Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་བརྒྱད་པ།


   
   
   
   
   
   
   
   
   
   
   
དང་པོ་ཕྱི་དབང་གི་ཆུ་བོ་ལས་ཐོས་ཀྱི་དབང་གི་ཐེམ་སྐས།
   


 
previousདང་པོ་ཕྱི་དབང་གི་ཆུ་བོ་ལས་ཐོས་ཀྱི་དབང་གི་ཐེམ་སྐས།next

དང་པོ་ཕྱི་དབང་གི་ཆུ་བོ་ལས་ཐོས་ཀྱི་དབང་གི་ཐེམ་སྐས།

དང་པོ་ཕྱི་དབང་གི་ཆུ་བོ་ལས། རང་སངས་རྒྱས་ཀྱི་དབང་གི་ཐེམ་སྐས་བཞུགས་སོ། །གསུམ་པ་རང་སངས་རྒྱས་ཀྱི་དབང་ལ་གཉིས་སྟེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་།འཇུག་ཅིང་དབང་བསྐུར་བའི་རིམ་པའོ། དང་པོ་ནི། ལས་རིམ་གྱི་ལུང་འགྲེ། ཚད་དང་ལྡན་པའི་ས་སྟེགས་ལ། །དྲི་བཟང་ཆུ་ཡིས་ཆག་ཆག་གདབ། །བྱིན་བརླབས་ལྡན་པའི་ཐིག་སྐུད་ཀྱིས། ཐིག་བརྒྱད་སྤྱི་དང་འདྲ་བ་ལ། ཤྭད་དྷ་ཀ་རིའི་ཐིག་རྩ་བཞིན། ལོ་མ་ཐང་གསུམ་བསྐྱེད་ལ་བདག །ཆ་ཆེན་བཅུ་དྲུག་བྱུང་བ་དང་། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞི་མཉམ་དུ་གདབ། གསུམ་པ་བཞི་པ་དོར་བར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདའ་ཕྱི་མ་གདབ། །བདུན་པ་ཆ་བཞི་མཉམ་དུ་གདབ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ་། དེ་ནས་མུ་ཁྱུད་བསྐོར་བ་ནི། །ཆ་ཕྲན་དྲུག་ནས་ལྟེ་བ་བསྐོར། །མདུན་ནས་དེ་ཡི་མུ་ཁྱུད་ཕྱི། །བཅུ་བཞིའི་སོ་ནས་པད་འདབ་བསྐོར། །བཅོ་ལྔ་དེ་ཡིས་མུ་ཁྱུད་ཕྱི། །གླང་གུར་རྡོ་ར་གོང་དང་འདྲ། །མདའ་ཡབ་ཟུར་ཐིག་ཕྲད་སོ་ནས། །པད་འདབ་རྡོ་ར་མེ་རི་ལ། །ཅི་རིགས་འཚམས་པས་བསྐོར་བར་བྱའོ། །བྱིན་བརླབས་ལྡན་པའི་ཚོན་རྩི་ཡིས། །མཁས་པས་རེ་ཁ་ལེགས་པར་བྲི། ལྟེ་བ་དམར་པོ་ཡང་ན་སྔོ། པད་འདབ་བཅུ་གཉིས་མཛེས་ཚོན་བྱེད། །གྲུ་ཆད་རྩིག་སོགས་གོང་དང་མཐུན། །དེ་ནས་རྣམ་པ་བཀོད་པ་ནི། དབུས་སུ་ཤཱཀྱ་ཐུབ་པའི་གཟུགས། །པདྨ་འདབ་མ་བཅུ་གཉིས་ལ། །རང་རྒྱལ་བཅུ་གཉིས་ཙཀ་ལི་བཀོད། །གསུང་ཐུགས་རྟེན་ནི་ཉན་ཐོས་མཚུངས། །ཆད་ལྷག་བསལ་ཞིང་ག ཞལ་གསོལ་མཆོད། །མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། །གཏོར་མ་བཤམ་པ་ལ་སོགས་དང་། །བུམ་སོགས་བཤམ་པ་གོང་དང་མཚུངས། ། དེ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རབ་གནས་ཀྱི་དོད་ནི། །དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། སྔོན་འགྲོ་གཏོར་མ་ཆ་བཞིའམ་ཆ་གཅིག་བཤམས་ལ། །བྱིན་གྱིས་བརླབས་ལ་བསྔོ་ཞིང་། །མཚམས་བཅད་པ་དང་། །མཆོད་པ་བྱིན་གྱིས་བརླབས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་རྣམས་གོང་བཞིན་སྔོན་དུ་སོང་ནས། དངོས་གཞི་བདག་བསྐྱེད་ནི། ཨཱོཾ་སྭ་བྷ་ཝ། སྟོང་པའི་ངང་ལས། བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་པ་གྲུབ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པའི་ནང་དུ། པདྨ་འདབ་མ་བཅུ་གཉིས་ཀྱི་དབུས་སུ། རིན་པོ་ཆེ་དང་སེང་གེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ། གཡས་པ་ས་གནོན། གཡོན་མཉམ་བཞག་ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། ཞབས་རྡོ་རྗེ་དཀྱིལ་མོ་དཀྲུང་དུ་བཞུགས་པ། དེའི་ཕྱི་རོལ་གྱི་པད་འདབ་བཅུ་གཉིས་ཀྱི་ཤར་ནས་རིམ་པ་བཞིན་དུ་གདུང་བ་སེལ་བ་བསིལ་ཡབ་འཛིན་པ། །སྣང་བ་བརྩེགས་པ་རིན་པོ་ཆེའི་མཛོད་འཛིན་པ། །འཇིགས་པ་མེད་པ་རྡོ་རྗེ་འཛིན་པ། །དཔའ་བོ་འདུལ་བ་རྡོ་རྗེ་འཛིན་པ། །ཤེས་རབ་མགྱོགས་ཆེན་ཟླ་ཚེས་འཛིན་པ། །རི་བོའི་རྒྱལ་པོ་རིན་པོ་ཆེའི་སྙེ་མ་འཛིན་པ། །སྨྲ་བ་སྒྲ་ཆེན་བསམ་གཏན་གྱི་ཕྱག་རྒྱ་མཛད་པ། །བསེ་རུ་ལྟ་བུ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། །དུག་སེལ་འཇོམས་པ་དུང་འཛིན་པ། །རྫུ་འཕྲུལ་ཆེར་སྟོན་མེ་འབར་བ་བསྣམས་པ། སེང་གེའི་སྒྲ་རྡོ་རྗེ་འཛིན་པ། །ཡིད་མྱུར་བ་བསིལ་ཡབ་འཛིན་པ། ཡང་ན་ཐམས་ཅད་ཀྱང་ལྷུང་བཟེད་དང་མཁར་བསིལ་འཛིན་ཅིང་། ཆོས་གོས་ངུར་སྨྲིག་གྱོན་ཏེ། དབུའི་གཙུག་གཏོར་ཅུང་ཟད་བྱས་པའོ། །ལྷ་ཚོགས་དེ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱིས་གནས་ནས་ཡེ་ཤེས་པ་སྙན་གསན་དབབ། སྦྱན་དྲངས། བཞུགས་སུ་གསོལ། ཕྱག་འཚལ་མཆོད་པ་འབུལ་བ་རྣམས་ཅི་རིགས་པར་བྱ། བསྟོད་པ་ནི། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་ཁྲུངས་ཤིང་། ཞེས་སོགས་དང་། རྟེན་འབྲེལ་དོན་ལ་རྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། འབྱུང་དང་ལྡོག་ལ་རབ་ཞུགས་པའི། །རང་རྒྱལ་རྣམས་ལ་ཕྱག་འཚལ་སོ། །བསྙེན་པ་ནི། མུ་ནེ་དང་རྟེན་འབྲེལ་སྙིང་པོ་ཅི་རིགས་པས་བསྙེན་ནོ། །དེ་ནས་བུམ་བསྐྱེད་ནི། ༀ་སྭ་བྷཱ་ཝ། སྟོང་པའི་ངང་ལས། རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་ལ་སོགས་བདག་སྐྱེད་ལྟར་བསྙེན་པ་ཡན་ཆད་ལ། བར་སྐབས་ཀྱི་འདོན་པ་ཚིག་ཁ་བསྒྱུར་རོ། །ཞར་ལ་ཨོ་རྒྱན་ལ་སོགས་པའི་དབང་རྫས་རྣམས་ཀྱང་བྱིན་གྱིས་བརླབས་སོ། མདུན་བསྐྱེད་ནི། ༀ་སྭ་བྷཱ་ཝ། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་སུ་འདོན་པ་ཁ་བསྒྱུར་རོ། །ཡེ་དྷརྨྨ་བརྗོད་ཅིང་། བུམ་པ་དང་དཀྱིལ་འཁོར་ལ་སོགས་ལ་རབ་གནས་བྱེད། གྲུབ་ན་སྦྱིན་བསྲེག་ཀྱང་ཅི་རིགས་བྱའོ། །གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་སློབ་དཔོན་འཇུག་ཅིང་དབང་ལེན་པ་ནི། གོང་གི་ཉན་ཐོས་ཀྱི་དབང་གི་སྐབས་དང་མཚུངས་སོ། །གཉིས་པ་སློབ་མ་འཇུག་པ་དང་དབང་བསྐུར་བ་ལ་གཉིས་སྟེ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་འཇུག་ཆོས་བཅུ་བཞི་པོ་ནི་གོང་ཉན་ཐོས་ཀྱི་དབང་གི་སྐབས་དང་མཐུན་ལ། བྱེ་བྲག་ཏུ། བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། འོ་མདུན་འདི་ན་ཡོད་པའི་རང་སངས་རྒྱས་ཀྱི་དཀྱིལ་རྟེན་དང་བརྟེན་པ་སྟེ། ཕྱི་རོལ་དུ་མེ་རི། རྡོ་རྗེ་ར་བ། པད་བསྐོར། དེའི་ནང་དུ་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པ། དེའི་ནང་པདྨ་འདབ་མ་བཅུ་གཉིས་སྟེ། ལྟེ་བ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། པདྨའི་ལྟེ་བར་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ། པད་འདབ་བཅུ་གཉིས་ལ་རང་རྒྱལ་བ་ཆེན་པོ་བཅུ་གཉིས་དང་བཅས་པ། སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ། ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་སྐལ་ཡིན་ཨང་སྙམ་པའི་མོས་པ་མཛོད་ཅིག །སྤྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། །སྦྱོར་བ་དང་། དངོས་གཞི་རྗེས་སོ། །དང་པོ་ནི་གོང་དང་མཐུན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཕྱི་ཕན་པའི་དབང་དང་། །ནང་ནུས་པའི་དབང་དང་། །གསང་བ་ཟབ་མོའི་དབང་ངོ། །དང་པོ་ལ་བཅུའི་བུམ་པ་ལ་སོགས་དགུ་པོ་གོང་ཉན་ཐོས་ཀྱི་དབང་དང་མཐུན་ལ། བྱེ་བྲག་ཏུ་བཅུ་པ་ཕྱག་རྒྱའི་དབང་ལ། བསམ་རྒྱུ། བསྒྲག་ཚིག་བསྐུར་གནས། བསྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ལྔའི་དང་པོ་བསམ་བརྒྱུད་ནི། །འོག་མིན་དང་བླ་མའི་ཐུགས་ཀ་དང་། དཀྱིལ་འཁོར་གྱི་དབུས་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་ཚོགས་རྣམས་བྱོན་ནས། ཁྱེད་རང་རྣམས་ཀྱིས་ཕུང་པོ་ཁམས་སྐྱེ་མཆེད་དང་གཉིས་སུ་མེད་པར་བསྒོམས་མཛོད། བསྒྲག་ཚིག་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། བར་དུ་གྲངས་མེད་གསུམ་ལ་ཚོགས་གཉིས་བསགས། ཐ་མར་མཛད་པ་བཅུ་གཉིས་རྫོགས་སངས་རྒྱས། ཐམས་ཅད་མཁྱེན་པའི་དབང་བསྐུར་ལྷུན་གྲུབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་མགོ་བསྟིམ་གནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་བསྟིམ། སྒྲིབ་པ་གང་དག་ནུས་པ་གང་སྐྱེ་སྨོན་ལམ་དང་བཅས་པ་ཅི་རིགས་པ་བྱ། བསམ་རྒྱུ་གོང་གིས་འགྲེ། བསྒྲག་ཚིག་ནི། ཉོན་མོངས་སེལ་བས་གདུང་བ་སེལ། །རང་རྒྱལ་ཆེན་པོ་བསིལ་ཡབ་འཛིན། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་དང་བསྟིམ་གནས་འདྲེ། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། ཉོན་མོངས་བའི་གདུང་བ་སེལ་ནས། ཉོན་མོངས་པ་ཟད་པ་དང་། །མི་སྐྱེ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུར་འདྲེ། སྒྲག་ཚིག་ནི། ཏིང་འཛིན་སྡང་བ་ཐོབ་པས་སྣང་བ་བརྩེགས། །རང་རྒྱལ་ཆེན་པོ་རིན་ཆེན་མཛོད་འཛིན་པ། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དེ་ཡི་དབང་བསྐུར་དམ་པ་མཆོག་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་དང་བསྟིམ་གནས་འདྲེ། །ཏིང་འཛིན་ལ་དབང་མ་ཐོབ་བའི་དྲི་མ་དག་ནས། །ཏིང་འཛིན་དུ་མ་ལ་དབང་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིག་ནི། འཇིགས་པ་བྲལ་བས་སེང་གེ་འདྲ། །རང་རྒྱལ་ཆེན་པོ་རྡོ་རྗེ་འཛིན། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥི་ཉྩ་ཧཱུཾ། བསྐུར་གནས་བསྟིམ་གནས་འདྲེ། སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། འཁོར་བའི་འཇིག་པ་ཐམས་ཅད་བྲལ་ནས། མི་འཇིག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིག་ནི། འཁོར་བ་མི་མཉམ་དཔའ་བོ་འདུལ། །རང་རྒྱལ་ཆེན་པོ་རྡོ་རྗེ་འཛིན། སྐལ་ལྡན་བུ་ལ་དབང་བསྐུར་བས། དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་བསྟིམ་གནས་འདྲེ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། འཁོར་བའི་སྡུག་བསྔལ་ལས་གྲོལ་ནས། འཁོར་བ་ལ་ཅི་མི་མཉམ་བའི་དབང་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། སྒྲག་ཚིག །ཤེས་རབ་རྩལ་དང་ལྡན་པས་ཤེས་རབ་མཆོག །རང་རྒྱལ་ཆེན་པོ་ཟླ་ཚེས་འཛིན། །སྐལ་ལྡན་བུ་ལ་དབང༴ དེ་ཡིས་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥི་ཉྩ་ཧཱུཾ། བསྐུར་གནས་བསྟིམ་གནས་འདྲེ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། །ཤེས་རབ་འཆལ་བའི་དྲི་མ་དག་ནས། ཤེས་རབ་ཀྱི་རྩལ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་ནི། བསྒྲག་ཚིག །འཁོར་བའི་རླུང་གིས་མི་བསྐྱོད་རི་ཡི་རྒྱལ། །རང་རྒྱལ་ཆེན་པོ་རིན་ཆེན་སྙེ་མ་འཛིན༴ སྐལ་ལྡན་བུ་ལ༴ དེ་ཡིས༴ ཨ་བྷི། བསྐུར་གནས་བསྟིམ་གནས་འདྲེ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། །འཁོར་བའི་འཇིགས་པ་ལས་སྒྲོལ་ནས། འཁོར་བའི་རླུང་གི་མི་སྐྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་བརྒྱུད་འདྲེ། བསྒྲགས་ཚིག་ནི། གསུང་སྒྲ་ལྡན་པ་སྒྲ་ཆེན་པོ། རང་རྒྱལ་ཆེན་པོ་བསམ་གཏན་ཕྱག་རྒྱ་མཛད། །སྐལ་ལྡན་བུ་ལ་དབང་བསྐུར་བས། དེ་ཡི་དབང་༴ ཨ་བྷི༴ བསྐུར་གནས་བསྟིམ་གནས་འདྲེ། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། གསུང་རབ་ལ་རྨོངས་པའི་དྲི་མ་དག་ནས། གསུང་གི་སྒྲ་ཆེན་པོ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིགས་ནི། ཏིང་འཛིན་རྩེ་གཅིག་གྱུར་པས་བསེ་རུ་འདྲ། །རང་རྒྱལ་ཆེན་པོ་མཉམ་བཞག་ཕྱག་རྒྱ་མཛད། སྐལ་ལྡན༴ དེ་ཡིས༴ ཨ་བྷི༴ བསྐུར་གནས་བསྟིམ་གནས་འདྲེ། བསྒྲིབ་པ་གང་དག །ནུས་པ་ག ང་སྐྱེ་ནི། རྣམ་གཡེང་གི་དྲི་མ་དག་ནས། ཏིང་ངེ་འཛིན་རྩེ་གཅིག་ཏུ་གནས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིག་ནི། ཉོན་མོངས་སེལ་བས་དུག་སེལ་འཇོམས། རང་རྒྱལ་ཆེན་པོ་དུང་འཛིན་པ། སྐལ་ལྡན༴ དེ་ཡིས༴ ཨ༴ བསྐུར་གནས་བསྟིམ་གནས་འདྲེ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། ཉོན་མོངས་པ་སྤངས་མི་ནུས་པའི་སྒྲིབ་པ་དག་ནས། ཉོན་མོངས་པའི་གདུང་བ་སེལ་ནུས་པའི་དབང་དམ་པ་ཐོབ་་པར་གྱུར་ཅིག །བསམ་རྒྱུ་འདྲེ། བསྒྲག་ཚིག་ནི། སྤྲུལ་པ་ཆོ་འཕྲུལ་ལྡན་པས་རྫུ་འཕྲུལ་ཆེ། །རང་རྒྱལ་ཆེན་པོ་མེ་སྒྲོན་བསྣམས། །སྐལ་ལྡན་བུ་ལ༴ དེ་ཡིས་དབང་༴ ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་བསྟིམ་གནས་འདྲེ། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ནི། སྤྲུལ་པ་འགྱེད་མི་ནུས་པའི་སྒྲིབ་པ་དག་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ། སྒྲག་ཚིག་ནི། འཁོར་བ་སྐྲག་མཛད་སེང་གེའི་སྒྲ། །རང་རྒྱལ་ཆེན་པོ་ཆ་ལང་འཛིན། །སྐལ་ལྡན༴ དེ་ཡིས༴ ཨ་བྷི༴ བསྐུར་གནས་བསྟིམ་གནས་འདྲེ། སྒྲིབ་པ་གང་དག ། ནུས་པ་གང་སྐྱེ་ནི། ཆོས་ཀྱི་སྒྲ་སྒྲོག་མི་ནུས་པའི་སྒྲིབ་པ་དག་ནས། ཆོས་ཀྱི་སྒྲ་འཇིགས་པ་མེད་པ་སེང་གེའི་སྒྲ་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག །བསམ་རྒྱུ་འདྲེ་བསྒྲག་ཚིག་ནི། ཏིང་འཛིན་མྱུར་བས་ཡིད་མྱུར་བ། །རང་རྒྱལ་ཆེན་པོ་བསིལ་ཡབ་འཛིན། །སྐལ་ལྡན་བུ༴ དེའི་དབང་༴ ཨ༴ བསྐུར་གནས། བསྟིམ༴ སྒྲིབ་པ་གང་དག་ནུས་པ་གང་སྐྱེ་ནི། ཏིང་ངེ་འཛིན་མྱུར་དུ་མི་སྐྱེ་བའི་སྒྲིབ་པ་དག་ནས། ཏིང་ངེ་འཛིན་མྱུར་བ་དང་ལྡན་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསེ་རུ་ལྟར་དང་ནེ་ཙོ་ལྟ་བུའི་ས། །འབྲས་བུ་ལ་སོགས་ཕྱི་ཡི་རྟེན་འབྲེལ་དང་། མ་རིག་ལ་སོགས་ནང་གི་རྟེན་འབྲེལ་དང་། །ལུགས་འབྱུང་འཁོར་བའི་རྒྱུ་འབྲས་སྤངས་བྱས་ཤིང་། ལུགས་བཟློག་འདས་པའི་རྒྱུ་འབྲས་བསྒྲུབ་བྱས་ཏེ། །འཇིག་རྟེན་ཆ་དྲུག་ཉན་ཐོས་ས་དང་བདུན། །འདས་ནས་རང་སངས་རྒྱས་ཀྱི་ས་ལ་ཕྱིན་པར་ཤོག །ཨོཾ་ཡེ་དྷརྨྨ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱན་ཏ་ཐ་ག་ཏོ་ཧྱ་བ་དཏ། ཏེཤཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་བརྗོད་པ་ནི། རིགས་ཀྱི་བུ་ཁྱོད་ལ་རྟེན་འབྲེལ་གྱི་དབང་བསྐུར་བས། ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་པར་གྱུར་ཅིག །རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །མ་རིག་རྒན་མོ་ལོང་བ་འདྲ། །རྟེན་འབྲེལ་ལུགས་ལོག་མྱ་ངན་འདས། །མ་རིག་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །འདུ་བྱེད་རྫ་མཁན་འཁོར་ལོ་འདྲ། །འདུ་བྱེད་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །རྣམ་པར་ཤེས་པ་སྤྲེའུ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །རྣམ་ཤེས་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །མིང་གཟུགས་གྲུ་ལ་ཞུགས་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །མིང་གཟུགས་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །སྐྱེ་མཆེད་གྲོང་ཁྱེར་སྟོང་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །སྐྱེ་མཆེད་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། རེག་པ་ཕོ་མོ་འོ་བྱེད་འདྲ། རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། རེག་པ་སྟོང་པའི་དབང་ཐོབ་ཤོག། ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །ཚོར་བ་མིག་ལ་མདའ་ཕོག་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །ཚོར་བ་སྟོང་བའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །སྲེད་པ་ཆང་ཕོར་འཐུང་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །སྲེད་པ་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །ལེན་པ་ཤིང་ཐོག་ལེན་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །ལེན་པ་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིིཉྩི་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །སྲིད་པ་འཁྲིག་པ་སྤྱོད་པ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །སྲིད་པ་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥི་ཉྩ་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །སྐྱེས་པ་བུད་མེད་བུ་སྐྱེ་འདྲས། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །སྐྱེ་བ་སྟོང་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩི་ཧཱུཾ། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་ཆོས། །རྒ་ཤི་རྒས་དང་ཤི་བ་འདྲ། །རྟེན་འབྲེལ་ལུགས་བཟློག་མྱ་ངན་འདས། །རྒ་ཤི་སྟོང་བའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ལུགས་འབྱུང་འཁོར་བའི་ཆོས་ལས་གྲོལ་ནས། ལུགས་བཟློག་མྱ་ངན་ལས་འདས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྒྱས་པར་སྤྲོ་ན་བཅུ་གཉིས་པོ་ཀུན་ལ་ཅི་རིགས་པར་སྦྱར། གཉིས་པ་ནུས་པའི་དབང་ལ་ལྔ་སྟེ། ཉན་དབང་དང་། །བསྒྲུབ་དབང་དང་། འཆད་དབང་། འཕྲི ན་ལས་ཀྱི་དབང་དང་།རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དབང་དེ་ལྔའི་ཆོ་ག་ཡང་གོང་དང་མཐུན་ནོ། །གསུམ་པ་གསང་དབང་ཟབ་མོའི་དབང་ལ་གསུམ་སྟེ། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབྱེར་མེད་བདེ་བ་ཆེན་པོའི་དབང་ངོ་། །དབང་དེ་གསུམ་གྱི་ཆོ་གའི་དོད་ནི། །ལམ་འཁྱེར་ལ་དབང་གི་ལམ་ཁྱེར་བུམ་པ། །ཐུབ་པ་རང་རྒྱལ་བཅུ་གཉིས། །རྟེན་འབྲེལ་བཅུ་གཉིས་དང་བཅས་པ་བསྐུར། ཐེག་པ་ལམ་ཁྱེར། རང་སངས་རྒྱས་ཀྱི་ཐེག་པ། ལྟ་བསྒོམ་ལམ་ཁྱེར། ལྟ་སྒོམ་སྤྱོད་འབྲས་གོང་ཉན་ཐོས་ཀྱི་སྐབས་སུ་སྨོས་པ་བཞིིན། འདིར་ཡང་བཤད། ཉན་ཐོས་ལས་ཁྱད་པར་འཕགས་ཚུལ་ཡང་བཤད་དོ། །དེ་ནས་ཡང་དབང་ཆགས་པར་བྱེད་པའམ། གནས་པའི་རྟེན་དུ་འདེབས་ཆུང་ཅིག་བྱེད་ན། རང་གི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་ཅིག་བསྒོམ། དེ་ལས་མཐོ་བར་ཐིག་ལེ་དཀར་པོ་སྲན་མ་ཙམ་ཅིག་བསྒོམ། དེ་ནས་ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས། ཇེ་ཆེ་ཇེ་ཆེ་སྣང་སྲིད་ཐམས་ཅད་དམར་ལམ་གྱིས་སོང་པར་བསམ། དམར་པོ་དེ་ཆགས་བའི་རང་བཞིན་ལུགས་འབྱུང་འཁོར་བའི་ཆོས་ཡིན་གསུངས། ཡང་ཐིག་ལེ་དཀར་པོ་དེ་ལ་སེམས་གཏད་པས། ཇེ་ཆེ་ཇེ་ཆེ་ལ་སྣང་སྲིད་ཐམས་ཅད་དཀར་ལམ་གྱིས་སོང་པར་བསམ། དཀར་པོ་དེ་ལུགས་བཟློག་མྱ་ངན་ལས་འདས་པའི་ཆོས་ཡིན་གསུངས། །དཀར་དམར་གཉིས་པོ་འདྲེས་ནས། །སྤྱི་བོ་ནས་མར་བབ་སྙིང་གི་དཀྱིལ་དུ་ཐིམ་པས། །རང་གི་སེམས་དང་དབྱེར་མེད་དུ་འདྲེས་པས། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་མཉམ་པ་ཉིད་དུ་བློས་སྒྱུར་ལ་བཞག་གསུངས་སོ། །གག་དྲུག་ནི། གནས་རི་བོ་བྱ་རྐང་ཅན་དབང་རྟེན་ཅིང་འབྲེལ་པར་འབྱུང་པ་ལུགས་འབྱུང་། འཁོར་བ་དང་ལུགས་བཟློག་མྱ་ངན་ལས་འདས་པ་དང་། དབྱེར་མེད་དུ་རྟོགས་པའི་དགོས་པ་ཡོད། དེ་མིན་ཀུན་ཉན་ཐོས་དང་འདྲ། ལམ་ཁྱེར་དང་། སྒོམ་ཆེན་པོ་ནི་ཐད་ཀར་བལྟའོ། །དེ་དག་ནི་རང་སངས་རྒྱས་གྱི་ཐེམ་སྐས་སོ། །གསུམ་པ་རྗེས་ནི། ཡོན་དང་མཎྜལ་ཕུལ་ལ། བསྔོ་བ་སྨོན་ལམ་དང་བཀྲ་ཤིས་བརྗོད་ཚོགས་དང་དགའ་སྟོན་རྒྱ་ཆེན་པོ་བྱ། །གླུ་གར་དང་རྩེ་འཇོའི་ཉམས་བསྐྱངས། །མཆོད་བསྟོད་བསྔོ་བ་བཟོད་གསོལ། །གཤེགས་གསོལ་བྱས་ལ་དཀྱིལ་འཁོར་བསྡུ། །རང་སངས་རྒྱས་ཀྱི་དབང་རྫོགས་སོ།། །།མངྒ་ལཾ། །


previousདང་པོ་ཕྱི་དབང་གི་ཆུ་བོ་ལས་ཐོས་ཀྱི་དབང་གི་ཐེམ་སྐས།next