་རིགས་མཆོག་ཆེན་པོ་སྟེ། །རྟོག་བྲལ་མཉམ་ཉིད་ཡེ་ཤེས་རྡོ་རྗེ་ཡི། །རྟོག་པའི་བགེགས་རྣམས་རབ་ཏུ་འཇོམས་མཛད་པ། །ཕྱོགས་དུས་ཀུན་ཏུ་བགེགས་རྣམས་ཞི་བར་ཤོག །ཡུངས་ཀར་རྡོ་རྗེས་བགེགས་ཚོགས་འཇོམས། །བདུད་དཔུང་འདུལ་བྱེད་ཐུགས་རྗེ་ཅན། །དགྲ་བགེགས་ཀུན་ལས་རབ་རྒྱལ་བའི། །དབང་གི་བཀྲ་ཤིས་སོ་གཉིས་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་ཁྱིམ་བདག་བཟང་སྐྱོང་གིས་ཞོ་ཕུལ་བས་གཟི་མདངས་དང་ལྡན་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་ཏིང་ངེ་འཛིན་གྱི་གཟི་བརྗིད་དང་ལྡན་པའི་དབང་༴ བ་ཞོ་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་སྙིང་པོ་གྱུར་པ་ཡི། །བཀྲ་ཤིས་དེས་ནི་སྙིང་པོ་ཐོབ་པར་ཤོག །ཞོ་ནི་བཅུད་ལྡན་བཀྲ་ཤིས་རྫས་ཀྱི་མཆོག །འདོད་པའི་དོན་འབྱུང་འདོད་འཇོ་བ་ལས་བྱུང་། །ཉོན་མོངས་འཕོངས་པ་ངོམས་ཤིང་ཚིམ་བྱེད་པ། །བཅུད་ལྡན་དབང་གི་བཀྲ་ཤིས་སོ་གསུམ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བྲ་ཟེ་ཀོ་ད་ལིས་རྩྭ་དུརྦ་ཕུལ་བས་རྒྱུ་ཆུང་ངུ་ལས་འབྲས་བུ་མང་པོ་འབྱུང་བའི་བྱིན་གྱིས་བརླབས་པ་བཞིན་དུ་དགེ་བ་ཆུང་དུ་ལས་བསོད་ནམས་ཕུན་སུམ་ཚོགས་པའི༴ དུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའ་ཚེ་ནི་རབ་གྲུབ་པས། །སྐྱེ་ཤི་གཉིས་ཀྱི་སྡུག་བསྔལ་རྒྱུན་ཆད་དེ། །འཆི་བ་མེད་པ་ཚེ་ཡི་རིག་འཛིན་ཤོག །དུརྦ་རྩྭ་མཆོག་བསོད་ནམས་མང་པོ་འཕེལ། །བཀྲ་ཤིས་མདོག་ལེགས་འབྲས་བུ་ཡང་དག་རྒྱས། །ཡིད་ལ་གང་བསམ་འཕྲལ་དུ་འགྲུབ་བྱེད་པའི། །འདོད་འབྱུང་དབང་གི་བཀྲ་ཤིས་སོ་བཞི་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་སའི་ལྷ་མོས་ལི་ཁྲི་ཕུལ་བས་དབང་གི་རང་བཞིན་དུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་རྗེས་སུ་འཛིན་པའི་དབང་༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ལ། །ཆོས་རྣམས་མ་ལུས་དབང་དུ་གྱུར་པ་ཡི། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པ། །རྒྱལ་བའི་བསྟན་པ་རབ་ཏུ་རྒྱས་གྱུར་ཅིག །ཁ་དོག་དམར་པོ་ནུབ་ཕྱོགས་པདྨའི་རིགས། །ཆགས་པ་གཉིས་ལྡན་བདག་གཞན་དོན་གཉིས་འགྲུབ། །གསུང་གི་བདག་ཉིད་དོན་སྟོན་བཀྲ་ཤིས་རྫས། །སྐུ་ཚེ་དབང་གི་བཀྲ་ཤིས་སོ་ལྔ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ཀྱི་ཀུན་གཞིའི་རྣམ་ཤེས་ལན་གསུམ་གྱི་བར་དུ་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་བརྙེས་ནས་མངོན་པར་རྫོགས་པར་སངས་རྒྱས་པ་བཞིན་དུ་མེ་ལོང་གི་དབང་བསྐུར་བས། བག་ལ་ཉལ་གྱི་དྲི་མ་ཕྲ་མོ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་དབང་༴ མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་སྒྲིབ་པ་དག་གྱུར་ཅིག །མེ་ལོང་གདོང་བསྟན་བཞིན་གྱི་དྲི་མ་སེལ། །དེ་བཞིན་ཉོན་མོངས་ཤེས་བྱའི་སྒྲིབ་པ་དག །གསལ་ལ་རང་བཞིན་མེད་པའི་ཆོས་ཉིད་ལ། །གསལ་བའི་དབང་གི་བཀྲ་ཤིས་སོ་དྲུག་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་དུང་གཡས་འཁྱིལ་ཕུལ་བས་གསུང་དབྱངས་དྲུག་ཅུས་ཆོས་ཀྱི་འཁོར་ལོ་བསྐོར་བ་བཞིན་དུ་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡོན་ཏན་རྒྱ་མཚོའི་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེ་ནི་ཚིག་ལ་དབང་ཐོབ་ཤོག །ཆོས་སྒྲ་ཆེན་པོ་ཕྱོགས་བཅུར་གྲགས་པ་དང་། །རྒྱལ་བའི་གསུང་མཆོག་དུང་གི་འབྲས་བུ་སྟེ། །མ་ལུས་འགྲོ་བ་ཀུན་གྱི་རྒྱུད་གྲོལ་བའི། །གསུང་མཆོག་དབང་གི་བཀྲ་ཤིས་སོ་བདུན་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་སྐྱོང་གིས་གི་ཝང་ཕུལ་བས་བདུད་བཞི་ལས་གྲོལ་བར་བྱིན་གྱིས་བརླབས་པ་བཞིན་དུ་ཉོན་མོངས་པའི་ནད་བཞི་བརྒྱ་རྩ་བཞི་ལས་ཐར་པའི་དབང་༴ གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་བར་ཤོག །ཡོན་ཏན་ཕུན་ཚོགས་བཞི་བརྒྱ་རྩ་བཞི་སེལ། །སྨན་མཆོག་སྐྱེ་འགྲོ་མ་ལུས་ཀུན་གྱི་གསོས། །བྱིན་གྱིས་བརླབས་པ་བཀྲ་ཤིས་ཚེ་ཡི་རྒྱུ། །ནད་མེད་དབང་གི་བཀྲ་ཤིས་སོ་བརྒྱད་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་ཤིང་གི་ལྷ་མོ་འོད་འཆང་མས་བིལྦའི་འབྲས་བུ་ཕུལ་བས་འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས་པ་དེ་བཞིན་དུ་སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་སོགས་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་༴ བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་བ་ཡི། །བཀྲ་ཤིས་དེས་ནི་འཇིག་རྟེན་འགྲུབ་པར་ཤོག །ཡལ་ག་ལོ་འདབ་མེ་ཏོག་གཡུ་ལོར་འཁྱིལ། །འབྲས་བུ་ཡིད་འོང་འབྱོར་བའི་ལོངས་སྤྱོད་ལྡན། །འདོད་རྒུ་ཀུན་དང་མཐུན་པར་སྤྱོད་པ་ཡི། །ཕུན་ཚོགས་དབང་གི་བཀྲ་ཤིས་སོ་དགུ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་ཀྱིས་རྒོལ་བའི་དུས་སུ། །ཐུགས་དཔལ་གྱི་བེའུར་བཀྲ་ཤིས་པ་དེ་བཞིན་དུ་ཐུགས་ལ་དཔལ་འབར་ཞིང་བཀྲ་ཤིས་པའི་དབང་༴ དཔའ་བེའུ་ཐུགས་ཀྱི་བཀྲ་ཤིས་ཏེ། །འདྲེན་པ་རྣམས་ཀྱི་ཐུགས་ལགས་པས། །བླ་མེད་ཐར་ལམ་དྲང་བའི་ཕྱིར། །ཐུགས་ལ་དཔའ་བེའུའི་བཀྲ་ཤིས་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བདོ་བའི་ཕྱོགས་རྣམས་ཀུན་ལ་ཁྱད་པར་འཕགས། །ཐུགས་ཀ་ཉིད་ལ་མངོན་པར་གསལ་བར་སྟོན། །དཔའ་བེའུ་དབང་གི་བཀྲ་ཤིས་བཞི་བཅུ་པའོ །ཨ་བྷི༴ སྡོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་དུས་སུ་ཕྱག་ཞབས་འཁོར་ལོར་བཀྲ་ཤིས་པ་དེ་བཞིན་དུ་འཁོར་ལོའི་དབང་སྐུར་བས་ཕྱག་ཞབས་འཁོར་ལོས་མཚན་པའོ༴ འཁོར་ལོའི་བཀྲ་ཤིས་ཕྱག་ཞབས་མཐིལ། །སྐྱོབ་བའི་སངས་རྒྱས་འདྲེན་པའི་ལྷ། །ཉོན་མོངས་སེམས་ཅན་དམན་པའི་གསོས། །ཕྱག་ཞབས་འཁོར་ལོའི༴ གཞན་གྱིས༴ བདོ་བའི༴ ཕྱག་ཞབས་མཐིལ་ལ༴ འཁོར་ལོ་དབང་གི་བཀྲ་ཤིས་ཞེ་གཅིག་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་ལྗགས་པདྨར་བཀྲ་ཤིས་པ་དེ་བཞིན་དུ་པདྨའི་དབང་བསྐུར་བས་ལྗགས་པདྨས་མཚན་པའི་དབང་༴ གསུང་མཆོག་པདྨ་ཆོས་ཀྱིས་རྒྱལ། །ཉོན་མོངས་མ་གོས་པདྨའི་ཐུགས། །ཐམས་ཅད་སྒྲོལ་བའི་གསུང་ལགས་ཏེ། །ལྗགས་མཆོག་པདྨའི༴ གཞན་གྱིས༴ བདོ་བའི༴ ལྗགས་ཀྱི་མཆོག་ལ༴ པདྨ་དབང་གི་བཀྲ་ཤིས་ཞེ་གཉིས་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་དུས་སུ་སྐུ་རྒྱལ་མཚན་དུ་བཀྲ་ཤིས་པ་དེ་བཞིན་དུ་རྒྱལ་མཚན་གྱི་དབང་བསྐུར་བས་སྐུ་རྒྱལ་མཚན་གྱིས་མཚན་པའི༴ མི་ནུབ་རྒྱལ་མཚན་བརྟན་པའི་སྐུ། །ཐམས་ཅད་བདུད་ཀྱི་སྡེ་བཏུལ་ནས། །དཔུང་འཇོམས་སངས་རྒྱས་སྐུ་བསྟོད་དོ། །སྐུ་མཆོག་སངས་རྒྱས༴ གཞན་གྱིས༴ བདོ་བའི༴ སྐུ་ཡི་མཆོག་ལ༴ རྒྱལ་མཚན་དབང་གི་བཀྲ་ཤིས་ཞེ་གསུམ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་དུས་སུ་མགུལ་བུམ་པར་བཀྲ་ཤིས་པ་དེ་བཞིན་དུ་བུམ་པས་དབང་བསྐུར་བས་མགུལ་བུམ་པས་མཚན་པའི༴ བཀྲ་ཤིས་བུམ་པ་དམ་པ་འདི། །བཅོམ་ལྡན་འདས་ཀྱི་མགུལ་ལགས་ཏེ། །མགུལ་མཆོག་བཀྲ་ཤིས་འདི་བྱིན་པས། །བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །གཞན་གྱིས༴ བདོ་བའི༴ མགུལ་གྱི་མཆོག་ལ༴ བུམ་པ་དབང་གི་བཀྲ་ཤིས་ཞེ་བཞི་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་དུས་དབུ་ལ་གདུགས་སུ་བཀྲ་ཤིས་པ་དེ་བཞིན་དུ་གདུགས་ཀྱི་དབང་བསྐུར་བས་དབུ་གདུགས་ཀྱི་མཚན་པའི་དབང་༴ གདུགས་ཀྱིས་ཚ་བའི་སྡུག་བསྔལ་ཀུན་བསལ་ཏེ། །ཉོན་མོངས་མ་ལུས་ཀུན་ལས་རྒྱལ་བ་དང་། །ཆེ་བའི་ཡོན་ཏན་མ་ལུས་རྒྱས་པ་སྟེ། །ལོག་པའི་ཕྱོགས་རྣམས་ཟིལ་གྱིས་གནོན་པར་ཤོག །གཞན་གྱིས༴ བདོ་བའི༴ དབུ་སྐུའི་མཆོག་ལ༴ གདུགས་མཆོག་དབང་གི་བཀྲ་ཤིས་ཞེ་ལྔ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་དུས་སུ་ཚེམས་དུང་གིས་བཀྲ་ཤིས་པ་དེ་བཞིན་དུ་དུང་གི་དབང་བསྐུར་བས་ཚེམས་དུང་གིས་མཚན་བའི་དབང་༴ སྙན་པའི་སྒྲ་རྣམས་ཕྱོགས་བཅུར་སྒྲོག་པ་དང་། །མུ་སྟེགས་ལོག་པའི་ཕྱོགས་རྣམས་སྐྲག་བྱེད་ཅིང་། །སེམས་ཅན་ཀུན་གྱི་ཤེས་པ་གྲོལ་བའི་ཕྱིར། །གསུང་མཆོག་དུང་གི་རྒྱལ་པོའི་བཀྲ་ཤིས་ཤོག །གཞན་གྱིས༴ བདོ་བའི༴ གསུང་གི་མཆོག་ལ༴ དུང་དཀར་དབང་གི་བཀྲ་ཤིས་ཞེ་དྲུག་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་དུས་སུ་ཉྭ་བཞི་ཉར་བཀྲ་ཤིས་པ་དེ་བཞིན་དུ་ཉའི་དབང་བསྐུར་བས་སྤྱན་དང་ཉྭ་བཞིར་ཉས་མཚན་པའི་དབང་༴ ཕྱག་ཞབས་ཉྭ་ཤར་བྱིན་བརླབས་ཏེ། །འཇམ་མཉེན་ཡིད་འོང་ཀུན་གྱི་དཔལ། །ཉོན་མོངས་གནས་ནས་འདྲེན་མཛད་པ། །ཉ་ལྟར་ཉྭ་བཞིའི༴ གཞན་གྱིས༴ བདོ་བའི༴ ཉྭ་ཤ་བཞི་ལས༴ ཉྭ་བཞི་དབང་གི་བཀྲ་ཤིས་ཞེ་བདུན་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སྣ་ཚོགས་རྡོ་རྗེའི་དབང་བསྐུར་བས་ཕྲིན་ལས་བཞི་གྲུབ་པར་གྱུར་ཏོ། །དེ་བཞིན་དུ་རྒྱ་གྲམ་གྱི་དབང་བསྐུར་བས་རིག་སྔགས་འཆང་རྣམས་ཀྱིས་བསྲུང་ཞིང་ཕྲིན་ལས་བཞི་ཐོགས་པ་མེད་པར་གྲུབ་པའི་དབང་༴ དོགས་དང་སོམ་ཉི་མེད་པ་ལ། །གཙུག་ཏུ་རྒྱ་གྲམ་དབང་བསྐུར་བས། །རྡོ་རྗེ་འཛིན་པ་རྣམས་ཀྱིས་ཀྱང་། །བསྲུང་ཞིང་རྟག་ཏུ་སྐྱོབ་པར་ཤོག །ཕྲིན་ལས་ཐོགས་པ་མེད་པ་ཡི། །བྱ་བ་ཡེ་ཤེས་ནན་ཏན་ལ། །དགོས་པའི་དོན་རྣམས་ཀུན་གྲུབ་པའི། །དབང་གི་བཀྲ་ཤིས་ཞེ་བརྒྱད་པའོ། །ཨ་བྷི༴ སྔོན་ཞེས་པ་ནས་འཁོར་རྣམས་བར་འདི་མན་འགྲེ། ལ་ཅོད་པན་གྱི་དབང་བསྐུར་བས་རྡུལ་གྱི་བག་ཆགས་དང་བྲལ་བར༴ དེ་བཞིན་དུ་ཅོད་པན་གྱི་དབང་བསྐུར་བས་སྦྱོར་བ་ཁམས་གསུམ་ན་གནས་ཀྱང་སྡུག་བསྔལ་གྱི་བག་ཆགས་དང་བྲལ་བའི་དབང་༴ བཀྲ་ཤིས་རྟགས་ལྡན་དར་གྱི་ཅོད་པན་འདི། །དབང་གི་རང་བཞིན་དམར་པོ་འབར་བ་སྟེ། །དབང་བསྐུར་སྤྱི་བོར་བཏགས་པའི་ཡོན་ཏན་གྱིས། །དབང་གི་བཀྲ་ཤིས་དམ་པ་ཐོབ་པར་ཤོག །ཆོས་ཉིད་དར་དང་འདྲ་བ་མཚུངས་པ་ཡི། །དོན་དམ་ཉིད་དུ་རྟོགས་པ་མངོན་བྱུང་བ། །འདི་ཉིད་ལེགས་པའི་དོན་ཉིད་མངོན་སྟོན་པ། །ཅོད་པན་དབང་གི་བཀྲ་ཤིས་ཞེ་དགུ་པའོ། །ཨ་བྷི༴ སྔོན་༴ ལ་མཆོད་པ་རྣམ་ལྔའི་དབང་བསྐུར་བས་རྡོ་རྗེ་རྒྱལ་ཐེབས་ཀྱི་དབང་ཐོབ༴ དེ་བཞིན་དུ་མཆོད་རྫས་ཀྱི་དབང་བསྐུར་བས་རྡོ་རྗེ་རྒྱལ་ཐེབས་ལས་མཐའ་དག་བྱེད་པའི་དབང་༴ ཐབས་ཆེན་སྟོབས་ལྡན་མཆོད་འོས་རྣམ་པ་སྟེ། །དམིགས་པ་ལྔ་དང་ཏིང་འཛིན་ཆ་དབྱེ་སྟེ། །རྐྱེན་དང་འཚམས་པའི་མཆོད་པ་དམ་པ་འདི། །ཐམས་ཅད་ཕུལ་བས་སྟོབས་མཆོག་བཀྲ་ཤིས་ཤོག །དྲི་ཆབ་དྲི་བསང་མེ་ཏོག་མཛེས་པར་བཀྲམ། །བདུག་སྤོས་ཡིད་ཚིམ་ཨརྒ་བདུད་རྩིའི་ཆུ། །ལྷ་བཤོས་བྲོ་ལྡན་འོད་གསལ་མར་མེ་སྟེ། །མཆོད་རྫས་དབང་གི་བཀྲ་ཤིས་ལྔ་བཅུ་པའོ། ཨ་བྷི༴ སྔོན༴ ལ་ཉན་པའི་དབང་བསྐུར་བས་གསང་སྔགས་ཀྱི་རྒྱུད་མཐའ་དག་ཉན་པའི་དབང་ཐོབ༴ དེ་བཞིན་དུ་ཀ་པ་ལིའི་དབང་བསྐུར་བས་སྔགས་རྒྱུད་མཐའ་དག་ཉན་པའི་དབང༴ གདུང་བ་སེམས་བསྐྱེད་དད་པའི་ཤུགས་ཕྱུང་ནས། །བརྩོན་འགྲུས་ཤུགས་ཀྱིས་ཐམས་ཅད་ཐོབ་པ་དང་། །དད་པའི་ཤུགས་ཀྱིས་ཀུན་ཏུ་ཉན་པ་དང་། །ཤེས་རབ་སྟོབས་ཀྱིས་ཐམས་ཅད་ཤེས་པར་ཤོག །ཤེས་རབ་རྒྱ་ཆེ་ཉན་པའི་ཕྱོགས་མེད་བྱེད། །བདེ་བར་གཤེགས་པའི་བཀའ་བཞིན་རྗེས་སུ་སློབ། །སེམས་དང་ཆོས་ཉིད་གཉིས་སུ་མེད་པ་ཡི། །ཉན་པའི་དབང་གི་བཀྲ་ཤིས་ང་གཅིག་པའོ། །ཨ་བྷི༴ སྔོན༴ ལ་ཕྱགས་ཤིང་གི་དབང་བསྐུར་བས་ཐེག་པ་མཐའ་དག་འཆད་པའི༴ དེ་བཞིན་དུ་ཕྱགས་ཤིང་གི་དབང་བསྐུར་བས་ཐེག་པ་མཐའ་དག་འཆད་པའི་དབང་༴ རིན་ཆེན་ཕྱགས་ཤིང་འཁོར་བའི་ཁ་ལོ་འདྲེན། །འགྲོ་བ་མ་ལུས་ཐར་ལམ་གནས་སུ་བསྐྱེལ། སྐྱེས་མཆོག་དུག་གསུམ་སྨན་པའི་རྒྱལ་པོ་སྟེ། །མ་རིག་རྨོངས་པའི་འགྲོ་བ་འདྲེན་པར་ཤོག །གཏི་མུག་རྨོངས་པའི་ཤེས་པ་བཀྲོལ་ནས་ཀྱང་། །མ་རིག་ལོག་པར་རྟོག་པ་གྲོལ་མཛད་པ། །ཐུགས་རྗེ་ཆེ་བས་ཤེས་པ་རྒྱུད་འགྲོལ་བའི། །ཆོས་འཆད་དབང་གི་བཀྲ་ཤིས་ང་གཉིས་པའོ། །ཨ་བྷི༴ སྔོན༴ ལ་གླེགས་བམ་གྱི་དབང་བསྐུར་བས་ཆོས་ཀྱི་སྒོ་མོ་ཐམས་ཅད་ལ་མཁས་པའི༴ དེ་བཞིན་དུ་གླེགས་བམ་གྱི་དབང་བསྐུར་བས་ཆོས་ཀྱི་སྒོ་ཐམས་ཅད་ལ་མཁས་པའི་དབང་༴ གསུང་རབ་གླེགས་བམ་ཆོས་ཀྱི་གཟུགས་བརྙན་ཏེ། །ལེགས་པའི་ཡོན་ཏན་མ་ལུས་བསྐྱེད་མཛད་པའི། །ཐམས་ཅད་ཀུན་གྱི་དབང་པོ་སྒྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཅད་འཆད་པའི་དབང་ཐོབ་ཤོག །གསུང་རབ་ཆོས་འཆད་གཞུང་མཆོག་གླེགས་བམ་སྟེ། །ཆོས་ཉིད་སྒྲ་སྒྲོག་ཡི་གེ་ཕྲེང་བ་བསྐོར། །བློ་ལ་རབ་འབྲིང་ཇི་ལྟར་འཚམས་པར་སྟོན། །གླེགས་བམ་དབང་གི་བཀྲ་ཤིས་ང་གསུམ་པའོ། །ཨ་བྷི༴ སྔོན༴ ལ་རྡོ་རྗེ་དྲིལ་བུའི་དབང་བསྐུར་བས་ཡེ་ཤེས་ལྔ་ཐོབ་ནས་འགྲོ་བའི་དོན་བྱེད༴ དེ་བཞིན་དུ་རྡོ་རྗེ་དྲིལ་བུའི་དབང་བསྐུར་བས་ཡེ་ཤེས་ལྔ་རྟོགས་ནས་འགྲོ་བའི་དོན་བྱེད་པའི༴ དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུ་འབྲལ་མེད་པ་ཆོས་ཀྱི་དབང་མཆོག་སྟེ། །འབྲས་བུ་སྟོབས་ལྡན་ཕྱག་རྒྱ་ཆེན་པོ་ཉིད། །རྡོ་རྗེ་དྲིལ་བུ་འཆང་བའི་དབང་ཐོབ་ཤོག །རིག་པ་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །ཡེ་ཤེས་ལྔ་ཡི་རྟགས་ཀྱི་ངོ་བོ་ཉིད། །གཡོན་པའི་དྲིལ་བུས་གསུང་རབ་རྒྱ་མཚོ་སྒྲོག །ཐབས་ཤེས་དབང་གི་བཀྲ་ཤིས་ང་བཞི་པའོ། །ཨ་བྷི༴ སྔོན་རི་རིབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དབུ་རྒྱན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་བརྙེས་པའི༴ དེ་བཞིན་དུ་རིན་པོ་ཆེའི་དབུ་རྒྱན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་སྲིད་འཛིན་པའི༴ མྱ་ངན་འདས་པ་ཐུགས་རྗེའི་དཔལ། །རིན་ཆེན་དབུ་རྒྱན་ཆོས་ཀྱི་རྒྱལ། །དབང་དང་བྱིན་རླབས་སྦྱིན་པའི་ཕྱིར། །ཆོས་ཀྱི་རྒྱལ་སྲིད་བྱེད་པར་ཤོག །རིན་ཆེན་སྣ་ཚོགས་མཛེས་པའི་དབུ་རྒྱན་ཅན། །ལེགས་པར་ཀུན་སྐྱོབ་ཆོས་ཀྱི་རྒྱལ་སྲིད་མཐུ། །ཕྱག་རྒྱ་རིགས་ལྔ་མཐུ་དང་ལྡན་བྱེད་པའི། །དབུ་རྒྱན་དབང་གི་བཀྲ་ཤིས་ང་ལྔ་པའོ། །ཨ་བྷི༴ སྔོན༴ ལ་རིན་པོ་ཆེའི་དཔུང་རྒྱན་གྱི་དབང་བསྐུར་བས་མི་འཇིགས་པ་བཞི་ལ་མངའ་བརྙེས༴ དེ་བཞིན་དུ་དཔུང་རྒྱན་གྱི་དབང་བསྐུར་བས་མི་འཇིགས་པ་བཞིའི༴ མི་འཇིགས་ཕས་ཀྱི་རྒོལ་བ་ཐུལ་བ་དང་། །མཛེས་པའི་རྒྱན་མཆོག་བཀྲ་ཤིས་ཐུབ་པ་ཡི། །མངའ་མཛེས་ཕུང་པོའི་རྟགས་ཀྱི་དམ་པ་སྟེ། །རྒྱན་མཆོག་དམ་པ་སྟོན་པའི་དབང་ཐོབ་ཤོག །རིན་ཆེན་དཔུང་རྒྱན་ཤཱ་རི་ར་ཡི་རྒྱན། །ཆོས་ཉིད་དོན་རྟོགས་མཐུན་པར་བསྟན་པའི་ཕྱིར། །དགོངས་པ་ཏིང་འཛིན་ལེགས་པར་དབང་བསྐུར་བས། །དཔུང་རྒྱན་དབང་གི་བཀྲ་ཤིས་ང་དྲུག་པའོ། །ཨ་བྷི༴ སྔོན༴ ལ་དོ་ཤལ་ཕྲེང་བའི་དབང་བསྐུར་བས་ཆེ་བའི་ཡོན་ཏན་རྒྱས་ཤིང་མངའ་བརྙེས༴ དེ་བཞིན་དུ་དོ་ཤལ་གྱི་དབང་བསྐུར་བས་ཆེ་བའི་ཡོན་ཏན་རྒྱས་པའི་དབང་༴ རིན་ཆེན་ཕྲེང་བས་འགྲོ་བའི་རེ་བ་སྐོང་། །ཕྲེང་བ་དོ་ཤལ་འགྲོ་བའི་དོན་མཛད་པ། །སྐུ་ཡི་རྒྱན་མཆོག་ཡོན་ཏན་སྐུ་ལ་བརྒྱན། །ཕྲེང་ཐག་བཟང་པོས་ཕྲིན་ལས་རྒྱུན་མི་ཆད། །རྟག་ཏུ་ཡོན་ཏན་ཟླ་ལྟར་འཕེལ་བར་ཤོག །རིན་ཆེན་དབང་པོ་རྒྱས་པའི་ཡོན་ཏན་མཆོག །སྐུ་ཚེ་ཞིང་ཁམས་མཛད་པ་བསམ་མི་ཁྱབ། །འགྲོ་བའི་དབུལ་སེལ་བདེ་ལེགས་ཀུན་འབྱུང་བའི། །ཕྲེང་བ་དབང་གི་བཀྲ་ཤིས་ང་བདུན་པའོ། །ཨ་བྷི༴ སྔོན༴ ལ་ཕྱག་གདུབ་ཀྱི་དབང་བསྐུར་བས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་ཐོབ༴ དེ་བཞིན་དུ་གདུ་བུའི་དབང་བསྐུར་བས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་༴ སིལ་སྙན་མཛེས་པའི་རྒྱན་ལེགས་ཏེ། །ཡིད་དུ་འོང་བའི་ཕྱག་གདུབ་འདི། །འབྲས་བུ་ཐོབ་པའི་དབང་མཆོག་སྟེ། །འགྲོ་བའི་ཡིད་དུ་འོང་བར་ཤོག །རིན་ཆེན་ཕྱག་གདུབ་དམ་པ་འདི། །ལེགས་པར་མཛེས་པའི་ཡོན་ཏན་གྱིས། །ངེས་ལེགས་ཡོན་ཏན་ཀུན་འབྱུང་བའི། །དབང་གི་བཀྲ་ཤིས་ང་བརྒྱད་པའོ། ཨ་བྷི༴ སྔོན༴ ལ་ཞབས་གདུབ་ཀྱི་དབང་བསྐུར་བས་སྟོབས་བཅུའི༴ དེ་བཞིན་དུ་ཞབས་གདུབ་ཀྱི་དབང་བསྐུར་བས་སྟོབས་བཅུ་ལ་མངའ་བརྙེས་པའི་དབང་༴ རྒྱན་གྱི་བྱེ་བྲག་རྒྱལ་པོའི་ཚུལ། །རྡོ་རྗེ་ཞབས་ཀྱི་ཆས་རབ་འདི། །ཁྱོད་ཀྱི་ཞབས་ལ་དབང་བསྐུར་བས། །འགྲོ་བའི་དོན་ལ་ཆགས་པར་ཤོག །རིན་ཆེན་ཞབས་གདུབ་དམ་པ་འདི། །ལེགས་པར་མཛེས་པའི་ཡོན་ཏན་གྱི། །ངེས་པར་མཛད་པའི་ཡོན་ཏན་གྲུབ། །དབང་གི་བཀྲ་ཤིས་ང་དགུ་པའོ། །ཨ་བྷི༴ སྔོན༴ ལ་དར་དཔྱངས་ཀྱི་དབང་བསྐུར་བས་འཁོར་འདས་ཀྱི་ཆོས་ལ་དབང་༴ དེ་དང་རྗེས་སུ་མཐུན་པར་དར་དཔྱངས་ཀྱི་དབང་བསྐུར་བས་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་དབང་༴ དར་དཔྱངས་གྱེན་དུ་འཕུར་བ་ནི། །ཆོས་ཀྱི་སྐུ་དང་གཉིས་སུ་མེད། །འཕྲེད་དང་མཐུར་དུ་འཕྱང་བ་ནི། །ལོངས་སྤྲུལ་སྐུ་གཉིས་ཐོབ་པར་ཤོག །དམར་པོ་གཡས་འཕུར་ཆོས་ཉིད་མངོན་དུ་རྟོགས། །སྔོན་པོ་འཕྲེད་འཕུར་ཕྲིན་ལས་རྣམ་བཞི་མཛད། །མཐིང་ཁ་དམར་ལྗང་ཀླུ་གདུག་ཟིལ་གནོན་པའི། །དར་དཔྱངས་དབང་གི་བཀྲ་ཤིས་དྲུག་ཅུ་པའོ། །ཨ་བྷི༴ སྔོན༴ ལ་རྡོ་རྗེ་མིང་གི་དབང་བསྐུར་བས་རིགས་ངེས་པའི་རྫས་སུ་གྱུར་ཏེ་རྡོ་རྗེ་འཆང་གི་གྲལ་ཐོབ༴ དེ་བཞིན་དུ་རྡོ་རྗེའི་མིག་གི་དབང་བསྐུར་བས་ངེས་པའི་སྲས་ཀྱི་དབང་༴ རྡོ་རྗེ་མིང་མཆོག་དམ་པའི་དཔེ་ལས་གྲས། །ཐུགས་ལས་གསུང་དུ་བྱུང་ནས་བཏགས་པ་འདི། །དག་ཅིང་ཚུལ་བཞིན་ཡིད་ལ་བསྐུར་བ་ཡིས། །ཐམས་ཅད་སྟོན་པའི་མིང་མཆོག་ཐོབ་པར་ཤོག །སྟོན་པའི་ཐུགས་རྗེས་ངེས་པའི་མིང་བཏགས་པ། །ཐུགས་ཀྱི་ངང་ནས་ངེས་པའི་སྲས་སུ་མཛད། །རྡོ་རྗེ་འཆང་གི་དབང་ཐོབ་མཚན་གྱི་དབང་། །མཚན་མཆོག་དབང་གི་བཀྲ་ཤིས་རེ་གཅིག་པའོ། ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་རིགས་བཞིའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལ་མངོན་ཤེས་ལྔའི་དབང་བསྐུར་བ་དང་འབྲས་བུ་རི་རབ་ཀྱི་རྩེར་རིན་པོ་ཆེའི་ཁང་པར་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་སུ་མངོན་པར་བྱང་ཆུབ་པ་ལྔས་དབང་བསྐུར་བས་འབྲས་བུ་རི་རབ་ཀྱི་རྩེར་མངོན་པར་བྱང་ཆུབ་པར་གྱུར་ཅིག །མངོན་ཤེས་ལྔ་ལྡན་འབྲས་བུ་ས་བཅུ་འདས། །ཡི་གེ་འཁོར་ལོ་རྫོགས་པ་ཆེ་ལ་གནས། །འབྲས་བུ་དམ་པ་མངོན་པར་སངས་རྒྱས་ཏེ། །ལོངས་སྤྱོད་རྫོགས་པའི་དབང་མཆོག་ཐོབ་པར་ཤོག །དབང་མཆོག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིས། །ཆོས་རྣམས་ཐམས་ཅད་མ་ལུས་ཐོབ་པ་སྟེ། །རྡོ་རྗེ་རྒྱལ་པོའི་དབང་མཆོག་ཡོངས་རྫོགས་པའི། །ཕྱི་ཡི་དབང་གི་བཀྲ་ཤིས་རེ་གཉིས་པའོ། །ཨ་བྷི་ཥིཉྩ་ཧཱུཾ། ཙིཏྟ་པྲ་ཏི། བཻ་རོ་ཙ་ན། ཡ་ཐ་ཙིཏྟ། ཏ་ཐཱ་ཙིཏྟ། ཨ་ཧཾ་ཙིཏྟ། ༀ་ཧཱུཾ་ཏྲཾ་ཧྲཱིཿཨ། ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཡོ་གའི་དབང་དྲུག་ཅུ་རྩ་གཉིས་པོ་རྫོགས་པར་བསྐུར་རོ། །དེ་ནས་བུམ་པའི་དབང་ཡང་བསྐུར་འཐུང་ཁྲུས་བྱའོ། །ཞེས་གསུངས་པས་སླར་ཡང་རྟེན་བྱེད་དུ་བུམ་དབང་བསྐུར་ཞིང་ཆུ་འཐུང་ཁྲུས་བྱའོ། །དེས་དབང་དངོས་གཞིའི་རིམ་པ་རྣམས་ལེགས་པར་གྲུབ་པ་ཡིན། དེ་ནས་རྩ་བའི་ས་བཅད་ཉེར་གཉིས་པ་ལམ་འཁྱེར་བཞི་ནང་གསེས་དང་བཅས་པའི་དང་པོ་རྩ་བའི་ས་བཅད་ཉེར་གསུམ་པ་ཐེག་པ་ལམ་འཁྱེར་ལ་འཇུག་སྒོ་སོགས་དྲུག་ཡོད་པ་འོག་ཏུ་འཆད། གཉིས་པ་ལྷ་དང་། གསུམ་པ་སྙིང་པོ། བཞི་པ་དབང་ལམ་འཁྱེར་རྣམས་ནི་རྩ་བར། ལམ་འཁྱེར་བཞི། ལྷ་རིགས་ལྔས་གཙོ་བྱས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས། སྙིང་པོ་ༀ་བུདྡྷ་བཻ་རོ་ཙ་ན་ༀ། ༀ་བཛྲ་ཨཀྵོ་བྷྱཿཧཱུཾ། ༀ་རཏྣ་སམྦྷ་ཝ་ཏྲཾ། ༀ་པདྨ་ཨ་མི་དེ་ཝ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿ ཞེས་པའོ། །དབང་ཡོ་ག་དྲུག་ཅུ་རྩ་གཉིས་སོ། །ཞེས་གསུངས་པའི་དོན་ལྷ་ལམ་འཁྱེར་དུ་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་ནི་ལྷ་ལམ་འཁྱེར་གྱི་གཙོ་བོ་དང་། རྒྱུན་པར་རིགས་ལྔ་བསྒོམ་པའོ། །སྙིང་པོ་འདི་རྣམས་དང་འཁོར་གྱི་སྔགས་རྣམས་དང་། དུརྒ་སོགས་བཟླ། དབང་ནི་བཤད་མ་ཐག་པ་ལྟར་རོ། །ཐེག་པ་ལམ་འཁྱེར་ནང་གསེས་དང་བཅས་པ་རྣམས་ནི། རྩ་བར། ཐེག་པ་ཡོ་གའི་ཐེག་པའོ། །འཇུག་སྒོ་ཏིང་ངེ་འཛིན་གཙོ་ཆེ་སྟེ། མཚན་བཅས་ལྷའི་དཀྱིལ་འཁོར་དང་། མཚན་མེད་ཆོས་ཉིད་གཉིས་སོ། །དེའང་རྡོ་རྗེ་རྩེ་མོ་ལས། །དཀའ་ཐུབ་སྨྱུང་གནས་འདིར་མི་དགོས། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །བདག་ཏུ་སྦྱོར་བས་འགྲུབ་བར་འགྱུར། །ཞེས་སོ། །ལྟ་བ་དོན་དམ་པའི་བདེན་པ་མཚན་ཉིད་མེད་པའི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རྟོགས་པའི་དབྱིབས་ལྷའི་དཀྱིལ་འཁོར་དུ་འདོད་དེ། གཏེར་གཏད་ལས། རིགས་ལྔ་གསལ་བ་གྲོགས་པོའི་ཚུལ། །དམ་པ་རྣམ་སྣང་ཆེན་པོར་རྟོགས། །ཞེས་སོ། །བསྲུང་བའི་དམ་ཚིག་ནི་རབ་བྱུང་གི་བསླབ་པ་གསུམ་ལྡན་དུ་བསྲུང་། ཁྱིམ་པས་རིགས་ལྔའི་དམ་ཚིག་བསྲུང་སྟེ། རྩེ་མོ་ལས། གལ་ཏེ་རབ་ཏུ་བྱུང་བ་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །ཁྱིམ་པའི་ཚུལ་དུ་བྱ་བ་ནི། །རིགས་ལྔ་རྒྱལ་པོ་རྟག་ཏུ་བསྲུང་། །ཞེས་སོ། །སྒོམ་པའི་ཏིང་ངེ་འཛིན་ནི། །ཡིག་འབྲུ། ལྷ་སྐུ། དམ་ཚིག་པ་ཡེ་ཤེས་སེམས་དཔའ་གྲོགས་པོའི་ཚུལ་དུ་དམིགས་ནས་མངོན་བྱང་ལྔ་སྒོམ་མོ། །དེའང་ཆོས་ཉིད་སྟོང་པ། གདན་པད་ཟླ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་སོ། །སྤྱོད་པ་ནི། ལྷའི་ཏིང་འཛིན་དང་མ་བྲལ་བས་ཕྲིན་ལས་བཞིའི་སྒོ་ནས་རང་གཞན་གྱི་དོན་གཙོ་བོར་བྱེད་པ་སྟེ། རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །གསང་རྫས་ཀྱང་སྐབས་སུ་སྤྱོད་དེ། དཔའ་མཆོག་ལས། མགོ་བོ་ཐོད་པའི་དུམ་བུ་དག །མ་མོ་རྟེན་པའི་རྫས་སུ་བཞག །བུམ་པ་ཁྲག་གིས་བཀའ་བ་ཡང་། །དཀྱིལ་འཁོར་གྲ་བཞིར་བཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། དོན་དམ་པའི་ཡེ་ཤེས་རྟོགས་པའི་ཆོས་སྐུ། །རིགས་ལྔ་ལོངས་སྐུ། དེ་ལས་ཤར་བ་སྤྲུལ་སྐུའོ། །གཏེར་གཏད་ལས། རིགས་ལྔར་ཤར་བ་གྲོགས་པོའི་ཚུལ། །དམ་པ་རྣམ་སྣང་ཆེན་པོར་རྟོགས། །ཡན་ལག་དགུ་ལྡན་སྟུག་པོ་བཀོད། །ཅེས་སོ། །འགག་ནི། གནས་ལྷ་བྱ་སྐད་སྙན་ལྗོན་ཤིང་གི་ཚལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུའོ། །སྟོན་པ་ནི་སློབ་དཔོན་ཆེན་པོ་ཀུ་མ་ཏིའོ། །འཁོར་སློབ་མ་ནི་རྡོ་རྗེ་ཁྱུང་གྲགས་རྩལ་ལ་སོགས་པའོ། །དབང་གི་ཡོ་གའི་དབང་དྲུག་ཅུ་རྩ་གཉིས་སོ། །རྒྱུ་མཚན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཆེ་བའི་ཡོན་ཏན་བརྗོད་པའོ། །དགོས་པ་ནི་དབང་དེ་ཐོབ་པས་བཀྲ་ཤིས་ཤིང་རྒྱུད་ལ་ཡོན་ཏན་སྐྱེ་བའོ། །དེ་ནས་དབང་དེ་མི་ཉམས་ཤིང་བརྟན་པའི་ཕྱིར་གདམས་ངག་གསལ་གདབ་པ་ནི། རང་གི་སྙིང་གི་དཀྱིལ་འཁོར་དུ་དྭངས་མ་ཆེན་པོ་ལྔ་གནས་པ་ནི་རང་བཞིན་གྱི་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་གདོད་མ་ནས་གནས་པའོ། །དེ་ཡང་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་ཞིག་བསམ། དེ་གསལ་བ་དང་། ནམ་མཁའི་དཀྱིལ་འཁོར་ནས་ཐིགས་པ་ཤར། །ཞེས་པ་ཐིག་ལེ་དཀར་པོ་དེ་ཡས་མར་བབས་པས་སྙིང་གི་དཀྱིལ་དུ་དྭངས་མ་རིགས་ལྔར་གནས་པ་ལ་གཉིས་མེད་དུ་འདྲེས་པར་བསམ། དེ་དོན་དམ་པ་མཚན་ཉིད་མེད་པའི་ངོ་བོ་ཉིད་དོ། །རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་ལྷར་སྣང་བ་ནི་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ། དེའི་རང་བཞིན་གཉིས་སུ་མེད་པའི་ངང་ལས་བློ་མ་བཅོས་པར་གནས་པ་དབྱིངས་ཆོས་ཉིད་ཡིན་ནོ། །ཞེས་གསུངས་པའི་ཐེག་པའི་འཇུག་སྒོ་མཚན་བཅས་དང་མཚན་མེད་ཀྱི་ཆོས་ཉིད་གཉིས་དང་། རྡོ་རྗེ་རྩེ་མོའི་དོན་བཞིན་ཁྲུས་དང་གཙང་སྦྲ་དཀའ་ཐུབ་སྨྱུང་གནས་སོགས་ལ་མ་ལྟོས་པར་སྤྱད། ལྟ་བ་མཚན་ཉིད་མེད་པའི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ། ཚུལ་ཁྲིམས་ནི་རབ་བྱུང་གི་བསླབ་པ་གསུམ་དང་། ཁྱིམ་པས་རིགས་ལྔའི་དམ་ཚིག་བསྲུང་། སྒོམ་པའི་ཏིང་ངེ་འཛིན་ནི་མངོན་བྱང་ལྔའི་ཚུལ་གྱིས་སོ། །སྤྱོད་པ་ནི་ལྷའི་ཏིང་འཛིན་གྱི་ངང་ནས་ཕྲིན་ལས་རྣམ་བཞིའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པའོ། །འབྲས་བུ་དོན་དམ་རྟོགས་པའི་ཆོས་སྐུའི་གདངས་གཞན་དོན་དུ་ལོངས་སྐུ། ལོངས་སྐུ་ལས་སྤྲུལ་སྐུ་རྣམས་ཐོབ་བོ། །རྩ་བའི་ས་བཅད་ཉེར་ལྔ་པ་གདམས་ངག་ངང་སྒོམ་གྱི་འཁྲིད་ཚུལ་ནི། རང་གི་སྙིང་གི་དཀྱིལ་དུ་དྭངས་མ་ཁ་དོག་ལྔ་ལྡན་ནི་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གདོད་མ་ནས་གནས་པ་དང་། རང་གི་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་ཞིག་ཀྱང་གསལ་བཏབ། དེ་གསལ་བ་དང་། ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །ཞེས་པའི་དོན་སྤྱི་བོའི་ཐིག་ལེ་དཀར་པོ་དེ་ཡས་ནས་མར་བབས་པས་སྙིང་གི་དཀྱིལ་དུ་དྭངས་མ་རིགས་ལྔས་གནས་བ་དང་གཉིས་མེད་དུ་འདྲེས་པར་བསམ་ལ། དོན་དམ་མཚན་ཉིད་མེད་པའི་ངང་ལ་ཅི་ནུས་སུ་མཉམ་པར་བཞག །རྗེས་ཐོབ་ནི་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་ལྷར་སྣང་བ་ནི་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་དེའི་རང་བཞིན་གཉིས་མེད་ཀྱི་ངང་ལ་ཤེས་པ་མ་བཅོས་པར་བཞག་པ་དབྱིངས་ཀྱི་ཆོས་ཉིད་ཡིན་པས་དེ་ལྟར་ལམ་དུ་འཁྱེར་རོ། །རྩ་བའི་ས་བཅད་ཉེར་བཞི་པ་འགག་དྲུག་ནི་གཞུང་ལྟར་རོ། །དེ་དག་གི་རིམ་པས་ཡོ་ག་རྣལ་འབྱོར་རྒྱུད་ཀྱི་སྨིན་གྲོལ་གྱི་ལམ་རྣམས་ལེགས་པར་གྲུབ་པའི་དམ་ཚིག་ཁས་བླངས་ཀྱི་དོན་དུ་འདིའི་རྗེས་ཟློས་མཛོད། དམ་ཚིག་བསྡུས་ཏེ་ཁང་བླང་བ། གཏང་རག་མཎྜལ། བྲན་དུ་ཁས་བླངས། དེའི་དགེ་བ་བསྔོ་བ་སོགས་སྔ་མ་ལྟར་རོ། །རྩ་བའི་ས་བཅད་ཉེར་དྲུག་པ་བཀྲ་ཤིས་ནི། རྩ་བར། མེ་ཏོག་བཀྲམ་ལ་རོལ་མོ་དང་བཅས་པས། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པ་མཐའ་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །དགེ་བ་མཉམ་མེད་སེམས་ཅན་དོན་རྫོགས་རབ་ལྡན་པ། །མགོན་པོ་ཡོན་ཏན་མཐའ་དག་རྫོགས་པའི༴ བཀྲ་ཤིས༴ སངས་རྒྱས་ཀུན་གྱི་ཡོན་ཏན་རྣམས་ཀྱིས་བརྒྱན་བྱས་ཤིང་། །ཡང་དག་འབྱོར་བའི་སྦྱིན་པ་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི༴ བཀྲ་ཤིས༴ བསམ་གཏན་དང་ནི་ཏིང་འཛིན་ཕ་རོལ་ཕྱིན་གནས་ཤིང་། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་པའོ། །འོད་དཔག་མེད་པའི་བྱིན་རླབས༴ བཀྲ་ཤིས༴ སེམས་ཅན་དོན་ཕྱིར་ལས་ལ་ཐུགས་ནི་སྦྱོར་མཛད་པའི། །འགྲོ་བ་ཐམས་ཅད་འཆིང་བས་བཅིངས་ལས་སྒྲོལ་མཛད་པ། །ཐུགས་མཆོག་དོན་ཡོད་གྲུབ་པའི༴ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ལ་མེ་ཏོག་གཏོར། རྩ་བར། དེ་ནས་དཀྱིལ་འཁོར་ལ་མཆོད་བསྟོད་དངོས་གྲུབ་བླངས། བཟོད་གསོལ་གཤེགས་གསོལ་བྱ། དཀྱིལ་འཁོར་བསྡུ། བླ་མ་ལ་ཡོན་དབུལ། ཞེས་གསུངས་པའི་བླ་མ་ལ་ཡོན་དབུལ་བ་ནི་གཏང་རག་མཎྜལ་གྱིས་འཐུས། གཞན་རྣམས་འདི་ལྟར། དཀྱིལ་འཁོར་གྱི་མཆོད་པ་རྣམས་གསར་དུ་བཤམ་པའམ་ཞལ་གསོས་ཏེ་སྔར་བཞིན་བསང་སྦྱང་། བྱིན་གྱིས་བརླབས་ཏེ་འབུལ་བ་ནི། ལྷ་སྟ་གོན་གྱི་སྐབས་ལྟར་གནས་མཆོག་འདི་འམ་གཞན་དག་ཏུ། །ལྷ་སོགས་བདག་གིར་མ་བྱས་པའི། །ཞེས་སོགས་རོལ་མོའི་བར་དུ་ཕུལ་ལ། བསྟོད་པ་ཡང་སྟ་གོན་ལྟར། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཞེས་སོགས་རིགས་ལྔ་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད། དངོས་གྲུབ་བླང་བ་ནི། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་བཏབ། ཡིག་བརྒྱ་ལན་གསུམ་དང་། གཞན་ཡང་སྔགས་གཞུང་སྤྱི་ལྟར་བཅད་ལྷུག་གི་སྒོ་ནས་ཉེས་བྱས་བཤགས་ཏེ་བཟོད་པར་གསོལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམིགས་ཏེ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་རྗེས་སུ། ༀ་བཛྲ་སཏྭ་ཧཱུཾ། ལན་གསུམ་གྱི་ཐལ་མོ་སྤྱི་བོར་བཀོད། བཛྲ་མུཾཿ ཞེས་སེ་གོལ་ལག་གཉིས་ཕྱིར་བསྣོལ་དུ་གཏོག་པས། རྡུལ་ཚོན་དང་བུམ་ནང་གི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་བདག་ལ་བསྡུ། རྡོ་རྗེའི་རྩེས་དབང་ལྡན་གྱི་མེ་རི་ནས་དབུས་ཀྱི་བར་དྲུད་ཅིང་བསྡུས་ཏེ་ཐིག་ཤུལ་ཀྱང་དབྱིའོ། །བདག་བསྐྱེད་རྡོར་སེམས་ཀྱང་དར་ཅིག་མི་དམིགས་པར་བསམ་ལ། སླར་ཡང་གཞན་དོན་དུ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་ཏེ། ༀ་བཛྲ་སཏྭ་ཧཱུཾ། ཞེས་ང་རྒྱལ་བཟུང་། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་བཛྲ་སྭཱ་བྷཱ་ཝ༴ ཙིཏྟ་བཛྲ་སོགས། རིགས་ལྔ་དང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ༀ་བཛྲ་ཀརྨཱ་ཀ །ༀ་བཛྲ་རཀྵ་ཧཱུཾ། ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་སནྡྷི་བཾ། ཞེས་ལས་ཀྱི་སེམས་དཔའ་བཞིས་བསྲུང་ངོ་། །འདི་རྣམས་ཉང་གཏེར་རྡོར་དབྱིངས་ཀྱི་དགོངས་པ་ལྟར་རོ། །རྩ་བའི་ས་བཅད་ཉེར་བདུན་པ་བསྔོ་བ་ནི། རྩ་བར། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། ཞེས་གསུངས་པས་བསྔོ་སྨོན་གྱི་རིམ་པ་དང་། གོང་ལྟར་བཀྲ་ཤིས་བྱའོ། །ནུབ་མོ་ཞི་ཁྲོའི་ཕྲིན་གཞུང་ཚོགས་བསྐང་རྣམས་ཀྱང་སྔ་མ་ལྟར་རོ། །ཡོ་གའི་ཆོ་གའོ། །རྣལ་འབྱོར་ཡོ་གའི་ཆུ་ཀླུང་མཐའ་ཡས་པ། །རྡོ་རྗེ་དབྱིངས་ཀྱི་རྒྱ་མཚོར་རབ་འདྲེན་པའི། །ལེགས་བཤད་རིན་ཆེན་འབྱུང་བའི་ཆུ་གཏེར་འདི། །རྣམ་དཔྱོད་མ་དྲོས་ཀླུང་གི་དཔལ་ལས་ཐོན། །འཁོར་ལོའི་མགོན་པོ་ཡོངས་འཛིན་ཀླུ་དབང་ཚོགས། །བསྟེན་ཕྱིར་གཞུང་ལུགས་རྒྱ་མཚོ་མང་མཐོང་བས། །ཐར་འདོད་ལས་སྟེགས་གྲུ་གཟིངས་འདི་སྦྱར་བ། །དོན་མཐུན་བློ་གསལ་ཚོགས་ཀྱིས་བཟུང་བྱའི་གནས། །སྔ་འགྱུར་བླ་མེད་རྒྱ་མཚོའི་ཀློང་ཆེན་པོར། །བྱ་སྤྱོད་རྣལ་འབྱོར་ཆུ་ཀླུང་རོ་གཅིག་ཏུ། །གྱུར་སླད་རྙོག་མའི་དྲི་མར་གྱུར་པ་ཀུན། །རང་གཞུང་ཀེ་ཏ་ཀ་ཡིས་དྭངས་པར་བྱས། །ཡོ་གའི་སྒྲུབ་དཀྱིལ་ས་བོན་ཆེས་ཕྲ་ཡང་། །གསར་རྙི ང་བཀའ་གཏེར་དྲོད་གཤེར་གྱིས་སྨིན་པས། །རིག་འཛིན་ཡོངས་འདུའི་ལྗོན་པ་རྒྱ་ཆེ་བ། །ཕན་བདེའི་ལོ་འབྲས་བཞད་པའི་དགའ་སྟོན་སྟེར། །རང་གཞུང་ཡོ་གའི་ཤིང་རྟ་བཟང་པོ་ལ། །ཉང་གཏེར་འཁོར་ལོའི་འཕྲུལ་སྦྱར་གཞན་ཕན་བློས། །མཐའ་ཡས་རིན་ཆེན་དུ་མའི་ལེགས་བཤད་ཀྱིས། །རབ་བརྒྱན་རྣམ་མཁྱེན་བགྲོད་པའི་ངལ་འཚོའི་སྟེགས། །འདི་ལྟའི་རིང་སྲོལ་དྲི་མེད་མ་བཟུང་བར། །བློས་བྱས་རང་བཟོའི་འཁྱོག་ལམ་ངལ་བསྟེན་ཡང་། །གོལ་སའི་གཡང་ལ་རང་གཞན་ཀུན་ལྷུང་བས། །དྲི་མེད་རྒྱུད་སྡེའི་ལམ་བཟང་འདི་བསྟེན་ཅིག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སརྦ་མདྒ་ལཾ།། །།


previousའདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་དང་པོ། རིག་འཛིན་པདྨ་ཕྲིན་ལས།no next