Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་བརྒྱད་པ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
མདོ་སྒྱུ་སེམས་གསུམ་གྱི་དབང་གི་ས་བཅད།
  
  
  
 
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousམདོ་སྒྱུ་སེམས་གསུམ་གྱི་དབང་གི་ས་བཅད།next

མདོ་སྒྱུ་སེམས་གསུམ་གྱི་དབང་གི་ས་བཅད།

མདོ་སྒྱུ་སེམས་གསུམ་གྱི་དབང་གི་ས་བཅད་བཞུགས་སོ། །འཁོར་འདས་ཡོངས་ལ་ཁྱབ་པ་ཆོས་ཀྱི་སྐུ། །ཐུགས་རྗེ་འགགས་པ་མེད་པ་གཟུགས་ཀྱི་སྐུ། །བདག་གཞན་དོན་གཉིས་ཡོངས་སུ་རྫོགས་པའི་སྐུ། །དཔལ་ལྡན་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་མདོ་སྒྱུ་སེམས་ཀྱིས་དབང་ལ་ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ཀླད་ཀྱི་དོན་ལ་གསུམ་སྟེ། །ཚིག་བཞིས་མཚན་བསྟན་པ་དང་། བླ་མ། དཀོན་མཆོག་གསུམ། ཡི་དམ་མཁའ་འགྲོ། ཆོས་སྐྱོང་རྣམས་ལ་ཚིག་བཅད་རེ་རེས་མཆོད་པར་བརྗོད་པ་དང་། ཚིགས་བཅད་བཞིས་འགག་བསྡུས་ཏེ་བཤད་པ་དམ་བཅའ་བའོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། ཡིད་ཆེས་ཞིང་ཁུངས་བཙུན་པར་བྱ་བའི་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་གདམས་ངག་དངོས་དང་། རྩིས་ཆེ་བས་གཏད་རྒྱ་བསྟན་པའོ། །དང་པོ་ལ་གསུམ། རྒྱུད་མ་ཧ་ཡོ་གའི་བརྒྱུད་པ་དང་། ལུང་ཨ་ནུ་ཡོ་གའི་བརྒྱུད་པ་དང་། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་པའོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་ལ་གཉིས་ཏེ། སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པའོ། །དང་པོ་ལ་གཉིས་སྟེ། སྒྲུབ་པ་དང་། དབང་ངོ་། དང་པོ་སྒྲུབ་པ་ལ་གཉིས་སྟེ། ཕུན་སུམ་ཚོགས་པ་དྲུག་གིས་གཞི་གཟུང་བ་དང་། བསྙེན་སྒྲུབ་བཞིས་གཞུང་བསྲང་པ་དང་གཉིས་སོ། །དང་པོ་ལ། སྟོན་པ། གནས། འཁོར། ཡོ་བྱད། དུས། སྒྲུབ་པ་པོ། ཕུན་སུམ་ཚོགས་པ་དང་དྲུག་གོ །གཉིས་པ་བསྙེན་སྒྲུབ་ལ་བཞི་སྟེ། བསྙེན་པ། ཉེ་བསྙེན། སྒྲུབ་པ། བསྒྲུབ་ཆེན་ནོ། གཉིས་པ་དབང་ལ་གསུམ་སྟེ། ནུབ་དང་པོ་ས་ཆོག །ནུབ་གཉིས་པ་སྟ་གོན། ནུབ་གསུམ་པ་དངོས་གཞིའོ། །དང་པོ་ལ་བརྒྱད་སྟེ། ས་གཞི་སྤྱི་མཚན་དུ་བརྟག་པ་དང་། རང་མཚན་བརྟགས་པ་དང་། ས་བསླང་བ་དང་། དབང་དུ་བྱ་བ་དང་། སྦྱངས་བ་དང་། བྱིན་གྱིས་བརླབས་པ་དང་། བསྲུང་བ་དང་། གཟུང་བའོ། །དང་པོ་ལ་གཉིས་སྟེ། ནམ་མཁའ་བརྟགས་པ་དང་། གནས་ཀྱི་རི་བརྟག་པ་དང་། གཉིས་པ་རང་མཚན་དུ་བརྟགས་པ་ལ་གཉིས་ཏེ། ངན་པ་དང་། བཟང་བའོ། །གསུམ་པ་ས་བསླང་བ་ལ་གཉིས་སྟེ། །མངོན་པ་མི་ལ་སློང་བ་དང་། །མི་མངོན་པ་མི་མ་ཡིན་ལ་སླང་བའོ། །མི་མངོན་པ་ལ་སླང་བ་ལ་གཉིས་ཏེ། །བདེ་བར་གཤེགས་པ་ལ་སླང་བ་དང་། སའི་ལྷ་མོ་ལ་སླང་བའོ། །བཞི་པ་དབང་དུ་བྱ་བ་ཕུར་བུ་གདབ་པའོ། །ལྔ་པ་སྦྱངས་པ་ལ་བཞི་སྟེ། །ལས་དང་བྱ་བས་སྦྱོང་བ་དང་། མེས་སྦྱང་བ་དང་། སྔགས་དང་ཕྱག་རྒྱས་སྦྱང་བ་དང་། །ཏིང་ངེ་འཛིན་གྱིས་སྦྱང་བའོ། །ཏིང་འཛིན་གྱིས་སྦྱང་བ་ལ་གཉིས་ཏེ། མཚན་མ་མེད་པ་དང་། མཚན་མ་དང་བཅས་པའོ། །དྲུག་པ་བྱིན་གྱིས་བརླབས་པ་གར་ཆམས་སོ། །བདུན་པ་བསྲུང་བ་ལ་གསུམ་སྟེ། །ཕྱི་མཚམས་དང་ནང་མཚམས་དང་། གསང་མཚམས་སོ། །དང་པོ་ལ་གསུམ་སྟེ། རྒྱལ་ཆེན་ཕྱོགས་སྐྱོང་གིས་ཕྱིའི་ཕྱི་མཚམས་བཅད་པ་དང་། ཕྱིའི་ནང་མཚམས་དམ་སྲི་བརྡུང་ཞིང་མནན་པ་བྱ་བ་དང་། ཕྱིའི་གསང་མཚམས་སྒོ་བྱང་གདགས་པའོ། །གཉིས་པ་ནང་མཚམས་ལ་གསུམ་སྟེ། ནང་གི་ཕྱི་མཚམས་ཁྲོ་བཅུའི་ཕུར་པ་བགེགས་ལ་གདབ་པ་དང་། ནང་གི་ནང་མཚམས་མཚོན་ཆ་འཆོལ་བས་མཚོན་ཆའི་གུར་ཕུབ་པ་དང་། ནང་གི་གསང་མཚམས་ཁྲོ་བཅུའི་སྟང་སྟབས་ཀྱིས་བགེགས་རིགས་ཟིལ་གྱིས་མནན་པའོ། །གསུམ་པ་གསང་བའི་མཚམས་ལ་གསུམ་ཏེ། གསང་བའི་ཕྱི་མཚམས་བདུད་རྩི་འཁྱིལ་བ་དང་། མི་གཡོ་བས་དམ་སྲིའི་བར་ཆད་ཚར་བཅད་པ་དང་། གསང་བའི་ནང་མཚམས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱིས་ཡེ་ཤེས་སུ་བསྒོམས་པ་དང་། གསང་བའི་གསང་མཚམས། གསང་བའི་དམ་སྲི་བདུད་རྩིའི་བསང་གཏོར་གྱིས་རྡུལ་ཕྲན་བཞིན་བརླག་པར་བྱེད་པའོ། །བརྒྱད་པ་གཟུང་བ་ལ་བཞི་སྟེ། ཆ་རྐྱེན་བསྡུ་བ་དང་། སློབ་མ་རྣམས་ལ་གླེང་གཞི་བཤད་པ་དང་།།བགེགས་བརྒྱད་བཤད་པ་དང་། ཐུགས་དམ་བསྐང་བ འོ། །དང་པོ་མཆོད་པའི་ཆ་རྐྱེན་དང་། དཀྱིལ་འཁོར་གྱི་ཆ་རྐྱེན་ནོ། །གཉིས་པ་གླེང་གཞི་བཤད་པ་ལ་གཉིས་སྟེ། །སློབ་མ་བསྲེ་བའི་ཆོ་ག་དང་གླེང་གཞི་དང་། །སྔོན་འགྲོའི་དབང་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་གཉིས་སྟེ། དམ་མ་འདྲེས་པ་རྣམས་བསྲེ་བ་དང་། འདྲེས་པ་རྣམས་མནན་པའོ། །འདྲེས་པ་མནན་པ་ལ་གསུམ། མནན་པ་དངོས་དང་། བླ་མ་ལ་གཏང་རག་བཏང་བ་དང་། །རྡོ་རྗེ་ཐེག་པའི་གྲལ་དུ་བཞུགས་པའོ། །གསུམ་པ་གེགས་བརྒྱད་བཤད་པ་ནི། །མཚན་ཉིད་ལ་རྣམ་རྟོག་བྱུང་ཚུལ་ལོ། །བཞི་པ་ཐུགས་དམ་བསྐང་བ་ཕྱི་ནང་གཉིས་སོ། །སྤྱི་དོན་གཉིས་པ་སྟ་གོན་ལ་གཉིས་སྟེ། བཅའ་བཀོད་ཀྱི་རིམ་པ་དང་། །ཆོ་ག་ལ་འཇུག་པའི་རིམ་པའོ། །ཆོ་ག་ལ་འཇུག་པའི་རིམ་པ་ལ་བཅུ་གཅིག་ཏེ། སློབ་དཔོན་སྟ་གོན་དང་། །དཀྱིལ་འཁོར་སྟ་གོན་དང་། །བུམ་པ་སྟ་གོན་དང་། །ཀ་པ་ལ་སྟ་གོན་དང་། རྡོ་རྗེ་དྲིལ་བུ་ལ་སོགས་སྟ་གོན་དང་། ཐིག་སྟ་གོན་དང་། ཚོན་སྟ་གོན། དབང་རྫས་སྟ་གོན་དང་། །ཡོ་བྱད་སྟ་གོན་དང་། །སློབ་མ་སྟ་གོན་དང་། །སྦྱིན་བསྲེག་སྟ་གོན་ནོ། །སྤྱི་དོན་གསུམ་པ་དངོས་གཞི་ལ་བཞི་སྟེ། །ཕྱི་དབང་གི་ཆུ་བོ་དང་། །ནང་དབང་གི་ཆུ་བོ་དང་། །བསྒྲུབ་དབང་གི་ཆུ་བོ་དང་། མན་ངག་གི་ཆུ་བོའོ། །དང་པོ་ལ། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོ་བྱ། ཅེས་གསུངས་པས། དྲུག་སྟེ། ལྷ་མིའི་དབང་དང་། ཉན་ཐོས་ཀྱི་དབང་དང་། རང་སངས་རྒྱས་ཀྱི་དབང་དང་། །བྱང་ཆུབ་སེམས་དཔའི་དབང་དང་། །བྱ་བ་རྒྱུད་ཀྱི་དབང་དང་། །རྣལ་འབྱོར་རྒྱུད་ཀྱི་དབང་ངོ་། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། །འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ལ་ནི་ཚངས་ཐིག་དང་། ཚོན་དང་། བྲི་བའི་རྣམ་པ་དང་། རབ་གནས་སྦྱིན་བསྲེག་ཅེས་གསུངས་པ་དང་། གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་འཇུག་པ་དང་། ཡོན་ཏན་རྣམ་བཅུ་རྒྱས་ཤེས་བྱ། ཞེས་པས་གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་ལེན་པའོ། །དང་པོ་ལ། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། ཞེས་པས་གཉིས་ཏེ། འཇུག་པ་དང་བཟོད་པར་གསོལ་བའོ། །


previousམདོ་སྒྱུ་སེམས་གསུམ་གྱི་དབང་གི་ས་བཅད།next